Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བསྟན་པ་ལ་ཕན་པའི་ཕྱིར་ཀུན་དགའ་བོ་ལ་མདོ་དྲིས་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousབསྟན་པ་ལ་ཕན་པའི་ཕྱིར་ཀུན་དགའ་བོ་ལ་མདོ་དྲིས་པའི་ལེའུ། next

བསྟན་པ་ལ་ཕན་པའི་ཕྱིར་ཀུན་དགའ་བོ་ལ་མདོ་དྲིས་པའི་ལེའུ།


PKT001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གུ་རུ་ཤཱཀྱ་སེངྒེ་ཡིསཿ ཐོས་པའི་མཆོག་གྱུར་ཀུན་དགའ་བོ་ལ་ནིཿ མདོ་སྔགས་ཡི་གེར་བཏབ་ནས་ཇི་ཙམ་སོང་ཿ གྲངས་སུ་བྱས་ན་པོ་ཏི་དུ་ཙམ་མཆིསཿ བཞུགས་པའི་གནས་ནི་གང་དང་གང་ན་བཞུགསཿ དགེ་བ་དམ་པ་ངས་ཉན་ཁྱོད་ཀྱིས་སྨྲོསཿ དེ་ནས་ཀུན་དགའ་བོ་ཡིས་ལེགས་གསུངས་པཿ ཐུབ་དབང་ཡོངས་སུ་འདས་ནས་ད་བར་དུཿ སངས་རྒྱས་གསུང་རྣམས་ཡི་གེར་ཐེབས་ཚད་བཏབཿ གླེགས་བམ་བྱས་པ་གླང་ཆེན་རབ་བརྟན་གྱིཿ གསུང་རབ་དམ་ཆོས་རྒྱབ་ཁལ་ལྔ་བརྒྱ་བྱུང་ཿ གནས་ལམ་འཆམས་ལྷ་ཀླུས་ཐོབ་ཉ་བྱསཿ རྒྱས་པ་འབུམ་ནི་ཀླུའི་ཡུལ་གཏེར་དུ་སྦསཿ ཉི་ཁྲི་བརྒྱ་བྱིན་ཡུལ་དུ་གཏེར་དུ་སྦསཿ ཁྲི་པ་ལྷ་མ་ཡིན་གྱི་ཡུལ་དུ་སྦསཿ བརྒྱད་སྟོང་པ་ནི་རྣམ་སྲས་ཡུལ་དུ་སྦསཿ སྡུད་པ་གྲོང་ཁྱེར་མེ་ཏོག་བློ་གྲོས་སྦསཿ ཤེར་སྙིང་ཟབ་མོ་བདེ་བའི་ནད་དུ་སྦསཿ དྲང་དོན་མདོ་བཅུ་ཐོ་གར་ཡུལ་དུ་སྦསཿ མདོ་སྡེ་ཕལ་ཆེར་རྡོ་རྗེ་གདན་དུ་སྦསཿ མངོན་པ་ནཱ་ལནྡྲ་ཡིས་གཙུག་ལག་སྦསཿ ཡུམ་སྲས་བཅུ་བདུན་སཱ་ལའི་ཡུལ་དུ་སྦསཿ རྒྱ་ཆེར་རོལ་པ་བྲུ་ཤའི་ཡུལ་དུ་སྦསཿ བསྐལ་པ་བཟང་པོ་ཟངས་གླིང་ཡུལ་དུ་སྦསཿ མདོ་སྡེ་རྟེན་འབྲེལ་སྙིང་པོ་ཐོ་གར་ཡུལཿ ལངྐར་གཤེགས་པ་སྲིན་པོའི་ཡུལ་དུ་སྦསཿ གསེར་འོད་དམ་པ་རི་རབ་ཟོམ་དུ་སྦསཿ ཕལ་པོ་ཆེ་ནི་རྒྱ་ནག་ཡུལ་


PKT001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༡བ༽དུ་སྦསཿ དཀོན་མཆོག་བརྩེགས་པ་ཡངས་པ་ཅན་དུ་སྦསཿ པདྨ་དཀར་པོ་རི་བོ་ཏ་ལར་སྦསཿ བསོད་སྐྱབས་བདུད་རྩི་ལྔ་པ་བྷངྒ་ལཿ རྣམ་གཟིགས་ཆོས་ཀྱི་མེ་ལོང་བཻ་དྷའི་ཡུལཿ འོད་སྲུངས་སྟོང་པ་རྣམ་འབྱེད་ཁ་ཆེའི་ཡུལཿ འཆི་འཕོ་བསྟན་པ་ཁང་བུའི་གླིང་དུ་སྦསཿ འདས་པ་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཿ གསང་སྔགས་ཕལ་ཆེར་ཨུ་རྒྱན་ཡུལ་དུ་སྦསཿ བཀའ་གདམས་རྒྱུད་ལྔ་གནམ་ལྕགས་ཕ་ཝོང་སྦསཿ ཟག་པ་མེད་དང་ཟ་མ་ཏོག་ཆེ་ཆུང་ཿ ཆུ་བོ་ནེ་རཱཉྫ་ནིའི་མཚོ་ལ་སྦསཿ འཇམ་དཔལ་རྩ་རྒྱུད་ཀ་མ་རུ་པར་སྦསཿ ཙྪནྡྷ་མ་ཎི་མ་ག་དྷཿརུ་སྦསཿ གྲ་ལྔ་དུར་ཁྲོད་བསིལ་བའི་ཚལ་དུ་སྦསཿ རིན་ཆེན་ཏོག་གཟུངས་ཁང་བུའི་གླིང་དུ་སྦསཿ གདམས་ངག་འབོགས་དང་དབུས་འགྱུར་ཚལ་ལ་སོགསཿ བཀའ་འཁོར་བ་ཞི་ཀ་ཟ་ཧོར་ཡུལ་དུ་སྦསཿ ཐུབ་པའི་བསྟན་པ་སྟོངས་སུ་ཕངས་པ་ཡིསཿ ནམ་མཁའ་ས་འོག་བྲག་དང་ཆུ་དང་ཤིང་ཿ རི་དང་ཕུག་པ་བས་མཐའ་དུར་ཁྲོད་དང་ཿ གཙུག་ལག་ཁང་དང་མཆོད་རྟེན་ནཱ་ལནྡྲཿ དྲི་ཟ་གྲུལ་བུམ་གནོད་སྦྱིན་ཀླུ་དབང་ཡུལཿ མདོ་སྡེ་བཞག་པར་བྱས་ནས་དར་བར་བྱེདཿ འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང་ཿ རྐུན་པོ་མེ་ཆུས་བསླུས་ནས་ཟད་པར་འགྱུརཿ དེ་བཞིན་གཤེགས་པའི་དམ་པའི་ཆོས་གཏེར་འདིཿ བསྐལ་པ་མང་པོར་གང་སྲས་ཆུད་མི་ཟཿ དེ་དག་ཕྱི་མའི་དུས་ན་འབྱིན་ལུང་བསྟནཿ ཐུབ་པ་མྱ་ངན་


PKT001_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༢ན༽འདས་འོག་ཏུཿ ལོ་ནི་ཉི་ཤུ་རྩ་བརྒྱད་ནཿ རྒྱལ་པོ་ཛ་ཞེས་བྱ་བ་འབྱུང་ཿ དེ་བཞིན་གཤེགས་པ་ང་འདས་ནསཿ ལོ་ནི་བརྒྱད་ཅུ་ལོན་པ་ནཿ ནུབ་ཕྱོགས་ཨུ་རྒྱན་ཡུལ་ཞེས་པརཿ དེ་བ་བཟང་སྐྱོང་ཞེས་བྱ་འབྱུང་ཿ ཡོ་ག་རྣམས་གསུམ་སྟོན་པར་བྱེདཿ ད་ནི་འདི་ནས་མི་གནས་ནསཿ ལོ་ནི་བཞི་བརྒྱ་ལོན་པ་ནཿ དགེ་སློང་ཀླུ་ཞེས་བྱ་བ་འབྱུང་ཿ བསྟན་པ་འདི་ལ་དད་ཅིང་སྐྱོང་ཿ དེ་བཞིན་གཤེགས་པ་ང་འདས་ནསཿ ལོ་ནི་སུམ་བརྒྱ་སུམ་ཅུ་ནཿ སངས་རྒྱས་གསང་བ་ཞེས་བྱ་འབྱུང་ཿ དེ་ཡིས་མཐུ་འབྱིན་ཕན་ཡོད་ཚོརཿ ང་ནི་མྱ་ངན་འདས་འོག་ཏུཿ ལོ་ནི་ལྔ་བརྒྱ་བདུན་ཅུ་ནཿ ཞིང་པ་ལྔ་ཐུབ་ཅན་གྱི་བུཿ ཤྲཱི་ཧཱུཾ་ཀར་ཞེས་བྱ་འབྱུང་ཿ ད་ནི་མྱ་ངན་འདས་འོག་ཏུཿ ལོ་ནི་བརྒྱད་བརྒྱད་དགུ་ཉེནཿ ཟི་ཡན་ཏ་ཡི་ཡུལ་དུ་ནིཿ ལུས་བསྐྱེད་དག་པའི་མཆོད་གཉིས་འབྱུང་ཿ མངོན་པའི་བཀའ་རྣམས་དར་བར་བྱེདཿ ང་ནི་མི་གནས་འདས་འོག་ཏུཿ ལོ་ནི་བཞི་གཉིས་ལོན་པ་ནཿ སྔོན་གྱི་ལས་ཀྱིས་རབ་བསྐུལ་ནསཿ སིངྒ་ལ་ཡི་ཡུལ་དུ་ནིཿ མངལ་སྐྱེས་སྤངས་པའི་བརྫུས་སྐྱེས་ཉིདཿ པདྨ་འབྱུང་གནས་རྫུ་འཕྲུལ་ཅནཿ འཕགས་པ་ལྷ་ཡིས་རྒོལ་བ་འཇོམསཿ དཀའ་འགྲེལ་དག་ལ་མཁས་པ་འབྱུང་ཿ ང་ནི་མྱ་ངན་འདས་འོག་ཏུཿ ལོ་ནི་ལྔ་བརྒྱ་ལྔ་བཅུ་ནཿ ཟ་ཧོར་གནྡུ་ཞེས་བྱ་བརཿ རྒྱལ་པོ་གོ་མ་དེ་བྱིའི་བུཿ བོ་དྷི་ས་ཏྭ་ཞེས་བྱ་འབྱུང་ཿ འདི་ནས་ཁ་ཆེའི་ཡུལ་དུ་ནིཿ


PKT001_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༢བ༽ནུབ་ཕྱོགས་གླང་པོ་སྒང་ཞེས་པརཿ བི་མ་མི་ཏྲ་ཞེས་བྱ་འབྱུང་ཿ དེ་ཡི་མཐུ་བྱིན་ཡོན་ཏན་གྲགསཿ གདོང་དམར་ཅན་གྱི་ཡུལ་དུ་ནིཿ སྟོན་པ་མྱ་ངན་འདས་འོག་ཏུཿ ལོ་ནི་ཕྱེད་དང་ཉིས་སྟོང་ནཿ དམ་པའི་ཆོས་ནི་འབྱུང་བར་འགྱུརཿ དགེ་བ་ཅན་གྱིས་ཕྱོགས་སུཿ བྱང་ཕྱོགས་གངས་རིའི་རྒྱུད་བར་དུཿ ལོ་ནི་ཉིས་སྟོང་ལྔ་བརྒྱ་ནཿ དམ་པའི་ཆོས་ནི་རྒྱས་པར་འགྱུརཿ ང་ནི་མྱ་ངན་འདས་འོག་ཏུཿ ང་དང་འདྲ་བའི་སྐྱེས་བུ་ཡིསཿ རྒྱལ་བའི་དགོངས་པ་འགྲོལ་བར་བྱེདཿ བསྟན་བཅོས་དག་ཏུ་ང་ཡིས་བཤདཿ ཅེས་གསུངས་སོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བསྟན་པ་ལ་ཕན་པའི་ཕྱིར་ཀུན་དགའ་བོ་ལ་མདོ་དྲིས་པའི་ལེའུ་སྟེ་ཉེར་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousབསྟན་པ་ལ་ཕན་པའི་ཕྱིར་ཀུན་དགའ་བོ་ལ་མདོ་དྲིས་པའི་ལེའུ། next