Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
རྒྱ་གར་ཆོས་ཁུངས་བཙུན་པར་བསྟན་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousརྒྱ་གར་ཆོས་ཁུངས་བཙུན་པར་བསྟན་པའི་ལེའུ། next

རྒྱ་གར་ཆོས་ཁུངས་བཙུན་པར་བསྟན་པའི་ལེའུ།


PKT001_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཤཱཀྱ་ཐུབ་པའི་ཞིང་ཁམས་དང་ཿ རིགས་གསུམ་མགོན་པོའི་ཞིང་ཁམས་འདུལ་བའི་ཕྱིརཿ ཁྱད་པར་བོད་ཁམས་འདྲེ་དང་མ་སངས་ཡུལཿ དུད་འགྲོའི་རྒྱལ་ཁམས་སྤྲེའུའི་ཚ་བོ་རྣམསཿ ཆོས་ལ་བཀོད་པར་བྱ་བའི་སྐྱེས་རབས་ནིཿ ཤཱཀྱ་ཐུབ་ཚེ་ལོ་བརྒྱད་ཅུའི་དུས་བྱོན་ནསཿ མཚན་ཉིད་ཐེག་པ་འཁོར་ལོ་རིམ་པ་གསུམཿ གསང་སྔགས་ཕྱི་པ་དང་ནི་བཞི་རུ་བསྐོརཿ བླ་མེད་རྡོ་རྗེ་ཐེག་པ་བསྐྱེད་རྫོགས་གསུམཿ ཆོས་ཀྱི་རྣམ་གྲངས་ཚིག་གཅིག་མ་གསུངས་པརཿ ཕྱིས་ནི་འབྱུང་འགྱུར་ལུང་དུ་བསྟན་པའོཿ ཅི་ཕྱིར་ལྟ་སྤྱོད་སྦྱོར་སྒྲོལ་ཟབ་པའི་ཕྱིརཿ འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཕྱིརཿ བསྟན་པའི་གཞི་མ་དགེ་འདུན་ཡིན་པའི་ཕྱིརཿ ཡུལ་གཅིག་རྒྱ་གར་རྡོ་རྗེ་གདན་གཅིག་ནཿ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་ཿ བྱུང་ན་མི་སྲིད་མདོ་སྔགས་ལུང་དང་འགལཿ དེ་བཞིན་འཁོར་ལོ་སྒྱུར་རྒྱལ་གཉིས་མི་འབྱུང་ཿ བྱུང་ན་བསྟན་པའི་ཆོམ་པོ་དམར་ལས་མཁནཿ བསྟན་པའི་སེལ་ཏེ་ཚ་བས་ཆེར་སྤང་བར་བྱཿ དེ་བཞིན་གཤེགས་པ་ལྷ་ཡི་


PKT001_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༦ན༽ལྟར་གྱུར་པཿ མི་མཆོག་མཚུངས་མེད་པདྨ་འབྱུང་གནས་དེཿ སངས་རྒྱས་སྲས་སུ་མདོ་སྔགས་ལུང་ནས་གསུངསཿ དབུས་འགྱུར་ཚལ་ལུང་བསྟན་པའི་མདོ་ལསཿ འདི་ནས་ལོ་ནི་བཞི་གཉིས་ནཿ དྷ་ན་ཀོ་ཤའི་མཚོ་གླིང་ནཿ རང་འཁྲུངས་པདྨའི་སྟེང་དུ་ནིཿ པདྨ་འབྱུང་གནས་ཞེས་བྱ་བཿ གསང་སྔགས་བསྟན་པའི་བདག་པོ་འབྱུང་ཿ ཞེས་པ་དང་ཿ བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལསཿ འདི་ནས་མྱ་ངན་ལས་འདས་འོག་ཏུཿ ལོ་ནི་བཅུ་རུ་གཉིས་ཚང་ནཿ འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོགཿ ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང་ཿ ཞེས་པ་དང་ཿ བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལསཿ འདི་ནས་མྱ་ངན་ལས་འདས་འོག་ཏུཿ ལོ་ནི་བཅུ་རུ་གཉིས་ཚད་ནཿ འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོགཿ ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང་ཿ པདྨ་འབྱུང་གནས་ཞེས་བྱ་བཿ གསང་སྔགས་བསྟན་པ་ལུང་དུ་སྟོནཿ ཞེས་པ་དང་ཿ བཀའ་འདུས་རྩ་བའི་རྒྱུད་ལས་ཀྱང་ཿ སྤྱི་དཔལ་ཆེན་པོ་ང་དང་གཉིས་སུ་མེད་པཿ མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བ་ད་ལྟ་ང་དང་ཚུལ་མཐུན་པ་ཞིག་འབྱུང་ཿ དེས་བཀའ་འདུས་སྤྱི་ཏིའི་ཐེག་པ་འདི་ཟ་ཧོར་གྱི་ཡུལ་དུ་རྒྱལ་པོ་གཙུག་ལག་འཛིན་ལ་སོགས་པ་ལ་རྒྱ་ཆེར་སྟོན་པར་འགྱུརཿ ཞེས་གསུངས་སོཿ མྱ་ངན་ལས་འདས་པའི་མདོ་ལསཿ ཤིང་སཱ་ལའི་དྲུང་རྩ་མཆོག་གཉིས་ཀྱི་བར་ནཿ བཅོམ་ལྡན་འདས་ལ་འོད་སྲུངས་དང་གཅུང་དགའ་བོ་མ་གཏོགས་པཿ དགེ་སློང་གི་དགེ་འདུན་བརྒྱ་ཕྲག་བཅུས་བསྐོར་ནསཿ ཉེ་གནས་ཆེན་པོ་ཀཱ་ཏྱ་ཡ་ན་དང་ཿ ཙུནྡ་དང་ཿ ཀུན་དགའ་བོ་རྣམས་ལ་བཀའ་སྩལ་པཿ ང་ནི་


PKT001_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༦བ༽ཡོངས་སུ་མྱ་ངན་ལས་བཟླའོཿ ཁྱེད་རྣམས་མྱ་ངན་མ་བྱེད་ཅིགཿ མདངས་ལྡན་དྲི་མེད་མཚོ་དཀྱིལ་དུཿ ང་ལས་ལྷག་པའི་སྐྱེས་བུ་འབྱུང་ཿ ཁྱེད་རྣམས་ངུ་བར་མ་བྱེད་ཅིགཿ ཚེ་ལོ་གྲངས་མེད་ཐུབ་པ་ཡང་ཿ ཐ་མ་འཆི་བར་ཤེས་པར་བྱཿ ཞེས་གསུངས་སོཿ ཤིན་ཏུ་བདེན་པར་གསུངས་ཞིང་བརྫུན་མེད་པཿ མདོ་ལྟར་རྒྱལ་བ་ཤཱཀྱ་ཐུབ་པར་གྲགསཿ སྔགས་ལྟར་གུ་རུ་པདྨ་འབྱུང་གནས་ཞེསཿ དེ་ཉིད་སྐུ་ཡི་འཁྲུངས་ཚུལ་མང་ན་ཡང་ཿ ཞིང་ཁམས་འདི་ཡི་འཁྲུངས་ཚུལ་འདི་ལྟ་སྟེཿ རྒྱ་གར་ཡུལ་གླིང་ཆེན་པོ་དགུ་ཡོད་པསཿ དབུས་ན་ཐུབ་པའི་བཞུགས་གནས་རྡོ་རྗེ་གདནཿ དེ་ཡི་ཤར་ཕྱོགས་བྷངྒ་ལ་ཡི་གླིང་ཿ ལྷོ་ཕྱོགས་བཻ་དྡྷའི་གླིང་ཞེས་བྱ་བ་ཡོདཿ ནུབ་ཀྱི་ཕྱོགས་ན་ཨུ་རྒྱན་གླིང་ཞེས་ཡོདཿ བྱང་གི་ཕྱོགས་ན་ཁ་ཆེའི་གླིང་ཞེས་ཡོདཿ ཤར་ལྷོ་མཚམས་ན་ཟ་ཧོར་གླིང་ཞེས་ཡོདཿ ལྷོ་ནུབ་མཚམས་ན་ཁང་བུའི་གླིང་ཞེས་ཡོདཿ ནུབ་བྱང་མཚམས་ན་ཟངས་གླིང་ཞེས་བྱ་ཡོདཿ བྱང་ཤར་མཚམས་ན་ཀ་མ་རུ་པའི་གླིང་ཿ ཡུལ་གླིང་དགུ་པོ་མི་རིགས་མི་འདྲ་ཞིང་ཿ ལ་ལ་གཟུགས་ཆེ་ལ་ལ་ཆུང་བ་ཡོདཿ ལ་ལ་དཔེ་མེད་མཚར་ལ་ལ་ལ་གོགཿ གླིང་རེ་ན་ཡང་སྐད་རིགས་མི་གཅིག་ཅིང་ཿ སྐད་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ་ཡོདཿ ཡི་གེ་མི་འདྲ་སུམ་བརྒྱ་དྲུག་ཅུ་ཡོདཿ དཔེར་ན་རྒྱ་གར་ཤར་སྐད་བྱ་བ་དང་ཿ དེ་བཞིན་ལྷོ་སྐད་ནུབ་སྐད་བྱང་སྐད་དོཿ གླིང་


PKT001_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༧ན༽གཞན་ལ་ཡང་དེ་བཞིན་ཤེས་པར་བྱཿ གོས་སུ་རས་གོས་འཚོ་བ་འབྲས་ཟན་མཐུནཿ སྤྱོད་པ་ལུས་རྒྱན་འདོགས་ཚུལ་མི་མཐུན་ནོཿ གླིང་རེ་ན་ཡང་རྒྱལ་པོ་མང་དུ་ཡོདཿ སྲིད་སྐྱོང་རྒྱལ་པོ་རེ་དང་ཆོས་རྒྱལ་རེཿ སྲིད་སྐྱོང་རྒྱལ་པོས་ཆོས་ལ་ཁ་མི་འཇུགཿ ཆོས་སྐྱོང་རྒྱལ་པོས་སྲིད་ལ་ཁ་མི་འཇུགཿ རྒྱ་གར་རྒྱལ་ཁྲིམས་ཤིན་ཏུ་གཉན་པ་ཡིསཿ རིགས་དེའི་ལས་མིན་ཆོལ་བར་སྤྱད་དུ་མེདཿ མཚན་ཉིད་ཆོས་ཀྱིས་བདེན་པ་མཐོང་བ་ལཿ དྲང་སྲོང་ཞེས་སུ་མཚན་ནི་གསོལ་བ་ཡིནཿ གསང་སྔགས་ཆོས་ཀྱིས་བདེན་པ་མཐོང་བ་ལཿ གྲུབ་ཐོབ་ཅེས་ནི་མཚན་དུ་གསོལ་བ་ཡིནཿ དབུ་ཟླུམ་ཞབས་རྗེན་ངུར་སྨྲིག་འཆང་བ་དང་ཿ མི་དགེ་བཅུ་སྤང་སྤྱོད་པ་ཞིབ་པ་ལཿ དགེ་འདུན་ཞེས་ནི་མཚན་དུ་གསོལ་བ་ཡིནཿ ལྕང་ལོ་ཆས་བརྒྱད་རྒྱན་དྲུག་འཆང་བ་དང་ཿ འདོད་ཡོན་ལྔ་ལ་ལོངས་སྤྱོད་ས་སྡེ་འཛུགསཿ གསང་སྔགས་རྣལ་འབྱོར་པ་ཞེས་མཚན་དུ་གསོལཿ དེ་དག་ཀུན་གྱི་མཐུན་རྐྱེན་སྦྲེང་བ་ལཿ ཡོན་བདག་ཅེས་སུམ་ཚན་ནི་གསོལ་བ་ཡིནཿ སོ་སོ་ཐར་པ་རིགས་ནི་བདུན་ནམ་བརྒྱདཿ བྱམས་པ་ལྔ་དང་སྙིང་རྗེ་ལྔ་དང་ནིཿ བཏང་སྙོམས་ལྔ་དང་དགའ་བ་ལྔ་ལ་སྦྱོརཿ བསླབ་པ་གསུམ་མ་མ་ཉི་ཤུ་སྟོན་པ་ནིཿ མཁན་པོ་ཞེས་སུ་མཚན་ནི་གསོལ་བ་ཡིནཿ ལྟ་སྤྱོད་དབང་དམ་དཀྱིལ་འཁོར་རབ་ཏུ་གནསཿ འཕྲིན་སྒྲུབ་ཏིང་འཛིན་མཆོད་སྔགས་སྦྱོར་སྒྲོལ་


PKT001_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༧བ༽གཉིསཿ སྒྲུབ་ཆེན་བརྒྱད་ལ་ཕྱག་ལེན་འདེབས་པ་ནིཿ བླ་མ་ཞེས་སུ་མཚན་ནི་གསོལ་བ་ཡིནཿ དེ་དག་གང་དང་འབྲེལ་མེད་ཡ་མ་ཟུང་ཿ བསྟན་པ་གཉིས་ཀྱི་སེལ་དེ་ཚར་གཅོད་དོཿ ཆོས་ཀྱི་རྔ་ཆེན་བརྡུངས་པས་ཐམས་ཅད་འདུཿ ཉན་དབང་ཆོས་ཀྱི་རྒྱལ་པོའི་ཁྲི་ཞིག་བརྩིགཿ ཚར་གཅོད་སྲིད་སྐྱོང་རྒྱལ་པོའི་ཁྲི་ཞིག་བརྩིགཿ གཡས་སུ་རྣལ་འབྱོར་ཕོ་མོ་ཐམས་ཅད་བསྒྲིགཿ གཡོན་དུ་དགེ་འདུན་ཕོ་མོ་ཐམས་ཅད་བསྒྲིགཿ མདུན་དུ་སྐྱེ་བོ་ཕོ་མོ་ཐམས་ཅད་འཚོགཿ དགུང་ལ་བསྟན་བཅོས་རྩོམ་མི་ཆོས་དེ་དང་ཿ གཡས་གཡོན་རྒྱལ་མཚན་ཁྲི་དང་བཅས་པ་སྡོདཿ ཆོས་སྐྱོང་རྒྱལ་པོས་ཆོས་དེ་གང་ཡིན་འདྲིཿ མི་དེས་འདི་ལྟར་ཡིན་ཞེས་ཁས་བླངས་ནསཿ མདོ་ཆོས་ཡིན་ན་དགེ་འདུན་གྲལ་ལ་འགྲིམཿ སྔགས་ཆོས་ཡིན་ན་རྣལ་འབྱོར་གྲལ་ལ་འགྲིམཿ བརྟག་གཞིགས་བཏང་ནས་རྒྱལ་པོའི་ཕྱག་ཏུ་འབུལཿ རྒྱལ་པོས་ལོ་དང་ཟླ་བར་བརྟག་པ་བྱེདཿ རྒྱལ་བའི་བཀའ་ཡིས་གནང་དམ་མ་གནང་བལྟཿ འཕགས་པའི་ལུང་གིས་གྲུབ་བམ་མ་གྲུབ་བལྟཿ རིག་པས་འཐད་དམ་མི་འཐད་བརྟག་པར་བྱེདཿ གཏན་ཚིགས་རྒྱ་ཡིས་ཐེབས་སམ་མི་ཐེབས་བལྟཿ དེ་ནས་གནམ་ལ་ཉི་མ་དུ་ཤར་འཚོགཿ བསྟན་བཅོས་རྩོམ་མི་པཎྜི་ཏ་དང་རྩོདཿ ཡིད་ཆེས་མྱོང་ཐོག་ཁེལ་ལམ་མ་ཁེལ་བལྟཿ ངེས་ཤེས་གོ་བས་ཆོད་དམ་མ་ཆོད་བལྟཿ མཚོན་བྱ་དཔེ་ཡིས་


PKT001_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༨ན༽མཚོན་ནམ་མ་མཚོན་བལྟཿ དེ་ལྟར་ཐེག་པ་གང་ཡིན་ངོས་བཟུང་བལྟསཿ ཆོས་འདི་མི་འདིས་བརྩམས་པ་ཡིན་ཞེས་པའིཿ སྒྲ་བསྒྲགས་ཉོན་ཟེར་ཚར་གསུམ་ཀློག་པར་བྱེདཿ ལགས་པར་འདུག་ན་ཡར་ལ་གཟིངས་བསྟོད་དེཿ མདོ་འམ་སྔགས་ཕྱོགས་འདི་ལ་རྟོགས་སོ་ཟེརཿ མདོ་སྔགས་གང་ཡིན་པཎ་ཆེན་ཞལ་འཆམ་ཟེརཿ ཆོས་དེ་རྒྱལ་མཚན་རྩེ་མོར་འདོགས་པར་བྱེདཿ ཆོས་རྒྱལ་པཎྜི་ཏ་ཡིས་མེ་ཏོག་འཐོརཿ བསྟན་བཅོས་རྩོམ་མི་སེང་གེའི་ཁྲི་ཐོག་འདོནཿ དེ་ལ་བསྟོད་ཅིང་བསྔགས་པ་ཆེ་བར་བརྗོདཿ རིགས་མཐུན་རྣམས་ཀྱིས་བཀུར་སྟི་ཕུ་དུད་བྱེདཿ སྲིད་སྐྱོང་རྒྱལ་འབངས་རྣམས་ཀྱིས་ལྷ་ཕྱག་འཚལཿ ཡུལ་ཕྱོགས་ཀུན་ཏུ་ཆོས་དེ་ཅི་དར་བྱེདཿ ལོག་ཆོས་འདུག་ན་མར་ལ་སྨ་འབེབས་ཏེཿ བསྟན་བཅོས་དེ་ཉིད་ཁྱི་ཡི་མཇུག་མར་བཅིངསཿ དེ་ལ་མེ་སྦར་ཚོགས་པའི་གྲལ་ལ་འགྲིམཿ འདི་ཡི་དུད་པས་ཕོག་པའང་དམྱལ་བར་འགྲོཿ ཐམས་ཅད་སྣ་ལ་ལག་ཁོབ་བྲོས་ཤིག་ཟེརཿ ཚར་གཅོད་དབང་པོ་སྲིད་སྐྱོང་རྒྱལ་པོ་ཡིསཿ བསྟན་བཅོས་རྩོམ་མིའི་ལག་མགོ་གཉིས་པོ་འདྲེགཿ ཀརྴ་པ་ནི་བརྫི་བའི་ཁོལ་པོར་སྤྱུགཿ ཐམས་ཅད་གྲོས་འཆམས་ཆོས་ལོག་བསྣུབས་པས་ནཿ རྒྱ་གར་ཆོས་ཁུངས་བཙུན་པ་དེ་བཞིན་ནོཿ ཆོས་ལུགས་མི་འདྲ་མང་པོ་མི་འབྱུང་ཞིང་ཿ བཟང་འདོད་སྙན་མིང་མང་པོ་མི་འདོགས་སོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་


PKT001_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༨བ༽སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱ་གར་ཆོས་ཁུངས་བཙུན་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousརྒྱ་གར་ཆོས་ཁུངས་བཙུན་པར་བསྟན་པའི་ལེའུ། next