Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

39 occurrences of འབངས་མི་
[Clear Hits]


 
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ལྷ་ལྕམ་མནྡཱ་ར་བ་དང་མཇལ་འཕྲད་མཛད་པའི་ལེའུ།
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
 
 
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
 
 
  
 
  
  
 
  
  
 
  
  
  
  
  
  
  
  
  
  
  
  
 
 
 
 
  


39 occurrences of འབངས་མི་
[Clear Hits]

 
previousལྷ་ལྕམ་མནྡཱ་ར་བ་དང་མཇལ་འཕྲད་མཛད་པའི་ལེའུ། next

ལྷ་ལྕམ་མནྡཱ་ར་བ་དང་མཇལ་འཕྲད་མཛད་པའི་ལེའུ།


PKT001_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིསཿ མནྡཱ་ར་བ་དཔོན་གཡོག་གདུལ་བྱར་གཟིགསཿ ཉི་མ་སྤྲིན་ཚར་འདྲེས་པའི་འཇའ་འགྱུས་བཞིནཿ ཨུ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་ནསཿ ཟ་ཧོར་ཡུལ་དུ་ནམ་མཁའི་དབྱིངས་ལ་བྱོནཿ སྤྲེའུ་ལོ་ཕག་གི་ཟླ་བའི་ཚེས་བཅུའི་ཉིནཿ ལྷ་ལྕམ་དཔོན་གཡོག་སྐྱོ་བསང་བྱེད་པའི་གནསཿ སྐྱེད་མོས་ཚལ་གྱི་བར་སྣང་སྐྱིལ་ཀྲུང་བཅསཿ འཇའ་འོད་ཟེར་ཁྱིམ་གཟི་མདངས་འོད་རུ་འབརཿ ཞི་བའི་གཟུགས་མཐོང་ལོ་བརྒྱད་རྣམ་པ་ཅནཿ ཤིན་ཏུ་འཛུམ་ཞིང་བརྡ་ཆོས་མང་དུ་མཛདཿ ལྷ་ལྕམ་སྐུ་དེ་མཐོང་བ་ཙམ་གྱིས་ནིཿ དད་པའི་ཡུས་ཀྱིས་དྲན་མེད་ས་ལ་འགྱིལཿ པདྨའི་ཐུགས་རྗེ་ལྷ་ལྕམ་ཉིད་ལ་ཤརཿ དགུག་པའི་ཕོ་ཉས་སྒོ་གསུམ་དབང་དུ་བསྡུསཿ རབ་ཏུ་དགའ་བས་ལྷ་ལྕམ་དྲན་པ་རྙེདཿ ཁོལ་མོ་ལ་ལ་གདན་ཁྲི་བཤོམ་དུ་བཅུགཿ ཁོལ་མོ་ལ་ལ་བྱ་ར་བ་ལ་བསྐོསཿ ཁོལ་མོ་ལ་ལ་སྲང་ཀ་མྱུལ་དུ་བཅུགཿ རྒྱལ་བའི་སྲས་དེ་ས་ལ་ཕེབས་པར་གྱུརཿ བདེ་བར་གྱུར་ཅིང་ཚིམ་པའི་མནྡཱ་རསཿ ཕོ་བྲང་ནང་དུ་གཤེགས་པར་ཚིག་སུ་བཅདཿ ཨེ་མ་ཧོཿ


PKT001_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༦བ༽རྒྱལ་བ་སངས་རྒྱས་ཐུགས་སྲས་གཙུག་གི་ནོརཿ རང་དོན་རྫོགས་སངས་རྒྱས་ནས་གཞན་དོན་དུཿ སྙིང་རྗེའི་ལྕགས་ཀྱུས་འགྲོ་བ་ཡོངས་ལ་འཛིནཿ བྱམས་པའི་གསོ་དཔྱད་སེམས་ཅན་ཡོངས་ལ་མཛོདཿ དགའ་བའི་གཟི་མདངས་ཀྱིས་ནི་བདག་ལ་བསྟནཿ བཏང་སྙོམས་གྲུ་ལ་དགྲ་གཉེན་མེད་པར་སྒྲོལཿ དམུས་ལོང་སེམས་ཅན་ཀུན་གྱི་སྐྱབས་གཅིག་པུཿ ཕོ་བྲང་ནང་དུ་ཆོས་གསུང་བཞུགས་པར་ཞུཿ དེ་ནས་ཕོ་བྲང་ནང་དུ་སྤྱན་དྲངས་ཏེཿ མཛེས་མཐོ་རཏྣའི་ཁྲི་བཤམས་བཞུགས་སུ་གསོལཿ སྒོ་བ་བཙུགས་ནས་ནང་དུ་མི་མི་གཏོང་ཿ འདོད་ཡོན་བཟའ་བཏུང་མང་པོའི་ཚོགས་འཁོར་བཤམསཿ གསེར་དངུལ་མུ་ཏིག་རིན་ཆེན་རིགས་བྱེད་དང་ཿ དར་ཟབ་རས་དང་ཐགས་སུ་བཏགས་པའི་རིགསཿ སྐུ་ལ་མཛེས་པ་ཞལ་དུ་བདའ་བ་ཕུལཿ ལྷ་ལྕམ་དམའ་བའི་ས་ལ་འདུག་ནས་སུཿ ཞེ་སར་བཅས་པའི་ཡིད་འཇུག་རྣམ་འགྱུར་བསྟནཿ གུས་པའི་ཕྱག་བཙལ་སྙན་པའི་ངག་གིས་ཞུསཿ དུས་གསུམ་སངས་རྒྱས་ཞལ་སྐྱིད་མཆོག་དངོས་ཀྱིཿ འཁྲུངས་ཡུལ་གང་ལགས་མཚན་ནི་ཇི་ལྟ་བུཿ རིགས་ནི་གང་ལགས་ཡབ་ཡུམ་ཇི་ལྟ་བུཿ བཀའ་མཆིད་དམ་པ་བདུད་རྩི་གསུང་དུ་གསོལཿ རྒྱལ་བས་དགེ་སློང་མ་ལ་བཀའ་སྩལ་པཿ སྐྱེད་པའི་ཡབ་མེད་ཆོས་དབྱིངས་སྟོང་པ་ཉིདཿ བལྟམས་པའི་ཡུམ་མེད་ཤེས་རབ་སྟོང་པའི་ངང་ཿ མི་ལ་མཆོག་སྩོལ་སྲིད་བཅིངས་གྲོལ་བའི་


PKT001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༧ན༽རིགསཿ ང་ནི་བདེ་བའི་དངོས་གྲུབ་ཅེས་བྱའོཿ སངས་རྒྱས་འདུལ་ཞིང་ཁྱད་པར་འཕགས་པ་རུཿ འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་འབྱོནཿ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེདཿ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགསཿ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུཿ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང་ཿ དོན་ལ་དབྱེར་མེད་སོ་སོ་ཐ་མི་དདཿ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་ཿ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོཿ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིདཿ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབཿ འགྲོ་དོན་ཀུན་ལས་བྱིན་རླབས་རྨད་པོ་ཆེཿ སྐྱེད་པའི་ཡབ་བརྒྱད་བལྟམས་པའི་ཡུམ་བརྒྱད་དང་ཿ བྱོན་པའི་ཡུལ་བརྒྱད་བཞུགས་པའི་གནས་བརྒྱད་དང་ཿ དེ་བཞིན་སྒྲུབ་པ་མཛད་པའི་དུར་ཁྲོད་བརྒྱདཿ གུ་རུ་མཚན་བརྒྱད་རྣམ་ཤེས་ཚོགས་བརྒྱད་དགཿ བླ་མ་རྡོ་རྗེ་སློབ་དཔོན་ཆས་བརྒྱད་དང་ཿ སྒྱུ་འཕྲུལ་སྡེ་བརྒྱད་དཔལ་གྱི་ཆས་བརྒྱད་དང་ཿ སྒྲུབ་པ་བཀའ་བརྒྱད་དུར་ཁྲོད་ཆས་བརྒྱད་དང་ཿ སྦྱོར་བ་སྒྲོལ་བ་མཐར་ཕྱིན་གྲུབ་ཆེན་བརྒྱདཿ བསྟེན་པའི་རུ་བརྒྱད་མཛད་པའི་འཕྲིན་ལས་བརྒྱདཿ འདས་པའི་མཚན་བརྒྱད་མ་འོངས་མཚན་བརྒྱད་དེཿ མ་ངེས་མཚན་བརྒྱད་ད་ལྟའི་མཚན་བརྒྱད་ལསཿ ཚོགས་གཉིས་མཐར་ཕྱིན་ཡོན་ཏན་རབ་རྫོགས་པཿ སྲས་ཀྱི་མཆོག་གྱུར་སྤྲུལ་པ་བསམ་མི་ཁྱབཿ འདས་དང་མ་འོངས་


PKT001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༧བ༽ད་ལྟ་ཐམས་ཅད་དུཿ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་བཙུགསཿ ཞེས་གསུངས་ལྷ་ལྕམ་རབ་ཏུ་དགྱེས་པར་གྱུརཿ ཡོ་ག་རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོརཿ ཆོས་ཀྱི་ཆར་ཕབ་བདེ་ཞིང་སྐྱིད་པ་ལཿ འཇིག་རྟེན་ཁྱིམ་པོ་ཆེ་ཡི་ནང་ཞིག་ནཿ ལས་མ་དག་པའི་བ་ལང་རྫི་བོ་ཞིགཿ བ་ལང་ཚོལ་ཕྱིན་མ་རྙེད་ལོག་པ་དང་ཿ རྒྱལ་བ་དང་པོ་ས་ལ་ཕེབས་པ་མཐོང་ཿ བར་དུ་ལྷ་ལྕམ་ཕོ་བྲང་སྤྱན་དྲངས་མཐོང་ཿ ཐ་མ་ཉན་བུ་བྱས་པས་ཕོ་སྐད་ཐོསཿ དེ་དུས་ཟ་ཧོར་རྒྱལ་ཁམས་ཐམས་ཅད་ནིཿ ལྷ་ལྕམ་མནྡཱར་བ་ར་མངོན་པར་བསྟོདཿ ཕོ་མོ་ཐམས་ཅད་ཡིད་སྨོན་བྱེད་པ་ལཿ རྫི་བོས་ཁྱིམ་པོ་ཆེ་ཡི་གོ་རུ་གླེངསཿ ཆོས་དང་ཅིའི་ཆོས་དགེ་སྦྱོང་འཁྱམས་པོ་བསྡེབསཿ ཆོས་མ་ཡིན་པའི་སྤྱོད་པ་བྱེད་དོ་ཟེརཿ ནང་པར་བྱིས་པས་ཉི་རའི་ཁྲོད་དུ་གླེངསཿ གཅིག་གླེངས་གཉིས་གླེངས་ཡུལ་གྱི་གཙོ་བོས་གླེངསཿ ཕྱི་བློན་ནང་བློན་བཙུན་མོས་རིམ་པར་གླེངསཿ བཙུན་མོ་གཞོན་པས་རྒྱལ་པོའི་སྙན་དུ་སྨྲསཿ རྒྱལ་པོས་འདི་ནི་ཅི་ཟེར་སྨྱོའམ་གསུང་ཿ བུད་མེད་ཁ་ནི་མི་དགེའི་བང་མཛོད་ཡིནཿ ཤབ་ཤུབ་མང་པོ་བུད་མེད་འདྲེ་དང་མཚུངསཿ དང་པོ་གཏམ་དེ་སུས་ཟེར་ཁྲིད་ཤོག་གསུང་ཿ བཙུན་མོས་ནང་བློན་རྒྱལ་པོའི་དྲུང་དུ་ཁྲིདཿ ནང་བློན་ཕྱི་བློན་རིམ་པར་གཙོ་བོ་དང་ཿ གཙོ་བོ་རྣམས་ཀྱིས་དམངས་རྣམས་བསགས་ནས་སུཿ ལྷ་ལྕམ་


PKT001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༨ན༽མེ་ཏོག་མནྡཱ་ར་བ་ལཿ ཟླ་བོ་དགེ་སྦྱོང་ཞིག་འདུག་ཟེར་བ་དེཿ ཕོ་ཡིས་མཐོང་ན་བློན་པོའི་དྲག་ཤོས་འཚོལཿ མོ་ཡིས་མཐོང་ན་བཙུན་མོའི་དྲག་ཤོས་འཆོལཿ མིག་མཐོང་ལག་ཟིན་སུ་ཡོད་སྨོས་ཤིག་ཟེརཿ སྐད་པོ་ཆེ་ཡི་སྐད་ཀྱི་ང་རོ་བསྒྲགསཿ ཉི་མ་དུ་ཤར་བྱས་ཀྱང་མཐོང་མ་བྱུང་ཿ གྲགས་པ་ངན་པས་ས་སྟེང་ཁྱབ་པར་གྱུརཿ དེ་དུས་བློན་པོ་རྣམས་ཀྱིས་གཙོ་བོ་བཟུང་ཿ རྒྱལ་པོའི་མདུན་དུ་དེ་དག་གཏུགས་པར་གྱུརཿ རྒྱལ་པོའི་ཞལ་ནས་དྲན་ཚད་སྨྲ་རྒྱུ་མིནཿ གཏམ་འདི་ཁམ་ཆེས་བུ་མོ་འདོད་མཁན་མང་ཿ རྒྱལ་པོ་རྣམས་དང་ལབ་དགོས་སོ་མི་གསོདཿ དམ་པར་ཆིངས་ལ་ཁྲི་མུན་ནང་ཆུག་གསུང་ཿ རྒྱལ་པོས་ལྷ་ལྕམ་ཡོད་པའི་ཕོ་བྲང་ཕྱིནཿ ནང་ཀུན་ལེགས་པར་མྱུལ་བས་མ་མཐོང་སྟེཿ དེ་ནས་རྒྱལ་པོས་ཕོ་བྲང་ཕྱི་རུ་བྱོནཿ བློན་རྣམས་དུས་གཅིག་ཁྲིམས་བརྡ་བརྡུངས་ཤིག་གསུངསཿ ཟ་ཧོར་མི་ནི་ཆེ་ཆུང་མེད་པར་བསྡུསཿ ནོར་གྱི་བང་མཛོད་ཅིག་བཏིབ་ཁྲོམ་དཀྱིལ་སྤུངསཿ སྐད་པོ་ཆེ་ཡི་སྐད་ཀྱིས་ང་རོ་བསྒྲགསཿ ལྷ་ལྕམ་ཁྱིམ་སྤངས་ལྷ་ཆོས་བྱས་པ་ལཿ གྲོགས་པོ་དགེ་སྦྱོང་འདུག་ཟེར་སུ་ཡིས་མཐོང་ཿ ངས་མཐོང་སྨྲོས་ཤིག་སྤུངས་པའི་ནོར་འདི་སྟེརཿ ཉི་མ་དུ་ཤར་བྱས་ཀྱང་མ་བྱུང་སྟེཿ མཐའ་ཡི་རྒྱལ་པོ་རྣམས་ཀྱིས་གཏམ་རྩོད་པཿ རྒྱ་གར་རྒྱལ་པོའི་བྲམ་ཟེ་མི་བདུན་བྱུང་ཿ རྒྱ་ནག་རྒྱལ་པོའི་གཙུག་ལག་མི་ལྔ་བྱུང་ཿ བྷངྒའི་རྒྱལ་པོའི་ཨཱ་


PKT001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༨བ༽ཙར་མི་བཅུ་བྱུང་ཿ བཻདྡྷའི་རྒྱལ་པོའི་བློན་པོ་མི་གསུམ་བྱུང་ཿ ཨུ་རྒྱན་རྒྱལ་པོའི་གར་མཁན་མི་བརྒྱད་བྱུང་ཿ ཁ་ཆེ་རྒྱལ་པོའི་ཚང་པ་བརྡལ་ཅིག་བྱུང་ཿ ལི་ཡི་རྒྱལ་པོའི་མུ་རྟོ་ཁྱུ་ཞིག་བྱུང་ཿ ཏ་ཟིག་རྒྱལ་པོའི་རོ་ལ་མཁན་གྲ་ཞིག་བྱུང་ཿ གེ་སར་རྒྱལ་པོའི་རྣལ་འབྱོར་མི་གསུམ་བྱུང་ཿ ཞང་ཞུང་རྒྱལ་པོའི་བོན་པོ་མི་གཉིས་བྱུང་ཿ རྒན་དང་གཞོན་དང་བྱིས་པ་ཡན་ཆོད་ལཿ ཐམས་ཅད་ལྷ་ལྕམ་མནྡཱ་ར་བ་འདིཿ དེ་ནས་གཙོ་བོ་ཞིག་གི་ཆུང་མ་ཡིསཿ བ་ལང་རྫི་བོ་དེ་ཡི་མགོ་བསྐོར་ནསཿ ཁྱོད་ཀྱི་བ་ལང་འཚོ་བའི་ཚབ་མ་གཏོང་ཿ ཚོགས་པའི་གསེབ་ཏུ་ཁྱོད་ཀྱིས་མཐོང་ཟེར་དགོསཿ གཙོ་བོའི་ཆུང་མ་ཐམས་ཅད་ལྷན་ཅིག་འདུསཿ རྫི་བོ་དེ་ལ་ཀ་ཅས་ཚིམ་པར་བྱསཿ བ་ལང་རྫི་བོས་དམར་ནག་ཁྲོམ་དཀྱིལ་ཕྱིནཿ སྐད་པོ་ཆེ་ཡི་སྐད་བཏོན་ཕྱི་མ་ལཿ ཚོགས་པའི་དཀྱིལ་ནས་མི་ཞིག་ལངས་བྱུང་སྟེཿ དེ་ཡང་མཚན་མ་སྡུག་པ་དགུ་ཡིས་བརྒྱནཿ མགོ་ཆེ་རྐུབ་འབུར་ཤ་རྩུབ་ཝ་རི་འདྲཿ ཁ་ཆེ་སྣ་ཉག་མིག་ཕུགས་ཤིན་ཏུ་རིང་ཿ མདོག་ནག་མདུན་གྱི་ཡ་སོ་གཅིག་དོན་པཿ དེས་ནི་ངས་མཐོང་ནང་དུ་ལྟོས་དང་ཟེརཿ མི་དེ་ཟས་ནོར་མདུན་དུ་བཟུང་ནས་སུཿ རྒྱལ་པོས་བློན་པོ་སོང་ལ་ལྟོས་ཤོག་གསུང་ཿ བཙུན་མོས་ངས་ལྟའི་ཟེར་ནས་སྔོན་ལ་སོང་ཿ གཡོག་མོས་སྒོ་བསྒོམས་ནང་དུ་མ་བཏང་ནསཿ བཙུན་མོ་བདེན་ངེས་བསམ་ནས་བརྒྱལ་བར་གྱུརཿ བློན་པོས་རྒྱལ་པོའི་སྙན་དུ་དེ་སྐད་


PKT001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༩ན༽སྨྲསཿ རྒྱལ་པོའི་ཞལ་ནས་བཙུན་མོར་ཆུ་རྒྱོབ་ལསཿ ཕོ་བྲང་ནང་སྐྱོལ་སྒོ་དེ་སྟ་རེས་གསེསཿ དགེ་སྦྱོང་གཟུང་ལ་འདི་རུ་ཁྲིད་ཤོག་གསུང་ཿ དེ་ནས་བློན་པོས་སྒོ་གསེས་ནང་དུ་ཕྱིནཿ ཆོས་སྟོན་མཐོ་བ་རཏྣའི་ཁྲི་ཐོག་ནཿ སྐུ་ཟིལ་མེ་ལོང་ཉི་མ་ཕོག་པ་ལྟརཿ ལྟ་བས་མི་བཟོད་གཟི་མདངས་འོད་དུ་འབརཿ ཚངས་པའི་གསུངས་ནི་ཆོས་སུ་ལྷང་ལྷང་སྒྲོགཿ ལྷ་ལྕམ་དཔོན་གཡོག་ཐལ་སྦྱར་མཆི་མ་ཕྱུང་ཿ བློན་པོ་རྣམས་ཀྱིས་འཇུ་བར་མ་ཕོད་ནསཿ སླར་ཡང་རྒྱལ་པོའི་སྙན་དུ་ཞུས་པ་ཡིསཿ མཐའ་མི་དགེ་སྦྱོང་དེ་ནི་ཡ་མཚན་ཏེཿ རྣམ་ཐོས་བུའམ་ཚངས་པའི་བུ་ཞིག་ཡིནཿ ལྷ་ལྕམ་བླ་མ་ཡིན་འདྲ་འཇུ་མ་སྤོབསཿ དེ་སྐད་གསོལ་པས་རྒྱལ་པོ་སྦར་གྱིས་འཕརཿ མཐའ་མིས་ང་ཡི་བུ་མོའི་སྨྲ་འབེབས་པཿ རིགས་ཉམས་དགེ་སྦྱོང་དེ་ནི་ལེགས་པར་ཆིངསཿ ཧ་ལ་ཧིལ་མར་ཁྲལ་བསྡུས་གསོན་སྲེག་གྱིསཿ ལྷ་ལྕམ་ཁྱིམ་ལ་བཏང་དུས་མི་འགྲོ་བརཿ ད་ནི་མཐའ་མི་འཁྱམ་པོ་ཞིག་དང་བསྡེབསཿ ས་ལ་དོང་བྲུས་ཚེར་མའི་སྟན་གོས་བརཿ མི་ལོ་ཉི་ཤུ་ཤུ་རྩ་ལྔའི་བར་དུ་ཞོགཿ ཐོག་ཕུབ་ནམ་མཁའ་སྔོ་ཙམ་མི་མཐོང་གྱིསཿ གཡོག་གཉིས་ཉི་མའི་མདངས་མི་མཐོང་བར་ཆུགཿ ཁོལ་མོ་ལྔ་བརྒྱ་ཐེམ་པའི་ཕྱིར་མ་བཏང་ཿ སྐྱེས་པའི་སྐད་མི་ཐོས་པའི་ཕུགས་སུ་ཆུགཿ དེ་སྐད་གསུངས་ནས་རྒྱལ་པོ་ཕོ་བྲང་གཤེགསཿ གཙོ་བོ་ཁྲི་མུན་ནང་ནས་ཕྱི་ལ་བཏོནཿ


PKT001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༩བ༽ཤིག་གསོ་གྲ་རྒྱས་ཤ་ལྤགས་རུས་མེག་ཐིམཿ ཆུང་མ་རྣམས་དང་ལྷན་ཅིག་འདུས་པར་གྱུརཿ ཟས་ཆང་སྣ་ལེན་དགའ་བའི་སེམས་གཏིང་སྟོནཿ དེ་ནས་གཙོ་བོས་ཕྱོགས་ཀྱི་དམག་དཔོན་ལཿ ཕོ་ཉ་བཏང་ནས་དགེ་སྦྱོང་སྟེང་དུ་ཕོབཿ ཕྱི་ནང་བློན་པོ་གཙོ་བོར་བཅས་པ་ཡིསཿ ལ་ལས་དོང་བྲུས་ལ་ལས་ཚེར་མ་བཅདཿ ལྷ་ལྕམ་ཡོད་པའི་ཕོ་བྲང་ཕྱིན་པར་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ལྷ་ལྕམ་མནྡཱ་ར་བ་དང་མཇལ་འཕྲད་མཛད་པའི་ལེའུ་སྟེ་བཞི་བཅུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousལྷ་ལྕམ་མནྡཱ་ར་བ་དང་མཇལ་འཕྲད་མཛད་པའི་ལེའུ། next