Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཨུ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་བའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousཨུ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་བའི་ལེའུ། next

ཨུ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་བའི་ལེའུ།


PKT001_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་སྲས་པདྨ་རྒྱལ་པོ་ཡིསཿ ཟླ་མེད་གཅིག་པུར་ཕ་ཆོད་འཁྱམ་དུ་ཕྱིནཿ ལྷོ་ཕྱོགས་མྱ་དམ་ཚང་ཞེས་བྱ་བའི་ཚལཿ ལྗོན་པའི་ཤིང་གྲིབ་སྐྱིལ་ཀྲུང་བཅས་ཏེ་བཞུགསཿ དྲང་སྲོང་ཆེན་པོ་འོད་ཟེར་ཅན་ཞེས་དང་ཿ དྲང་སྲོང་ཆེན་པོ་གནས་འཇོག་ཅེས་བྱ་དང་ཿ དྲང་སྲོང་ཆེན་པོ་འགྲོ་སྐྱོད་ལ་སོགས་པཿ དྲང་སྲོང་མང་པོ་མཁའ་ལ་འགྲོ་བ་ལསཿ


PKT001_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༡ན༽སྟེང་དུ་ཕྱིན་པར་མ་ནུས་སོང་ཏུ་བལྟསཿ རྒྱལ་སྲས་སྤྲུལ་སྐུ་དཔལ་དང་གཟི་མདངས་འབརཿ མཚན་བཟང་སྟོབས་ཆེ་ཤུགས་ཅན་བདོག་མཐོང་ནསཿ འདི་དེ་སུ་ཞིག་རྣམ་ཐོས་བུའམ་ནིཿ འཁོར་ལོ་སྒྱུར་བའི་རྒྱལ་པོ་ཞིག་ནི་ཡིནཿ འཇིག་རྟེན་འདི་ན་རྣམ་པ་འདི་ལྟ་བུཿ དྲང་སྲོང་རྣམས་ཀྱིས་དེ་སྐད་སྨྲས་པ་དང་ཿ སྐྱེད་མོས་ཚལ་ནས་ལྗོན་པའི་ལྷ་མོས་སྨྲསཿ རྣམ་ཐོས་བུ་དང་སྟོད་ཕྲག་ཆར་མི་ཉེཿ འདི་དྲུང་ཕྱིན་ན་གང་དང་འགྲན་མི་ནུསཿ དྲང་སྲོང་ཚིག་དེ་ཐོས་པས་ས་ལ་བབསཿ དྲི་མེད་རྒྱལ་སྲས་མཉམ་པར་བཞག་པ་མཐོང་ཿ དྲང་སྲོང་རྣམས་ཀྱིས་བདེན་པའི་ཚིག་བརྗོད་པཿ ཨ་མ་ཧོཿ རིན་ཆེན་སྣ་ཚོགས་ལྗོན་པའི་ཤིང་ཆེན་ལཿ བཀྲ་ཤིས་བྱ་ཚོགས་མང་པོ་སྐད་སྙན་འབྱིནཿ མེ་ཏོག་སྣ་ཚོགས་ལེགས་པར་འཁྲུངས་པའི་ཚལཿ ཆོས་དེ་རྣམ་པའི་མཆོག་ཀུན་ལྡན་བསྒོམ་པཿ པདྨ་རྒྱལ་པོའི་སྐུ་མཆོག་དྲི་མ་མེདཿ སངས་རྒྱས་གཉིས་པ་འཇིག་རྟེན་སྒྲོན་མ་ཁྱོདཿ བདག་ཅག་བསྐལ་པ་སྟོང་དུ་ལྕེ་བརྒྱ་ཡིསཿ ཡོན་ཏན་ཅུང་ཟད་བརྗོད་པར་མ་ནུས་ཚིམཿ ཞེས་བརྗོད་བསྐོར་བ་ལན་བདུན་བྱས་ནས་སུཿ དྲང་སྲོང་རྣམས་ནི་མཁའ་ལ་སོང་བར་གྱུརཿ རྒྱལ་པོ་གཞོན་ནུ་མི་འདུག་གར་སོང་ཞེསཿ གཞོན་ནུ་ཚོལ་ཕྱིན་ལྗོན་པའི་ཤིང་གྲིབ་ལཿ སྐྱིལ་ཀྲུང་བཅས་ནས་ལྟ་སྟངས་མཛད་པ་མཐོང་ཿ རྒྱལ་པོ་ཨིནྡྲ་བོ་དྷིས་དེར་སོང་ནསཿ སྐྱེ་རྒུ་མི་ཟད་གཞན་དག་རྣམསཿ ཟས་དང་སྐོམ་


PKT001_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༡བ༽དང་མི་འབྲལ་ཏེཿ ལོངས་སྤྱོད་ཆེན་པོའི་ཚུལ་བགྱིད་ཅིང་ཿ ཕྱོགས་ཉིད་ཀུན་ཏུ་རྣམ་པར་རྒྱུཿ རྒྱལ་བུ་ཅི་ཕྱིར་ཐུགས་མ་ཕབསཿ སྐྱེས་བུ་གཞོན་ནུ་ལུས་མཛེས་པཿ སྡུག་ཅིང་ཡིད་འོང་གཅིག་པུ་འདིརཿ ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོཿ ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགསཿ སྲོག་དང་ལུས་ལ་མི་ལྟ་བརཿ ཞེ་སར་བཅས་ནས་ཁྱེའུ་མཆོདཿ ཕོ་བྲང་ནང་དུ་བདེ་བར་འདུགཿ ཅེས་བརྗོད་ཁྱེའུས་ཕོ་བྲང་ཕྱིན་པར་གྱུརཿ དེ་ནས་རེ་ཞིག་དུས་ན་བློན་པོ་རྣམསཿ རྒྱལ་པོའི་འདུན་སར་ལྷན་ཅིག་ཚོགས་པ་དང་ཿ བློན་པོ་རྒན་རབས་ཁ་ཅིག་འདི་སྐད་སྨྲཿ རྒྱལ་པོ་ཐུགས་ཀྱིས་མཁྱེན་པས་དགོངས་པར་མཛོདཿ རྒྱལ་བུ་ཕོ་བྲང་ཐུགས་མི་ཕེབས་པ་ནིཿ ཁམས་རྒྱས་ལང་ཚོ་དར་བབ་ཡིད་སྦུབས་འཕེལཿ བཙུན་མོ་བླངས་ན་ཐུགས་ཕབས་གནང་བར་མཛོདཿ ཅེས་གསོལ་རྒྱལ་པོའི་ཐུགས་སུ་ལྷག་པར་གྱུརཿ དེ་ནས་རྒྱལ་པོས་བློན་པོའི་ལན་སྨྲས་པཿ དེ་ལྟར་བྱའོ་སྤྲུལ་སྐུའི་ཚུལ་མཐུན་པའིཿ བུ་མོ་གང་ཞིག་སུ་དག་ཡོད་ལྟོས་ཤིགཿ དེ་ནས་ཆོས་བློན་ཏྲིག་ན་འཛིན་ཞེས་པསཿ ཉིན་མཚན་གཡེལ་བ་མེད་པར་གང་དག་ནསཿ བུ་མོ་བརྒྱ་ཕྲག་སྟོང་ཕྲག་མང་པོ་བསྡུསཿ ཁྱེའུས་ཕོ་བྲང་རྩེ་ནས་གཟིགས་སུ་བཅུགཿ རབ་ཏུ་དགའ་བའི་སེམས་བསྒྱུར་བཙུན་མོར་ཁབཿ ཚུལ་མཐུན་དམ་པ་འདི་ཡིན་གསུང་བར་ཞུཿ བློན་པོས་རིན་ཆེན་མང་པོ་སྦྱིན་དུ་བཅུགཿ རྒྱལ་པོ་ཆེན་པོས་སྲས་ལ་འདི་སྐད་གསོལཿ བདག་


PKT001_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༢ན༽ཅག་རྣམས་ཀྱི་བསམ་པ་ཅི་ཡིན་པཿ ཚིག་འདི་དྲི་མེད་མཆོག་གི་གསན་དུ་གསོལཿ ནི་གུ་གང་དག་འདི་རུ་ལྷགས་གྱུར་པཿ སྤྲུལ་སྐུའི་ཐུགས་སུ་བྱོན་པ་བསྩལ་ལགས་ཀྱིཿ རྒྱལ་སྲས་དྲི་མེད་མཆོག་དེས་ཚིག་སུ་བཅདཿ སུག་བཞི་མི་འཛུགས་བྱོལ་སོང་ཁྱུ་རེ་ཆེཿ བ་ཡུ་ཁོལ་ཐག་ཅན་ཚོས་ཅི་ཞིག་བྱཿ ཆང་མང་འཐུངས་པའི་ར་རོ་ཏོག་ཅོར་ཆེཿ ལྷ་འདྲེས་མ་བརླམས་སྨྱོ་བ་ཡིན་ནམ་ཅིཿ ཉོན་མོངས་ནང་གང་རང་ཉིད་ལྷ་མོར་མཐོང་ཿ སྲོག་མ་བཅད་པའི་རོ་ཚོས་ཅི་ཞིག་བྱཿ དེ་སྐད་གསུངས་ནས་འགོལ་བའི་གནས་ལ་སོང་ཿ རྒྱལ་པོས་བཙུན་མོ་དམ་པ་འདི་ཉན་པཿ དེ་ནས་ཞག་བདུན་བར་དུ་ལན་གྱིས་གསུངསཿ དེ་ནས་པདྨ་རྒྱལ་པོའི་བསམ་པ་ལཿ ཁྱིམ་ཐབ་འདི་ལ་སྦྱར་མ་ཐག་ཏུ་ནིཿ འཐབ་མོ་འཁོན་རྩོད་མྱ་ངན་སྡུག་བསྔལཿ འོན་ཀྱང་ནོར་བུ་འདམ་རྙོག་ཁྲོད་ནས་འོང་ཿ ལམ་གྲོགས་གེགས་མི་བྱེད་པའི་བུད་མེད་དེཿ རྒྱུ་ལམ་བདེ་བའི་རོ་ཡིས་ཚིམ་གྱུར་ནསཿ ཡོ་ག་རྣམ་གསུམ་སྤྱོད་ལ་བསྔགས་པའོཿ དེ་སྙམ་སེམས་ནས་ཡི་གེར་བྲིས་པ་ནིཿ བག་ཡོད་གཟུགས་མཛེས་མི་དགེའི་ཁྱིམ་ནས་འབྱོལཿ ན་ཚོད་རུས་རིགས་དག་པས་སེམས་བསྒྱུར་འོསཿ གཡོ་མེད་མི་ཁྲོ་ཕྲག་དོག་སེར་སྣ་མེདཿ ངོ་ཚ་ཤེས་ཤིང་བག་ཡོད་གཏོང་ལ་མོསཿ འདོད་ཆགས་ཞེ་སྡང་གཏི་མུག་ཤས་ཆུང་བཿ བདག་གི་སེམས་དང་འགལ་བར་མི་བྱེད་དེཿ དེ་འདྲའི་བུ་མོ་མཆིས་ན་


PKT001_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༢བ༽བཀའ་སྩོལ་ཅིགཿ བུ་མོ་ཕལ་པ་མང་ཡང་བདག་འདུན་མིནཿ ཞེས་པ་ལ་སོགས་ཚིག་བཅད་རྒྱལ་པོས་ཐོསཿ རྒྱལ་པོས་ཏྲིག་ན་འཛིན་ལ་བཀའ་སྩལ་པཿ ཏྲིག་ན་འཛིན་ཁྱོད་སིངྒ་ལ་རུ་སོང་ཿ མི་ཁྱིམ་བུ་མོ་ཐམས་ཅད་ལྟོས་ཤོག་གསུང་ཿ ཡོན་ཏན་དེ་ཚད་བུ་མོ་གང་ཡང་རུང་ཿ ཡོངས་སུ་བཟུང་ལ་འདི་རུ་ཁྲིད་ཤོག་གསུངསཿ དེ་ནས་བློན་པོས་ཡུལ་དེའི་ཁྱིམ་ཀུན་བཙལཿ དེ་ལྟ་བུ་ཅིག་ཀྱང་མི་འདུག་ནསཿ སངས་རྒྱས་དུས་སྟོན་བྱེད་པའི་ལྟད་མོ་ལཿ བུ་མོ་ལྔ་བརྒྱ་ལྷན་ཅིག་འདུག་པའི་དབུསཿ བུ་མོ་གཟུགས་མཛེས་ལྟ་ན་སྡུག་པ་མཐོང་ཿ ཁྱོད་ཉིད་སུ་ཡི་བུ་མོ་ཡིན་ཞེས་སྨྲསཿ སུ་ཡི་བུ་མོ་ཡིན་ན་ཅི་བྱེད་ཟེརཿ དབང་པོའི་སྲས་པོ་གཟུགས་ནི་མཛེས་གྱུར་པཿ མངལ་སྐྱོན་མ་གོས་རྫུས་སྐྱེས་པདྨར་འཁྲུངསཿ དེ་ཡི་བཙུན་མོར་ཁྱོད་ཉིད་འོས་སམ་སྙམཿ དགའ་བའི་འཛུམ་སྟོན་བདག་ལ་མིང་སྨོས་ཤིགཿ བུ་མོས་བཞིན་དཀར་སོ་ཡི་མདངས་བསྟེན་ནསཿ བུ་མོའི་ཁྱུ་ནས་ཕ་ཚད་ཅིག་ཏུ་དོནཿ ང་ཡི་མིང་ནི་འོད་འཆང་མ་ཞེས་ཟེརཿ རྒྱལ་པོ་ཙནྡྲ་གོ་མ་ཤིའི་སྲས་མོ་ཡིནཿ མི་མཆོག་ཁྱོད་ཀྱིས་མྱུར་དུ་མཆིས་པར་མཛོདཿ རྒྱལ་པོ་དྷ་ན་ཧ་ཏའི་བུ་ལ་ནིཿ ང་ནི་བག་མར་སང་འགྲོ་གནངས་འགྲོར་ཡོདཿ མི་མཆོག་ཁྱོད་ནི་རྩོལ་བའི་དུས་བབ་སྨྲསཿ དེ་ནས་ཆོས་བློན་ཆེན་པོ་ཏྲིག་ན་འཛིནཿ སིངྒ་ལ་ཡི་རྒྱལ་པོའི་དྲུང་དུ་ཕྱིནཿ རྒྱལ་པོ་ཟླ་བ་གཞོན་ནུར་ཡི་གེ་བསྟནཿ རྒྱལ་པོས་


PKT001_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༣ན༽ཡི་གེ་ཀློག་ནས་ཚིག་སྨྲས་པཿ ཡི་གེའི་ནང་བཞིན་བུ་མོར་ཚང་འདུག་སྟེཿ ཁྱོད་ཕྱིས་རྒྱལ་པོ་དྷ་ཧའི་བུ་ལ་བྱིནཿ དེ་ལ་མྱུར་དུ་གུད་དུ་འགྲོ་དགོས་ཡོདཿ ཅེས་ཐོས་བློན་པོ་ཡིད་འཁྱོག་མྱུར་བར་ཕྱིནཿ རྒྱལ་པོས་སུ་ལ་དེ་ལྟར་ཡོད་ཅེས་དྲིསཿ བློན་པོས་རྒྱལ་པོ་ཟླ་བ་གཞོན་ནུ་ལཿ བུ་མོ་ཡོན་ཏན་དེ་དག་ཚང་བར་མཆིསཿ འོང་བར་མི་སྣང་དྷ་ཧའི་བུ་ལ་ཐལཿ ཞེས་སྨྲས་ཡོན་ཏན་ཨེ་ཚང་རྒྱལ་བུར་འདྲིཿ བུ་མོ་ལྔ་བརྒྱ་ལྷན་ཅིག་ཁྲིད་ལ་ཤོགཿ རིན་ཆེན་མང་པོའི་སྦྱིན་པ་བྱེད་དུ་འཇུགཿ ཡིད་བཞིན་ནོར་བུ་གང་ལ་བྱིན་དེ་ཡིནཿ ཞེས་གསུངས་དེ་ནས་བློན་པོས་སིངྒར་ཕྱིནཿ རྒྱལ་སྲས་མཆོག་དེ་ནོར་བུ་སྦྱིན་པར་གཏང་ཿ བུ་མོ་ལྔ་བརྒྱ་རིན་ཆེན་ལེན་དུ་གཤེགསཿ ཞེས་བརྗོད་ལྔ་བརྒྱ་ལྷན་ཅིག་ཁྲིད་ནས་འོངསཿ ཕོ་བྲང་ཕྱི་རོལ་རིན་ཆེན་མང་པོ་སྤུངསཿ རྒྱལ་སྲས་མཐོ་བའི་པདྨའི་ཁྲི་ལ་འདུགཿ ཁྲི་ཡི་གཡོན་དུ་རིན་ཆེན་སྟོད་མི་བཞགཿ བུ་མོ་བཞི་བརྒྱ་དགུ་བཅུ་གོ་དགུ་ནིཿ རིན་ཆེན་བླངས་ཤིང་ལྟ་མི་བཟོད་པར་སོང་ཿ ཕྱི་ན་བལྟ་ན་སྡུག་ཅིང་ཡིད་འོང་ཞིགཿ མདུན་དུ་ཐལ་སྦྱར་ཞུས་བཙུགས་ཞལ་ལ་ལྟཿ ཚིག་སུ་བཅད་པས་རྒྱལ་སྲས་སྐུ་ལ་བསྟོདཿ


PKT001_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོཿ རྒྱལ་སྲས་ཁྱོད་ཀྱི་གཟུགས་ནི་བལྟས་མི་ངོམསཿ བཻ་ཌཱུཪྱ་འདྲ་སྐུ་མདོག་དཀར་རྣམས་དང་ཿ བྱུ་རུའི་མདོག་འདྲ་དམར་པོ་ཟངས་འདྲ་བསཿ ཁྱོད་ལ་དཔེ་ནི་བགྱི་བར་མ་ནུས་ཏེཿ བདག་ནི་ཁྱོད་


PKT001_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༣བ༽གཟུགས་བལྟ་བས་རབ་ཏུ་སྒོམཿ ཐུགས་རྗེས་ཆབ་ཀྱིས་བདག་ལ་ཚིམ་པར་མཛོདཿ འདྲེན་པ་ཁྱོད་ནི་བདག་ལ་མི་དགྱེས་སམཿ ཞེས་བསྟོད་མཆི་མ་མང་དུ་ཕྱུང་བ་དང་ཿ པདྨ་རྒྱལ་པོས་ཡིད་བཞིན་ནོར་བུ་བླངསཿ བཞིན་གྱི་དཀྱིལ་འཁོར་འོད་འཆང་མ་ལ་བསྟནཿ མི་དབང་ཟླ་བའི་སྲས་མོ་འོད་འཆང་ཁྱོདཿ ཁྱོད་དང་ཟུར་འདྲ་ཙ་མས་ས་སྟེང་མེདཿ རྟག་པར་ཁོར་ཡུག་ཏུ་ནི་ཁྱོད་ཉིད་དྲནཿ བདག་ནི་བདེ་བར་གཤེགས་པ་མཐོང་བར་སྒོམཿ མཐོང་བའི་ཆུ་བསིལ་བདག་ལ་སྩལ་དུ་གསོལཿ ཞེས་བརྗོད་ཡིད་བཞིན་ནོར་བུ་བྱིན་པ་དང་ཿ བཙུན་མོ་འོད་འཆང་མས་བླངས་ཚིགས་སུ་བཅདཿ རྒྱལ་སྲས་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ལསཿ ལས་ངན་ལམ་དང་བྲལ་བ་བདག་ཡིན་ནཿ ཐིགས་པ་གཅིག་ཙམ་ཐུགས་བརྩེར་གྱུར་པ་ལཿ བདག་གིས་དོགས་སར་པུས་མོ་བཙུགས་ནས་སུཿ རྒྱལ་སྲས་གཟུགས་སྒོམ་ཤིན་ཏུ་མྱ་ངན་སེམསཿ འདྲེན་པའི་སླད་དུ་སྙིང་རྗེའི་སྐད་ཀྱིས་ངུ་ཿ ཞེས་གསོལ་ཡིད་བཞིན་ནོར་བུ་ཕྱག་གཏོད་སོང་ཿ དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཡིསཿ རྒྱལ་པོ་ཟླ་བ་གཞོན་ནུར་ཡི་གེ་བསྲིངསཿ རྒྱལ་པོ་ཁྱོད་ནི་བསོད་ནམས་རྒྱ་མཚོའི་དབུསཿ འོད་འཆང་མཛེས་པའི་ཡོན་ཏན་རྣམས་ཀྱིས་བརྒྱནཿ ལྷ་མོའི་གཟུགས་འཛིན་མ་ནི་བདག་བུར་བྱིནཿ ཞེས་པའི་ཡི་གེ་རྒྱལ་པོས་མཐོང་བ་དང་ཿ རྒྱལ་པོ་ཟླ་བ་གཞོན་ནུས་ལན་བསྐུར་བཿ རྒྱལ་པོའི་དབང་པོ་དམ་པ་ཨིནྡྲ་ཡིཿ


PKT001_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༤ན༽བུ་དེ་སྙིང་སྟོབས་དམ་པ་མཆོག་གྱུར་ཅིང་ཿ གང་གིས་བུ་མོ་བདེ་བར་བྱས་པ་ཡིནཿ དྷ་ཧའི་བུ་ལ་བསྟན་པ་འདི་བཤད་ཟིནཿ རྩོད་པར་ཆས་ལ་ལྟ་བས་བདག་ཀྱང་དོགསཿ སྤྲོ་ཞིང་སྐྱེས་ཀྱི་འགྲོགས་པས་ཞེ་མ་ཆོཿ ཡིག་ལན་མཐོང་བས་རྒྱལ་པོ་ཡིད་མ་བདེཿ རྒྱལ་སྲས་དམ་པ་དེ་ལ་རྒྱལ་པོས་སྨྲསཿ འོད་འཆང་མཚན་དེ་ཤིན་ཏུ་ཚང་མཆིས་ནཿ དེ་ནི་ཐབས་ཀྱིས་བཙུན་མོར་བླང་བར་བགྱིཿ ཞེས་གསུངས་དེ་ནས་སྲས་ཀྱིས་ལན་གསོལ་པཿ སེམས་ཅན་དམ་པ་དེ་ནི་ཡོན་ཏན་ལྡནཿ ཉམ་ཆུང་མུན་པ་འཐིབས་པོར་གནས་པར་གྱུརཿ ཡབ་གཅིག་གསོན་ནམ་འོན་ཏེ་ཤིའམ་ཅིཿ གཞོན་པ་མགྱོགས་པས་མྱུར་དུ་ཕོ་བྲང་བཀྲིསཿ ཞེས་གསུངས་རྒྱལ་པོས་བློན་པོར་བཀའ་བསྒོས་པཿ འདི་ལྟར་བློན་པོ་མྱུར་དུ་དེར་སོང་ལཿ བྲམ་ཟེ་རྟེན་འབྲེལ་མཁན་པོ་བོས་ཤོག་གསུང་ཿ རྒྱལ་པོས་བྲམ་ཟེ་རྟེན་འབྲེལ་མཁན་པོ་དེཿ རིན་ཆེན་མང་པོ་བྱིན་ཏེ་ཚིམ་པར་བྱསཿ བདག་བུ་སྡུག་ཅིང་ཡིད་འོང་གཅིག་པུ་འདིཿ ཟླ་བའི་བུ་མོ་འོད་འཆང་མ་ཡིས་ཟིནཿ རྒྱལ་པོ་དྷ་ཧའི་བུ་ལ་ཐལ་ཟིན་སྨྲེདཿ བག་མར་འགྲོ་བའི་ལམ་དུ་ཞུགས་པའི་ཚེཿ བུ་མོ་དེ་ཡི་ལག་པ་གཡས་གཡོན་ལཿ སྔགས་བཏབ་ལྕགས་ཀྱི་ཕྱེ་མ་འདི་ཉིད་ནིཿ སེན་མོའི་བར་དུ་ཟར་མའི་ཆུས་སྦྱོར་རྫོངསཿ ཞེས་གསུངས་རྒྱལ་པོའི་བཀའ་ནི་གཉན་


PKT001_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༤བ༽པའི་ཕྱིརཿ བྲམ་ཟེས་ཁས་བླངས་དམ་བཅས་མནའ་བོར་རོཿ དེ་ནས་དུས་བབ་བག་མར་འགྲོ་བ་ལཿ ཡུལ་ཚོས་བུ་མོ་འབུམ་ཕྲག་མང་པོའི་གསེབཿ ཆ་ལུགས་འདྲ་འདྲ་མི་ཤེས་བྱས་ནས་གཏོང་ཿ ལྟད་མོ་བལྟ་བ་དམར་ནག་ཁྲོམ་དུ་འཁྱིལཿ བློན་པོ་ཏྲིག་ན་དཔོན་གཡོག་ལྔ་བརྒྱར་བཅསཿ ལག་ཏུ་ལྕགས་ལན་རྡོ་བཟུང་མིའི་སྲང་བསྡདཿ དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཡིསཿ ཕོ་བྲང་རྩེ་བརྒྱད་དར་དང་རྒྱལ་མཚན་ཕྱརཿ རྒྱལ་མཚན་རྩེ་ལ་ཡིད་བཞིན་ནོར་བུ་བཏགསཿ ཕྱོགས་བཞིར་ཕྱག་བཙལ་གསོལ་བ་འདི་སྐད་བཏབཿ ང་ཡིས་རྙེད་པའི་ཡིད་བཞིན་ནོར་བུ་འདིཿ བསམ་འཕེལ་དགོས་དགུ་འབྱུང་བ་ཡིན་གྱུར་ནཿ ཡོན་ཏན་ལྡན་པའི་བུ་མོ་འོད་འཆང་མཿ འཁོར་གཡོག་ལྔ་བརྒྱར་བཅས་པ་འདིར་ཤོག་ཅིགཿ དེ་སྐད་བརྗོད་པས་བཙུན་མོ་འོད་འཆང་མཿ འབུམ་ཕྲག་ཕྱེད་སོང་ཕྱེད་ན་ཡོད་པ་ལསཿ བློན་པོ་ཏྲིག་ན་ཡོད་པའི་མདུན་ས་དེརཿ རང་དབང་མེད་པར་ལག་གཉིས་ཐེན་བཞིན་བྱེདཿ བློན་པོ་འཁོར་བཅས་རང་གི་ཡུལ་ཕྱོགས་འོངསཿ ཕྱི་ལ་འོད་འཆང་དཔོན་གཡོག་ལྔ་བརྒྱ་བྱུང་ཿ བག་མ་ཕྲོགས་ཟེར་ཕྱི་ལ་མང་པོ་འཐབཿ གིང་ཆེན་བཞི་ཡིས་འོད་ལེའི་སྟེང་ལ་ཁྱེརཿ ནམ་མཁའི་དབྱིངས་ལ་རེས་མཐོང་རེས་མི་མཐོང་ཿ ཐོར་ཅོག་དགུ་ལྡན་ཕོ་བྲང་ནང་དུ་བབསཿ རྒྱལ་པོ་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ནསཿ སྤྲུལ་སྐུ་འཇིག་རྟེན་ཆོས་དང་ཿ


PKT001_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༥ན༽མཐུན་བྱའི་ཕྱིརཿ རྒྱལ་པོ་གཞན་ཞིག་བུ་མོ་བླངས་པའི་ཚུལཿ བློན་པོས་མིང་འབོད་ལམ་ནས་འོངས་བ་མཐོང་ཿ བློན་པོ་དེ་ཉིད་ཤིན་ཏུ་སེམས་དགའ་སྟེཿ གླང་ཆེན་ཞོན་ནས་འོད་འཆང་བལྟ་ཕྱིར་འོངསཿ བུ་མོ་ལྔ་བརྒྱས་འོད་འཆང་ཁྲུས་ནས་བྱུང་ཿ ཤིན་ཏུ་ཁྲུས་བགྱིས་ཤིན་ཏུ་རྒྱན་བརྒྱན་ནསཿ མཐོང་བས་དགའ་བས་བཙུན་མོ་ལྟ་བར་བྱེདཿ སྟན་བཟང་སྟེང་དུ་ཕྱིན་ཏེ་དགའ་མགུར་སྤྱོདཿ བུ་མོ་བརྒྱ་སྟོང་འབུམ་ཕྲག་ནང་ནས་ཀྱང་ཿ འོད་འཆང་མིན་བཙུན་མོ་མཆོག་དབང་བསྐུརཿ རྒྱལ་སྲས་མཆོག་ལ་མཆོད་པའི་ལས་བྱེད་དོཿ ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པསཿ དགའ་བའི་སྒྲ་འབྱིན་ཕོ་བྲང་ནང་དུ་རྩེཿ ཕོ་བྲང་མཁར་བརྒྱད་ལྷ་ཁང་ཁྱིམ་ལྟ་བུཿ སྒོ་ཁང་རྟ་བབས་སྐར་ཁུང་བསིལ་ཁང་དང་ཿ རིན་ཆེན་སྣ་ཚོགས་བརྒྱན་པའི་ཁྱིམ་ན་འདུགཿ ཡོ་བྱད་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ལཿ བཙུན་མོའི་འཁོར་རྣམས་ལྷ་ཡི་བུ་མོ་འདྲཿ ལྟ་སྤྱོད་མཐུན་ཅིང་ཁ་ན་མཐོ་མེདཿ བུད་མེད་ཚོགས་ཀྱི་སྤྱོད་ལམ་ཡིད་དུ་འོང་ཿ མཛའ་བོ་གཉེན་བཤེས་ཡིད་དག་དགའ་མཆིད་སྨྲཿ ཤིང་རྟའི་འཁོར་ལོ་གྱད་ཆེན་བཞིས་སྒྱུར་ནསཿ ཕོ་བྲང་ཕྱོགས་བཞིར་ཉིན་བཞིན་སྐྱོ་བསངས་བྱེདཿ རོལ་མོ་མང་པོའི་བྱེ་བྲག་བསམ་མི་ཁྱབཿ ལོ་ལྔའི་བར་དུ་ཕོ་བྲང་གནས་པར་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཨུ་རྒྱན་


PKT001_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༥བ༽ཡུལ་དུ་རྒྱལ་སྲིད་བཟུང་བའི་ལེའུ་སྟེ་ཉི་ཤུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousཨུ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་བའི་ལེའུ། next