Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྒྱལ་པོ་ཨིནྡྲ་བོ་དྷིས་ནོར་བུ་ལ་གསོལ་བ་བཏབ་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousརྒྱལ་པོ་ཨིནྡྲ་བོ་དྷིས་ནོར་བུ་ལ་གསོལ་བ་བཏབ་པའི་ལེའུ། next

རྒྱལ་པོ་ཨིནྡྲ་བོ་དྷིས་ནོར་བུ་ལ་གསོལ་བ་བཏབ་པའི་ལེའུ།


PKT001_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཡིསཿ དགོས་འབྱུང་ཡིད་བཞིན་ནོར་བུ་རིན་པོ་ཆེཿ བ་ཚྭ་ཅན་གྱི་ཆུ་ལ་ལེགས་པར་བཀྲུསཿ ཀ་ཤི་ཀ་ཡིས་རས་ཀྱིས་བྲད་ནས་སུཿ ཤིང་ཁྱོགས་དར་ཟབ་འོད་ལེའི་སྟེང་དུ་བཞགཿ ང་ཡིས་རྙེད་པའི་ནོར་བུ་རིན་ཆེན་འདིཿ ཡིད་བཞིན་ནོར་བུ་ཡང་དག་ཡིན་ངེས་ནཿ ང་ཡི་ཁྱེའུ་འདི་ཉིད་བཞུགས་པའི་ཁྲིཿ རིན་ཆེན་སྣ་བདུན་མཐོ་བའི་ཁྲིར་གྱུར་ལཿ རིན་ཆེན་སྣ་བདུན་གདུགས་ཀྱང་ཡོད་པར་ཤོགཿ དེ་སྐད་བརྗོད་མ་ཐག་ཏུ་གྲུབ་པར་འགྱུརཿ དེ་ལ་ཁྱེའུ་བཞུགས་རྒྱལ་པོར་མངའ་གསོལ་ནསཿ མཚན་ཡང་པདྨ་རྒྱལ་པོ་ཞེས་བྱར་བཏགསཿ དེ་ནས་རྒྱལ་པོས་སྨོན་ལམ་འདི་སྐད་བཏབཿ ང་ཡི་ལོན་པའི་ནོར་བུ་རིན་ཆེན་འདིཿ ཡིད་བཞིན་མ་ནོར་བུ་ཞིག་ཡིན་ངེས་ནཿ བང་མཛོད་སྟོངས་པ་ཐམས་ཅད་གང་བར་ཤོགཿ དེ་སྐད་བརྗོད་མ་ཐག་ཏུ་བང་མཛོད་རྣམསཿ སྔར་དུས་ཅི་ཡོད་ཐམས་ཅད་གང་བར་གྱུརཿ དེ་ནས་རྒྱལ་པོས་རྔ་བོ་ཆེ་བརྡུངས་ནསཿ ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་སྒྲ་བསྒྲགས་ཏེཿ རྒྱལ་པོ་ཨིནྡྲ་བོ་དྷིས་ཡིད་བཞིན་


PKT001_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༧བ༽ལོནཿ ནོར་བུ་རིན་ཆེན་དགོས་འདོད་ཆར་འབབས་པསཿ གོང་སུ་ཅི་འདོད་གང་འདོད་ཐམས་ཅད་ལོང་ཿ དེ་སྐད་ཅེས་པ་ཕོ་ཉས་སྒྲ་བསྒྲགས་སོཿ རྒྱལ་པོས་ཡིད་བཞིན་ནོར་བུར་ཁྲུས་ཆབ་གསོལཿ རྒྱལ་མཚན་རྩེ་ལ་བཏགས་ནས་གདུགས་འཕན་ཕྱརཿ ཙནྡན་ཨ་ཀ་རུ་དང་ཆོས་དབྱངས་དང་ཿ སིཧླ་ལ་སོགས་དྲི་བཟང་དྲི་ཡིས་བདུགསཿ ཕྱི་ནང་མཆོད་པ་འདོད་ཡོན་མང་པོས་མཆོདཿ རོལ་མོའི་རིགས་བྱེད་དཔག་ཏུ་མེད་པས་བསྐོརཿ རྒྱལ་པོས་ཁྲུས་བྱས་གོས་བཟང་གཙང་མ་གྱོནཿ ཕྱོགས་བཞིའི་ལྷ་ལ་ཕྱག་བཙལ་འདི་སྐད་བརྗོདཿ ང་ཡིས་རྙེད་པའི་ནོར་བུ་རཏྣ་འདིཿ ཡིད་བཞིན་མ་ནོར་བུ་ཞིག་ཡིན་ངེས་ནཿ མཆོག་དང་ཐུན་མོང་ཅི་འདོད་ཆར་ཕོབ་ཅིགཿ བརྗོད་པ་ཙམ་གྱིས་ཕྱོགས་བཞིར་རླུངས་ལངས་ནསཿ མི་གཙང་ཐམས་ཅད་ཕྱག་ནས་གཙང་བར་བྱསཿ དེ་ཡི་སྟེང་དུ་སྦྲང་ཆར་ཟིལ་བུར་བབསཿ རྡུལ་མི་ལྡང་བར་བྱི་དོར་བྱས་ནས་སུཿ དང་པོར་ཁ་ཟས་རོ་བརྒྱའི་ཆར་པ་ཕབཿ ལྟོགས་པའི་མི་རྣམས་ཐམས་ཅད་ཚིམ་པར་བྱསཿ དེ་ནས་གོས་ཀྱི་རིགས་བྱེད་ཆར་པ་ཕབཿ འཁྱགས་པའི་མི་རྣམས་ཅད་ཚིམ་པར་བྱསཿ དེ་ནས་ནོར་གྱི་རིགས་བྱེད་ཆར་པ་ཕབཿ རིན་ཆེན་གསེར་གཡུ་བཻཌཱུརྻ་དང་ནིཿ མུ་སརྒ་རྦྷ་དང་ནི་བཞོན་པ་དང་ཿ ཐེག་པ་འཁྱོགས་དང་སྐྱེད་མོས་ཚལ་དང་མཆོརཿ ཞིང་དང་ཁང་པ་རྐང་འགྲོས་ལ་སོགས་པཿ གང་ལ་གང་འདོད་ཐམས་ཅད་ཚིམ་པར་བྱསཿ རྒྱལ་པོའི་མངའ་འོག་ཡོད་པ་


PKT001_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༨ན༽ཐམས་ཅད་རྣམསཿ ལྟོགས་ཕོངས་དབུལ་བའི་སྡུག་བསྔལ་བྲལ་བར་གྱུརཿ དེ་ནས་མཁའ་ལ་སྒྲ་དང་འོད་དུ་བཅསཿ འཇའ་འོད་ཟེར་གསུམ་ནང་ནས་སྒྲ་བྱུང་སྟེཿ བདེ་བ་ཆེན་པོ་དྲུག་པ་རྡོ་རྗེ་འཆང་ཿ མེ་རི་འབར་བར་རྒྱལ་པོ་ཛའི་ཁང་ཐོགཿ ཏནྡྲ་སྡེ་ནི་བཅོ་བརྒྱད་ཆར་པ་ཕབཿ རིགས་ལྔ་ཁྲག་འཐུང་མཁའ་འགྲོ་མ་རྣམས་འདུསཿ སེངྒེའི་ནགས་ཚལ་ལུང་གི་མདོ་བདུན་ཕབཿ དྷ་ན་ཀོ་ཤའི་གླིང་གི་རྒྱལ་པོའི་ཁབཿ རྫོགས་ཆེན་རྩ་བ་ཡན་ལག་རྒྱུད་ཆར་ཕབཿ ད་ནི་ཐེག་པ་ཆེན་པོའི་ཆོས་ལ་སྤྱོདཿ རང་རང་མཆོག་གི་དངོས་གྲུབ་ཐོབ་པར་གྱུརཿ ཞེས་གསུངས་སོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་པོ་ཨིནྡྲ་བོ་དྷིས་ནོར་བུ་ལ་གསོལ་བ་བཏབ་པའི་ལེའུ་སྟེ་བཅོ་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousརྒྱལ་པོ་ཨིནྡྲ་བོ་དྷིས་ནོར་བུ་ལ་གསོལ་བ་བཏབ་པའི་ལེའུ། next