Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
ཨུ་རྒྱན་ཡུལ་གྱི་ཡུལ་རབས་བཤད་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousཨུ་རྒྱན་ཡུལ་གྱི་ཡུལ་རབས་བཤད་པའི་ལེའུ། next

ཨུ་རྒྱན་ཡུལ་གྱི་ཡུལ་རབས་བཤད་པའི་ལེའུ།


PKT001_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་དུས་ན་ནུབ་ཕྱོགས་ཨུ་རྒྱན་ཡུལཿ ཨུ་རྒྱན་ཡུལ་ལ་འཛམ་གླིང་སུམ་གཉིས་ཡོདཿ ཡུལ་གྱི་ཆགས་ལུགས་ཆ་ལང་ཁ་སྤུབ་འདྲཿ ཡུལ་ཆེན་ལྔ་དང་ཡུལ་གླིང་ཉི་ཤུ་གཅིགཿ ཡུལ་གྲུ་ཆེན་པོ་བྱེ་བ་བཅོ་བརྒྱད་དགུཿ གྲོང་ཁྱེར་ཆེན་པོ་དགུ་བཅུ་རྩ་དྲུག་ཡོདཿ ཡུལ་ཆེན་དྷ་ན་ཀོ་ཤ་དབུས་ན་ཡོདཿ གྲོང་ཁྱེར་ཆེན་པོ་ཉི་ཤུ་རྩ་གཉིས་ཡོདཿ གྲོང་ཁྱེར་ཆེན་པོ་མཛེས་ལྡན་ཞེས་བྱ་བཿ དེ་ཡི་དབུས་ན་ཐོར་ཅོག་དགུ་ལྡན་ཡོདཿ བཻ་ཌཱུརྻ་ཡི་ཕོ་བྲང་རིན་པོ་ཆེཿ འོད་འབར་བྱིན་ཆེ་གྲུ་བཞིར་གསེར་གྱི་ལྕོགཿ གཡུ་ཡི་ཁ་བད་དྲ་བ་དྲ་ཕྱེད་ལྡནཿ དེ་ལ་ཁྱམས་དང་སྒོ་ཁྱུད་བཞི་དང་བཅསཿ ལྕགས་རི་དང་ནི་མངའ་ཡབ་མཛེས་པས་བསྐོརཿ ནང་ན་རྒྱལ་པོ་ཨིནྡྲ་བོ་དྷི་བཞུགསཿ ནང་བློན་བརྒྱ་དང་ཕྱི་བློན་སྟོང་གིས་བསྐོརཿ བཙུན་མོ་འོད་འཆང་མ་ནི་ཁབ་ཏུ་བཞེསཿ ཐོར་ཅོག་དགུ་ལྡན་དབུས་ན་རང་བྱུང་གོཿ མཆོད་རྟེན་ཧེ་རུ་ཀ་ཡི་ལྷ་ཁང་ཡོདཿ རྒྱུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་པཿ འོད་ཟེར་དྲ་བ་མང་པོ་ཕྱོགས་བཅུར་འཕྲོཿ ཁ་དོག་དཀར་པོ་རྣམ་པ་གཟི་ལྟ་བུཿ རྒྱུ་ནི་རིན་ཆེན་ཤེལ་ལས་ལེགས་གྲུབ་པའིཿ རང་བྱུང་གཟི་འདྲའི་མཆོད་རྟེན་ཁྲ་ཁྱུག་ཁྱུགཿ དབྱིབས་ལེགས་བང་རིམ་དང་བཅས་ཟླུམ་པར་གནསཿ རྒྱང་གྲགས་གཅིག་ནི་གྱེན་དུ་འཕགས་པ་ལཿ དུས་ནི་


PKT001_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༩ན༽ནམ་ཡང་འཇིག་པ་མི་མངའ་བཿ ཚད་ནི་ཕྱོགས་རེར་ནངས་པའི་འདོམ་གང་ཚདཿ དཔག་ཚད་གསུམ་གསུམ་ཡོད་པ་མཚན་ལྔར་ལྡནཿ ཆོས་བཟང་སྤྲིན་གྱི་ཡང་རྫོང་ཞེས་ཀྱང་བྱཿ རྡོ་རྗེ་མི་ཤིགས་ཕུག་པ་ཞེས་ཀྱང་བྱང་ཿ སྤྲིན་ནག་འདུས་པའི་དུར་ཁྲོད་ཅེས་ཀྱང་བྱཿ བཀོད་པ་ལྷུན་གྲུབ་ཕོ་བྲང་ཞེས་ཀྱང་བྱཿ ཧེ་རུ་ཀ་ཡི་ལྷ་ཁང་ཞེས་ཀྱང་བྱཿ ཆོས་འབྱུང་རྣམ་པར་དག་པ་གྲུ་བཞི་པཿ སྒོ་ནི་གཅིག་བགྲངས་གཉིས་བགྲངས་བརྒྱ་རྩ་བརྒྱདཿ སྒོ་དང་རྟ་བབས་བཅས་པའི་ཕྱི་རོལ་ནཿ གནོད་སྦྱིན་བསྲུང་བའི་མཁར་ཆེན་སྟོང་ཡོད་པཿ སྒོ་བཞི་འཁོར་ས་བརྒྱ་དང་བརྒྱད་ཅུ་ཡོདཿ མེ་ཡི་འོབས་དང་གཅན་གཟན་འཕྲང་དང་ནིཿ དུག་གི་མཚོ་དང་ཀེང་རུས་རི་རབ་བསྐོརཿ དུར་ཁྲོད་ལྷ་མོའི་འཁོར་དང་ནད་གདོན་གདོལཿ ས་ལ་སུ་ལ་པགས་པའི་བྲང་ཆེན་བསྐོརཿ ཐ་མ་རྡོ་རྗེ་ཕ་ལམ་ལྕགས་རིས་བསྐོརཿ སྤྲིན་གྱི་རྒྱལ་པོ་གང་བ་འཁྲིགས་པ་དང་ཿ འཇིག་རྟེན་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་མཿ སྒོ་བའི་ཌཱ་ཀི་ཡེ་ཤེས་ཌཱ་ཀི་མཿ བཀྲ་ཤིས་སྒོ་མང་ལྕགས་རི་བརྒྱད་ཀྱིས་བསྐོརཿ འོག་ན་འཇིག་རྟེན་མཁའ་འགྲོས་སྐོར་བ་བྱེདཿ དེ་ཡི་འོག་ནས་ཀླུ་རྣམས་མཆོད་པ་འབུལཿ བར་ན་ལས་ཀྱི་ཌཱ་ཀིས་སྐོར་བ་བྱེདཿ སྟེང་ན་ཡེ་ཤེས་ཌཱ་ཀིས་སྐོར་བ་བྱེདཿ བྲག་གི་ཐེམ་སྐས་བུམ་སྟེན་ལོགས་བཞི་ལཿ འཕྲིན་ལས་བཞི་ཡི་ཕྱག་རྒྱ་བཞིས་རྒྱས་གདབཿ


PKT001_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༩བ༽བུམ་པར་རྟེན་འབྲེལ་སྙིང་པོ་རང་བྱུང་ཤརཿ སྒོ་བཞིའི་སྟོད་ན་ཧཿརིཿནིཿསཿཤརཿ སྒོ་སྨད་མགོན་པོའི་སྲོག་སྙིང་ཡི་གེ་བཅུཿ མཚན་མོ་མེ་འབར་ཉིན་མོ་འཇའ་རུ་འཁྲིགསཿ ཉིན་མཚན་རྒྱུན་དུ་སྤྲིན་དང་ཁུ་རླངས་དགབཿ ཆུ་ཆེན་བསྐོར་ཞིང་ཤིང་སྣའི་ནགས་ཚོགས་འཐུགཿ བྱ་དང་གཅན་གཟན་མང་པོ་ངར་སྐད་འདོནཿ བུམ་པའི་ནང་ནི་གསང་སྔགས་ཆོས་ཟབ་གང་ཿ བྲེ་ནང་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགསཿ དེའི་ནང་ལུང་བསྟན་ལྷ་ཁང་ཞེས་བྱ་བཿ མདོག་ནི་མཐིང་ཁ་སྣང་བའི་གཟུགས་སུ་གྲུབཿ ལག་པས་རེག་པའི་གཟུགས་སུ་མ་གྲུབ་པཿ འཇའ་འོད་ལྟ་བུའི་རང་བཞིན་ལྷ་ཁང་ཡོདཿ དེ་ཡི་མཐའ་མར་མཁའ་འགྲོ་མ་ཡི་ཡུལཿ ཌཱ་ཀི་འབུམ་ཁྲི་བུད་མེད་གྲོང་ཁྱེར་བཞིཿ དེ་དག་གི་ནི་མཆོད་ཁང་རེ་རེ་ནཿ གསང་སྔགས་ཟབ་མོ་དཔག་ཏུ་མེད་པ་བཞུགསཿ ཐོར་ཅོག་དགུ་ལྡན་དབུས་སུ་བདག་པ་ཡིཿ ཤར་ན་ཛམྦཱུ་མཱ་ལེའི་ཡུལ་ཞེས་ཡོདཿ ལྷོ་ན་བརྦ་ཏ་ཡི་གླིང་ཞེས་ཡོདཿ ནུབ་ན་ནཱ་ག་སིདྡྷིའི་ཡུལ་ཞེས་ཡོདཿ བྱང་ན་ཀ་ཀ་ཤམྦྷ་ལ་ཞེས་ཡོདཿ ཤར་ལྷོ་མཚམས་ན་དྲང་སྲོང་མེ་ལྷའི་ཡུལཿ ལྷོ་ནུབ་མཚམས་ན་སྲིན་པོའི་ཡུལ་ཞེས་ཡོདཿ ནུབ་བྱང་མཚམས་ན་རླུང་ལྷའི་ཡུལ་ཞེས་ཡོདཿ བྱང་ཤར་མཚམས་ན་བགེགས་ཀྱི་ཡུལ་ཞེས་ཡོདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་


PKT001_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༠ན༽པ་རྒྱས་པར་བཀོད་པ་ལསཿ ཨུ་རྒྱན་ཡུལ་གྱི་ཡུལ་རབས་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousཨུ་རྒྱན་ཡུལ་གྱི་ཡུལ་རབས་བཤད་པའི་ལེའུ། next