Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
གཙུག་ཕུད་རིས་བཟང་གི་སྲས་སུ་འཁྲུངས་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousགཙུག་ཕུད་རིས་བཟང་གི་སྲས་སུ་འཁྲུངས་པའི་ལེའུ། next

གཙུག་ཕུད་རིས་བཟང་གི་སྲས་སུ་འཁྲུངས་པའི་ལེའུ།


PKT001_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཀུན་མཁྱེན་ཀུན་གཟིགས་ཀུན་ཏུ་འཆང་ཿ དད་པ་ཅན་གྱི་ལྷ་གནས་ཕོ་མོ་རྣམསཿ གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་བསྟནཿ བྲམ་ཟེའི་ཁྱིའུ་བླ་མ་ཚེ་འཕོས་པཿ ལྷའི་བུ་དམ་པ་ཏོག་དཀར་ཞེས་བྱ་ལཿ དབང་གི་ཆུ་བོ་ཆེན་པོ་བཞི་ཕབ་སྟེཿ ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་དབང་ཿ ཕྱི་ཡི་ཆས་བརྒྱད་སྤྲུལ་པའི་སྐུ་རུ་བསྐུརཿ ཆོས་བཀའ་གཏད་པ་པོ་ཏི་གླེགས་བམ་དབང་ཿ ནང་གི་ཆས་བརྒྱད་ལོངས་སྤྱོད་རྫོགས་སྐུར་བསྐུརཿ རིག་པའི་རྩལ་དབང་ཡི་དམ་ལྷ་ཡི་དབང་ཿ གསང་བའི་ཆས་བརྒྱད་ཆོས་ཀྱི་སྐུ་རུ་བསྐུརཿ ཡོངས་རྫོགས་ཕྱག་རྒྱ་ཆེན་པོ་མཆོག་གི་དབང་ཿ དབང་གི་ཆས་བཅུ་མི་འགྱུར་རྡོ་རྗེར་བསྐུརཿ སྐུ་ལྔའི་བདག་ཉིད་བླ་མེད་རྡོ་རྗེ་འཆང་ཿ ཡུམ་འཁྲིལ་ལྟ་བ་སྤྱི་འབྱམ་མངོན་བྱང་བསྐུརཿ དེ་ལྟར་སྒོས་དབང་རྫོགས་པར་བསྐུར་བྱས་ནསཿ དེ་ནས་སྤྱི་དབང་བཅུ་པོ་བསྐུར་བ་ནིཿ བདུད་རྩི་ཐོབ་ཕྱིར་ཚེ་ལ་དབང་བར་བསྐུརཿ སེམས་ཤེས་ཕྱིར་ན་སེམས་ལ་དབང་བར་བསྐུརཿ ནམ་མཁའ་མཛོད་ཕྱིར་ཡོ་བྱད་བརྙེས་དབང་བསྐུརཿ བག་ཆགས་དང་བཅས་ལས་ཀྱི་ལམ་བཅད་ཕྱིརཿ


PKT001_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༡བ༽ལས་ལམ་བཅད་པ་ཏིང་ངེ་འཛིན་དབང་བསྐུརཿ བསམ་གཏན་བསྐྱེད་ཕྱིར་སྐྱེ་བའི་དབང་ནི་བསྐུརཿ ལྷུན་གྲུབ་འཇུག་པ་ཐོབ་ཕྱིར་རྫུ་འཕྲུལ་བསྐུརཿ ཟད་པར་སྐྱེ་མཆེད་ཐོབ་ཕྱིར་མོས་པ་བསྐུརཿ བསམ་པ་དོན་ཐོབ་བྱ་ཕྱིར་སྨོན་ལམ་བསྐུརཿ ལུས་ངག་ཡིད་ཀྱི་ལས་ཐོབ་ཡེ་ཤེས་བསྐུརཿ ཆོས་དབྱིངས་ཡང་དག་མཐའ་མཉམ་དྲི་མེད་ཕྱིརཿ ཆོས་ལ་དབང་བའི་དབང་དང་བཅུ་བསྐུར་རོཿ ཁྱད་པར་དབང་ནི་ཉི་ཤུ་རྩ་ལྔ་བསྐུརཿ སྐུ་ཡི་དབང་ལྔ་སྤྱི་བོའི་གཙུག་ཏུ་བསྐུརཿ གསུང་གི་དབང་ལྔ་མགྲིན་པའི་གནས་སུ་བསྐུརཿ ཐུགས་ཀྱི་དབང་ལྔ་སྙིང་གའི་གནས་སུ་བསྐུརཿ ཡོན་ཏན་དབང་ལྔ་ལྟེ་བའི་གནས་སུ་བསྐུརཿ འཕྲིན་ལས་དབང་ལྔ་ཡན་ལག་ཀུན་ལ་བསྐུརཿ ལྷ་བརྒྱ་སྟོང་གིས་བསྟོད་ཅིང་བསྐུར་ཏེ་བསྔགསཿ སིལ་སྙན་སྒྲ་དང་གླུ་དབྱངས་སྒྲ་ཡིས་བསྐུལཿ དེ་ནས་ཏོག་དཀར་མི་ཡུལ་བྱོན་པ་ལསཿ ལྷ་འཁོར་རྣམས་ལ་བྱམས་པས་ཆོས་སྟོན་འགྱུརཿ དེ་ཕྱིར་ཏོག་དཀར་རང་གི་མགོ་ནས་ནིཿ ཐོད་དང་ཅོད་པན་བྱམས་པའི་མགོ་ལ་བཞགཿ ཁྱེད་ནི་ང་ཡི་འོག་ཏུ་སངས་རྒྱས་འགྱུརཿ ཞེས་པའི་ལུང་བསྟན་དབང་བསྐུར་གཟེངས་བསྟོད་ནསཿ སེར་སྐྱའི་རྒྱལ་པོ་ཟས་གཙང་སྲས་ལ་གཤེགསཿ དེ་ནས་བླ་མེད་སྟོན་པ་ཀུན་ཏུ་འཆང་ཿ མི་ཡུལ་ཡོ་ག་གསུམ་གྱིས་འདུལ་བར་གཟིགསཿ འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་དེཿ


PKT001_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༢ན༽ལྷའི་བུ་ཡེ་ཤེས་ཏོག་གི་རྒྱལ་མཚན་ཞེསཿ དབང་གི་ཆུ་བོ་ཆེན་པོ་བཞི་ཕབ་ནསཿ ལྷ་མང་དབུས་ཀྱི་ཁྱུ་མཆོག་མངའ་གསོལ་ཏེཿ རྒྱལ་པོ་གཙུག་ཕུད་རིས་བཟང་སྲས་ལ་གཤེགསཿ དེ་ཡི་གཤེགས་ཡུལ་ནུབ་ཕྱོགས་ཨུ་རྒྱན་ཡུལཿ ཡུལ་གླིང་ཉི་ཤུ་རྩ་གཅིག་ཡོད་པའི་དབུསཿ ཨུ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་བྱང་ཿ ཧེ་རུ་ཀ་ཡི་གཙུག་ལག་ཁང་ཞེས་པཿ རྒྱུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་ཅིང་ཿ དབྱིབས་ནི་ཟླུམ་པོ་མདོག་ནི་མཐིང་ཁ་སྟེཿ ལྷ་ཁང་ཚད་ནི་ཚངས་པའི་འདོམ་གང་པཿ ཕྱོགས་བཞི་དག་ལ་སྒོ་ནི་བཅུ་དྲུག་པཿ འབྱེད་གཅོད་ཐམས་ཅད་དུས་གཅིག་བྱེད་པ་ཡོདཿ མཁའ་འགྲོས་བདག་བྱེད་རང་བྱུང་གཙུག་ལག་ཁང་ཿ ཨུ་ཏ་ལ་ཡེ་གཙུག་ལག་ཁང་ཡང་ཟེརཿ ལུང་བསྟན་གྱི་ནི་ལྷ་ཁང་ཞེས་ཀྱང་ཟེརཿ གྷནྡྷོ་ལ་ཡི་གཙུག་ལག་ཁང་ཡང་ཟེརཿ དེ་ཡི་བདག་པོ་འདོད་པ་བཞིན་བྱེད་པཿ རྒྱལ་པོ་གཙུག་ཕུད་རིས་བཟང་ཞེས་བྱ་སྟེཿ བཙུན་མོ་མཆོད་འོས་མ་ཞེས་བྱ་བ་ལཿ རྒྱལ་བུ་མཚེ་མ་གཉིས་ནི་དུས་གཅིག་སྐྱེསཿ རྒྱལ་བུ་གཉིས་ཀར་དུས་གཅིག་ཁབ་བཞེས་ནསཿ སྲས་གང་སྔ་དེ་རྒྱལ་སར་འདོན་ནོ་གསུང་ཿ བག་མ་གཉིས་ནི་ཉིན་གཅིག་དུས་གཅིག་བླངསཿ རྒྱལ་པོ་གཙུག་ཕུད་རིས་བཟང་ཞལ་ན་རེཿ རྒྱལ་བུ་དུས་གཅིག་སྐྱེ་ཉེན་ཡོད་པས་ནཿ སྐད་ནི་གང་སྔ་ཞིག་གིས་བྱེད་པ་


PKT001_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༢བ༽ཡིནཿ ངའི་ཁྲིའི་གཡས་གཡོན་ཉོལ་ཅིག་གསུངས་ནས་བསྙལཿ ཐོར་ཚུགས་ཅན་གྱི་བཙུན་མོ་གུ་ན་མཿ གཉིད་ལོག་པ་ཡི་རྨི་ལམ་ཟ་ཟིནཿ ལུས་ནས་མི་ཆེན་དཀར་པོ་ཞིག་འཐོན་ནསཿ རྩི་ཤིང་དགས་ཚལ་ཐམས་ཅད་བཅད་པའི་ཤུལཿ ས་དཀར་བྱུགས་ཏེ་རྣམ་པར་དཀར་བར་རྨིསཿ གཅིག་ལ་མོ་ཡི་ལུས་ནས་མི་ནག་འཐོནཿ མགོ་བོ་ཉི་ཟླའི་གསེབ་ཏུ་འཆངས་བ་རྨིསཿ རྒྱལ་པོ་ཉིད་ལ་ཐུགས་ནས་འོད་ཟེར་ནིཿ ཁ་དོག་ལྔ་སོང་ཉི་ཟླའི་གསེབ་སོང་རྨིསཿ ནང་པར་རྨི་ལྟས་ང་བཟང་ང་བཟང་ཟེརཿ རྨིས་ལྟས་མཁན་པོ་བོས་ནས་དྲིས་པ་ཡིསཿ མི་དཀར་དེ་ནི་འགྲོ་བའི་དོན་བྱེད་པའིཿ རྒྱལ་བུ་སྤྲུལ་པའི་སྐུ་ཞིག་སྐྱེ་བའི་རྟགསཿ རྩི་ཤིང་བཅད་པ་གདུག་པ་འདུལ་བ་ཡིནཿ ས་དཀར་བསྟན་པ་རྒྱས་པའི་རྟགས་ཡིན་ནོཿ གཅིག་གི་ལུས་ནས་མི་ནག་ཆེན་པོ་དེཿ རྒྱལ་ས་འཛིན་རྟགས་སྲས་འོང་ལུང་བསྟན་ནོཿ ལོ་དེའི་དཔྱིད་ཟླ་ར་བའི་རྒྱལ་གྱི་ཉིནཿ བུ་རེ་སྐྱེས་ཏེ་སྐད་ཀྱང་མཉམ་པོར་བཏོནཿ ལྟས་བཟང་བྱུང་བས་ཐོར་ཅོག་ཅན་ན་རེཿ དེ་མ་ཐག་ཏུ་ངའི་བུའི་ལྟས་ཡིན་ཟེརཿ རབ་རྩལ་ན་རེ་ངའི་བུའི་ལྟས་ཡིན་ཟེརཿ རྒྱལ་པོའི་རྒྱལ་ས་ང་ཡི་བུས་ཐོབ་ཟེརཿ དེ་ནས་རྒྱལ་པོས་རྒྱལ་སྲིད་མི་དམངས་བསྡུསཿ རྒྱལ་བུ་གཉིས་ལ་བཙལ་སྟོན་ཆེན་པོ་བྱསཿ བྲམ་ཟེ་མཚན་མཁན་བུ་ཡི་མཚན་བརྟགས་ནསཿ རབ་རྩལ་བུ་ལ་


PKT001_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༣ན༽ཐོར་ཅོག་ཅན་དུ་བཏགསཿ ཐོར་ཚུགས་བུ་ལ་ཤཱནྟ་རཀྵིར་བཏགསཿ བློན་རྣམས་རྒྱལ་པོ་གང་བྱེད་གྲོས་དྲིས་པསཿ བཞིན་བཟང་བཀྱེལ་ཆེ་ཞིག་གིས་རྒྱལ་པོ་གྱིསཿ ཟེར་བས་ཐོར་ཅོག་ཅན་ནི་རྒྱལ་སར་བཏོནཿ ཤཱནྟ་རཀྵི་ཐང་མཚམས་འཛིན་དུ་བཅུགཿ དེ་ནས་ཤཱནྟས་རྒྱལ་སྲིད་མ་ཐོབ་པརཿ གང་ལའང་ཁོ་དང་གཉིས་མཉམ་པ་ལཿ ཁོ་ཡིས་རྒྱལ་པོ་ང་ཉིད་དམངས་བྱེད་པཿ འདི་འདྲ་མི་འོང་མི་འོས་སྙམ་ནས་སུཿ རྒྱལ་སྲིད་དག་ལ་ཅི་གནོད་བྱས་པ་ཡིསཿ ཆད་པ་བྱུང་ནས་མཐའ་ལ་སྐྱུགས་པར་གྱུརཿ དེ་ནས་རྒྱ་གར་རྡོ་རྗེ་གདན་གྱི་ནུབཿ དུར་ཁྲོད་ཆེན་པོ་སོ་ས་གླིང་བྱ་བཿ མཐའ་སྐོར་དུ་ནི་དཔག་ཚད་གཅིག་ཡོད་པཿ དེ་ཉིད་དབུས་ན་རང་བྱུང་མཆོད་རྟེན་ནིཿ རྒྱ་ཆེ་གཏིང་རིང་འཁོར་ལོ་གདུགས་དང་བཅསཿ རྒྱུ་ནི་རིན་ཆེན་དངུལ་ལས་བྱས་པ་ཡིཿ དྲིལ་བུ་གཡེར་ཁའི་དྲ་བ་དྲ་ཕྱེད་སྤྲསཿ ཉི་མ་དང་ནི་ཟླ་བས་བརྒྱན་པ་ལཿ དེ་ལོག་ཀེ་རེའི་མ་བརྒྱད་རང་བྱུང་གནསཿ དེ་ཡི་བྱང་ཤར་མུན་ཐང་ཞེས་བྱའི་མཚོཿ ནང་ན་ཆུ་སྲིན་ལ་སོགས་སྲོག་ཆགས་གཟུགསཿ ཐ་མ་སྣ་ཚོགས་འདུས་པའི་བྲག་གིས་བསྐོརཿ དེ་ཡི་ལྷོ་ནུབ་འཇིག་རྟེན་ལྷ་རྟེན་ནིཿ ཤིང་ནགས་ནྱ་གྲོ་དྷ་ཞེས་བྱ་བ་ལཿ སྟེང་ན་དུར་བྱ་ནག་པོའི་ཚང་ཡོད་པཿ སྐེད་པར་དུག་སྦྲུལ་ནག་པོའི་ཚང་བཅས་ཤིང་ཿ རྩ་བར་དུར་ཕག་


PKT001_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༣བ༽ནག་པོའི་ཚང་ཡོད་པརཿ འཇིག་རྟེན་ལྷ་ནི་དགའ་བྱེད་གཞོན་དུ་ཞེསཿ གདོང་པ་སེང་གེ་ལག་བཞིས་རལ་གྲི་དང་ཿ མི་མགོ་གཏུན་ཤིང་རྩེ་གསུམ་རོ་བཀལ་འཛིནཿ ཐོད་པའི་འཕྲེང་བས་ལུས་ཀུན་བརྒྱན་པ་ལཿ ལུས་ལ་དར་ཆེན་སྔོ་ཁྲའི་འཇོལ་བེར་གསོལཿ གསོད་བྱེད་མ་མོ་འབུམ་གྱིས་བསྐོར་ནས་ནིཿ གླང་པོ་ཆེ་ཞོན་ཤ་དང་ཁྲག་ལ་དདཿ དེ་ན་མཁའ་འགྲོ་མ་ཚོགས་དཔག་མེད་དེཿ ལ་ལ་སེང་གེ་ཞོན་ནས་སྐྲ་གྲོལ་བཿ ལག་ཏུ་ཐོད་པ་དགུ་བརྩེགས་རྒྱལ་མཚན་ཕྱརཿ ལ་ལ་བྱ་ཚོགས་ཞོན་ནས་ཀུ་ཅོ་འདོནཿ ལག་ཏུ་སེང་གེ་དག་གི་རྒྱལ་མཚན་ཕྱརཿ ལ་ལ་ལུས་གཅིག་གདོང་བཅུ་རྒྱུ་སྙིང་ཟཿ ལ་ལ་བུད་མེད་ནག་མོ་རལ་བསྙིགས་མཿ ཁ་ཡི་ནང་ནས་ཁྱི་སྤྱང་འབྱུང་བར་བྱེདཿ ལ་ལ་མི་ལུས་གཤོགས་པ་ནམ་མཁའ་མཉམཿ གནམ་ལྕགས་ཐོག་གི་ཆར་པ་འབེབས་པར་བྱེདཿ ལག་པ་དག་ན་སྟག་གི་རྒྱལ་མཚན་ཐོགསཿ ལ་ལ་རང་གི་ལུས་ཀྱི་སྟོད་སྨད་འབྲལཿ ལ་ལ་རང་གི་ཡན་ལག་བཅད་ནས་སུཿ ཕྱོགས་བཞི་མཚམས་བརྒྱད་དག་ལ་གཏོར་བ་ཡོདཿ དེ་ལྟར་རྫུ་འཕྲུལ་སྣ་ཚོགས་སྟོན་བྱེད་པཿ དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལོང་ངོ་ཿ དེ་ན་དུར་བྱ་དུར་ཕག་དུག་སྦྲུལ་དང་ཿ ལྕེ་སྤྱང་ཁ་དོག་མི་འདྲ་མང་པོ་དང་ཿ སྤྱང་ཀི་ཀ་ལི་ཀ་ལ་སོགས་པ་དང་ཿ མི་རོ་གསར་རྙིང་དཔག་ཏུ་མེད་པ་དང་ཿ ཤ་དང་རུས་པ་ཁྲག་གི་


PKT001_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༤ན༽རྒྱ་མཚོ་དང་ཿ མི་མགོ་སྐམ་པོ་རྙོན་པ་རྙིང་པ་དང་ཿ གཅན་གཟན་ལ་ལ་རོ་འདྲད་ལ་ལ་ཟཿ ལ་ལ་རྒྱུག་ཅིང་ལ་ལ་ངུ་བ་དང་ཿ ལ་ལ་མིག་འབྱིན་ལ་ལ་རྐང་པ་འཆའཿ རུས་པ་མུར་དང་ཤ་ཟ་རྒྱུ་མ་འཐེནཿ རབ་ཏུ་འཇིགས་ཤིང་སྐྱི་བུད་དུར་ཁྲོད་དེརཿ ཤཱནྟ་རཀྵི་ཏ་ཡིས་ཕྱིན་ནས་སུཿ འོད་མ་ལས་བྱས་ཤིང་གཞུ་ཤིང་མདའ་ཐོགསཿ ཕོ་བྱུང་བསད་ཅིང་མོ་བྱུང་སྤྱད་པ་ལསཿ མཁའ་འགྲོ་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོརཿ ཏིང་འཛིན་སྐྱོང་ཞིང་བརྒྱ་དང་དགུ་བཅུ་བཞུགསཿ དེ་ནས་སྤྲིན་ལྡན་རྒྱལ་ཁམས་འདུལ་བར་དགོངསཿ ཚོགས་ནས་ཕུང་པོ་ལྷག་མེད་འཇའ་ལྟར་ཡལཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ གཙུག་ཕུད་རིས་བཟང་གི་སྲས་སུ་འཁྲུངས་པའི་ལེའུ་སྟེ་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousགཙུག་ཕུད་རིས་བཟང་གི་སྲས་སུ་འཁྲུངས་པའི་ལེའུ། next