རིགས་ལྔའི་སྐྱེ་རྒྱུད་དང་རྣམ་པར་སྣང་བྱེད་ཀྱི་བུ་ལྔ་ལ་དབང་བསྐུར་བའི་ལེའུ།
དེ་ནས་གསང་སྔགས་བསྟན་པ་བསྐྱངས་ཚུལ་ནིཿ དེ་ལྟར་ཀུན་ཏུ་སྦྱོར་བ་རབ་བཏང་བསཿ སྲིད་པའི་མཚོ་ལས་འགྲོ་བ་མ་ལུས་སྒྲོལཿ ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པཿ བླ་མ་རྡོ་རྗེ་འཆང་དུ་སྐུ་བཞེངས་ནསཿ སྔོན་ཚེ་བསྐལ་པ་གྲངས་མེད་འདས་པ་ནཿ གྲངས་མེད་པ་ནས་གྲངས་མེད་བརྗོད་ལས་འདསཿ མང་པོ་བསམ་གྱིས་མི་ཁྱབ་འདས་པ་ནཿ བསྐལ་པ་མངོན་པར་དགའ་བ་ཞེས་བྱ་ལཿ སངས་རྒྱས་སུམ་ཁྲི་སུམ་སྟོང་བྱུང་བའི་དུསཿ སངས་རྒྱས་ཀུན་ཏུ་བཟང་པོའི་བསྟན་པ་ལཿ ཞིང་ཁམས་རྒྱན་ནི་བཀྲམ་པ་ཞེས་བྱ་བརཿ ཡབ་ནི་རྒྱལ་རིགས་སྤྱོད་པ་རུ་ཎ་དང་ཿ ཡུམ་ནི་རིགས་སྤྱོད་མ་ཞེས་སྙིང་རྗེར་ལྡནཿ ཁྱེའུ་མིང་ནི་བདེ་སྐྱོབ་ཅེས་བྱ་བསཿ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ལཿ སེམས་བསྐྱེད་ཞུས་པའི་མཚན་ནི་མཛེས་པའི་ཏོགཿ སྐྱེ་བ་བརྒྱུད་ནས་འཁོར་ལོ་སྒྱུར་བའི་རྒྱལཿ རྣམ་པར་སྣང་བྱེད་བུ་ལྔར་སྐྱེས་པ་ནིཿ དམངས་
༼༡༢ན༽ཀྱི་མཆོད་འོས་གདུང་བརྒྱུད་འཛིན་ཞེས་བྱཿ རྡོ་རྗེ་འཆང་ལ་དབང་བསྐུར་ཞུས་པའི་མཚནཿ དམ་པ་མཐོང་བའི་སེམས་དཔའ་རྡོ་རྗེར་གསོལཿ སངས་རྒྱས་མཚན་ནི་མི་འཁྲུགས་ཞེས་བྱའོཿ ཿཡབ་ནི་དམངས་རིགས་དུ་མ་རྒྱས་པ་དང་ཿ ཡུམ་ནི་དམངས་རིགས་དུ་མ་རྒྱས་མའི་བུཿ ཁྱེའུའི་མིང་ནི་ཏྲ་མི་ཏ་ཞེས་བྱཿ སེམས་བསྐྱེད་ཞུས་པའི་མཚན་ནི་མི་ཁྱབ་དཔལཿ སྐྱེ་བ་བརྒྱུད་མཚན་རི་ཧ་ཟུར་ཞེས་པཿ དབང་བསྐུར་མཚན་ནི་རྡོ་རྗེ་ཆོས་ཞེས་གྲགསཿ སངས་རྒྱས་མཚན་ནི་སྣང་བ་མཐའ་ཡས་སོཿ ཡབ་ནི་བྲམ་ཟེའི་རིགས་ཏེ་ཨ་ར་ཛེཿ ཡུམ་ནི་གུ་བྷི་མ་ཞེས་བྱ་བའི་བུཿ ཁྱེའུའི་མིང་ནི་ལས་འབྱིན་ཞེས་བྱ་བཿ སེམས་བསྐྱེད་ཞུས་པའི་མཚན་ནི་ཟླ་མཛེས་དཔལཿ སྐྱེ་བ་བརྒྱུད་པའི་མཚན་ནི་ལུས་འབྲེལ་ཞེསཿ དབང་བསྐུར་གསང་བའི་མཚན་ནི་རྡོ་རྗེ་དབྱིངསཿ སངས་རྒྱས་མཚན་ནི་རྣམ་པར་སྣང་མཛད་དོཿ ཡབ་ནི་གདོལ་པའི་རིགས་ཏེ་གུ་པ་ཏཿ ཡུམ་ནི་གདོལ་མོས་མ་ཏཱི་ཞེས་པཿ ཁྱེའུའི་མིང་ནི་ཏམྦུ་ར་ཞེས་བྱཿ སེམས་བསྐྱེད་ཞུས་པའི་མཚན་ནི་ཀུན་ལས་འགྲིགསཿ སྐྱེ་བ་བརྒྱུད་པའི་མཚན་ནི་བྱེད་སྟོང་འཛོམསཿ དབང་བསྐུར་མཚན་ནི་ལས་ཀྱི་རྡོ་རྗེ་སྟེཿ སངས་རྒྱས་མཚན་ནི་དོན་ཡོད་གྲུབ་པའོཿ ཡབ་ནི་རྗེའུ་རིགས་
༼༡༢བ༽ཡིན་ཏེ་ཀུན་ནས་དདཿ ཡུམ་ནི་རྗེའུ་རིགས་མཚན་ལྡན་ཨ་ལམ་མཿ ཁྱེའུའི་མིང་ནི་དཔལ་འབྱིན་ཞེས་བྱ་བཿ སེམས་བསྐྱེད་ཞུས་པའི་མཚན་ནི་ནོར་འབྱིན་ཏེཿ སྐྱེ་བ་བརྒྱུད་པའི་མཚན་ནི་ནོར་ལེགས་ཞེསཿ དབང་བསྐུར་མཚན་ནི་རྡོ་རྗེ་རིན་ཆེན་ཏེཿ སངས་རྒྱས་མཚན་ནི་རིན་ཆེན་འབྱུང་གནས་སོཿ ཐབས་གནད་ཆོས་ཟབ་མང་དུ་བསྟན་པ་ཡིསཿ གསང་སྔགས་བླ་མེད་སུ་དག་སྒོམ་བྱེད་པཿ དེས་ན་བླ་མའི་རྣམ་ཐར་མཆོག་ཏུ་གསུངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བླ་མ་རྡོ་རྗེ་འཆང་དུ་སྐུ་བཞེངས་ནས་རིགས་ལྔའི་སྐྱེ་བརྒྱུད་དང་རྣམ་པར་སྣང་བྱེད་ཀྱི་བུ་ལྔ་ལ་དབང་བསྐུར་བའི་ལེའུ་སྟེ་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ