Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
མེ་ཏོག་ཨུ་དུམྦཱ་ར་གེ་སར་གྱི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousམེ་ཏོག་ཨུ་དུམྦཱ་ར་གེ་སར་གྱི་ལེའུ། next

མེ་ཏོག་ཨུ་དུམྦཱ་ར་གེ་སར་གྱི་ལེའུ།


PKT001_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལ་ཕྱིས་བཀྲུས་བཤད་དར་གྱི་ལྡིང་ཁུག་བཅུགཿ རྒྱལ་མཚན་རྩེར་བཏགས་མཆོད་ཕུལ་སྨོན་ལམ་བཏབཿ ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ལྟརཿ རྒྱལ་རིགས་མེ་ཏོག་དཀར་པོར་སྐྱེ་བ་ནིཿ རྒྱལ་པོའི་རིགས་སུ་གཏོགས་པས་ཆེ་བ་ཡིནཿ རྗེའུ་རིགས་མེ་ཏོག་སེར་པོར་སྐྱེ་བའོཿ རྗེའུའི་རིགས་སུ་གཏོགས་པས་བཙུན་པ་ཡིནཿ བྲམ་ཟེའི་རིགས་ནི་མེ་ཏོག་དམར་པོར་སྐྱེཿ བྲམ་ཟེའི་རིགས་སུ་གཏོགས་པས་གཙང་བའོཿ དམངས་རིག་མེ་ཏོག་ལྗང་གུར་སྐྱེ་བ་ཡིནཿ དམངས་ཀྱི་རིགས་སུ་


PKT001_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༨བ༽གཏོགས་པས་གདོལ་པའོཿ འཁོར་བ་སྟོང་ཀྱི་དོགས་ནས་སྤོང་བའི་དོནཿ ཨུ་དུམ་ཝ་རའི་མེ་ཏོག་པདྨ་ནིཿ ས་ཆ་གང་བྱུང་གནས་ལ་མི་སྐྱེ་སྟེཿ མ་དྲོས་བྱང་ཕྱོགས་རྩེ་ལྔའི་ཕ་རོལ་ལམཿ དྷ་ན་ཀོ་ཤ་དྲི་མེད་མདངས་ལྡན་མཚོརཿ མེ་ཏོག་ཨུ་དུམ་ཝ་རའི་ལ་ཡོད་དོཿ མེ་ཏོག་ཚད་ནི་ཏཱ་ལའི་འཕེད་ལོ་ཅནཿ དཔག་ཚད་གཅིག་དང་ཁོར་ཡུག་ཁྱབ་པ་ལཿ བྲམ་ཟེའི་མེ་ཏོག་དམར་པོའི་ནང་དབུས་སུཿ སྣང་བ་མཐའ་ཡས་ཐུགས་ཀའི་ས་བོན་ཧྲཱིཿ འོད་དུ་ཞུ་བས་ཐར་པ་ཐོབ་པའི་སྐུཿ མཚན་བཟང་སུམ་ཅུ་རྩ་གཉིས་རྟགས་རྣམས་ཚང་ཿ སྐྱེས་བུ་ཐབས་ལ་མཁས་མཆོག་པདྨ་འབྱུང་ཿ ཐུན་མོང་མ་ཡིན་རྫུ་འཕྲུལ་ཤིན་ཏུ་ཆེཿ ཕྱིན་ཅི་ལོག་རྣམས་འདི་ལ་མ་སྡངས་ཤིགཿ སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བོ་ལཿ སེམས་ཅན་ཐམས་ཅད་ཤི་ཞིང་མ་ལུས་ནཿ འདྲེན་པའི་སློབ་དཔོན་ངོ་ཡང་ཅང་ཤེས་སམཿ མ་རྟོགས་པ་ནི་གཏི་མུག་རང་བཞིན་གནསཿ དམུས་ལོང་ལ་ནི་མདོག་བསྟན་ལྟ་བུར་གྱུརཿ དེ་བས་མ་མཐོང་བ་ནི་གསེར་ལ་འགོདཿ མི་རིགས་པ་ནི་དཔོན་ལ་བསྔོ་བ་ཡིནཿ སྟོང་གསུམ་གསེར་དུ་གྱུར་ན་གསེར་ལ་འགོདཿ ཐམས་ཅད་དཔོན་དུ་གྱུར་ན་དཔོན་ལ་བསྡོཿ དེ་བས་མཁའ་འགྲོ་མ་རྣམས་སྐྱོ་བ་སྐྱེསཿ ལྷ་སྲིན་སྡེ་བརྒྱད་རྣམས་ནི་བཀའ་བཙན་ཞིང་ཿ སྐྱེ་འགྲོ་སེམས་ཅན་ཀུན་གྱི་དོན་ནུས་འགྱུརཿ འཁོར་ནི་མཁའ་འགྲོ་མ་ཡི་ཚོགས་ཀྱིས་བསྐོརཿ སྲོག་མ་སྲིང་མ་གང་མེ་འཇིབ་མ་དང་ཿ ཀར་ཤམ་མ་དང་རྐང་ཆེན་བློ་སྤྱེང་མཿ དཔལ་གཟིང་མ་དང་


PKT001_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༩ན༽དཔལ་གྲུབ་རྣམས་གཡེང་མཿ ཐམས་ཅད་དམར་མོ་ཕྱག་གཉིས་གྲི་ཐོད་ཐོགསཿ མཁའ་འགྲོ་བཅུ་བཞི་བར་སྣང་དག་ལ་འཕོཿ མཁའ་འགྲོ་སྡེ་ལྔ་ལུས་དཔག་མེད་པར་སྤྲུལཿ ཕྱག་གིས་མཆོད་པ་དཔག་མེད་འབུལཿ མེ་ཏོག་མ་དང་བདུག་སྤོས་མཿ སྣང་གསལ་མ་དང་དྲི་ཆབ་མཿ བྱུག་པ་མ་དང་ཞལ་ཟས་མཿ ཚོགས་མཆོད་མ་དང་རོལ་མོ་མསཿ བསྟོད་པ་ཀླུ་ཡི་མཆོད་པ་འབུལཿ ཧྲཱིཿ ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལཿ གནས་ཀྱི་མིང་ནི་ཀོ་ཤའི་མཚོཿ མེ་ཏོག་མིང་ནི་ཨུ་དུམྦ་རཿ རིགས་ནི་དམར་པོ་བྲམ་ཟེའི་རིགསཿ ཁམས་གསུམ་དབང་སྡུད་གེ་སར་ཡུམཿ མངལ་སྐྱོན་མ་གོས་སྤྲུལ་པའི་སྐུཿ སུམ་ཅུ་རྩ་གཉིས་མཚན་མཆོག་ལྡནཿ བཟང་པོ་མཆོག་ལ་ཕྱག་འཚལ་བསྟོདཿ ཅེས་པས་མཁའ་འགྲོ་རྣམས་ཀྱིས་མགྲིན་གཅིག་བསྟོདཿ ནམ་མཁའི་སྤྲིན་གསེབ་སྐུ་ཡི་ཕྱེད་འཐོན་པའིཿ ཐུབ་པ་ལྔ་བཅུ་རྩ་བཞིས་མེ་ཏོག་འཐོརཿ ཕུན་སུམ་ཚོགས་པ་ཕྱི་ཡི་ཡིད་བཞིན་རྒྱ་མཚོ་འདྲཿ ཕྱོགས་གྱུར་ཀུན་ནས་གང་ལ་ཅི་འཆམ་སྟོབས་འབེབས་ཤིང་ཿ ཐམས་ཅད་མཁྱེན་པས་འགྲོ་བའི་རེ་བ་སྐོང་མཛད་པཿ སངས་རྒྱས་པདྨའི་འདབ་འདྲ་རྒྱས་པའི་བཀྲ་ཤིས་ཤོགཿ མི་མཇེད་འཇིག་རྟེན་གསེར་གྱི་ས་གཞི་བརྡལ་བ་ལཿ གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་དཔལ་མངའ་བཿ བསྟན་གཉིས་ཉི་ཟླ་ཟུང་གཅིག་སྐོར་བ་བྱེད་པ་ཡིསཿ འགྲོ་ཀུན་མ་རིག་མུན་པ་སངས་བའི་བཀྲ་ཤིས་ཤོགཿ འཁོར་


PKT001_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༩བ༽ལོ་སྒྱུར་རྒྱལ་འཇིག་རྟེན་བདེ་བའི་སྟོབས་མངའ་བཿ སེམས་ཅན་ཐམས་ཅད་དགའ་བར་བགྱིད་པའི་འོད་འཕྲོ་བསཿ བསྐལ་པ་བཟང་པོར་གཟུགས་བཟང་བ་དང་སྤོབས་པར་ལྡནཿ ཆོས་ཀུན་དར་བས་སྐྱེ་དགུ་ཞི་བའི་བཀྲ་ཤིས་ཤོགཿ ཚེ་རིང་དཔལ་འབྱོར་ལོངས་སྤྱོད་བསོད་ནམས་དགེ་ལེགས་དཔལཿ དགེ་འདུན་ཤེས་གསུམ་ལྡན་པའི་བསྟན་པའི་གངས་ཆེ་མཚོཿ ཕྱོགས་བཅུ་ཀུན་ནས་མཆོག་དང་ཐུན་མོང་གཉིས་འདུ་བཿ འཇིག་རྟེན་གསུམ་གྲགས་ལྷ་མིས་མཆོད་པའི་བཀྲ་ཤིས་ཤོགཿ ཕྱོགས་བཞི་མཚམས་བརྒྱད་སྟེང་གི་ཕྱོགས་ནས་ནིཿ ཐུབ་པ་དྲུག་དང་དུས་གསུམ་སངས་རྒྱས་རྣམསཿ དྲུག་དྲུག་སྤྲིན་གྱི་གསེབ་ན་གྲལ་བྱས་ནསཿ རོལ་མོའི་སྒྲ་བསྒྲགས་མེ་ཏོག་ཆར་དུ་ཕབཿ བཀྲ་ཤིས་རྟགས་ཀྱི་གླུ་དབྱངས་མང་བརྗོད་ནསཿ དེ་ལྟར་སྤྲུལ་པའི་སྐུ་རུ་མངའ་གསོལ་ལོཿ རིགས་ཀྱི་མཁའ་འགྲོ་ཆེན་མོ་བཅུ་དྲུག་གིསཿ ལོངས་སྤྱོད་རྫོགས་པའི་སྐུ་རུ་མངའ་གསོལ་བཿ


PKT001_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾཿ ཆོས་དབྱིངས་རྣམ་དག་དྲི་མེད་མདངས་ལྡན་པའིཿ ཡ་མཚན་པདྨ་གེ་སར་སྡོང་པོ་ལཿ མ་བཅོས་སྤྲོས་བྲལ་བདེ་བ་ཆེན་པོར་བྱོནཿ སྐུ་གཅིག་མཚན་བརྒྱད་ཁྱོད་ལ་ཕྱག་འཚལ་བསྟོདཿ རང་བྱུང་ལྷུན་གྲུབ་པདྨའི་ཤར་ཕྱོགས་སུཿ སྤྲུལ་པ་ཡོངས་རྫོགས་ཤཱཀྱ་སེང་གེར་སྤྲུལཿ རྡོ་རྗེ་མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོརཿ སྐྱེ་མེད་རྣམ་དག་འོད་གསལ་དཀྱིལ་ན་བཞུགསཿ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་ལོཿ


PKT001_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༠ན༽ཐབས་མཁས་རྒྱ་ཆེན་པདྨའི་ལྷོ་ཕྱོགས་སུཿ ཡེ་ཤེས་ཀློང་ཆེན་པདྨ་རྒྱལ་པོར་སྤྲུལཿ རིན་ཆེན་མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོརཿ ཅིར་སྣང་རིག་པ་གང་ལ་གང་འདུལ་བཞུགསཿ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་ལོཿ རྒྱ་མཚོར་རྨད་ཟུག་པདྨའི་ནུབ་ཕྱོགས་སུཿ ནམ་མཁའི་ལུས་ཅན་པདྨ་སམྦྷར་སྤྲུལཿ འཁོར་དུ་པདྨའི་མ་ཚོགས་འཁོར་གྱིས་བསྐོརཿ རྫུ་འཕྲུལ་འདོད་དགུ་སྟོབས་ལྡན་དཀྱིལ་ན་བཞུགསཿ པདྨ་སམྦྷའི་སྐུ་ལ་ཕྱག་འཚལ་ལོཿ འཕྲིན་ལས་ཁྱབ་གདལ་པདྨའི་བྱང་ཕྱོགས་སུཿ ཉོན་མོངས་བདུད་འཇོམས་རྡོ་རྗེ་གྲོ་ལོད་སྤྲུལཿ འཁོར་དུ་ཀརྨ་མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོརཿ ཡེ་ཤེས་ལྔ་རྫོགས་སྣ་ལྔའི་དཀྱིལ་ན་བཞུགསཿ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་ལོཿ བྱང་ཆུབ་ཡན་ལག་པདྨའི་ཤར་ལྷོ་རུཿ མ་རིག་མུན་སེལ་ཉི་མ་འོད་ཟེར་སྤྲུལཿ འཁོར་དུ་བཛྲ་དཔའ་བོ་གིང་གིས་བསྐོརཿ བྱང་སེམས་འགྲོ་དོན་མཛད་པའི་དཀྱིལ་ན་བཞུགསཿ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་ལོཿ ཐེག་དགུ་སྟོབས་སྤྱོད་ལྷོ་ནུབ་པདྨ་རུཿ སྲིན་པོའི་ཁ་གནོན་པདྨ་འབྱུང་གནས་སྤྲུལཿ འཁོར་དུ་རིན་ཆེན་དཔའ་བོ་གིང་གིས་བསྐོརཿ ལམ་ལྔ་ས་བཅུ་བགྲོད་མེད་དཀྱིལ་ན་བཞུགསཿ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོཿ སྐྱེ་མེད་སྐུ་འཁྲུངས་པདྨའི་ནུབ་བྱང་དུཿ རིགས་དྲུག་ཆོས་སྟོན་སེང་གེ་སྒྲ་སྒྲོགས་སྤྲུལཿ འཁོར་དུ་པདྨ་དཔའ་བོ་གིང་གིས་བསྐོརཿ


PKT001_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༠བ༽གཟུང་འཛིན་དག་པས་ཕྱོགས་མཚམས་དཀྱིལ་ན་བཞུགསཿ སེང་གེ་སྒྲ་སྒྲོགས་སྐུ་ལ་ཕྱག་འཚལ་ལོཿ ཅིས་ཀྱང་མི་འགྱུར་པདྨའི་བྱང་ཤར་དུཿ ཤེས་རབ་མེ་འབར་བློ་ལྡན་མཆོག་སྲེད་སྤྲུལཿ འཁོར་དུ་ཀརྨ་དཔའ་བོ་གིང་གིས་བསྐོརཿ ཚད་མེད་བཞི་ལྡན་དོང་སྤྲུགས་དཀྱིལ་ན་བཞུགསཿ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་ལོཿ བླ་མའི་འཁོར་ཚོགས་ཌཱ་ཀི་གང་གི་ཚོགསཿ ཆོས་སྐྱོང་སྒོ་བ་བཞི་དང་སྒོ་མ་བཞིཿ མ་མོ་མཁའ་འགྲོ་ཕྱི་ནང་བར་ཆད་བསྲུང་ཿ བཀའ་སྲུང་དམ་ཅན་རྣམས་ལ་ཕྱག་འཚལ་ལོཿ ཌཱ་ཀི་ཐམས་ཅད་བར་སྣང་གར་སྟབས་མཛདཿ ལྷ་རྣམས་ནམ་མཁའི་དབྱིངས་ནས་རོལ་མོ་སྒྲོགཿ ལྷ་སྲིན་སྡེ་བརྒྱད་ཕྱི་ནས་བསྐོར་བ་དང་ཿ ཀླུ་ཆེན་བརྒྱད་པོས་པད་སྡོང་མཐར་བསྐོར་ཞིང་ཿ ཉིན་མཚན་ཀུན་ཏུ་རིན་ཆེན་འཐོར་བར་བྱེདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ མེ་ཏོག་ཨུ་དུམྦཱ་ར་གེ་སར་གྱི་ལེའུ་སྟེ་བཅུ་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousམེ་ཏོག་ཨུ་དུམྦཱ་ར་གེ་སར་གྱི་ལེའུ། next