Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དུར་ཁྲོད་པདྨ་བརྩེགས་པར་བཞུགས་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousདུར་ཁྲོད་པདྨ་བརྩེགས་པར་བཞུགས་པའི་ལེའུ། next

དུར་ཁྲོད་པདྨ་བརྩེགས་པར་བཞུགས་པའི་ལེའུ།


PKT001_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལཿ དུར་ཁྲོད་ཆེན་པོ་པདྨ་བརྩེགས་ཞེས་པཿ མཐའ་སྐོར་དཔག་ཚད་ཕྱེད་དང་གཉིས་ཡོད་པའིཿ དབུས་ན་མཆོད་རྟེན་རང་བྱུང་རང་འོད་ཅནཿ མ་མོ་ཆེན་མོ་པུ་སྐ་སཱི་གནས་པཿ ཤར་ལྷོར་ལྗོན་པའི་དུར་ཤིང་ཙུ་ཏ་ཞེསཿ དུར་བྱ་མང་པོའི་དེ་ལ་གནས་ཡོད་པཿ ལྷོ་ནུབ་དུར་ཆུ་སྔོ་བསངས་རྒྱ་མཚོ་ཞེསཿ དུར་ཉ་དུར་སྲིད་དུས་སྦལ་མང་པོ་ཡོདཿ དྲི་ཟའི་བུ་མོ་དཀར་མོ་མང་པོ་ནིཿ ངུར་ཆུའི་སེམས་ཅན་ཤི་ཚད་ཐམས་ཅད་ཟཿ ནུབ་བྱང་དུར་མེ་མཐོང་འཚིག་


PKT001_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༡བ༽འབར་བ་ཞེསཿ མེ་གསེབ་རླུང་ལྷའི་བུ་མོ་མང་པོ་ནིཿ སེར་དཀར་ཤ་བ་ཞོན་ནས་ཀེང་རུས་འཕྱརཿ བྱང་ཤར་དུར་རླུང་ཤིན་ཏུ་རྒྱས་ཞེས་པའིཿ རླུང་གསེབ་དམག་འཁྲུགས་གཡུལ་འགྱེད་གོ་ཆ་ཅནཿ ཤར་ན་དུར་རི་སོ་ལེགས་ཞེས་བྱ་བརཿ དུར་གྱི་སེམས་ཅན་གཅན་གཟན་མང་པོ་ཉལཿ ཟད་མི་ཤེས་པའི་ཆོས་གཏེར་ཡོ་ག་གསུམཿ ལྷོ་ན་ཡེ་ཤེས་མཁའ་འགྲོ་མདོག་སྣ་ཚོགསཿ འབྲི་ཀློག་སྒོམ་དང་འཆད་དང་ལུང་སྟོན་པཿ བྱང་ན་ལྷ་འདྲེ་ཡོངས་ཀྱི་ཚོགས་འདུ་ཅནཿ རབ་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེརཿ མཆོད་རྟེན་རྒྱབ་བརྟེན་ལོ་ལྔར་ཆོས་འཁོར་བསྐོརཿ མཁའ་འགྲོ་ཞི་བ་འཚོ་ཞེས་མདོག་དཀར་བཿ རས་ཀྱི་ཨང་རག་སྔོན་པོ་སྨད་ལ་དཀྲིསཿ ལག་ཏུ་བནྡྷའི་སྐྱོགས་ནི་ཁྲག་གིས་བཀང་ཿ སྐྲ་ནི་ཐོར་ཅོག་ཐོད་སྐམ་འཕྲེང་བས་བཅིངསཿ པདྨ་སམྦྷའི་དྲུང་ན་པུས་བཙུགས་འདུགཿ སྦྱོར་སྒྲོལ་ཕུན་སུམ་ཚོགས་པ་སློབ་པར་བྱེདཿ གསང་བའི་མཚན་ནི་སེང་གེ་སྒྲ་སྒྲོགས་གྲགསཿ དེ་ནས་སྤྲིན་ནག་འདུས་པའི་དུར་ཁྲོད་དུཿ རིགས་ལྡན་བདེ་བ་བཟང་སྐྱོང་ཞེས་བྱ་བཿ ཕྱག་རྡོར་སྤྲུལ་པ་སྣང་བའི་གཟུགས་སུ་གྲུབཿ རེག་པའི་གཟུགས་སུ་མ་གྲུབ་འོད་ཀྱི་ལུསཿ གཅེར་བུ་སྐྲ་གྲོལ་དར་སྔོན་སླད་ལ་དཀྲིསཿ གཡས་པའི་ཕྱག་ན་གསེར་གྱི་རྡོ་རྗེ་བསྣམསཿ གཡོན་པའི་ཕྱག་ན་དངུལ་གྱི་དྲིལ་བུ་འཁྲོལཿ འཇའ་ཡི་རྣམ་པ་ལྟ་བུར་བཞུགས་པ་ལཿ རྫོགས་པ་ཨ་ནུ་ཡོ་གའི་


PKT001_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༢ན༽རྒྱུད་སྡེ་ནིཿ གསང་སྔགས་བླ་མེད་དོན་རྫོགས་འདུས་པའི་རྒྱུདཿ སྤྱི་རྒྱུད་དགུ་དང་སྒོས་རྒྱུད་བཅོ་ལྔ་གསནཿ བྱེ་བྲག་རྒྱུད་ནི་བརྒྱ་ཕྲག་བཅུ་རྣམས་དང་ཿ གསང་ཆེན་སྒྱུ་འཕྲུལ་ཆེན་པོ་སྡེ་བརྒྱད་གསནཿ རྡོར་སེམས་སྒྱུ་འཕྲུལ་གསང་བའི་སྙིང་པོ་དང་ཿ རོལ་པ་མངོན་རྫོགས་ལྷ་མོ་སྒྱུ་འཕྲུལ་དང་ཿ དཀྱིལ་འཁོར་རྫོགས་པ་སྒྱུ་འཕྲུལ་བརྒྱད་པ་དང་ཿ འཕྲིན་ལས་རྫོགས་པ་སྒྱུ་འཕྲུལ་བཞི་བཅུ་པཿ ཡེ་ཤེས་རང་སྣང་སྒྱུ་འཕྲུལ་བླ་མ་དང་ཿ ཡོ་ཏན་མཐར་ཕྱིན་སྒྱུ་འཕྲུལ་བརྒྱད་ཅུ་པཿ དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་ཿ སྡེ་སྣོད་ཡོངས་ཁྱབ་སྒྱུ་འཕྲུལ་དྲ་བ་ཞུསཿ ཡུལ་གྱི་མིང་ནི་ལི་ཡི་ཡུལ་དུ་ཕྱིནཿ དུར་ཁྲོད་ཆེན་པོ་ལོ་ཀ་བརྩེགས་ཞེས་པཿ མཐའ་སྐོར་དཔག་ཚད་ཕྱེད་དང་བཞི་ཡོད་པའིཿ དབུས་ན་རང་བྱུང་མཆོད་རྟེན་ཀེའུ་ཤཿ མ་མོ་ཆེན་མོ་སྨེ་ཤ་ནཱི་གནས་པཿ ནུབ་བྱང་ལྗོན་པའི་དུར་ཤིང་ལྟ་ན་སྡུགཿ དུག་སྦྲུལ་འཁྲིལ་ཞིང་དུར་ཕག་མང་པོས་བསྐོརཿ དུར་བྱའི་ཚང་བཅས་ཕྲུག་གུ་ཤ་ཡིས་གསོཿ བྱང་ཤར་དུར་ཆུ་དྲི་བྲལ་མཚོ་ཞེས་པརཿ དུར་ཆུའི་སེམས་ཅན་མང་པོས་སེམས་ཅན་ཟཿ ལ་ལ་ཀེང་རུས་ལ་ལ་ཤི་ལ་ཁདཿ ལ་ལ་རྙིད་པ་ལ་ལ་ཕྱེད་ཚལ་དང་ཿ ལ་ལ་གསོན་པོ་མགོ་མཇུག་ཟར་ཡོད་པཿ གྲུལ་བུམ་བུ་མོ་སེར་མོ་མང་པོ་ནིཿ དུར་ཆུའི་སེམས་ཅན་ཤི་ཚད་པགས་པ་བཤུཿ ཤར་ལྷོར་དུར་མེ་གྲིབ་ཅན་ཞེས་བྱའི་གསེབཿ པག་པ་


PKT001_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༢བ༽དཀར་ནག་མང་པོ་ཀེང་རུས་སྒྱུགཿ ལྷོ་ནུབ་དུར་རླུང་འཚུབ་འཚུབ་ཅེས་བྱའི་ནང་ཿ སྟག་གཟིག་མ་བུ་མང་པོ་འཇིང་ཞིང་འབྲོསཿ ནུབ་བྱང་དུར་རིའི་རྒྱལ་པོ་སྲིད་པ་ཅནཿ སྲིན་བུ་མེ་ཁྱེར་མང་པོ་མེ་སྟག་འཕྲོཿ དུར་གྱི་སེམས་ཅན་མང་པོ་ལ་ལ་ཤིཿ ལ་ལ་ན་ཞིང་ལ་ལ་འཆི་འཕྲས་བྱེདཿ ལ་ལ་ཀེང་རུས་ལ་ལ་མདའ་ཕོག་པཿ ལ་ལ་གསོན་ཅིང་ལ་ལ་ལང་ཚོ་ལྡནཿ འདོད་ཡོན་འབྱུང་བ་ནོར་བུའི་གཏེར་ཡོད་པཿ ལྷོ་ན་བ་ལང་ཞེས་བྱ་གླང་པོའི་གདོང་ཿ ནག་པོ་ལུས་ལ་གཟིག་གི་ཐུལ་པ་གྱོནཿ ལག་པ་གཉིས་ཀྱིས་ཐོད་པའི་མདུང་རིང་འཛིནཿ རྒྱབ་ན་ཆུ་སྲིན་ཉ་ཡི་ས་ལེ་ཁུརཿ ཕག་དཀར་མི་རོའི་སྒ་ཆ་བྱས་པ་ཞོནཿ ནུབ་ན་གླང་ཞོན་ནག་མོ་དམར་ལྕམ་མཿ ཏྲི་ཤུལ་རྩེ་གསུམ་ཐོད་ཁྲག་མི་སྙིང་ཟཿ ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེརཿ ལོ་ལྔ་བཞུགས་ནས་མཁའ་འགྲོར་ཆོས་འཁོར་བསྐོརཿ མཚན་ནི་རྡོ་རྗེ་གྲོ་ལོད་ཅེས་བྱར་གྲགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དུར་ཁྲོད་པདྨ་བརྩེགས་པར་བཞུགས་པའི་ལེའུ་སྟེ་སོ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ


previousདུར་ཁྲོད་པདྨ་བརྩེགས་པར་བཞུགས་པའི་ལེའུ། next