Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousརྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པའི་ལེའུ། next

རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པའི་ལེའུ།


PKT001_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བོ་ལ་ཕྱི་ཐུབ་པའི་ཐེག་པ་གསུམཿ ནང་སྔགས་ཀྱི་ཐེག་པ་གསུམཿ དེ་ནས་ཀུན་དགའ་འོད་སྲུངས་ཆོས་ཞུ་བའིཿ བར་སྐབས་བར་སྐབས་སུ་མི་ཏྲ་ཡིས་གསོལཿ དགེ་སློང་ཆེན་པོ་འདི་ཙམ་ནང་ནས་ནིཿ བཅོམ་ལྡན་འདས་ཀྱི་ཞམ་རིང་ཁྱོད་བྱེད་པཿ འདི་ནི་དགོས་ཆེད་ཡོད་ཀྱིས་ནན་ཏན་གསུངསཿ ཀུན་དགའ་བོས་ནི་གུས་པས་ཉོན་ཅིག་གསུང་ཿ ང་ནི་འཇིག་རྟེན་ཁམས་ན་རྩོད་པ་མེདཿ རྩོད་མེད་ཆོས་འདི་སངས་རྒྱས་ཞལ་ནས་གསུངསཿ ཐུབ་པ་ཉི་ཤུ་རྩ་དགུ་ཁབ་ཏུ་གནསཿ ཆོས་ལ་དཀའ་བ་སྤྱད་པ་ལོ་དྲུག་སྟེཿ མཉན་ཡོད་ལེགས་པའི་སྐར་མས་ཉི་ཤུ་བཞིཿ དགེ་སློང་ལེགས་པའི་སྐར་མ་ཞེས་བྱ་བཿ མདོ་སྡེ་བཅུ་གཉིས་སྡེ་ནི་བློ་ནས་འཆདཿ དོན་མི་སྒོམ་ཞིང་ཚིག་ལ་འཆེལ་པ་ལཿ ཐུབ་པས་ཞི་བ་


PKT001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༧བ༽ལ་ནི་མི་འཇུག་པའིཿ ཚིག་ལ་མཁས་པ་མཁས་པ་མ་ཡིན་ཏེཿ མི་གཡོ་དོན་ལ་མཁས་ན་མཁས་པ་ཡིནཿ ཞེས་གསུངས་ལེགས་པའི་སྐར་མ་ལོག་ལྟ་སྐྱེསཿ ཐུབ་པའི་མཚན་བཟང་སུམ་ཅུ་རྩ་གཉིས་དང་ཿ བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་དང་ཿ འོད་ནི་འདོམ་གང་ཡོད་པའི་སྐུ་མཆོག་ལཿ ལོ་ནི་ཉི་ཤུ་རྩ་བཞིར་ཁྱོད་གཡོག་བྱསཿ ཡོན་ཏན་ཏིལ་འབྲུ་ཙམ་ཞིག་ངས་མ་མཐོང་ཿ རྒྱལ་པོ་ཟས་གཙང་རྒྱལ་ས་མ་ཟིན་པརཿ གོ་མ་ཆོད་ཀྱི་མི་འཁྱམས་རྐང་འདྲེན་ལསཿ ཆོས་ནི་ང་མཁས་མཉམ་པའི་གཡོག་མི་བྱེདཿ ཅེས་སྨྲས་ཕྱི་རོལ་དམ་གྲོག་དཔག་ཚད་དང་ཿ ཐུབ་པའི་དབང་པོས་རྡོ་རྗེ་གདན་དུ་བྱོནཿ བྱང་ཆུབ་ཤིང་དྲུང་སེངྒེའི་ང་རོ་སྒྲོགསཿ ཀྭའི་ཀྭའི་ཀྭའིཿ ཚེ་དང་ལྡན་པ་ཐམས་ཅད་འདུས་ཤོག་གསུངསཿ དེ་ནས་དགེ་འདུན་ཐམས་ཅད་འདུས་པ་ལསཿ ལེགས་པའི་སྐར་མ་ཁོ་ནི་ཁྲོས་ཏེ་སོང་ཿ ཁྱེད་རྣམས་སུ་ཡི་ང་ཡི་ཉེ་གནས་བྱེདཿ དགྲ་བཅོམ་རྣམས་ཀྱིས་གུས་པའི་ཕྱག་འཚལ་ཏེཿ པུས་མོ་གཡས་པའི་ལྷང་ས་ལ་བཙུགསཿ ཁྱོད་ཀྱི་ཞམ་རིང་ངེད་ཀྱིས་བྱེད་པར་ཞུསཿ ཐུབ་དབང་ཞལ་ནི་ནག་རོག་བསྟན་ནས་སུཿ ཁྱོད་རྣམས་ཅི་ཕྱིར་ང་ཡི་ཉེར་གནས་བྱེདཿ ན་སོ་རྒས་ཤིང་འབྱུང་བ་རྒུན་ནས་མེདཿ ཚེ་དང་ལྡན་པ་རྣམས་ཀྱིས་མཉམ་པར་བཞགཿ ཐུབ་དབང་ཐུགས་ཀྱི་རྩེ་མོ་གང་ལ་གཏདཿ དགྲ་བཅོམ་རྣམས་ཀྱི་ཡེ་ཤེས་སྤྱན་གྱིས་གཟིགསཿ དགེ་སློང་


PKT001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༨ན༽པཱུརྞ་ཤཱི་ལར་གཏད་པ་ནིཿ མཽ་གལ་གྱི་བུ་ཡིས་མཐོང་ནས་སུཿ དགྲ་བཅོམ་པ་ནི་ལྔ་བརྒྱས་པཱུརྞ་ལཿ ཕྱག་འཚལ་ཐུབ་པ་ཞམ་རིང་གྱིས་ཤིག་བརྗོདཿ ཐུབ་པའི་དབང་པོས་ཀུན་དགའ་ལེགས་སོ་གསུང་ཿ ཞལ་གྱི་དཀྱིལ་འཁོར་འཛུམ་པའི་མདངས་ཀྱང་བསྟནཿ ང་ཡིས་ཉེར་གནས་མི་ཡོང་བྱེད་དགོས་ནཿ བཅའ་བ་རྣམ་པ་འདི་གསུམ་གནང་བར་ཞུཿ ལྟོ་དང་གོས་ནི་རང་ལ་ཟ་བ་དང་ཿ ངས་ནི་ཞུ་བ་གང་ཞུས་གནང་བ་དང་ཿ ང་མེད་ཤུལ་དུ་ཆོས་མི་གསུང་དང་གསུམཿ འདི་གསུམ་བཅོམ་ལྡན་འདས་ཀྱིས་གནང་བར་མཛོདཿ ཐུབ་དབང་འཛུམ་པའི་ཉ་རྒྱས་ཟླ་ཞལ་བསྟནཿ ཀུན་དགའ་བོ་ཁྱོད་ལེགས་སོ་ལན་གསུམ་གསུང་ཿ ང་ཡི་དྲི་བ་དང་པོར་སྔ་བར་ནིཿ དགེ་སློང་ལེགས་པའི་སྐར་མ་ཇི་ལྟར་དྲིསཿ ཆོས་ཀྱི་བདག་ཉིད་སངས་རྒྱས་དེ་ཞལ་ནསཿ ཐོས་མང་དགེ་སློང་ལེགས་པའི་སྐར་མ་འདིཿ ད་སྟེ་ཞག་བདུན་ཚོ་ཡི་དུས་བྱས་ནསཿ མེ་ཏོག་ལྡུམ་རར་ཡི་དྭགས་ཞིག་ཏུ་སྐྱེཿ ཀུན་དགའ་བོ་ཡིས་ལེགས་སྐར་མདུན་དུ་ཕྱིནཿ སངས་རྒྱས་གསུང་ངོ་རྣ་བར་བཏབ་པ་དང་ཿ ལེགས་པའི་སྐར་མས་སེམས་ལ་ཟོན་བཅུག་སྟེཿ རེས་འགའ་ཁོ་ཡི་བརྫུན་དེ་བདེན་གྱི་ཡོདཿ ཞག་བདུན་ནངས་པར་ཞེ་ཁྲེལ་འདེད་དགོས་སྙམཿ ཞག་དྲུག་བར་དུ་འདུག་ས་གཅིག་ཏུ་བསྡདཿ སྨྱུང་སྦྱངས་རྒྱུན་བཅད་ཟ་མ་མ་ཟོས་སོཿ ཞག་བདུན་འགྲོ་བའི་ནུབ་མོ་ཁ་བསྐམས་


PKT001_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༨བ༽ནསཿ ཆུ་འཐུངས་ཆུ་མ་འཇུ་བར་ཚེ་དུས་བྱསཿ ཀུན་དགའ་བོ་ཡིས་ནང་ཞོགས་ལྟ་རུ་ཕྱིནཿ ཇི་ལྟ་བ་བཞིན་གྱུར་ཏེ་ངེས་ཤེས་སྐྱེསཿ དེ་ནས་མེ་ཏོག་ལྡུམ་རར་ཕྱིན་པ་དང་ཿ ཡི་དྭགས་ཆེན་པོ་ལྟར་མི་བཟོད་པའི་ལུསཿ ཐུབ་པའི་དབང་པོ་གར་བཞུགས་རྒྱབ་བསྟན་འདུགཿ དེ་བཞིན་ཆོས་སྨྲས་རྣ་བ་ལག་པས་འགེབསཿ རྐྱེན་དེས་བྱས་ཏེ་བདག་གིས་ཞམ་རིང་བྱསཿ ལེགས་པའི་སྐར་མ་ལོ་གྲངས་ཉི་ཤུ་བཞིཿ ཀུན་དགའ་བོས་ནི་ལོ་གྲངས་ཉི་ཤུ་གཅིགཿ ཐུབ་དབང་སུམ་ཅུ་སོ་ལྔའི་ལོ་ལོན་ནསཿ སྐྱེ་བ་ལྕགས་ཕོ་ཁྱི་ཡི་ལོ་ལ་ནིཿ སྔོན་ཆད་མ་བསྐོར་ཆོས་ཀྱི་འཁོར་ལོ་བསྐོརཿ རྡོ་རྗེ་གདན་དང་ཝ་ར་ཎཱ་སི་རུཿ འཁོར་ལོ་དང་པོ་ལང་སྡེ་བཟང་ལ་བསྐོརཿ སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བདེན་པཿ ལོ་བདུན་ཟླ་བ་གཉིས་ཀྱིས་མ་ཚང་བརཿ བདེན་པ་བཞི་བལྡབས་སྤྲོས་ནས་བཅུ་གཉིས་གསུངསཿ མདོ་སྡེ་ལེགས་ཉེས་བསྟན་དང་ལས་བརྒྱ་པཿ མདོ་སྡེ་ལས་རྣམ་འབྱེད་དང་ལས་རྣམ་འཐགཿ མདོ་སྡེ་ལས་ཀྱི་རྣམ་སྨིན་བསྟན་པ་དང་ཿ གང་པོའི་རྟོགས་བརྗོད་མ་ཟེ་ཚོགས་ཀྱི་མདོཿ དྲིན་ལན་བསབས་མདོ་མཛངས་བླུན་དྲན་ཉེར་གཞགཿ དེ་དག་དྲང་དོན་བསྟན་པའི་མདོ་བཅུའོཿ ཉོན་མོངས་འདོད་ཆགས་འདུལ་བའི་གཉན་པོ་རུཿ འདུལ་བ་གཞི་དང་རྣམ་འབྱེད་གཞུང་བླ་མཿ ཕྲན་ཚོགས་བཞི་ནི་རྩ་བའི་མདོ་བཞིའོཿ རྩ་བའི་ལུང་དང་དགེ་སློང་སོ་ཐར་དང་ཿ


PKT001_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༩ན༽དགེ་སློང་མ་ཡི་སོ་ཐར་ལ་སོགས་པཿ ཐེག་དམན་དྲང་ཕྱིར་ཆོས་ཚུལ་དཔག་མེད་གསུངསཿ ཉོན་མོངས་སྤོང་དང་འགེགས་ཤིང་ཚོགས་དྲུག་འདོདཿ ས་ནི་བརྒྱད་འདོད་གང་ཟག་བདག་དང་དང་ཿ ཆོས་ཀྱི་བདག་མེད་ཀྱི་ནི་ཕྱེད་རྟོགས་པའིཿ འབྲས་བུ་དགྲ་བཅོམ་འཐོབ་པའི་ཆོས་འཁོར་བསྐོརཿ འཁོར་ལོ་བར་པ་མེ་ཕོ་འབྲུག་ལོ་ནསཿ ཤིང་མོ་གླང་བར་མ་ག་དྷཿཡི་ཡུལཿ རྒྱལ་པོའི་ཁབ་དང་བྱ་རྒོད་ཕུང་པོའི་རིརཿ བྱམས་པ་སྤྱན་རས་གཟིགས་སོགས་བྱང་སེམས་འཁོརཿ རབ་འབྱོར་ལ་སོགས་དགེ་སློང་ལྔ་སྟོང་ལཿ ལོ་བཅུའི་བར་དུ་མཚན་ཉིད་མེད་ཆོས་གསུངསཿ ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུཿ ངེས་དོན་མདོ་སྡེ་རྒྱས་འབྲིང་གསུམ་དུ་གསུངསཿ སྟོང་ཕྲག་བརྒྱ་པ་ཉི་ཁྲི་ལྔ་སྟོང་པཿ ཁྲི་བརྒྱད་སྟོང་པ་ཤེས་རབ་ཁྲི་པ་དང་ཿ བརྒྱད་སྟོང་པ་དང་སྡུད་པ་ཡུམ་དྲུག་གོཿ རབ་རྩལ་ཞུས་དང་ཤེར་ཕྱིར་ལྔ་བརྒྱ་པཿ རྡོ་རྗེ་གཅོད་པ་ཚུལ་བརྒྱ་ལྔ་བཅུ་པཿ ཀཽ་ཤི་ཀ་སུམ་ཅུ་སྒོ་ཉེར་ལྔཿ ཤེས་རབ་སྙིང་པོ་ཡི་གེ་ཉུང་ངུ་དང་ཿ ཡི་གེ་གཅིག་མ་དཀོན་བརྩེགས་འདུས་པ་བཞིཿ ཤེར་ཕྱིན་བདུན་བརྒྱ་པ་སྟེ་སྲས་བཅུ་གཅིགཿ དེ་ལྟར་ཡུམ་སྲས་བཅུ་བདུན་གཞན་ཡང་ནིཿ ཕར་ཕྱིན་སྟོང་ཉིད་སྟོན་པའི་ཆོས་གསུངས་པཿ མངོན་པར་རྟོགས་པའི་སླབས་བརྒྱད་དོན་བདུན་ཅུཿ ལམ་ལྔ་ས་བཅུ་འགྲེལ་རྐང་བརྒྱ་རྩ་བརྒྱདཿ


PKT001_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༩བ༽ཉོན་མོངས་རྣམ་སྦྱོང་ཚོགས་ནི་བརྒྱད་དུ་འདོདཿ ཆོས་དང་གང་ཟག་གཉིས་ཀའི་བདག་མེད་རྟོགསཿ ས་བཅུ་རྫོགས་ནས་ཆོས་སྐུ་འཐོབ་པར་བསྟནཿ འཁོར་ལོ་ཐ་མ་ཡངས་པ་ཅན་གྱི་ཡུལཿ མེ་ཕོ་སྟག་ནས་ས་ཕོ་སྟག་གི་བརཿ ནཱ་ལནྡྲ་ཡི་གཙུགས་ལག་མ་ལ་ཡཿ པདྨ་ཅན་དང་ལྷ་གནས་ལ་སོགས་པརཿ ལྷ་ཀླུ་དྲི་ཟའི་བུ་མོ་ཤེས་རབ་གཟིངསཿ བྱང་ཆུབ་སེམས་དཔའ་རྣམ་གྲོལ་སྡེ་སོགས་ལཿ བཅུ་གསུམ་བར་དུ་ངེས་དོན་ཆོས་འཁོར་བསྐོརཿ ཕལ་ཆེན་དཀོན་བརྩེགས་ལངྐར་གཤེགས་པ་དང་ཿ དགོངས་པ་ངེས་འགྲེལ་དཔལ་འཕྲེང་སེངྒེའི་སྒྲཿ དབུས་འགྱུར་ཚལ་དང་སྔོན་གནས་བརྒྱ་རྩ་བརྒྱདཿ པད་དཀར་གསེར་འོད་དམ་པ་མྱང་འདས་མདོཿ བྱམས་ཞུས་མངོན་པའི་སྡེ་སྣོད་ལ་སོགས་གསུངསཿ སེམས་ཅན་ཁམས་བཞུགས་བདེ་གཤེགས་སྙིང་པོ་བསྟནཿ འཁོར་ལོ་བཞི་པ་གནས་ནི་མ་ལ་ཡཿ ལྕང་ལོ་ཅན་དང་གནམ་ལྕགས་ཡོད་པའི་རྩེརཿ ལྷ་ཡི་དབང་པོ་བརྒྱ་བྱིན་ཞུ་བ་ཕུལཿ ཕྱི་རྒྱུད་ཀྲཱི་ཡི་ཆོས་ཀྱི་འཁོར་ལོ་བསྐོརཿ རིག་སྔགས་ཀུན་གྱི་ཁོག་དབུབ་དཔུང་བཟང་རྒྱུདཿ རིག་སྔགས་ལག་ན་རྡོ་རྗེ་དབང་བསྐུར་རྒྱུདཿ རིག་སྔགས་གསལ་པ་རིག་པ་མཆོག་གི་རྒྱུདཿ རིག་སྔགས་འདུལ་བ་སིདྡྷི་ཀ་རའི་རྒྱུདཿ རིག་སྔགས་འཕྲིན་ལས་ཁམས་གསུམ་རྣམ་རྒྱལ་རྒྱུདཿ རིག་སྔགས་དགོངས་པ་བསམ་གཏན་ཕྱི་མའི་རྒྱུདཿ འཇམ་དཔལ་རྩ་རྒྱུད་རྡོ་རྗེ་མི་འགྱུར་


PKT001_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༠ན༽རྒྱུདཿ དོན་ཡོད་ཞགས་པ་རྡོ་རྗེ་རྣམ་འཇོམས་རྒྱུདཿ གཏུམ་ཆེན་མི་གཡོ་བ་ཡི་རྒྱུད་ལ་སོགསཿ ཀྲཱྀ་ཡ་སྡེ་དྲུག་སྡེ་ལྔ་ལ་སོགས་གསུངསཿ དགའ་ལྡན་གནས་སུ་ཨུ་པ་སྡེ་བཞི་གསུངསཿ འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མེད་རྒྱུདཿ འཇམ་དཔལ་རྣོན་པོ་དྲི་མ་མེད་པའི་རྒྱུདཿ འཇམ་དཔལ་དྲ་བ་གཅོད་དང་གསང་བརྟན་རྒྱུདཿ འཁོར་ནི་འདོད་ཁམས་གཟུགས་ཁམས་འཁོར་ལ་གསུངསཿ ནཻ་རཉྫ་ན་འོག་མིན་གནས་སོགས་སུཿ དེ་ཉིད་བསྡུས་པ་དཔལ་མཆོག་དང་པོ་དང་ཿ རྡོ་རྗེ་རྩེ་མོ་ངན་སོང་སྦྱོང་བའི་རྒྱུདཿ ས་མོ་ཡོས་ནས་ཤིང་མོ་བྱ་ཡི་བརཿ ལོ་བདུན་བར་དུ་གསང་སྔགས་ཕྱི་པ་གསུངསཿ ནང་པ་བླ་མེད་རྡོ་རྗེའི་ཐེག་པ་ནིཿ ཕྱག་ན་རྡོ་རྗེས་སྟོན་ཅིག་ལུང་བསྟན་ནསཿ ཚིག་གཅིག་མ་གསུངས་བསྟན་པའི་སལ་བྱེད་གསུང་ཿ ཡུལ་གཅིག་རྒྱ་གར་རྡོ་རྗེ་གདན་གཅིག་ནཿ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་ཿ བྱུང་ན་མི་སྲིད་ཐུབ་པའི་བསྟན་པ་བརྗེཿ ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུཿ འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངསཿ ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུཿ མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངསཿ ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུཿ མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངསཿ དུས་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུཿ གསང་སྔགས་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངསཿ ཆོས་


PKT001_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༠བ༽ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟེཿ བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་འདུཿ དབྱངས་བསྙད་མདོའི་སྡེ་ལུང་དུ་བསྟན་པའི་སྡེཿ ཚིག་བཅད་ཆེད་དུ་བརྗོད་དང་གླེང་གཞིའི་སྡེཿ རྟོགས་བརྗོད་སྐྱེས་རབས་ཤིན་ཏུ་རྒྱས་པའི་སྡེཿ རྨད་བྱུང་གཏན་དབབ་དེ་ལྟར་བྱུང་བའི་སྡེཿ བསྡུས་པས་འདུལ་བ་མདོ་སྡེ་མངོན་པ་གསུམཿ བརྒྱད་ཅུ་རྩ་གཉིས་བར་དུ་ཆོས་འཁོར་བསྐོརཿ ཤིང་མོ་བྱ་ལོ་མེ་ཕོ་བྱི་བའི་ཟླཿ ཚེས་བརྒྱད་ནམ་དགུང་ཐུབ་པ་མྱ་ངན་འདསཿ དེ་ལྟར་ཤིང་ཕོ་རྟ་ཡིས་ལོ་བཅུ་སོང་ཿ དེ་སྐད་གསུངས་པས་སུ་མི་ཏྲ་ནི་ཚིམཿ ལོ་ལྔའི་བར་དུ་ཉིན་མཚན་ཁ་སྦྱར་ནསཿ མདོ་སྔགས་གཉིས་ཀྱི་ལུང་རྣམས་རྫོགས་པར་ཞུསཿ རིམ་གྱིས་ཉམས་སུ་ལེན་པའི་ཐབས་སུ་འདུགཿ མཚན་ཉིད་སྡེ་གསུམ་ཚིག་མང་དོན་ཆུང་དགོངསཿ ཚིག་ཉུང་དོན་ཆེ་གསང་སྔགས་ཕྱི་ནང་གཉིསཿ འདོད་ཐོབ་ཤེས་པ་རྩོལ་སྒྲུབ་སེམས་རྒྱུད་བཅིངསཿ འོག་མས་སེམས་ཉིད་དོན་དེ་མི་རྟོགས་མཁྱེནཿ ཀུན་རྫོབ་དམིགས་བཅས་ཕྱོགས་སྡོང་ཤེས་སྒྲིབ་བསྒྲིབསཿ དོན་དམ་རང་བཞིན་ཡེ་སྟོང་ཡེ་ཤེས་ཡིནཿ ཁྱད་དུ་འཕགས་པའི་ཆོས་ཞིག་བཙལ་དགོས་སྙམཿ ཨུ་རྒྱན་གྷུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཀུན་དགའ་བོ་ལ་ཕྱི་ཐུབ་པའི་ཐེག་པ་གསུམཿ ནང་སྔགས་ཀྱི་ཐེག་པ་གསུམཿ རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པའི་


PKT001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༡ན༽ལེའུ་སྟེ་ཉེར་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousརྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པའི་ལེའུ། next