Nitartha Digital Library
Tibetan
སྙིང་ཐིག་ཡ་བཞི་རྫོགས་ཆེན་པར་མ།

3 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
གཟའ་བདུད་གསང་སྒྲུབ།
  
  
  
  


3 occurrences of ཁྲོལ་བུ་
[Clear Hits]

 
previousགཟའ་བདུད་གསང་སྒྲུབ། next

གཟའ་བདུད་གསང་སྒྲུབ།


NYDZ009_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཤོག་འདྲ། གཟའ་བདུད་གསང་སྒྲུབ་བཞུགས་སོ། གཟའ་བདུད་རཱ་ཧུ་ལའི་གསང་སྒྲུབ་དུག་གི་སྤུ་གྲི་ཞེས་བྱ་བ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །དྲག་གཏུམ་མི་བཟད་འབར་བའི་སྐུ། །ཆེ་མཆོག་ཧེ་རུ་ཀ་དཔལ་ལ། །བཏུད་དེ་ཟབ་ཆོས་རྒྱབ་


NYDZ009_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་དུ། །རེག་ཆོད་དུག་གི་སྤུ་གྲི་བྲི། །འདི་ལ་རྫས་དམིགས་སྔགས་གནད་གསུམ། །རྫས་ནི་ཕ་ཝང་ལོང་བུ་ཡི། །ངོས་བཞིར་ཏྲི་བཞིར་ཁྲག་གི་བྲིས། །གསེར་དངུལ་ཟངས་ལྕགས་གཟི་རྙིངས་དང་། །བདེ་གཤེགས་རིང་བསྲེལ་བཅས་པ་ནི། །འཁོར་ལོ་རྩིབ་བཞི་མུ་ཁྱུད་བཅས། །རྩིབས་ལ་ཧཱུྃ་བཞི་མུ་ཁྱུད་ལ། །ཨཱོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ། ཆེ་གེ་མོས་གཟའ་རྒོད་བརྟོད་ལ་ནོན་པར་གྱུར་ཅིག་སྭཱ་ཧཱ། ཞེས་བྲིས་ལྟེ་བར་རང་མིང་དང་། །གྲུབ་པར་གྱུར་ཅིག་ཅེས་པ་བྲི། །དེ་ལྟའི་འཁོར་ལོ་དྲིལ་བྱས་ལ། །འཁོར་ལོ་དར་ནག་དྲིལ་ལ་བཅངས། །དེས་ནི་འཚེ་དོགས་མི་བྱེད་ཅིང་། །ལུས་དང་གྲིབ་མ་བཞིན་དུ་འགྲང་། །དེ་ནས་བྲག་ནག་འཇིགས་པའི་སར། །ཕུང་ཤུལ་ས་བླངས་འབྲུབ་ཁུང་བཅའ། །རོ་སོལ་བྱུགས་པར་ལིང་ག་ནི། །དགྲ་གཟུགས་དཔྲལ་བར་དེ་ཡི་རུས། །སྙིང་གར་མིང་བྲིས་གཡས་གཡོན་དུ་ཀ་ཏ་སྟྃ་བྷ་ཡ་མུ་ཁ་ཏྃ་ཡཱེ། །ཞེས་བྲིས་སྤྲ་ཚིལ་དྲིལ་ལ་གཞུག། བཤོས་བུ་དགུ་སྐོར་ནང་དུ་ཡང་། །ལིང་གར་ཁྲག་བྲིས་ལ་གཞུག། དེ་ཉིད་འབྲུབ་ཁུང་སྟེང་དུ་བཞག། དམར་གཏོར་ཁྲག་སྣས་བརྒྱན་པར་བྱ། །དེ་ལ་གཟའ་ཡི་གཟུགས་བྲིས་གཟུག། དེ་ནས་རང་ཉིད་སྐད་ཅིག་གིས། །ཡེ་ཤེས་


NYDZ009_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་མཆོག་དུད་ཁ་ལ། །དབུ་དགུ་གཡས་གསུམ་དཀར་ལྗང་ལ། །གཡོན་གསུམ་དམར་ལྗང་དབུས་མ་གསུམ། །མཐིང་ནག་དུ་བའི་རྣམ་པ་ལ། །སྤྱི་གཙུག་སྒྲ་གཅན་བྱ་རོག་གདོང་། །ཕྱག་བཞི་གཡས་གཡོན་དང་པོ་ན། །ཆུ་སྲིན་ཞགས་པ་རལ་གྲི་བསྣམས། །འོག་མས་མདའ་གཞུ་རྒྱབ་ཏུ་འགེངས། །སྨད་སྦྲུལ་མིག་གིས་ལུས་ཁེངས་བསྒོམས། །ཐུགས་ཀའི་ཀྵ་ནག་འོད་འཕྲོས་པས། །ཕྱོགས་བཅུའི་སངས་རྒྱས་ཐུགས་ཀ་ནས། །ཡེ་ཤེས་གཟའ་མཆོག་སྤྱན་དྲངས་བསྟིམ། །མདུན་གྱི་བྲུབ་ཁུང་ནམ་མཁའ་ལ། །གཟའ་བདུད་ཆེན་པོ་འཇིགས་པའི་སྐུ། །ནམ་མཁའ་གང་བར་སྔར་བཞིན་བསྒོམ། །ཆུན་པར་དཀའ་ན་ཚོན་གང་བསྒོམ། །ཧྲཱི་ཤག་རུ་རྃ་ན་ག་ཙིཏྟ་ཏྲྃ། མ་མ་ཡོང་ཟ། འགྲམ་ཧ་ཧི། ཡོ་གི་ཤ་ལ་ཛ་ཛ༔ ། །ཟེར། དེ་ལྟར་འབོད་སྔགས་ཉེར་གཉིས་ཀྱིས། །རྒྱུ་ཕྱོགས་ཡེ་ཤེས་སྤྱན་དྲངས་བསྟིམ། །དམར་གཏོར་ལིང་ག་བཅས་པ་དེ། །དགྲ་བོར་བསམ་ལ་སྔགས་དེ་ལ། །བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཞེས་པ་བཏགས་ལ་དབུལ་བར་བྱ། །དེ་ནས་སྔགས་རྒོད་ཉེར་གཉིས་པ། །ཞག་བདུན་བར་དུ་བཟླས་པར་བྱ། །དེ་ཚེ་བནྡྷེ་ཨ་ཙ་ར། །དངོས་སམ་རྨི་ལམ་ཉིད་དུ་འོང་། །ཐག་འཚེག་འོད་


NYDZ009_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྒོ་བརྡུང་སོགས། །ཆོ་འཕྲུལ་སྣ་ཚོགས་ཅི་བྱུང་ཡང་། །སེམས་ཡིན་སེམས་ཉིད་ནམ་མཁའ་འདྲ། །གདོད་ནས་སྐྱེ་མེད་དང་ལ་གཞག། འཇིགས་སྐྲག་མི་བྱ་སྒོམ་བཟླས་བྱ། །དེ་ནས་ཞག་ནི་བཅུ་བཞི་རུ། །དགྲ་བོ་ཡོད་ན་གསོད་སྔགས་བཟླས། །ཨཱོྃ་ཨ་ཀྲོ་ཏེ་ཀ་ཧྲཱི་ཤག་རུ་རྃ། མ་མ་ཡོང་ཟ། འགྲམ་ཧ་ཧི་ཀེ་ཤ་ལ་ཆེ་གེ་མོའི་སྙིང་ལ་རྦད་ཛ་ཛ། ཞེས་བཟླས་དགྲ་བོ་བསད་དང་གཟིར། །རྡུལ་ཕྲན་ཆ་ཤས་ཙམ་མེད་པར། །གཟའ་མཆོག་ཁྲོས་པས་ཟོས་པར་བསམ། །དེ་ལྟར་ཞག་གྲངས་ཉེར་གཅིག་ཏུ། །ལྟ་བ་མ་ཡེངས་སྒོམ་བཟླས་བརྩོན། །ཐང་ལྷོད་མེད་པར་བསྒྲིམ་སྟེ་བསྒྲུབ། །དེ་ཡིས་སུ་ཡིན་ཕ་རོལ་སྒྲོལ། །ཇི་ལྟར་འགོར་ཡང་ཟླ་བ་གཅིག། ངེས་པར་འགྲུབ་པར་གདོན་མི་ཟ། །དེ་ནས་ལས་སྦྱོར་བསྟན་པ་ནི། །དགུ་སྟོང་ཉི་མ་ནུབ་མཚམས་ལ། །རང་ཁ་ལྷོ་ནུབ་མཚམས་བལྟས་ལ། །སྐྱེར་པ་སེ་བ་གྲུ་གསུམ་དུ། །འབྲུབ་ཁུང་སྟེང་རྩིག་གཟའ་བསྐྱེད་ལ། །མེ་སྦར་ལིང་ག་སྦྱིན་བསྲེག་བྱ། །གཏོར་མ་དབུལ་ཞིང་གཏོར་ཟོར་འཕངས། །ཐལ་བ་རྒྱ་གྲམ་འོག་ཏུ་མནན། །གནས་དེ་རང་གི་གཞི་ཡིན་ན། །སྒྲུབ་པ་ཐོན་པའི་ཤུལ་དེ་རུ། །བོང་དུག་ཐར་ནུ་སྤྱང་ཚེར་དང་། །གུ་གུལ་ནག་པོས་འབྲུབ་ཁུང་བཀྲུ། །རྩི་


NYDZ009_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་སྣ་ཚོགས་བསྲེས་པའི་ས། །རིན་པོ་ཆེ་ཡི་བསྲེས་བྱུགས་ལ། །འབྲུབ་ཁྲུང་ནང་དུ་བཅུག་ལ་གཞག། དེ་ཡིས་དུག་ཕྱུང་བཀྲ་ཤིས་སོ། །གཞན་གནས་ལས་ཀྱི་རྗེས་བསྡུའོ། །ཡང་གཅིག་བརྟོད་ལ་གནོན་པ་ནི། །སྤྲུལ་དང་ར་རོག་ཤ་ཁྲག་དང་། །ཉ་ཤ་རི་ཚལ་པ་ཝང་རྡོ། །རྟ་ནག་ར་ནག་ཁྱི་ནག་གི། སྙིང་ཁྲག་དཀར་གསུམ་རྩི་སྨན་བཅས། །རྟ་ནག་ཐོད་པའི་ནང་དུ་གཞུག། རྟ་ཐོད་མཎྜལ་གྲ་རུ་གཞུག། དེས་ནི་བཏོད་ལ་ནོན་པར་འགྱུར། །ཡང་ཅིག་ཤི་ཡ་བསྟན་པ་ནི། །ཨཱོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ། ན་ཏེ་པ་ཏི་ཁ་ཛ་ཀེ་བིང་རུ་རུ་གྱི་མི་ཤ་ཡ་ཨཱོྃ། མྱགས་ཐུམ་རིལ་ནད་ཡཱ། རང་སྲོག་ངང་གིས་གཅོད་པའི་ཚུལ། །ལས་རྣམས་འགྲུབ་པར་ཐེ་ཚོམ་མེད། །སྐབས་སུ་བཟླས་པས་མྱུར་དུ་འགྲུབ། །ཡང་ཅིག་ཞུད་ཁ་བླང་བ་ནི། །ཞུད་དེ་རྟགས་མེད་དམ་ཉམས་ན། །བསྐང་བཤགས་མཆོད་པ་དག་གིས་མཆོད། །འོ་མ་རྩི་སྨན་གུ་གུལ་དཀར། །ར་མཆིན་ཏིལ་ནག་ཕུད་ཀྱིས་མཆོད། །དེས་ནི་མྱུར་དུ་འགྲུབ་པ་ཡིན། །འཇིག་རྟེན་མཆོད་ཅིང་བསྟོད་པས་འགྲུབ། །དེ་ཕྱིར་བསྐང་གསོ་མཆོད་གཏོར་ནི། །དུས་གཉེན་བརྒྱད་དང་རྒྱུན་དུ་བྱ། །ཁྱད་པར་ཉི་ཤུ་དགུ་ལའོ། །དེས་ནི་ཐེ་ཚོམ་མེད་པར་འགྲུབ། །རྒྱལ་སྲས་
པདྨ་འབྱུང་གནས་ཀྱིས། །ཕྱོགས་བཞིའི་ཟབ་གཏེར་ཆེན་པོ་བཞི། །ཡང་ཟབ་གཟའ་ཡི་གསང་སྒྲུབ་སྦས། །དེ་དག་ཀུན་གྱི་ཡང་ཟབ་གནད། །ཆིག་དྲིལ་དུག་གི་སྤུ་གྲི་ནི། །དྲི་མེད་འོད་ཟེར་བདག་གིས་བཀོད། །ཕྱི་རབས་བསྟན་པ་སྲུང་བར་ཤོག། ཇི་ལྟར་བདག་གིས་སྒྲུབ་པ་ཡི། །གནད་རྣམས་བཅུད་ཀྱི་སྙིང་པོར་དྲིལ། །འདི་བས་ཟབ་པ་གཞན་མེད་པས། །གསང་ཞིང་སྦ་བས་བཅང་བར་བྱ། །སྙིང་དང་འདྲ་བའི་མན་ངག་འདིས། །བདག་གི་ཟབ་གཏེར་བསྲུང་བར་ཤོག། གཟའ་བདུད་རཱ་ཧུ་ལའི་གསང་སྒྲུབ། །དུག་གི་སྤུ་གྲི་ཞེས་བྱ་བ། །དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། སྟོན་གསུམ་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།དགེའོ།


previousགཟའ་བདུད་གསང་སྒྲུབ། next