Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཟ་ཧོར་ཡུལ་དུ་མཐའ་དམག་སློག་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousཟ་ཧོར་ཡུལ་དུ་མཐའ་དམག་སློག་པའི་ལེའུ། next

ཟ་ཧོར་ཡུལ་དུ་མཐའ་དམག་སློག་པའི་ལེའུ།


PKT001_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོའི་ཞལ་ནས་བློན་པོ་ལཿ ལྷ་ལྕམ་མནྡཱ་ར་བ་ཁྲིད་ཤོག་


PKT001_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༣ན༽གསུང་ཿ བློན་པོས་མྱུར་ཕྱིན་དོང་གི་ཁ་བཤུས་ནསཿ ཚེར་མ་ཐམས་ཅད་གཡས་གཡོན་དོར་ནས་སུཿ ཡབ་ཀྱི་ཞལ་ནས་ཕོ་བྲང་བྱོན་གྱིས་གསུང་ཿ ལྷ་ལྕམ་ད་གཤེགས་ཕོ་བྲང་ནང་དུ་གཤེགསཿ ལན་མང་སྨྲས་ཀྱང་མ་ཐོས་བཞིན་དུ་མཛདཿ བློན་པོས་ནང་ཕྱིན་རྒྱལ་པོའི་སྙན་དུ་གསོལཿ ལྷ་ལྕམ་ཁྲོས་ནས་ལན་མི་སྟེར་བར་འདུགཿ རྒྱལ་པོ་དེ་མ་ཐག་ཏུ་སྤྱན་ཆབ་ཤོརཿ བུ་མོ་བདེན་གྱིས་ཨ་མ་སོང་ཤོག་གསུང་ཿ བཙུན་མོས་གོས་ཁྱེར་ལྷ་ལྕམ་མདུན་དུ་ཕྱིནཿ ལྷ་ལྕམ་ཚེར་མ་ཐམས་ཅད་ཤ་ལྤགས་དིམཿ ལྟ་མི་བཟོད་པ་སྙིང་རྗེའི་གནས་སུ་འདུགཿ བུ་མོ་གོས་གྱོན་ཕོ་བྲང་ནང་དུ་འདོདཿ དེ་སྐད་སྨྲས་པས་ལྷ་ལྕམ་ཞལ་ན་རེཿ ཨ་མ་བུ་མོ་ཡབ་ཀྱི་བཀའ་མི་གཅོགཿ མི་ལོ་ཉི་ཤུ་རྩ་ལྔ་མ་སོང་བརཿ སྡུག་ཀྱང་འདུག་ས་འདི་གར་སྡོད་དོ་ཟེརཿ བཙུན་མོ་ས་ལག་ནས་ཐེན་ཀྱང་འགྲེལ་མ་བཏུབཿ བུ་མོས་ཕོད་པ་ཟེར་ཞིང་ཁ་སྙིང་གཏུགསཿ བཙུན་མོ་གཡོག་མོར་མང་དུ་བཤུམ་པ་ཡིསཿ བུད་མེད་གཅིག་བྱུང་གཉིས་བྱུང་མང་པོ་འདུསཿ དེ་ནས་ཟ་ཧོར་མོ་ལུས་ཐོབ་ཚད་ཚོགསཿ ཐམས་ཅད་དུ་ཞིང་ལུང་པ་འབའ་དིར་སོང་ཿ རྒྱལ་པོའི་ཐུགས་ལ་བུ་མོ་ཤིའམ་སྙམཿ རྒྱལ་པོ་ཉིད་ཀྱིས་ལྷ་ལྕམ་དུན་དུ་ཕྱིནཿ བུ་མོའི་ཆོས་རེགས་བྱས་པ་ང་ཡིན་མོདཿ འགྱོད་པ་ཅན་གྱི་ཕ་ལ་བུ་མོས་སོམསཿ ང་ཡིས་མཐོ་མཐོ་བྱས་པས་དམའ་དམའ་བྱུང་ཿ དོན་མ་


PKT001_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༣བ༽ཤེས་པས་སྙིང་རླུང་གཅོང་གིས་ཟིནཿ ཅེས་གསུངས་ཁ་དང་སྙིང་གཏུགས་དུད་མོ་འབྱིནཿ དེ་ནས་ལྷ་ལྕམ་ཕོ་བྲང་ནང་དུ་ཕྱིནཿ སློབ་དཔོན་ཞལ་མཐོང་སྐྱབས་སུ་སྙིང་ནས་མཆིཿ ལྷ་ལྕམ་དམའ་བའི་ས་ལ་པུས་བཙུགས་ནསཿ ཞེ་སར་བཅས་པའི་སྙན་ངག་ཚིག་བསྟོད་པཿ ཨེ་མ་ཧོཿ དགེ་མེད་གླིང་དུ་སངས་རྒྱས་སྤྲུལ་པ་བྱོནཿ མི་འཇིགས་སྟོབས་ལྡན་རེ་དོགས་མེད་པར་འཕྱོཿ ཕྱག་ཞབས་རྫུ་འཕྲུལ་ཉམ་ང་མེད་པའི་སྐུཿ རྫུ་འཕྲུལ་ཅིར་ཡང་གསལ་བ་བཀྲ་ཤིས་ཤིང་ཿ པད་སྡོང་ལས་འཁྲུངས་དཀར་ལ་དམར་མདངས་ཅནཿ བཟང་པོའི་མཚན་གྱིས་སྐུ་ལ་བརྒྱན་པ་ནཿ ལེགས་པའི་དཔེ་བྱད་མཚན་བཟང་སུམ་ཅུ་གཉིསཿ དུས་གསུམ་སངས་རྒྱས་པད་འབྱུང་སྐུ་ལ་རྫོགསཿ པད་འབྱུང་སྐུ་ཡིས་ཐ་དད་མོས་པ་འདུལཿ མཚན་དང་དཔེ་བྱད་ལོངས་སྤྱོད་རྫོགས་པའི་སྐུཿ རི་རབ་ལྟ་བུར་སྐུ་ནི་ལྷུན་བརྗིད་མཐོཿ རི་རྒྱལ་བུམ་པ་ལྟ་བུར་དབུ་ནི་ཟླུམཿ བུང་བ་ཨུཏྤལ་ལྟ་བུར་དགུ་སྐྲ་མཛེསཿ ཟླ་བ་རྒྱས་པ་ལྟ་བུ་དཔྱལ་དབྱེས་ཆེཿ སྐར་ཆེ་ན་ཤར་འདྲ་སྤྱན་གཉིས་གནག་ཅིང་རིང་ཿ འདི་ཡི་སྨིན་མ་ཁྱུང་ཆེན་ལྡིང་བ་འདྲཿ ཁྱུང་གཤོག་བརྒྱངས་པ་ལྟ་བུར་རྫི་མ་ལེགསཿ སྙན་ནི་པདྨ་ཁ་ཕྱེ་ལྟ་བུ་སྟེཿ ཤངས་རྒྱུད་ལེགས་ཤིང་ལྟ་ན་སྡུག་པའི་ཤངསཿ རབ་མཛེས་མཆུ་སྒྲོས་པདྨའི་ཟེ་བ་འདྲཿ ལྗགས་རིང་སྲབ་མཉེན་པདྨའི་མདོག་ལྟར་དམརཿ ཚེམས་དཀར་ཐགས་


PKT001_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༤ན༽བཟང་དུང་མདོག་གངས་རི་འདྲཿ ཆོམས་འཕྲེང་ལྔ་བཅུ་རྩ་བརྒྱད་ཞལ་ལ་མཛེསཿ ཞི་བའི་ཞལ་མཐོང་ཨོས་ཀོ་ལྷ་ངེ་བཿ ཀ་ལ་པིངྐ་ལྟ་བུ་ཚངས་པའི་དབྱངསཿ ཞལ་ཚོམས་དོམ་ནག་དཀྱུས་འདྲ་ལྟ་བུར་རིང་ཿ སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་འདྲཿ མགུལ་ནི་བུམ་པའི་མགྲིན་པ་ལྟ་བུར་ལེགསཿ འདི་ཡི་སྐུ་སྟོད་སེང་གེ་འགྱིང་བ་འདྲཿ དཔུང་པའི་མགོ་ཟླུམ་ཕྲག་པ་ཡན་ལག་རྒྱསཿ ཕྱག་ཞབས་སོར་མོ་དྲ་བས་འབྲེལ་པ་དང་ཿ སེན་མོའི་མདོག་ནི་ཟངས་དམར་ཤེལ་འོད་འདྲཿ པདྨའི་སྦུ་གུ་ལྟ་བུར་ལྟེ་བ་མཛེསཿ བྱིན་པ་ཨེ་ན་ཡ་འདྲ་ཞབས་པད་འབུརཿ མཁའ་ལ་འཇའ་འཁྱུས་ལྟ་བུར་འཕུར་རྩལ་འགྲོཿ སྦ་བ་སྦུབས་སུ་རྟ་གླང་ལྟ་བུར་ནུབཿ གཞོན་ནུ་བཙས་འདྲ་སྐུ་ལུས་ཡན་ལག་རྒྱསཿ འཛུམ་ཞིང་ཤིན་ཏུ་མཛེས་པའི་དྲི་མེད་ཞལཿ གཟུགས་བལྟས་མི་ངོམས་སྐྱེ་བོས་མཐོང་ན་དགའཿ འོད་ཟེར་དུ་མ་འབར་བས་འོད་ཁྱིམ་འདྲཿ རོ་མཆོག་འཇམ་ཞིང་དམ་པ་མཆོག་རབ་འཕགསཿ མི་ཤིགས་རྡོ་རྗེ་ལྟ་བུར་ཟག་པ་མེདཿ འདྲ་བ་འདི་དག་པད་འབྱུང་མཚན་བཟང་པོཿ སུམ་ཅུ་རྩ་གཉིས་རྒྱལ་སྲས་སྐུ་ལ་བསྟོདཿ ཅེས་པས་གུས་བསྟོད་ཕྱག་ཀྱང་མང་དུ་འཚལཿ དགྱེས་པའི་ཞལ་བསྟན་བདག་ལ་འདི་སྐད་གསུང་ཿ ཆ་མཐུན་རྟགས་ཙམ་ཕྱི་ཡི་སྡུག་བསྔལ་གཞིཿ ཁ་ཅིག་ད་ལྟའི་དགྲ་ལ་ངོས་འཛིན་ཏེཿ དེ་མིན་དགྲ་སྡང་ངན་


PKT001_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༤བ༽སོང་གསུམ་ལ་ཟེརཿ ད་ལྟའི་དགྲ་འདི་གཉེན་འགྲོར་ཚེགས་མེད་གསུང་ཿ གཉེན་བྱས་ད་ལྟའི་གཉེན་ལ་ངོས་འཛིན་ཏེཿ གཉེན་བྱམས་བྱ་བ་མཚན་ལྡན་བླ་མ་ཡིནཿ ཕན་པའི་ལམ་སྟོན་གནོད་པའི་ལམ་ལས་བཟློགཿ ད་ལྟའི་གཉེན་བྱམས་ཤ་ཚ་བཞིན་དུ་བྱསཿ ཆོས་བཤོལ་གང་མིན་འདུག་པ་ཐམས་ཅད་སློབཿ དཔེ་ངན་མང་པོ་བགྲང་ཞིང་འཁོར་བར་བསྐྱུརཿ མེད་པ་བཙལ་གྱིས་མི་རྙེད་སྡུག་བསྔལ་རྒྱུཿ ནོར་དང་ལོངས་སྤྱོད་འདི་ལ་མི་ཟེར་ཏེཿ ད་ལྟའི་ནོར་དང་ལོངས་སྤྱོད་བཙལ་ཀྱང་རྙེདཿ བཙལ་བས་མི་རྙེད་འཕགས་པའི་ནོར་བདུན་ཡིནཿ ཡོད་པ་བསྐྱངས་ཀྱི་མི་ལང་སྡུག་བསྔལ་ཏེཿ ད་ལྟའི་འཁོར་འདབ་ནོར་ལ་ཟེར་བ་མིནཿ སངས་རྒྱས་རང་ལ་ཡོད་པ་ཡན་པར་ཤོརཿ ངོ་མ་འཕྲོད་པས་བསྐྱངས་ཀྱང་མ་འཁྱོངས་ཡིནཿ རྐྱེན་ངན་དངོས་གྲུབ་ཤེས་པས་དང་དུ་ལང་ཿ བར་ཆད་ཡོན་ཏན་ཤེས་པས་ནང་དུ་བསུབསཿ དེ་སྐད་གསུངས་པས་ལྷ་ལྕམ་དགྱེས་པར་གྱུརཿ དེ་ནས་རྒྱལ་སྲིད་ལྷ་ལྕམ་བཅས་པ་དང་ཿ ནོར་གྱི་བང་མཛོད་དཔག་ཏུ་མེད་པ་ཡིཿ ཡིད་བཞིན་ནོར་བུ་སྐྱེ་བདུན་རིལ་བུ་རྣམསཿ ཆགས་ཞེན་མེད་པར་སྤྲུལ་སྐུའི་དྲུང་ཕུལ་ནསཿ ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུ་བ་ཕུལཿ རྒྱལ་པོ་མ་འདས་བར་དུ་བཞུགས་པར་ཞུསཿ ཟ་ཧོར་མ་སྨིན་བར་དུ་བསྡད་ཀྱི་གསུང་ཿ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་བཀའ་ཕྱེཿ སངས་རྒྱས་


PKT001_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༥ན༽བསྟན་པ་མཐའ་དབུས་མེད་པར་བརྡལཿ ཕྱོགས་བཅུ་ཀུན་ཏུ་པད་འབྱུང་སྙན་པས་ཁྱབཿ མུན་སངས་ཤེས་པ་བུན་ཅིང་རིག་པ་བདེཿ ཁས་བརྒྱ་ཆོས་བྱེད་སྡིག་མེད་དགེ་བ་འཕེལཿ རྒྱལ་སྲས་པདྨ་འབྱུང་གནས་གདུལ་ཞིང་གྱུརཿ སེམས་ཅན་མ་སྨིན་པ་ནི་གཅིག་ཀྱང་མེདཿ དེ་ནས་གཏམ་ཚོལ་རང་རང་ཡུལ་ལ་འགྲོརཿ ཐོས་མཐོང་བཀད་སར་རང་རང་རྒྱལ་པོས་སྨྲསཿ ཐམས་ཅད་མི་བདེན་སྒྱུ་མ་ཡིན་མཆིས་ཟེརཿ མཐའ་ཡི་རྒྱལ་པོས་དམག་བསྡུས་བརྒྱག་པར་བརྩམསཿ རྒྱ་གར་རྒྱལ་པོ་གྲགས་འཛིན་ཞེས་པའི་བུཿ མཧཱ་བཱ་ལས་དམག་ཁྱེར་འོངས་པ་ལསཿ ཟ་ཧོར་མི་རྣམས་ས་བསྲེག་རྡོ་རྡོད་བྱེདཿ ལ་ལ་ཡར་སྐྱེལ་ལ་ལ་མར་སྐྱེལ་ཞིང་ཿ ལ་ལ་འཐབ་ཟེར་གོ་གསར་བྱེད་པ་ལཿ རྒྱལ་སྲས་དམ་པ་པདྨ་འབྱུང་གནས་ཀྱིསཿ སྐད་ཅིག་ལྷ་མ་ཡིན་གྱི་གནས་སུ་བྱོནཿ པདྨ་རྣམ་པར་རྒྱལ་བའི་མདའ་གཞུ་གཡརཿ མདའ་གཞུ་གླང་པོ་ཆེ་ལ་བཀལ་ནས་སུཿ གྱད་གཉིས་སྔོན་མཇུག་བསྐུར་ནས་དམག་གསེབ་བཏང་ཿ གཞུ་འདིར་མདའ་འདི་འཕེན་པའི་དམག་སྟོང་ཡོདཿ འཐབ་ཡ་བྱེད་པའི་ལག་ཆ་ས་རེ་གྱིསཿ ཞེས་པའི་ཤོག་འཕྲིན་མཧཱ་བཱ་ལར་སྤྲདཿ གཞུ་དེ་དམག་གིས་ཐེན་པས་ཁ་མ་ཕྱེདཿ འདི་ནི་ཁེངས་སིམ་སྲིད་བརྫུན་ཡིན་པསཿ ངེས་པར་བདེན་ན་ཕོབ་ལ་ཁྱེར་ཤོག་ཟེརཿ གླང་པོར་གཞུ་བཀལ་ཟ་ཧོར་ཡུལ་དུ་


PKT001_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༥བ༽འོངསཿ གཞུ་འདི་ཕོབ་ལས་བསྐུར་ཟེར་སྨྲས་པ་དང་ཿ རྒྱལ་བས་སྟོབས་ལྡན་གཞུ་དེ་ཐབས་ཀྱིས་ཕབཿ དགྱེ་ལང་དགུ་ལང་བྱས་ནས་བསྐུར་བཏང་བསཿ གྱད་དམག་ཐམས་ཅད་ཧ་ལས་གྱུར་པ་དང་ཿ ཐུབ་པ་སྲིད་ཟེར་ནས་དམག་རྣམས་ཟགསཿ རྒྱལ་པོ་གཞན་གྱི་དམག་རྣམས་ཀུན་ལ་ཡང་ཿ དཔའ་བོ་ཡོད་ན་གཞུ་འདི་བདུངས་ཤིས་སྨྲསཿ གཞུ་བདུངས་སྤོབས་པ་གཅིག་ཀྱང་མ་བྱུང་ནསཿ གཞུ་འདི་འགེངས་པའི་མི་དེ་ཁྲིད་ཤོག་ཟེརཿ རྒྱལ་བས་ཁྱབ་འཇུག་རཱ་ཧུ་ལ་བཏང་སྟེཿ དཔག་ཚད་བཅུ་རུ་རྭ་ཞིག་འབེན་ལ་བཙུགསཿ བྱང་ཆུབ་སེམས་དཔས་མདའ་བརྒྱབ་ཧ་ལས་གྱེསཿ མགོ་དགུ་བྱ་རོག་མགོ་དང་བཅུ་ཡོད་པཿ ལུས་པོ་ཐམས་ཅད་མིག་གིས་གང་བ་ཡིཿ དམག་མི་འདུག་ཅེས་ཡོངས་སུ་གྲགས་པར་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཟ་ཧོར་ཡུལ་དུ་མཐའ་དམག་སློག་པའི་ལེའུ་སྟེ་ཞེ་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousཟ་ཧོར་ཡུལ་དུ་མཐའ་དམག་སློག་པའི་ལེའུ། next