Nitartha Digital Library
Tibetan
 
previousབློ་སྦྱོང་གི་བསླབ་བྱ་བསྟན་པ།no next

བློ་སྦྱོང་གི་བསླབ་བྱ་བསྟན་པ།

བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། ཆོས་འདི་རྣམས་ཉམས་སུ་བླངས་ན། བློ་སྦྱོང་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བར་འགྱུར་བས་བསླབ་པར་བྱའོ། །རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི། ཆོས་གཞན་སྒྲུབ་པ་ལ་ཟས་དང་སྤྱོད་ལམ་སོགས་དང་རྣལ་འབྱོར་ལ་སོགས་པ་རེ་རེ་ཡོད་པས་འདིའི་སྒོར་ཞུགས་པ་རྣམས་ཀྱི་ཟས་ལ་སོགས་པ་ཐམས་ཅད་ལ་འདི་ཉིད་ཡིད་ལ་བྱས་པ་གཅིག་པུས་ཆོག་པས་དེ་ལྟར་ཉམས་སུ་བླང་བར་བྱ། ལོག་ནོན་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི། བདུད་ཀྱིས་བརླབ་པ་ཁ་ཅིག་ཆོས་ཟབ་མོ་འདི་ལ་ཡིད་མི་ཆེས་པས་བསྒོམ་ལོག་གི་སྒོམ་སྣང་འདི་ལྟ་བུ་འབྱུང་སྟེ། བློ་སྦྱོང་སྒོམ་པས་ན་ཚ་ཆེར་སོང་། འདྲེའི་གནོད་པ་ཆེར་སོང་། མི་སྡང་དུ་སོང་། བདག་འཛིན་ལ་སོགས་པའི་ཉོན་མོངས་པ་ཆེར་སོང་ངམ་སྙམ་པ་ལ་སོགས་པ་བྱུང་ནས་སྦྱོང་སྙིང་མི་འདོད་པའམ། ཡང་ན་དེ་ལྟ་བུའི་རྒྱུ་མཚན་མེད་པ་སྦྱོང་སྙིང་མི་འདོད་པ་འབྱུང་སྟེ། བཟློག་ཉེན་ཡོད་པས་དེ་འཕྲོ་ལ་ཤེས་པར་བྱས་ལ། ང་ལ་སྒོམ་ལོག་སྐྱེས་ནས་འདུག་སྙམ་དུ་བསམས་ཏེ་བློ་གཉིས་པས་འཇིག་རྟེན་གྱི་ཁམས་ན་བདག་ཁོ་ན་འདྲ་བ་ཆོས་ལ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་མང་པོ་ཡོད་སྙམ་དུ་བསམས་ནས། དེ་ཐམས་ཅད་རང་གི་སྟེང་དུ་བླངས་ནས་བདག་གི་ལུས་ལོངས་སྤྱོད་དགེ་བ་རྣམས་དེ་དག་ལ་ཕུལ་བས་ཆོས་ལ་བློ་ཕྱོགས་ཤིང་ཕྱིན་ཅི་མ་ལོག་པའི་ལམ་དུ་ཞུགས་པར་བསམ་མོ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཅེས་པ་ནི། ནངས་པར་མལ་ནས་ལངས་ནས་དེ་རིང་ཉིན་ཐོག་ཐག་ལ་བདག་ལ་གཅེས་པར་འཛིན་པས་མ་གོས་པར་བྱ་དགོས། སེམས་ཅན་ལ་གཅེས་པར་འཛིན་པ་མ་ཉམས་པར་བྱ་དགོས་སྙམ་དུ་འཕེན་པ་བཏང་ལ། དེ་ནས་ཉིན་མོའི་དུས་སུ་ལྷན་ཅིག་རྗེས་སུ་སྤྱོད་པའི་ཤེས་བཞིན་གྱིས་ཟིན་པར་བྱ། དེ་ནས་དགོང་མོ་ཉལ་བ་ན་སེང་གེ་རྣམ་པར་བརྩེ་བའི་ཏིང་ངེ་འཛིན་གྱིས་ཐོག་མར་དེ་བྱས་སོ། །དེ་ནས་དེ་བྱས་སོ། །ཞེས་བྱ་བའི་རྣམ་གྲངས་ལ་རིམ་པས་བརྟག་ནས་འགལ་བར་སྤྱད་ནས་འདུག་ན། དེའི་ཚེ་བདག་ལ་རྔན་བགྲང་ཞིང་། བླ་མའི་གདམས་ངག་དྲན་པར་བྱ་ཞེས་པ་ཡིན་པས། དལ་འབྱོར་ཆུད་གསོན་པ་རང་གིས་རང་ལ་གནོད་པ་སྐྱེལ་བ་ཁྱོད་ལྟ་བུ་འོང་བ་སྙམ་དུ་བསམས་ལ། བཟོད་གསོལ་དང་བཤགས་པ་བྱ། ཕྱིན་ཆད་སྤོང་བའི་བློ་བསྐྱེད་དོ། །མ་འགལ་བར་བྱས་ན་དལ་འབྱོར་དོན་ཡོད་པར་བྱས་སྙམ་དུ་དགའ་བ་བསྒོམ། དགེ་བ་ཡང་ཆོས་འདི་ཉིད་རྒྱུད་ལ་སྐྱེ་བར་བསྔོ། །སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་པ་ནི། གློ་བུར་དུ་བསོད་ནམས་ཆེན་པོ་བྱུང་ཡང་དྲེགས་ཤིང་ཆགས་པར་མི་བྱ་བར་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་བྱས་ལ། སླར་ལ་ཆོས་ཀྱི་གྲོགས་སུ་ཁྱེར་རོ། །ཁ་ཅིག་ལ་འཁོར་དང་བསྙེན་བཀུར་བྱུང་ན་དེས་དྲེགས་ཏེ་གཞན་ལ་བརྙས་པ་དང་། ཡིད་ལ་དྲན་ཚད་བྱེད་པ་འོང་བས་དེ་སྤང་ངོ་། །རྒུད་ཅིང་དབུལ་བ་འོག་ནས་ཆུ་ལས་མི་འབབ་པ་བྱུང་ན་ཡང་ང་འདྲ་བ་འོང་བ་སྙམ་དུ་ཡི་མུག་པ་དང་། ཡིད་ཤི་ནས་དེས་སྦྱོང་མི་ནུས་པ་མི་བྱ་བར་མཐོ་རིས་དང་། ངན་སོང་གི་མཐོ་དམའ་དང་། སྐྱིད་སྡུག་ལ་ལྟོས་ནས་མིའི་སྐྱིད་སྡུག་གི་བར་ན་ཁྱད་པར་ཆེ་ཙམ་མི་འདུག་ལ། སླར་ཡང་གཡེང་བ་མེད་པས་དགེ་སྦྱོར་འཕེལ་སྙམ་དུ་བསམ་པར་བྱ་སྟེ། ལྷ་ཡི་ཕུན་སུམ་ཚོགས་པས་ཀྱང་། །ཁེངས་པ་ཉིད་དུ་མི་བྱ་ལ། །ཡི་དྭགས་བཞིན་དུ་དབུལ་བ་ཡིས། །རྒུད་པས་ཀྱང་ནི་ཞུམ་མི་བྱ། །ཞེས་གསུངས་སོ། །གཉིས་པོ་སྲོག་དང་བསྡོས་ལ་བསྲུང་། །ཞེས་པ་ནི། ཆོས་སྤྱི་ནས་བཤད་པའི་བསླབ་པ་དང་། ཁས་བླངས་དམ་བཅས་ཀྱི་དམ་ཚིག་དང་། བྱེ་བྲག་ཏུ་ཆོས་འདི་ཉིད་ཀྱི་དམ་ཚིག ཡན་ལག་ཉམས་པ་བརྗོད་མི་བྱ། །ཞེས་བྱ་བ་ལ་སོགས་ཏེ། དམ་ཚིག་དེ་གཉིས་ཉམས་ན་ཚེ་འདིའི་བདེ་བ་ཡང་མི་འབྱུང་བས་སྲོག་ལས་གཅེས་པར་བཟུང་ངོ་། །དཀའ་བ་གསུམ་ལ་བསླབ་པར་བྱ། །ཞེས་པ་ནི། ཉོན་མོངས་པ་སྤོང་བ་ན་དང་པོ་གཉེན་པོས་དྲན་པར་དཀའ། བར་དུ་བཟློག་པར་དཀའ། ཐ་མ་རྒྱུན་བཅད་པ་དཀའ་བ་ཡིན་པས་དེ་གསུམ་མི་དཀའ་བས་བསྒྲུབ་པར་བྱའོ། །སློབ་ཚུལ་ནི། གསུམ་པོ་ནངས་པར་གོ་བགོ་ནས། དེ་ནས་ཉོན་མོངས་པ་སྐྱེས་པ་ན་གཉེན་པོ་དྲན་པར་བྱེད། བཟློག་པར་བྱེད། ད་ཕྱིན་ཆད་འདི་ལྟ་བུ་རྒྱུད་ལ་མི་སྐྱེ་བར་བྱ་དགོས་སྙམ་དུ་སེམས་པའོ། །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླངས། །ཞེས་པ་ནི། བླ་མ་མཚན་ལྡན་གདམས་ངག་མངའ་བ། རྟོགས་པ་དང་ལྡན་པ། མི་བར་ཁྱིས་མ་ཆོད་པ་རྙེད་ཅིང་ཐུགས་ལ་འདོགས་པ་དང་། རང་གི་བློ་སྣ་དལ་འབྱོར་ནས་བདག་མེད་ཀྱི་བར་དུ་ཇི་ལྟར་བསམ་པ་བཞིན་ནམ། བླ་མས་ཇི་ལྟར་ཁྲིད་པ་བཞིན་ནམ་རྒྱུད་ལ་སྐྱེ་བ་དང་། ཆོས་ཀྱི་མཐུན་རྐྱེན་དང་། དད་པ་དང་། ཤེས་རབ་བརྩོན་འགྲུས། སྐྱོ་ཤས་ཆེ་བ་དང་། ཟས་གོས་དང་། གཡོག་ཐམས་ཅད་འཛོམ་པ་སྟེ། དེ་གསུམ་ཆོས་བསྒྲུབ་པའི་རྒྱུའི་གཙོ་བོ་ཡིན་པས་རང་ལ་ལྡན་ནས་འདུག་ན་དགའ་བ་བསྒོམས་ལ་ཁྱད་པར་དུ་འབད་པར་བྱ། མི་ལྡན་པར་འདུག་ན་འཇིག་རྟེན་གྱི་ཁམས་ན་ཡང་བདག་ཁོ་ན་འདྲ་བ་རྒྱུ་གསུམ་དང་མི་ལྡན་པའི་སྒོ་ནས་ཆོས་མ་བྱུང་བ་དཔག་ཏུ་མེད་པ་ཡོད་པས་སྙིང་རེ་རྗེ་སྙམ་དུ་བསམ་ལ། དེ་ཐམས་ཅད་རང་གི་སྟེང་དུ་བླངས། བདག་གི་ལུས་ལ་སོགས་པ་ཕུལ་བས་དེ་ལ་རྒྱུ་གསུམ་པོ་བྱུང་བས་ཐེག་པ་ཆེན་པོ་ལ་ལོངས་སྤྱོད་པར་བསམ་མོ། །ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་པ་ནི། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་སློབ་མའི་དད་གུས་ལ་རག་ལས་པས་བླ་མ་ལ་དུས་ཐམས་ཅད་དུ་སངས་རྒྱས་ཀྱི་འདུ་ཤེས་དང་མ་བྲལ་བར་བྱ། དེའི་སྒོ་ནས་བླ་མ་ལ་དད་གུས་མ་ཉམས་པ་དང་། ཡང་བློ་སྦྱོང་ཐེག་པ་ཆེན་པོའི་ཡང་སྙིང་སངས་རྒྱས་ཀྱི་རྒྱུ་ས་བོན་གྲུང་པོ་ལྟ་བུ་འདི་ཡིན་སྙམ་དུ་བསམས་ནས་ཆོས་གང་དང་ཡང་མི་སྙོམས་པར་ཉམས་སུ་ལེན་པས་བློ་སྦྱོང་བ་སྤྲོ་བ་མ་ཉམས་པ་དང་། ཐེག་པ་ཆེ་ཆུང་གི་ཁས་བླངས་དམ་བཅས་པ་རྣམས་གཉེན་པོ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཀྱི་གཟེངས་ཆེན་པོ་གཏོད་ནས་ཉེས་པ་ཕྲ་མོ་ཚུན་ཆད་ཀྱིས་མ་གོས་པར་བསྲུང་བར་བསླབ་པ་ལ་བག་ཡོད་ཀྱིས་མ་ཉམས་པར་བྱའོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཞེས་པ་ནི། ལུས་ཀྱི་བླ་མའི་ཞབས་ཏོག་དང་། དཀོན་མཆོག་མཆོད་པ་དང་། ཆོས་སྐྱོང་དང་། འབྱུང་པོ་ལ་གཏོར་མ་དང་། ཕྱག་དང་བསྐོར་བ་ལ་སོགས་པ་ལུས་ཀྱི་དགེ་སྦྱོར་དང་མ་བྲལ་བར་བྱ། ངག་སྐྱབས་འགྲོ་དང་། བཟླས་པ་དང་། ཁ་བཏོན་ལ་སོགས་པ་ངག་གི་དགེ་སྦྱོར་དང་མ་བྲལ་བར་བྱའོ། །ཡིད་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་དང་མ་བྲལ་བར་བྱས་ལ། བདག་གཅེས་པར་འཛིན་པ་ལ་སོགས་པའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་འཇོམས་པ་ལ་སྙིང་སྟོབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བྱའོ། །མདོར་ན་ལུས་ངག་ཡིད་གསུམ་དུས་ཐམས་ཅད་དུ་དགེ་བའི་ཆོས་སྤྱོད་པ་དང་མི་བྲལ་བར་བྱའོ། །བསྐོལ་བ་རྣམས་ལ་རྟག་ཏུ་སྦྱང་། །ཞེས་པ་ནི། རང་གི་དགྲ་ཟླ་དངོས་སུ་འདུག་པ་ལ་ཁྲོ་བ་དང་འཁོན་དུ་འཛིན་པ་ནི་རྟག་ཏུ་འགྲོགས་པའི་གཞི་ལས་བྱུང་། ཞེས་བཤད་པས་ངོས་གཅིག་ན་འདུག་པ་དང་། ཕར་མི་གནོད་ཀྱང་ཚུར་གནག་པ་དང་། ཚུར་མི་སྡང་ཡང་རང་གི་ཡིད་དུ་མི་འོང་བ་དེ་རྣམས་ལ་བློ་སྦྱོང་འཆོར་ཉེན་ཡོད་པས་ཁྱད་པར་དུ་བཀོལ་ལ་སྙིང་གི་དུམ་བུ་བཞིན་དུ་བསམ་ཞིང་བློ་སྦྱོང་ངོ་། །ཡང་བླ་མ་དང་། ཕ་མ་དང་། བྱང་ཆུབ་སེམས་དཔའ་རྣམས་ཡུལ་གཉན་པས་སྡིག་པ་བསགས་ན་རྣམ་སྨིན་བསམ་གྱིས་མི་ཁྱབ་པས་ཁྱད་པར་དུ་བཀོལ་ལ་སྦྱང་ངོ་། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་པ་ནི། ཆོས་གཞན་བསྒྲུབ་པ་ལ་ཟས་གོས་ལ་སོགས་པའི་མཐུན་རྐྱེན་འཛོམས་པ། ཁམས་བཟང་བ། ཆུ་འཕྲོད་པ། མི་དང་འདྲེས་མི་གཙེར་བ་དགོས་ཏེ། བློ་སྦྱོང་འདི་ཉིད་ཉམས་སུ་ལེན་པ་ལ་དེ་རྣམས་ལ་ལྟོས་མི་དགོས་ཏེ། མཐུན་རྐྱེན་དེ་རྣམས་མ་འཛོམས་པ་ནི་ཆོས་འདིའི་རྒྱུ་ཡིན་པས་ད་རེས་བསོད་ནམས་ཀྱི་ལས་འབའ་ཞིག་བློ་སྦྱོང་གི་གྲོགས་སུ་ཁྱེར་རོ། །ད་རེས་གཙོ་བོ་ཉམས་སུ་བླངས། །ཅེས་པ་ནི། ཐོག་མ་མེད་པ་ནས་ཕ་འཚེར་རྙིང་པ་ལྟ་བུ་ངན་སོང་རྣམ་པ་གསུམ་འབའ་ཞིག་ཏུ་འཁྱམས་པ་ཡིན་པས། ད་རེས་ཀྱི་ལས་འགའ་ཞིག་གིས་བསྐལ་པ་བྱེ་བ་སྟོང་དུ་ཡང་རྙེད་པར་དཀའ་བའི་དལ་འབྱོར་གྱི་ལུས་ཐོབ་པའི་དུས་ད་རེས་ཚེ་འདིའི་ཤོམ་ར་བྱེད་པ་ལས་ཕྱི་མ་ཕན་ཆད་ཀྱི་ཆོས་བྱེད་པ་གཙོ་བོ་ཡིན། ཆོས་ལ་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་བོ། སྒྲུབ་པ་གཞན་ལས་བྱང་ཆུབ་ཀྱི་སེམས་སྦྱོང་བའི་སྒྲུབ་པ་གཙོ་བོ། དེ་ཡང་ལུང་རིགས་ཀྱི་སྐྱ་བར་དུ་བཅུག་ནས་སྦྱོང་བ་བས་བླ་མའི་མན་ངག་ལ་བརྟེན་ནས་གཉེན་པོ་གང་ལྟར་ཆེ་ཆེར་ཨུ་ཚུགས་སུ་སྦྱོང་བ་གཙོ། སྤྱོད་ལམ་གཞན་པས་མལ་དུ་བསྡད་ནས་སྦྱོང་བ་གཙོ། ཡུལ་སྤོང་བ་བས་རྟག་ནང་དུ་གཙོ། དེ་རྣམས་ལ་བསླབ་པ་གཅེས་སོ། །གོ་ལོག་མི་བྱ། ཞེས་པ་ནི། གོ་ལོག་དྲུག་སྤང་བར་བྱ་སྟེ། ཆོས་བསྒྲུབ་པའི་སྡུག་བསྔལ་མི་བཟོད་པར་འདོད་པ་སྒྲུབ་པ་དང་། གཉེན་སྐྱོང་བ་དང་། དགྲ་འདུལ་བའི་དཀའ་ལས་ལ་བཟོད་པ་ནི་བཟོད་པ་གོ་ལོག་གོ །སྡིག་པ་ཅི་དག་དང་། ཚོགས་ཅི་རྫོགས་བློ་སྣ་ཅི་འགྱུར་ལ་མི་འདུན་པར་ཚེ་འདིའི་ཕུན་སུམ་ཚོགས་པ་ལ་ཡོན་ཏན་དུ་བལྟ་ཞིང་ཐོབ་པར་འདུན་པ་ནི་འདུན་པ་གོ་ལོག་གོ །ཐོས་བསམ་སྒོམ་གསུམ་ལ་འབད་ནས་ཆོས་ཀྱི་རོ་མི་མྱོང་བར་ཕྱི་ནང་གི་འདོད་པའི་རོ་མྱང་ཞིང་བསྒྲུབ་པ་དང་། སྔར་འདོད་པ་སྤྱད་པ་དང་། དགྲ་བཏུལ་བ་ཡིད་ལ་བྱས་ཤིང་རོ་མྱང་བར་བྱེད་པ་ནི་རོ་མྱང་བ་གོ་ལོག་གོ །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་ལ་སྙིང་རྗེ་མི་བསྒོམ་པར་དཀའ་ཐུབ་སྤྱོད་པ་དང་། སྒྲུབ་པ་བྱེད་པའི་འབྱོར་བའི་སྡུག་བསྔལ་ཅན་ལ་སྙིང་རྗེ་བསྒོམ་པ་ནི་སྙིང་རྗེ་གོ་ལོག་གོ །རང་གི་ཁ་འོག་ཏུ་འདུ་བ་ཆོས་བྱེད་པའི་གཉེར་སེམས་མི་བྱེད་པའི་ནོར་རྫས་བསོག་པ་དང་། གཉེན་སྐྱོང་བ་དང་། ཚེ་འདིའི་ཆེ་ཐབས་བྱེད་པའི་གཉེར་སེམས་བྱེད་པ་ནི་གཉེར་སེམས་གོ་ལོག་གོ །སངས་རྒྱས་ནས་སེམས་ཅན་གྱི་བར་དགེ་བ་མཛད་ཅིང་དེའི་འབྲས་བུ་བདེ་བ་དང་ལྡན་པ་ལ་རྗེས་སུ་ཡི་རང་མི་བྱེད་པར་དགྲ་ལ་མི་ལེགས་པ་བྱུང་བ་དང་། སུམ་བཏུབ་པ་བྱུང་བ་རྣམས་ལ་དགའ་བ་དང་། རྗེས་སུ་ཡི་རང་བྱེད་པ་ནི་རྗེས་སུ་ཡི་རང་གོ་ལོག་གོ །གོ་ལོག་མ་ལོག་དྲུག་པོ་དེ་ལ་འཇུག་ལྡོག་བྱའོ། །རེས་འཇོག་མི་བྱ། ཞེས་པ། རེས་བློ་སྦྱོང་བསྒོམ། རེས་བཟླས་པ་བྱེད་པ་དང་། དེ་གཉིས་རེས་སྟོང་། རེས་བསྲུང་། རེས་འཇོག་བྱེད་པ་སྤང་། ཡང་ཚེ་འདིའི་ཤོམ་ར་དང་། སྡིག་པ་དང་ཉོན་མོངས་འཕེལ་བར་བྱེད་ལ། རེས་ཚེ་ཕྱི་མའི་དོན་དུ་ཆོས་བྱེད་པ་རེས་འཇོག་བྱེད་པ་དེ་སྤང་ལ། རེས་འཇོག་མི་བྱེད་པར་ཕྱོགས་གཅིག་ཏུ་རྟག་འཆད་པར་ཆོས་བྱ་ཞིང་། ཁྱད་པར་དུ་བློ་སྦྱོང་བསྒོམ་པའོ། །དེའི་ཡང་སྙིང་བློ་སྦྱོང་ངོ་། །དོལ་ཆོད་དུ་སྦྱང་། ཞེས་པ་ནི། རྩ་ཕྲན་གཏོར་བ་ན་རྦད་ཆོད་བྱེད་པ་བཞིན། བློ་སྦྱོང་བ་ན་ཚོད་མི་ལེན་པར་བློ་ཕྱོགས་གཅིག་ཏུ་ལིངས་རྩེར་སྒྱུར་ལ། ཚམ་ཚོམ་མེད་པར་བློ་ཐག་ཆོད་པར་བྱས་ལ་བློ་སྦྱོང་ངོ་། །སྔོན་ལ་བློ་སྦྱོང་གིས་ཕན་ནམ། དེས་མ་ཕན་ན་བཟླས་པ་གཅིག་བྱ་སྙམ་པའི་ཚོད་ལེན་པའི་བློ་དེ་ལྟ་བུར་སྤངས་ཏེ། དེ་ནི་བདེ་འདོད་ཀྱི་དམིགས་པ་མ་ཤོར་བ་ཡིན་པས་ནད་དང་གདོན་ཡང་སེལ་བར་མི་ནུས་སོ། །རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། །ཞེས་པ་ནི། རང་ཉིད་རྒྱུད་ལ་ཉོན་མོངས་པ་ཤས་གང་ཆེ་བརྟགས་ནས་དེའི་གཉེན་པོར་སྒོས་སུ་བརྟེན་ནས་སྤོང་བ་ལ་འབད་པ་དྲག་ཏུ་བྱའོ། །དེ་ནས་ཉོན་མོངས་པ་སྐྱེ་བའི་ཡུལ་རྟེན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་ཀྱང་ཇི་ལྟར་སྐྱེ་བརྟག ཡང་གཉེན་པོ་བསྟེན་ནས་ཉོན་མོངས་པ་ཤས་ཆུང་བའམ། དེ་ཡི་མི་སྐྱེ་བའམ་སྙམ་པ་ཙམ་དུ་བྱའོ། །ད་ནི་ཉོན་མོངས་འདི་རྒྱུད་ལ་ཡེ་མ་གོས་པར་བྱ་སྙམ་དུ་མ་འོངས་པ་ལ་གོ་ཆ་ཡང་ནས་ཡང་དུ་གོམས་པར་བྱའོ། །འདས་མ་འོངས་གཉིས་གཉེན་པོ་བསྟེན་པའི་ཚུལ་ལུགས་དེ་ལྟར་གཉིས་ཀྱི་ཉོན་མོངས་པ་སྤོང་བ་ལ་ནན་ཏན་བྱའོ། །ཡུས་མི་བསྒོམ། ཞེས་པ་ནི། ཕ་རོལ་ལ་བདག་གི་དྲིན་ཡོད་པའི་རྒྱུ་མཚན་དང་། རང་ལ་དགེ་སྦྱོར་ཡོད་པ་དང་། མཁས་པ་དང་། བཙུན་པ་དང་། མི་ཆེ་བ་དང་། རིགས་རྒྱུད་བཟང་བ་ལ་སོགས་པའི་རྒྱུ་མཚན་གང་གི་ཕྱོགས་ནས་ཀྱང་གཞན་ལ་ཡུས་ཀྱི་རྔམས་པ་དང་། ང་རྒྱལ་ཆེ་བར་མི་བྱའོ། །མི་ལ་རེ་མ་ཆེ། ལྷ་ལ་གསོལ་བ་ཐོབས། ཅེས་ར་སྒྲེང་བའི་གསུང་ངོ་། །ལར་དགྲ་ཟིན་གྱི་རུ་ཕྱེད་ན་གཞན་ལ་ཟིན་དུ་གོ་བས་གཞན་དོན་བྱས་ཀྱང་རང་དོན་གྱི་འཁྲིས་པ་མི་འབྱུང་ཞིང་རང་གི་བྱ་རྒྱུར་གོ་ནས་འོང་བས་གཞན་ལ་ཡུས་མི་འབྱུང་ངོ་། །དེ་ཙམ་ན་བློ་འབྱོངས་པའོ། །ཀོ་ལོང་མི་སྡོམ། ཞེས་པ་ནི། རང་ལ་གནོད་པ་སྔར་སྨ་ཕབ་པ་དང་། ཚིག་ངན་གྱིས་སྤྱོས་པ་ལ་སོགས་པ་ཅི་བྱས་རང་ལ་གྱོད་ཐལ། གཞན་ལ་ངོ་བཞིན་འགྱུར་བ་དང་། ཚིག་ངན་གྱི་ལན་ལ་སོགས་པ་མི་བྱའོ། །སེམས་ཀྱིས་ཀྱང་ཀོ་ལོང་མི་བསྡམ་མོ། །ད་ལྟ་འོ་སྐོལ་གྱི་ཆོས་རྣམས་བདག་འཛིན་གྱི་གཉེན་པོར་མ་སོང་བས་བཟོད་སྲན་གྱི་སྟོབས་ཆུང་། ཀོ་ལོང་གཙང་བཙན་པས་དམ་པར་འདུག་སྟེ། དེས་ཆོས་བྱས་པའི་གོ་མི་ཆོད་པས་བདག་འཛིན་གྱི་གཉེན་པོར་འགྲོ་བར་བྱའོ། །ཡུད་ཙམ་པ་མི་བྱ། ཞེས་པ་ནི། ངོ་མི་རྟག་པར་དར་རེ་ལ་རྣམ་འགྱུར་སྟོན་པ་སྟེ། དེ་ལྟ་བུ་གྲོགས་ལ་གཟན་པས་སྤང་ངོ་། འོར་ཆེ་མ་འདོད། ཞེས་པ་ནི། གཞན་གྱིས་གྲོགས་བྱས་པ་དང་། ཕན་བཏགས་པ་ལ་ཚིག་གི་གཏང་རག་བཏང་བ་དང་། དེའི་རྒྱུ་མཚན་གྱིས་སྙན་པ་དང་། གྲགས་པ་འདོད་པ་སྤང་ངོ་། །མདོར་ན་གཞན་ལ་ཕན་བཏགས་པ་དང་། གྲོགས་བྱས་པ་ལ་ཚིག་སྙན་པ་ཙམ་ཡང་མི་འདོད་པར་བྱའོ། །དེ་ལྟར་ཚེ་ཧྲིལ་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་མཉམ་བརྗེས་ཀྱི་སྒོ་ནས་སྦྱངས་ལ། རྩོད་པའི་གཞི་མེད། ལྷ་འདྲེ་མི་གསུམ་དང་འཐབ་པའི་དོན་མེད། ལྷ་ཞི་ཀླུ་ཞི་ཀུན་བདེ་རབ་གང་དུ་བྱས་པའི་སྒོ་ནས་དབུགས་འགྲོ་ཁར་སྐྱིད་ཀྱི་མགོ་བཙུགས་ལ་སྡུག་ལ་རྒྱབ་ཀྱི་ཕྱོགས། སྣང་བ་ནས་སྣང་བ། བདེ་བ་ནས་བདེ་བར་འགྲོ་བར་འགྱུར་རོ། །ཆོས་དེ་རྣམས་ཀྱི་བྱེད་པའམ་ཕན་ཡོན་བསྟན་པ་ནི། སྙིགས་མ་ལྔ་པོ་བདོ་བ་འདིས། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །སྤྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་སྙིགས་མ་ལྔ་པོ་བདོ་བའི་དུས་སུ་བྱུང་བ་ཡིན། ཁྱད་པར་ད་ལྟ་སྙིགས་མ་ལྔ་ལས་ཀྱང་སྙིགས་མར་གྱུར་པ་ལྔ་བརྒྱ་ཐ་མའི་དུས་བྱ་བ་ཡིན་པས་སེམས་ཅན་ཐམས་ཅད་ལ་བསམ་རྒྱུ་ཉོན་མོངས་པ་ལས་མེད། བྱ་རྒྱུ་ལས་ངན་སྡིག་པ་ལས་མེད། ཐམས་ཅད་ངན་ན་དགའ། སུ་བཟང་ཡང་རང་གི་ཤེས་པ་ལ་ཟུག་གཟེར་ཆེ་བས་ལུས་ངག་ཡིད་གསུམ་གྱིས་གཞན་ལ་གནོད་པ་འབའ་ཞིག་སྤྱོད་པའི་སེམས་ཅན་རྣམས་ཚོགས་ནས་འདུག་པ་ཡིན། གཞན་ཡང་དཀར་པོ་ལ་དགའ་བའི་བསྟན་པ་བསྲུང་བའི་མི་མ་ཡིན་རྣམས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་ཡོངས་སུ་དག་པའི་ཞིང་ཁམས་སུ་སོང་། ནག་པོ་ལ་དགའ་བ་རྣམས་མཐུ་དང་ནུས་པ་རྒྱས་པས་སེམས་ཅན་རྣམས་ལ་བཀྲ་མི་ཤིས་པ་དུ་མ་འབྱུང་། དེས་ན་དུས་དེང་སང་སེམས་ཅན་རྣམས་ལ་ཅིར་ཡང་སྡུག་བསྔལ་སྣ་ཚོགས་བསྒྲུབ་པའི་རྐྱེན་ངན་མང་ལ། ཁྱད་པར་དུ་བསྟན་པ་ཉམས་སུ་ལེན་པ་རྣམས་ལ་བར་ཆད་སྣ་ཚོགས་འབྱུང་བས། དེ་ལྟར་རྐྱེན་ངན་གྱི་རུ་འཛིངས་པའི་དུས་འདིར་ཆོས་འདི་ལྟ་བུ་ལ་མ་བསླབས་ན་ཆོས་གཞན་གང་གི་སྒོར་བཞུགས་ཀྱང་ཆོས་མགོ་ཐོན་པར་མི་འགྱུར་ལ། འདིའི་སྒོར་ཞུགས་ནས་འབད་པས་རྐྱེན་ངན་དེ་ཐམས་ཅད་བྱང་ཆུབ་ཀྱི་ལམ་སྦྱོང་བའི་གྲོགས་སུ་འགྱུར་རོ། །ཕན་ཡོན་གཞན་ཡོངས་སུ་དག་པའི་ཞིང་ཁམས་སུ་བསྐལ་པ་ཙམ་དགེ་སྦྱོར་བྱས་པ་བས་ད་ལྟ་སངས་རྒྱས་ཀྱི་བསྟན་པ་ལ་གཡུལ་ལོག་བྱུང་བའི་དུས་འདིར་ལོ་རེ་ཙམ་དགེ་སྦྱོར་བྱས་པས་ཚོགས་རྫོགས་པར་འགྱུར་བས། བློ་སྦྱོང་དུ་བཏུབ་པ་རྣམས་ལ་སྙིགས་མ་ལྔ་པོ་བདོ་བ་དེ་སེམས་ལ་མ་བཏུབ་པས་འཚེང་བ་ཡིན་ནོ། །དེ་ལྟར་བློ་སྦྱང་ཤེས་ན་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་བྱ་བ་དེ་ཡང་བློ་སྦྱོང་སྒོམ་པའི་རྣལ་འབྱོར་བའི་ལུས་འདི་ལ་ཟེར་བ་ཡིན་ཏེ། འདི་ཕྱི་འཁོར་འདས་རང་གཞན་གྱི་བདེ་བ་ཐམས་ཅད་ད་རེས་ཀྱི་ལུས་འདི་ལ་བརྟེན་ནས་འབྱུང་བ་ཡིན་ནོ། །དེ་ལྟར་རྩོམ་པ་ཐམས་ཅད་འདི་གཅིག་པུ་ལ་འགྲིལ་ནས་འབད་ལ། ཆོས་དང་སེམས་འདྲེས་པ། སྙིང་ཕུར་ཐེབས་པ་ཆོས་ཀྱི་སྲོལ་དུ་ཚུད་པ། ཆོས་ཀྱི་རོ་མྱོང་བ་གཅིག་ཏུ་བློ་སྦྱངས་ན། དུས་རིང་པོར་མི་ཐོགས་པར་རང་གཞན་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་ཐོབ་པར་འགྱུར་རོ་གསུང་ངོ་། །དོན་དེ་རྣམས་ཉིད་རྩོམ་པ་པོས་ངེས་དོན་དུ་བསྡེབས་ནས་བསྟན་པ་ནི། རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཅེས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འཆད་ཀ་བས་ཉམས་སུ་བླངས་བའི་ཚུལ་ལུགས་བསྟན་པའི་སྒོ་ནས་ད་དགྲ་ཟིན་གྱི་རུ་ཕྱེད་པས་བློས་ཐག་ཆོད་པའི་ཐུགས་དགྱེས་པའི་གསུང་བརྗོད་པའོ། །བདེ་ལེགས་ཀུན་དགའི་རྒྱ་མཚོ་བླ་མའི་གསུང་། །གཞན་ཕན་བློ་ཡིས་བསྡེབས་པའི་བསོད་ནམས་ཀྱིས། །བློ་སྦྱོང་གླང་པོས་འགྲོ་རྣམས་འཁུར་བྱེད་ཅིང་། །བདག་ལྟའི་རི་བོ་རབ་བརྟན་འཇོམས་པར་ཤོག །ཁྱེད་ཀྱི་གྲགས་པའི་འོད་ཟེར་ཕྱོགས་ཁྱབ་པས། །ཁབ་ལེན་དབང་གིས་ལྕགས་རྣམས་རབ་གཡོ་ཞིང་། །སྙན་པའི་དབང་གིས་སེམས་གཡོས་སྤྱན་སྔར་མཆིས། །རྙེད་པར་དཀའ་བའི་ཞལ་མཐོང་དོན་ཆེན་གྲུབ། །གསེར་གླིང་བཀའ་བརྒྱུད་ཐུགས་ཀྱི་ནམ་མཁའ་ལ། །བློ་སྦྱོང་ཉི་མ་ནམ་མཁའི་འོད་ལྡན་ཡང་། །དེང་སང་ངན་རྟོག་སྤྲིན་ཚོགས་ཀྱིས་སྒྲིབ་པས། །གསེར་དང་རག་གན་ཁྱད་པར་མི་གསལ་འགྱུར། །རང་གཞན་སྡུག་བསྔལ་དོར་འདོད་སྐལ་ལྡན་རྣམས། །མ་ཚང་རྒྱུར་སྨྲས་དམན་པའི་ལམ་སྤོངས་ལ། །རྒྱལ་སྲས་མཆོག་གི་ཤིང་རྟའི་ལམ་འདིར་བཞུགས། །འདི་མིན་གཞན་གྱིས་བྱང་ཆུབ་ཐོབ་རེ་ཀན། །སྡེ་སྣོད་མ་ལུས་ལེགས་བསྲུབས་པའི། །བཀའ་གདམས་ཡང་སྙིང་ངོ་མཚར་ཆེའོ། །སརྦ་ཤུ་བྷཾ།། །།


previousབློ་སྦྱོང་གི་བསླབ་བྱ་བསྟན་པ།no next