Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
ནུས་ལྡན་རྡོ་རྗེས་སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ལུང་བསྟན་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousནུས་ལྡན་རྡོ་རྗེས་སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ལུང་བསྟན་པའི་ལེའུ། next

ནུས་ལྡན་རྡོ་རྗེས་སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ལུང་བསྟན་པའི་ལེའུ།


PKT001_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྤྲུལ་སྐུའི་བསྟན་པ་གངས་ཆེན་མཚོཿ སངས་རྒྱས་སྟོང་རྩར་དབང་བཅུ་བསྐུར་ཚུལ་ནིཿ འཇིག་རྟེན་ཞིང་ཁམས་རྣམ་པར་བརྒྱན་པ་ཞེསཿ རབ་ཏུ་དགའ་བ་མཛེས་པའི་གླིང་བཞི་པཿ འབྱོར་པ་ལེགས་པ་ཡངས་ཤིང་ཐ་གྲུ་ཆེཿ གླིང་བཞི་རེ་རེ་ལ་ཡང་དཔག་ཚད་ནིཿ བརྒྱད་ཁྲི་བཞི་སྟོང་ཡོད་པའི་ཞིང་ཁམས་ནཿ དེ་དབུས་བསོད་ནམས་ཕུང་པའི་ཕོ་བྲང་ནིཿ རྣམ་པར་དག་པ་ཅན་ཞེས་བྱ་བ་ཡོདཿ ཡངས་ཤིང་རྒྱ་ཆེ་སྐྱེད་མོས་ཚལ་ཁྲིས་བརྒྱནཿ དེ་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་ནིཿ ཡུལ་འཁོར་སྲུང་ཞེས་བྱ་བ་བདེ་བར་བཞུགསཿ རྒྱལ་སྲིད་རིན་ཆེན་སྣ་བདུན་དག་དང་ལྡནཿ གླིང་བཞིར་དབང་སྒྱུར་བཙུན་མོ་བདུན་འབུམ་ཡོདཿ བཙུན་མོ་རྣམས་ལ་བུ་ནི་སྟོང་ཚོ་གཅིགཿ མཚན་ནི་བཟང་པོ་སུམ་ཅུ་གཉིས་ཀྱིས་བརྒྱནཿ དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཿ ཟླ་བ་ཉ་ཚེ་མེ་ཏོག་སྣ་ཚོགས་ཀྱིསཿ གང་བའི་སྐྱེད་མོས་ཚལ་གྱི་སར་སོང་ནསཿ རབ་ཏུ་རྩེ་ཞིང་དགའ་མགུར་སྤྱོད་པར་གྱུརཿ བཙུན་མོའི་དམ་པ་མ་སྨད་མ་ཞེས་དང་ཿ བཙུན་མོ་དཔེ་མེད་མ་ཞེས་བྱ་བ་གཉིསཿ རྫིང་བུ་དགའ་བ་ཞེས་བྱར་ཁྲུས་བྱས་ཏེཿ ལུས་ལ་སྤོས་ཆུས་བགོས་ནས་སེང་གེའི་ཁྲིཿ པདྨའི་འབྱུང་གནས་བཟང་པོ་ལ་འདུག་སྟེཿ དེ་དག་གཉིས་ཀྱི་པང་དུ་རྒྱལ་བུ་ནིཿ གཞོན་ནུ་གཟུགས་བཟང་མཛེས་པ་ལྟ་ན་སྡུགཿ ཁ་དོག་བཟང་པོ་རྒྱས་པ་ཆོག་མི་ཤེསཿ


PKT001_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥ན༽གཉིས་ནི་སྐྱིལ་མོ་ཀྲུང་བཅས་བརྫུས་ཏེ་ཕྱུང་ཿ དེ་ནས་སྐད་ཅིག་སྟེང་གི་བར་སྣང་ལསཿ ཁྱེའུ་འདི་ཉིད་ཆོས་ཀྱི་སེམས་དཔའ་འོཿ དཔེ་མེད་མ་བུ་ཆོས་ཀྱི་བློ་གྲོས་སོཿ ཞེས་པ་ལྷ་རྣམས་དུས་གཅིག་སྒྲ་འབྱིན་ཏོཿ དེ་ནས་ཁྱེའུ་གཉིས་ཀྱིས་ཚིགས་བཅད་པཿ གང་དག་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང་ཿ འཇིག་རྟེན་མགོན་པོ་ཡུལ་དུ་བྱུང་བ་ལཿ རབ་ཏུ་དད་པའི་སེམས་ཀྱིས་ཕྱག་འཚལ་བཿ དེ་དག་རྙེད་པ་རབ་རྙེད་གྲོས་པོ་དགཿ དགེ་བའི་རྩ་བ་བསྐྱེད་ནས་འཛམ་གླིང་བདེཿ སེམས་ཅན་ཀུན་ལ་ཕན་བྱེད་ཚན་པོ་ཆེཿ མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པཿ མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེདཿ ཅེས་པ་ལ་སོགས་ཚིག་བཅད་མང་གསུངས་ནསཿ དེ་ནས་མ་ཡི་པང་ནས་བབས་ནས་སུཿ རྒྱལ་པོ་ཡུལ་འཁོར་སྲུང་གི་དྲུང་སོང་སྟེཿ རྐང་པར་ཕྱག་བྱས་ཐལ་མོ་སྦྱར་ནས་འདུགཿ ཡབ་གཅིག་བདག་གི་མཆིང་འདི་གསན་དུ་གསོལཿ བསྐལ་པ་བྱེ་བར་ཆོས་རྙེད་རབ་ཏུ་དཀའཿ དེ་རྙེད་ནས་ནི་བྱང་ཆུབ་མ་ཐོབ་པརཿ མཁས་པ་དག་ནི་གཞར་ཡང་མི་གཏོང་ངོ་ཿ བདུད་རྩི་ཞི་བ་འདུས་མ་བྱས་པ་ཡིཿ ཆོས་དེ་དང་ནི་གང་ཡང་མཚུངས་པ་མེདཿ སེམས་ཅན་ཐམས་ཅད་རབ་ཏུ་དགའ་བར་འགྱུརཿ དེ་བས་དམ་ཆོས་རིན་ཆེན་མཆོག་ཏུ་གསུངསཿ ཞེས་


PKT001_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥བ༽པ་ལ་སོགས་ཚིགས་བཅད་མང་དུ་གསུངསཿ དེ་ནས་ཆོས་ཀྱི་རྒྱལ་པོ་ཡུལ་འཁོར་སྲུང་ཿ དབེན་པར་སོང་སྟེ་གསང་སྔགས་རྣལ་འབྱོར་པཿ ནུས་ལྡན་རྡོ་རྗེ་ཞེས་བྱའི་བླ་མའི་དྲུང་ཿ རྒྱལ་པོས་ཐལ་མོ་སྦྱར་བྱས་འདུག་ནས་སུཿ ཆོས་ཀྱི་ཤུགས་ཀྱིས་མིག་ནས་མཆི་མ་ཕྱུང་ཿ སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་པཿ བཙུན་མོའི་ཕག་ན་ལྷ་ཕྲུག་བརྫུས་སྐྱེས་པའིཿ འཇིགས་པ་ཐམས་ཅད་བདག་ལ་མེད་པར་གྱིསཿ ཚིགས་སུ་བཅད་པ་དེ་དག་གསོལ་པ་དང་ཿ ནུས་ལྡན་རྡོ་རྗེས་རྒྱལ་པོའི་སྙན་གསོལ་པཿ ཆོས་བསྟན་རྣམ་པ་སྣ་ཚོགས་རྒྱ་ཆེ་བཿ ཇི་ལྟར་སངས་རྒྱས་སྟོང་སྐུ་མང་པོ་ཡིཿ རྟགས་དང་མཚན་མ་ཤིན་ཏུ་བཀྲ་ཤིས་པཿ རིན་ཆེན་བུམ་པར་ཁྱེའུའི་མིང་བཅུག་སྟེཿ དཀྱིལ་འཁོར་དབུས་བཞུགས་བསྒྲུབས་པས་ཐམས་ཅད་འགྲུབཿ ཅེས་གསུངས་དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་ཿ བཀོད་པ་ཆེན་པོའི་ཁང་པ་བརྩེགས་པའི་དབུསཿ སེང་ཁྲི་པདྨའི་འབྱུང་གནས་བཟང་པོར་འདུགཿ ནང་དུ་ཡང་དག་འཇོག་ཅིང་འདི་ལྟར་བསམཿ བདག་གི་གཞོན་ནུ་འདི་དག་ཐམས་ཅད་ནིཿ བླ་མེད་ཡང་དག་ཞུགས་པ་ཤ་སྟག་སྟེཿ གཞོན་ནུ་འདི་དག་ཐམས་ཅད་ནང་ནས་ནིཿ ཐོག་མར་སངས་རྒྱས་གང་འགྲོ་བ་རྟག་གོ་སྙམཿ རིན་ཆེན་སྣ་བདུན་བུམ་པ་བྱེད་དུ་


PKT001_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦ན༽བཅུགཿ བྱི་དོར་ལེགས་པར་བྱས་ཤིང་འོ་མ་དང་ཿ རཏྣ་འབྲུ་དང་མེ་ཏོག་དྲི་བཟང་བླུགཿ གཞོན་ནུ་དེ་དག་མིང་བྲིས་བུམ་པར་བཅུགཿ ཁ་རྒྱན་མགུལ་ཆིངས་རིན་ཆེན་སྣ་ཚོགས་དང་ཿ པདྨ་སྣ་ཚོགས་ཡིད་བཞིན་ནོར་བུས་བརྒྱནཿ བལྟ་ན་སྡུག་བྱས་པདྨའི་སྟེང་དུ་བཞགཿ བཀའ་རྣམས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནསཿ ནུས་ལྡན་རྡོ་རྗེས་ཞག་བདུན་བར་དུ་བསྒྲུབསཿ ལྷ་ཡི་མེ་ཏོག་སྤོས་དང་ཕྱེ་མ་དང་ཿ བདུག་པ་དང་ནི་བྱུག་པའི་རིགས་རྣམས་དང་ཿ རོལ་མོ་སིལ་སྙན་རྣམས་ཀྱིས་ཞག་བདུན་མཆོདཿ རྒྱལ་པོ་བཙུན་མོ་བུ་སྟོང་འཁོར་དང་བཅསཿ རྫུས་སྐྱེས་གཉིས་ཀྱི་མདུན་དུ་བུམ་པ་བཞགཿ དེ་ནས་ནུས་ལྡན་རྡོ་རྗེས་དབང་བསྐུར་བཿ སྤྱི་དབང་ཉེར་ལྔ་བྱེ་བྲག་དབང་བཅུ་དང་ཿ སྒོས་དབང་དབང་གི་ཆུ་བོ་བཞི་ཕབ་བསྐུརཿ ལུང་བསྟན་བུམ་པའི་ནང་ནས་མིང་ཕྱུང་སྟེཿ ཐོག་མར་གཞོན་ནུ་རྣམ་དག་བློ་གྲོས་བྱུང་ཿ མིང་དེ་བྱུང་མ་ཐག་ཏུ་ས་ཆེན་གཡོསཿ བཙུན་མོའི་འཁོར་གྱི་ལག་གི་སིལ་སྙན་དང་ཿ རོལ་མོ་ཐམས་ཅད་མ་དཀྲོལ་སྒྲ་འབྱིན་གྱུརཿ དེ་ནས་ནུས་ལྡན་ཐོག་མར་མིད་བྱུང་བའིཿ གཞོན་ནུ་རྣམ་དག་བློ་གྲོས་བྱ་བ་དེཿ སངས་རྒྱས་འཁོར་བ་འཇིག་ཏུ་ལུང་བསྟན་གྱུརཿ


PKT001_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦བ༽དེ་འོག་གཞོན་ནུ་རྣམ་དག་རྒྱལ་ཞེས་བྱུང་ཿ དེ་ནི་སངས་རྒྱས་གསེར་ཐུབ་ལུང་ཡང་བསྟནཿ དེ་འོག་དབང་པོ་ཞི་བ་ཞེས་བྱ་བྱུང་ཿ སངས་རྒྱས་འོད་སྲུངས་ཞེས་བྱར་ལུང་ནི་བསྟནཿ དེ་འོག་གཞོན་ནུ་དོན་ནི་གྲུབ་པ་བྱུང་ཿ སངས་རྒྱས་ཤཱཀྱ་ཐུབ་པར་ལུང་ཡང་བསྟནཿ དེ་འོག་གཞོན་ནུ་སྐ་རགས་ཅན་ཞེས་བྱུང་ཿ དེ་ནི་བྱམས་པ་ཞེས་བྱར་ལུང་ཡང་བསྟནཿ དེ་འོག་གཞོན་ནུ་མཆོག་གི་བློ་གྲོས་བྱུང་ཿ དེ་ནི་སངས་རྒྱས་སེང་གེར་ལུང་ཡང་བསྟནཿ དེ་ནས་ཐ་ཆུང་བློ་མཐའ་ཡས་མིང་བྱུང་ཿ དེ་ནི་མོས་པ་ཞེས་བྱར་ལུང་ཡང་བསྟནཿ དེར་ནི་སྣག་གི་གཉན་མཚམས་སྤུན་ན་རེཿ བདག་ཅག་རྣམས་ཀྱིས་སེམས་ཅན་ཡོངས་སྨིན་བྱསཿ དེ་ཡི་འོག་ཏུ་ཁྱོད་ཀྱིས་ཅི་བྱར་ཡོདཿ ཅེས་བརྗོད་བློ་མཐའ་ཡས་ཀྱིས་ལན་སྨྲས་པཿ སངས་རྒྱས་རྣམས་ནི་ནམ་མཁའ་མཚུངས་ཤིང་འདྲཿ བདག་ཡིད་སེམས་ཅན་ཟད་པ་མེད་སྙམ་བགྱིདཿ ཚུལ་ཁྲིམས་དག་པས་སྨོན་ལམ་འདི་དག་འགྱུརཿ བདག་གི་སྨོན་ལམ་ཅི་འདྲ་འདིར་གསོལ་ཅིགཿ ཁྱོད་ཀྱི་ཚེ་ཚད་ཅི་ཙམ་བདག་ལ་བསྡོམསཿ ཆོས་ཀྱི་རྒྱལ་པོ་ཇི་སྙེད་ཀུན་བསྡོམས་པཿ ཐམས་ཅད་བསྡོམས་པ་དེ་དག་བདག་ཆེར་གྱུརཿ ཅེས་པ་སྨྲས་མ་ཐག་ཏུ་ལྷ་རྣམས་ཀྱིསཿ ཁྱོད་ཀྱི་བསམ་པ་རྫོགས་པར་གྱུར་


PKT001_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧ན༽ཅིག་བརྗོདཿ སངས་རྒྱས་སྟོང་དུ་གཅིག་གིས་མ་ཚད་པཿ དེ་བཞིན་གཤེགས་པ་མོས་པས་བྱེད་པར་འགྱུརཿ དེ་ནས་རྫུས་སྐྱེས་གཉིས་ཀྱི་མིང་མ་བྱུང་ཿ ཁོང་རང་གཉིས་ལ་ཇི་ལྟར་ཡིན་ཞེས་དྲིསཿ གཞོན་ནུ་ཆོས་ཀྱི་སེམས་དཔའི་ཞལ་ན་རེཿ ཕུ་བོ་སྟོང་གི་བར་ཆད་བསྲུང་བ་ཡིཿ སྡུད་པ་པོ་ནི་ལག་ན་རྡོ་རྗེ་ཡིནཿ གཞོན་ནུ་ཆོས་ཀྱི་བློ་གྲོས་ཞལ་ན་རེཿ ཕུ་བོ་སྟོང་གི་ཞུ་བ་པོ་བྱེད་པཿ ཚངས་པའི་དབང་པོ་ཡིད་བཞིན་དེ་ཡིན་ནོཿ དེ་ནས་གཞོན་ནུ་སྟོང་པོ་དེ་དག་གིསཿ ཆོས་ཀྱི་སེམས་དཔའ་ཆོས་ཀྱི་བློ་གྲོས་ལཿ རིགས་ཀྱི་བུ་གཉིས་སྨོན་ལམ་ཇི་ལྟར་བཏབཿ དེ་ལན་ཆོས་ཀྱི་སེམས་དཔས་སྨྲས་པ་ནིཿ བདག་གིས་ཁྱོད་རྣམས་བར་ཆད་བསྲུང་བ་དང་ཿ ཕྱི་ནང་སངས་རྒྱས་ཆོས་རྣམས་ཉན་པ་དང་ཿ ལག་ན་རྡོ་རྗེར་སྟོན་པར་སྨོན་ལམ་བཏབཿ དེ་ནས་ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པཿ བདག་གིས་ཁྱོད་རྣམས་བྱང་ཆུབ་ཐོབ་པའི་ཚེཿ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་སྟེཿ ཆོས་བསྐུལ་ཆོས་ཉན་བྱེད་པར་སྨོན་ལམ་བཏབཿ ཅེས་སྨྲས་སོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྣལ་འབྱོར་པ་ནུས་ལྡན་རྡོ་རྗེས་སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ལུང་བསྟན་པའི་ལེའུ་སྟེ་བདུན་པའོཿ ཿཐ་ཐ་ཉ་རྒྱ་རྒྱཿ ཿ


previousནུས་ལྡན་རྡོ་རྗེས་སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ལུང་བསྟན་པའི་ལེའུ། next