Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

39 occurrences of འབངས་མི་
[Clear Hits]


 
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
 
  
དུར་ཁྲོད་བསིལ་བའི་ཚུལ་དུ་བཞུགས་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
 
 
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
 
 
  
 
  
  
 
  
  
 
  
  
  
  
  
  
  
  
  
  
  
  
 
 
 
 
  


39 occurrences of འབངས་མི་
[Clear Hits]

 
previousདུར་ཁྲོད་བསིལ་བའི་ཚུལ་དུ་བཞུགས་པའི་ལེའུ། next

དུར་ཁྲོད་བསིལ་བའི་ཚུལ་དུ་བཞུགས་པའི་ལེའུ།


PKT001_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྔ་ལྡན་ཡུལ་དུས་རུབ་ནསཿ རྒྱལ་བུས་རྟ་མཆོག་སྟེང་ནས་ས་ལ་བབསཿ རྒྱ་གར་བཀའ་སྐྱོང་བྲག་ཕུག་བྱ་བར་བཞུགསཿ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནསཿ སྒྲུབ་པ་ཞག་བདུན་མཛད་པས་གྲུབ་པ་ཐོབཿ ཞི་བའི་ལྷ་ཚོགས་ནམ་མཁའི་འཇའ་ཚོན་ལྟརཿ སྣང་ལ་རང་བཞིན་མེད་པ་མེ་ལོང་གཟུགསཿ ཞལ་མཐོང་མཆོག་དང་ཐུན་མོང་གཉིས་གྲུབ་ནསཿ སྐྱེ་ཤི་མེད་པ་ཚེ་ཡི་རིག་འཛིན་ཐོབཿ དེ་ནས་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམསཿ དཔག་ཚད་ལྔ་འདས་དུར་ཁྲོད་བསིལ་བའི་ཚལཿ རོ་མྱགས་ཚལ་དང་འདམ་བུའི་ཚལ་ཀྱང་ཟེརཿ མཐའ་སྐོར་དཔག་ཚད་ཕྱེད་དང་གཉིས་ཡོད་པའིཿ རིན་ཆེན་ས་ལྟེ་ལྟ་བུ་ཡོད་པ་ལཿ ཁོད་སྙམས་ལག་མཐིལ་ལྟ་བུར་མཐོ་དམའ་མེདཿ དེ་ཉིད་དབུས་ན་ལྷ་ལས་བབས་པ་ཡིཿ མཆོད་རྟེན་བདེ་བྱེད་བརྩེགས་པ་ཞེས་བྱ་བཿ ཕྱི་ནི་མཆོད་རྟེན་ནང་ནི་གཞལ་ཡས་ཁང་ཿ རྒྱུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་


PKT001_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༢བ༽པཿ སྒོ་ནི་ཟངས་ལ་བྱས་ཤིང་གསེར་གྱིས་བྱུགསཿ འཁོར་ལོ་གདུགས་དང་བུམ་པ་བྲེ་དང་བཅསཿ དྲིལ་བུ་ཚར་དངར་སྒྲ་ནི་སྣ་ཚོགས་འབྱུང་ཿ ཕྱོགས་བཞི་དག་ན་སྟོན་པའི་སྐུ་རྟེན་རེཿ དུར་ཁྲོད་བྱང་ཤར་འཇིག་རྟེན་ལྷ་ཆེན་རྟེནཿ དཔག་བསམ་ཤིང་ནི་བྷ་ས་ལ་ཞེས་ཟེརཿ དུར་བྱའི་ཚོགས་ནི་དཔག་ཏུ་མེད་པ་གནསཿ འཇིག་རྟེན་ལྷ་ནི་དགའ་བྱེད་ཤྭ་ར་ཞེསཿ ཞོན་པ་སེང་གེ་ནག་པོ་ལ་ཞོན་ནསཿ ལག་པར་མདུད་ནག་རྩེ་མོ་གསུམ་པ་ཐོགསཿ གོས་སུ་ལེ་བརྒན་དམར་པོའི་འཇོལ་བེར་གསོལཿ འགྲོ་བའི་སྲོག་ལན་ཐོགས་པ་མེད་པའི་འཁོརཿ བྱེ་བ་དང་བཅས་ལྷ་སྲིན་སྡེ་བརྒྱད་འདུཿ དེ་ན་མཁའ་འགྲོ་མ་ནི་དཔག་མེད་གནསཿ ལ་ལའི་མིག་ནས་ཉི་མའི་འོད་ཟེར་འབྱུང་ཿ ལ་ལ་འབྲུག་གི་སྒྲ་སྒྲོགས་མ་ཧེ་ཞོནཿ ལ་ལ་གྲི་ཐོགས་མིག་ནི་འབྲུ་ཚུགས་ལྟཿ ལ་ལ་ཐོད་བརྩེགས་ཐོགས་ན་སྟག་ལ་ཞོནཿ ལ་ལ་མི་རོ་ཐོགས་ནས་སེངྒེ་ཞོནཿ ལ་ལ་རྒྱུ་མ་ཟ་ཞིང་ཁྱུང་ལ་ཞོནཿ ལ་ལ་མདུང་རྩེ་མེ་འབར་ལྕེ་སྤྱང་ཞོནཿ ལ་ལ་ཁྲག་མཚོ་རློབ་ཅིང་གདོང་ལྔ་བཿ ལ་ལ་ལག་པ་དཔག་ཏུ་མེད་པ་ནཿ སེམས་ཅན་རིགས་བྱེད་རྣམ་པ་མང་པོ་ཐོགསཿ ལ་ལ་རང་གི་མགོ་བཅད་ལག་ན་ཐོགསཿ ལ་ལ་རང་གི་སྙིང་ཕྱུང་ལག་ན་ཐོགསཿ ལ་ལ་རང་གི་ཁོག་པ་ཁ་ཕྱེ་ནསཿ ནང་ཁྲོལ་རྒྱུ་མ་གཟིངས་ཤིང་ཟ་བར་བྱེདཿ ལ་ལ་ཕོ་མཚན་མོ་མཚན་ངོམ་ཞིང་སྦེདཿ རྟ་དང་བ་ལང་གླང་པོ་ཞོན་པ་གནསཿ དབུས་ན་དག་བྱེད་


PKT001_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༣ན༽སྐྱི་བུང་མཚོ་ཡོད་པརཿ དུར་ཁྲོད་གནས་པའི་སྲོག་ཆགས་དཔག་མེད་གནསཿ འགྲོ་བ་རྣམས་ཀྱིས་སྐད་ཅིག་རྒྱུ་མི་ནུསཿ སྲོག་དངོས་ལེན་ཅིང་ཟ་བར་བྱེད་པའི་གནསཿ གདུལ་བྱ་ཕྱིན་ཅི་མ་ལོག་འདུལ་དགོངས་ནསཿ པདྨ་རྒྱལ་པོ་ཉིད་ཀྱིས་དེར་བྱོན་ཏེཿ བམ་རོ་གསར་རྙིང་མང་པོའི་ཁྲི་ལ་བཞུགསཿ དུར་ཁྲོད་གནས་པའི་རབ་འཇིགས་སྲོག་ཆགས་ཀྱིསཿ ཁྱད་དུ་འཕགས་པའི་ཤིང་ཐོག་མང་པོ་ཕུལཿ མཁའ་འགྲོ་མ་རྣམས་ཕྱག་བྱས་རབ་ཏུ་འདུདཿ དབུས་ཀྱི་མཆོད་རྟེན་སྐུ་ཡི་རྒྱབ་བརྟེན་ནསཿ ལོ་ལྔ་བཞུགས་ནས་ཁྱད་པར་ཐེག་པ་དགུཿ མཁའ་འགྲོ་མ་ཚོགས་རྣམས་ལ་ཆོས་བསྟན་ཏོཿ ཡུལ་དེའི་ཆོས་ལུགས་རྒྱལ་པོའི་བཙུན་མོའམཿ དྲག་དྲག་མགོ་ཅན་ཤི་བར་གྱུར་པ་ནཿ དུར་ཁྲོད་དེ་རུ་ཅི་འཁྱོལ་བྱེད་པ་ལཿ རོ་གོས་རས་ཡུག་རེ་ཡིས་སྒྲིལ་ནས་སུཿ མི་ནི་ཤི་ཚད་དུར་ཁྲོད་དེ་རུ་སྐྱེལཿ རོ་ཟས་འབྲས་ཆན་ཁལ་རེ་སྔས་བཅུག་འཇོགཿ པདྨ་རྒྱལ་པོས་བརྟུལ་ཞུགས་སྤྱོད་པ་བསྐྱོངསཿ རོ་བརྒྱགས་འབྲས་ཟོས་རོ་གོས་རས་ཡུག་གྱོནཿ ན་མ་ཞིག་ཡུལ་དེར་མུ་གེ་ཆེན་པོ་བྱུང་ཿ ཕལ་ཆེར་ཤི་ནས་རོ་བརྒྱགས་འབྲས་སྐྱལ་ཆདཿ རོ་གོས་རས་ཡུག་རེ་ཡིས་གྲིལ་ནས་བསྐྱལཿ པདྨ་རྒྱལ་པོས་བམ་རོའི་སྒྲུབ་པ་མཛདཿ ཟས་སུ་རོ་ཟོས་གོས་སུ་རོ་གོས་གྱོནཿ ཀོ་རཱི་མ་བརྒྱད་མཁའ་འགྲོ་དབང་དུ་བསྡུསཿ གོའུ་ཤོད་ཕྱིན་བརྟུལ་ཤུགས་སྤྱོད་པ་མཛདཿ ཕོ་བྱུང་


PKT001_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༣བ༽བསྒྲལ་ནས་མ་མོ་མཁའ་འགྲོ་མཆོདཿ མོ་བྱུང་སྦྱོར་བ་བྱས་ནས་དབང་དུ་བསྡུསཿ ཡུལ་དེའི་རྒྱལ་པོ་ཨ་རྟི་ཞེས་པ་ཡིཿ བཙུན་མོ་སྦྲུམ་མ་གཅིག་གི་རོ་བཤས་པསཿ ཁོད་པའི་ནང་ནས་བུ་མོ་མ་ཤི་བྱུང་ཿ འདི་ལ་ང་ཡི་མུ་དྲ་བྱའོ་སྙམཿ རྒྱལ་པོའི་ཐུགས་ལ་མ་ལྡན་བསྙས་པར་སོང་ཿ ཡུལ་མི་ཐམས་ཅད་ལོག་ནས་ལིངས་ལ་བཏང་ཿ རྒྱལ་བུ་དྷརྨྨ་ཤྲཱི་ཞེས་རྩལ་ལྡན་ཞིགཿ ལུང་པའི་མདོ་རུ་མཚོན་ཐོགས་བསྒུག་ཏུ་བཅུགཿ རྔོན་པས་ལུང་པ་བཤུས་ནས་མདའ་ལ་དེདཿ དྷརྨྨས་ཤཱཀྱ་སེངྒེའི་མིག་སྔ་ནསཿ འོད་མའི་མདའ་གཞུ་འཕངས་པས་མིག་ཕོག་ཤིཿ མ་སོད་ལུང་པའི་མདའ་ལ་ཤོར་བ་ཡིསཿ བདུད་པོ་ཤོར་བ་གཞོན་ནུ་ཞེས་མཚན་བཏགསཿ དེར་ནི་འགྱོད་པ་དྲག་པོ་སྐྱེས་པ་ཡིསཿ མཁའ་འགྲོས་བརྟུལ་ཞུགས་སྤྱོད་པའི་མཆོད་རྟེན་བཞེངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དུར་ཁྲོད་བསིལ་བའི་ཚུལ་དུ་བཞུགས་པའི་ལེའུ་སྟེ་ཉེར་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ


previousདུར་ཁྲོད་བསིལ་བའི་ཚུལ་དུ་བཞུགས་པའི་ལེའུ། next