Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

39 occurrences of འབངས་མི་
[Clear Hits]


 
  
  
འཇིག་རྟེན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་པའི་ལེའུ།
  
 
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
 
 
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
 
 
  
 
  
  
 
  
  
 
  
  
  
  
  
  
  
  
  
  
  
  
 
 
 
 
  


39 occurrences of འབངས་མི་
[Clear Hits]

 
previousའཇིག་རྟེན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་པའི་ལེའུ། next

འཇིག་རྟེན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་པའི་ལེའུ།


PKT001_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བདེ་བ་ཆེན་པོའི་ཞིང་ཁམས་དེཿ སངས་རྒྱས་ཉག་གཅིག་ཞིང་ཁམས་ཡིན་པའི་ཕྱིརཿ འཇིག་རྟེན་ཞིང་ཁམས་དཔག་མེད་བསམ་མི་ཁྱབཿ འཁོར་བའི་སེམས་ཅན་དཔག་མེད་བསམ་མི་ཁྱབཿ དེ་དག་ཉོན་མོངས་དགྲ་དཔུང་གཞོམ་པའི་ཕྱིརཿ མི་མཇེད་འཇིག་རྟེན་གྲགས་པ་འདི་ལྟ་སྟེཿ ལྷ་ཡི་གནས་སུ་གུ་རུ་གསེར་ཐུབ་འཛིནཿ ལྷ་མིན་གནས་སུ་གུ་རུ་རྣམ་པར་རྒྱལཿ མི་ཡི་གནས་སུ་གུ་རུ་ཤཱཀྱ་སེང་ཿ བྱོལ་སོང་གནས་སུ་གུ་རུ་སེང་རབ་བརྟནཿ ཡི་དྭགས་གནས་སུ་གུ་རུ་རྣམ་སྣང་བྱེདཿ དམྱལ་བའི་གནས་སུ་གུ་རུ་རྣམ་པར་གནོནཿ མི་མཇེད་འཇིག་རྟེན་དྲུག་པོ་དེ་དག་གིཿ འཇིག་རྟེན་རེ་རེའི་ཕྱོགས་བཞི་མཚམས་བརྒྱད་ནཿ གུ་རུ་མཚན་ནི་བརྒྱད་བརྒྱད་སུམ་ཅུ་དྲུགཿ དེ་ཡང་སྟོང་གསུམ་གྱི་ནི་སྟོང་ཆེན་པོའིཿ མི་མཇེད་འཇིག་རྟེན་ཁམས་ཀྱི་ཕྱི་རོལ་ཕརཿ ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་ཁམས་ལ་ཡང་ཿ གླིང་བཞི་པ་ལ་ཞིང་ཁམས་བརྒྱ་ཡི་ཚདཿ སྟོང་ཕྲག་བཅུ་གཉིས་འདས་པའི་ཞིང་ཁམས་ཀྱིཿ མིང་ནི་འཇིག་རྟེན་དྲི་མ་མེད་པ་ཞེསཿ ཞིང་ཁམས་རྒྱན་ནི་རིན་ཆེན་སྣ་ཚོགས་བརྒྱནཿ དེ་ན་གནས་པའི་འགྲོ་བ་ཕོ་མོ་རྣམསཿ


PKT001_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༼༧ན༽ཚེ་དང་ལོངས་སྤྱོད་དཔལ་འབྱོར་ཐམས་ཅད་ནིཿ སུམ་ཅུ་རྩ་གསུམ་ལྷ་དང་མཉམ་པ་ཡོདཿ བར་དོར་འཆི་བ་མེད་ཅིང་བརྫུས་ནས་སྐྱེཿ འདོད་ཡོན་ཐམས་ཅད་བསམ་པ་ཙམ་གྱིས་འགྲུབཿ དེ་ན་སྦྱིན་པ་གཏོང་དང་ལེན་པ་མེདཿ འཇིག་རྟེན་ཞིང་ཁམས་འདི་མིན་གཞན་དག་ནཿ སྟེར་སློང་ཡོད་ཟེར་དེ་ལ་སྨོན་པར་བྱེདཿ ཐུབ་པའི་དབང་པོ་དྲི་མེད་སྒྲ་ཞེས་དང་ཿ གུ་རུ་པདྨ་སྐྱེ་བཟང་ཞེས་བྱ་བསཿ མདོ་སྔགས་གཉིས་ཀྱི་སྒྲོན་མེ་ཡོངས་སུ་སྣང་ཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ ལྷོ་ཕྱོགས་འཇིག་རྟེན་སྟོད་ཕྲག་བརྒྱ་འདས་ནཿ འཇིག་རྟེན་ཞིང་ཁམས་ཡོན་ཏན་འབྱུང་བ་ཞེསཿ ཤཱཀྱ་ཐུབ་པ་དཀོན་མཆོག་སྤྲིན་ཞེས་དང་ཿ གུ་རུ་ལྷུན་གྲུབ་འོད་ཀོར་ཞེས་བྱ་བསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ ནུབ་ཕྱོགས་འཇིག་རྟེན་སྟོང་ཕྲག་ཉི་ཤུ་འདསཿ ཞིང་ཁམས་རྒྱན་ནི་ཤིན་ཏུ་བཀྲམ་པ་ནཿ གང་ཟག་བརྫུས་ཏེ་སྐྱེ་བའི་འཇིག་རྟེན་དེཿ ཚེ་ལོ་བརྒྱད་ཁྲི་བཞི་སྟོང་གནས་པའོཿ ཿཤཱཀྱ་ཐུབ་པ་ཡོན་ཏན་འབྱུང་གནས་དང་ཿ པདྨ་གར་གྱི་དབང་ཕྱུག་


PKT001_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

༼༧བ༽ཅེས་བྱ་བསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ བྱང་ཕྱོགས་འཇིག་རྟེན་སྟོང་ཕྲག་སུམ་ཅུ་ནཿ ཞིང་ཁམས་བག་ཚ་མེད་པ་ཞེས་པ་ནཿ ཤཱཀྱ་ཐུབ་པ་སེང་གེ་སྒྲ་ཞེས་དང་ཿ པདྨ་ཡེ་གྲུབ་མཐའ་བྲལ་ཞེས་བྱ་བསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ ཤར་ལྷོ་འཇིག་རྟེན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འདསཿ འཇིག་རྟེན་ཞིང་ཁམས་རྣམ་པར་མཛེས་པ་ཞེསཿ ཤཱཀྱ་ཐུབ་པ་མཛེས་པའི་ཏོག་ཅེས་དང་ཿ པདྨ་འཁྲུལ་ཞིག་སེང་གེ་ཞེས་བྱ་བསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ ལྷོ་ནུབ་འཇིག་རྟེན་སྟོང་ཕྲག་བདུན་ཅུ་འདསཿ འཇིག་རྟེན་ཞིང་ཁམས་རབ་ཏུ་སྣང་ཞེས་ནཿ ཤཱཀྱ་ཐུབ་པ་གཟི་བརྗིད་རྒྱན་ཞེས་དང་ཿ པདྨ་ལེ་འཛུམ་བཞེད་པ་རྩལ་ཞེས་པསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་


PKT001_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

༼༨ན༽རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ ནུབ་བྱང་འཇིག་རྟེན་སྟོང་ཕྲག་ལྔ་བཅུ་འདསཿ ཞིང་ཁམས་རབ་ཏུ་སྣང་བ་ཅན་ཞེས་བྱཿ ཙནྡན་དྲི་མཆོག་དཔལ་ཞེས་བྱ་བ་དང་ཿ པདྨ་རྗེ་བཙུན་འགྲོ་བ་འདུལ་ཞེས་པསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ བྱང་ཤར་མཚམས་ཀྱི་འཇིག་རྟེན་ཁམས་དག་ཏུཿ སྟོང་ཕྲག་བཞི་བཅུ་རྩ་བཞི་འདས་པ་ཡིཿ ཞིང་ཁམས་གདུང་བ་སེལ་བ་ཞེས་བྱ་ནཿ ཐུབ་པ་སྙིང་རྗེའི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་འཇིག་རྟེན་དབང་ཕྱུག་ཅེས་བྱ་བསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ རྣམ་པར་སྤྲོས་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་མངོན་སྤྲོ་རྒྱལ་པོ་ཞེས་བྱ་དང་ཿ པདྨ་རྒྱལ་མཚན་མེ་ཏོག་ཅེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རིན་ཆེན་སྤྲོས་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་རིན་ཆེན་རྒྱལ་པོ་ཞེས་བྱ་དང་ཿ


PKT001_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

༼༨བ༽པདྨ་ཀོ་ལི་ཀོ་མི་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ འོད་ཟེར་འབྱུང་བ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་འོད་ཀོར་ཡངས་པ་ཞེས་བྱ་དང་ཿ པདྨ་རབ་ཏུ་ཀུན་སྤྱོད་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ དཀའ་བ་རྣམ་པར་སྤྱོད་པའི་ཞིང་ཁམས་ནཿ སངས་རྒྱས་དཀའ་ཐུབ་རྒྱལ་པོ་ཞེས་བྱ་དང་ཿ པདྨ་གཡུལ་ལས་རྒྱལ་བ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ གཙུག་ཏོར་བཀོད་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་གཙུག་ཏོར་སྙིང་པོ་ཞེས་བྱ་དང་ཿ པདྨ་ས་མཁན་སྐྱབས་མགོན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ འོད་ཟེར་འབྱུང་བ་ཞེས་བྱ་བའི་འཇིག་རྟེན་ནཿ སངས་རྒྱས་ངེས་པར་སོང་བ་ཞེས་བྱ་དང་ཿ པདྨ་ཀོ་ཤ་ཎི་ཨི་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ངེས་པར་འཕགས་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་ངེས་པར་གསུང་བ་ཞེས་བྱ་དང་ཿ པདྨ་ལམ་སྟོར་བཤེས་གཉེན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ བདེ་བར་སྤྱོད་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་བདེ་བ་ཆེན་པོ་ཞེས་བྱ་དང་ཿ པདྨ་འཁོར་བའི་གཅོད་འབྱིན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ མེ་ཏོག་བཀྲམ་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་མེ་ཏོག་དབང་པོའི་དབྱངས་ཞེས་


PKT001_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

༼༩ན༽དང་ཿ པདྨ་འདོད་རྒུ་རང་འབྱུང་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཡོངས་སུ་གྲགས་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་གྲགས་པའི་དཔལ་ཞེས་བྱ་བ་དང་ཿ པདྨ་འདྲེན་པའི་དཔའ་བོ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟེན་ཏོཿ རྣམ་པར་འཕྲུལ་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་སྤྲུལ་པའི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་བཀའ་བཏགས་རྒྱལ་པོ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རྣམ་པར་སྦྱང་བ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་སྒྲ་དབྱངས་མི་ཟད་པ་ཞེས་དང་ཿ པདྨ་ཀློང་ཡངས་དམ་པ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སྨན་གྱིས་བརྒྱན་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་སྨན་གྱི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་སྤྱོད་ཡུལ་དག་པ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ དེ་བཞིན་རྣམ་པར་དག་པའི་འཇིག་རྟེན་དུཿ སངས་རྒྱས་མྱུར་དུ་འཛིན་ཞེས་བྱ་བ་དང་ཿ པདྨ་འཁོར་བ་དོང་སྤྲུག་ཅེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རིན་ཆེན་བཀོད་པའི་འཇིག་རྟེན་བྱ་བ་ནཿ སངས་རྒྱས་དགའ་བའི་སྤྱན་ཞེས་བྱ་བ་དང་ཿ པདྨ་རང་བྱུང་ཡེ་ཤེས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རྣམ་པར་བཀྲམ་པ་ཞེས་བྱའི་འཇིག་


PKT001_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

༼༩བ༽རྟེན་ནཿ ཡོངས་སུ་དགོངས་པའི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་དྷེ་བ་ཤུགས་ཅན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ བཻ་ཌཱུཪྱ་ཡི་སྙིང་པོ་ཞེས་བྱ་ནཿ སངས་རྒྱས་གསེར་གྱི་སྙིང་པོ་ཞེས་བྱ་དང་ཿ པདྨ་ཡང་སྙིང་རང་གྲོལ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ འོད་ཟེར་དམ་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་འོད་ཟེར་དཔལ་ཞེས་བྱ་བ་དང་ཿ པདྨ་ཆོས་དབྱིངས་དཔལ་འབར་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རྣམ་པར་ཞི་བ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་ཞི་བའི་དབང་པོ་ཞེས་བྱ་དང་ཿ པདྨ་ཀུན་སྐྱོང་ཆེན་པོ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སྤྲིན་ཆེན་རྣམ་པར་བཀོད་པའི་འཇིག་རྟེན་ནཿ སངས་རྒྱས་སྤྲིན་གྱི་དཔལ་ཞེས་པ་དང་ཿ པདྨ་གསེར་གྱི་རི་དབང་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཡིད་ལ་མངོན་པར་དགའ་བའི་འཇིག་རྟེན་ནཿ སངས་རྒྱས་ཡིད་འོང་དབྱངས་ཞེས་བྱ་བ་དང་ཿ པདྨ་རྒྱལ་བའི་མེ་ལོང་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ འཇིག་རྟེན་མེ་ལོང་དཀྱིལ་འཁོར་དབྱངས་ཞེས་པརཿ སངས་རྒྱས་མེ་ལོང་སྣང་ཞེས་བྱ་བ་དང་ཿ པདྨ་མཐོན་མཐིང་ལྷབ་ལྷུབ་ཅེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཟླ་


PKT001_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠ན༽བས་བརྒྱན་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་ཟླ་འོད་དཔལ་ཞེས་བྱ་བ་དང་ཿ པདྨ་ཡིད་སྣང་ཅོད་པན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཉི་མའི་འོད་ཟེར་བརྒྱན་པའི་ཞིང་ཁམས་ནཿ སངས་རྒྱས་ཉི་མའི་སྙིང་པོ་དཔལ་ཞེས་དང་ཿ པདྨ་ཨིནྡྲ་ནཱི་ལ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སྤོས་དྲི་ངད་ལྡན་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་སྤོས་ཀྱི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་རྣམ་དག་ཡེ་ཤེས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ གསེར་འོད་སྣང་བ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་གསེར་གྱི་འོད་འཕྲོ་བྱ་བ་དང་ཿ པདྨ་སྣ་ཚོགས་རིན་ཆེན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ འོད་ཟེར་བཀོད་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་བཀོད་པའི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་ཀུ་ལ་ག་ཡ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ གསེར་གྱིས་འབྱུང་གནས་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་གསེར་གྱི་གཟུ་བ་ཞེས་བྱ་དང་ཿ པདྨ་འབྲུག་ཆེན་ལྷུན་རྫོགས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ དཔལ་གྱི་འོད་ཟེར་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་དཔལ་གྱི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་སྐྱེ་ཤི་གཉིས་སྤངས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ


PKT001_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠བ༽སྣང་བ་དམ་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་སྣང་བ་བརྩེགས་པའི་དཔལ་ཞེས་དང་ཿ པདྨ་འཇིགས་པ་བདེ་འབྱིན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ མྱ་ངན་མེད་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་དང་ཿ པདྨ་ཆོས་ལེགས་མཐོང་དགའ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ དགའ་བའི་མདངས་ཞེས་བྱ་བའི་ཞིང་ཁམས་ནཿ སངས་རྒྱས་དགའ་བའི་མཆོག་དཔལ་ཞེས་བྱ་དང་ཿ པདྨ་སྤྱི་བཅིངས་ནམ་མཁའ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ གཟི་བརྗིད་འབྱུང་བ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་གཟི་བརྗིད་དཔལ་ཞེས་བྱ་བ་དང་ཿ པདྨ་སཾ་ཨུ་པཀྵུ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སངས་རྒྱས་འདུལ་བ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་དགེ་རྩ་དྲན་བསྐྱེད་ཅེས་བྱ་དང་ཿ པདྨ་རིན་ཆེན་ཕྲ་སྤྲོས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཡོངས་སུ་སྦྱོང་བ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་ངན་སོང་སྦྱོང་བ་ཞེས་བྱ་དང་ཿ པདྨ་བྱེར་བཀྲམ་རྒྱ་ཡན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཐ་དད་སྤྱོད་པ་ཞེས་བྱའི་ཞིང་ཁམས་ནཿ འཇིག་རྟེན་ཀུན་གྱི་སློབ་དཔོན་ཞེས་བྱ་དང་ཿ པདྨ་མི་ནུབ་རྒྱལ་མཚན་ཞེས་བྱ་བསཿ


PKT001_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡ན༽མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རྒྱལ་མཚན་དཔུང་རྒྱན་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་རྣམ་པར་རྒྱལ་བ་ཞེས་བྱ་དང་ཿ པདྨ་མུན་པ་སྣང་བྱེད་ཅེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ མེ་ཏོག་མཛེས་བརྒྱན་ཞེས་བྱའི་འཇིག་རྟེན་ནཿ མེ་ཏོག་བཀོད་པའི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་མཻ་ཏྲི་ཀ་ཙེ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ མཛེས་པར་སྣང་བ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་ཐམས་ཅད་སྣང་བ་ཞེས་བྱ་དང་ཿ པདྨ་འཁོར་བ་རུ་ན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཙནྡན་བཀོད་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་ཙནྡན་ན་དྲི་ཞེས་བྱ་བ་དང་ཿ པདྨ་རོལ་པ་རྣམ་དག་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སེང་གེ་འབྱུང་གནས་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་སེང་གེ་འབུམ་གཟུགས་ཞེས་བྱ་དང་ཿ པདྨ་ཐ་མུ་ཏི་ཏོ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས་འདི་ནཿ སངས་རྒྱས་ཐུབ་པ་ཆེན་པོ་ཞེས་བྱ་དང་ཿ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སངས་རྒྱས་སྔ་མ་རྣམས་ཀྱིས་བཤད་པ་ཡིཿ པད་འབྱུང་སྐྱེས་རབས་རྣམ་ཐར་རྒྱས་པ་


PKT001_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡བ༽འདིཿ བདེ་བར་གཤེགས་པས་སྦྱིན་པའི་གནས་སུ་གསུངསཿ ཕྱི་ནང་ཁྱད་པར་བསྟན་གཉིས་དེ་བཞིན་ནོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་བསཿ འཇིག་རྟེན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་པའི་ལེའུ་སྟེ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱ


previousའཇིག་རྟེན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་པའི་ལེའུ། next