Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

39 occurrences of འབངས་མི་
[Clear Hits]


 
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་པའི་ལེའུ།
  
  
  
  
  
  
 
  
  
  
  
 
  
  
  
  
 
 
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
 
 
  
 
  
  
 
  
  
 
  
  
  
  
  
  
  
  
  
  
  
  
 
 
 
 
  


39 occurrences of འབངས་མི་
[Clear Hits]

 
previousཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་པའི་ལེའུ། next

ཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་པའི་ལེའུ།


PKT001_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་གཙུག་ལག་འཛིན་གྱིས་ནིཿ ཕོ་བྲང་གླིང་བརྒྱད་གླིང་ཕྲན་བརྒྱ་རྩ་བརྒྱདཿ གདུགས་ཐོགས་ཕོ་བྲང་རྩེ་མོར་སྤྱན་དྲངས་ནསཿ འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་གྱུརཿ རྒྱལ་པོ་གཙུག་ལག་འཛིན་གྱིས་ཕྱག་ཕུལ་ནསཿ མ་རིག་མུན་པ་སེལ་བའི་ཉི་མ་རྗེཿ གསང་སྔགས་ཟབ་ཅིང་རྒྱ་ཆེ་དོན་འགྲིལ་བཿ ཐོས་བསམ་དཀའ་ཐུབ་ལ་ནི་མི་བསྟོས་པརཿ


PKT001_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༦ན༽མྱུར་དུ་ཚེ་གཅིག་ལུས་གཅིག་འཚང་རྒྱ་བའིཿ རྒྱུད་ལུང་མ་བུ་བཤད་འགྲེལ་དང་བཅས་པཿ སྒོམ་ཁོག་གནད་ཀྱི་གདམས་པ་དང་བཅས་པཿ འཕྲིན་ལས་ཕྱག་བཞེས་ལག་ལེན་དང་བཅས་པཿ ལས་ཀྱི་ཁ་ཆར་སྒོས་དོན་དང་བཅས་པཿ གསང་སྔགས་སྤྱི་གནད་བསྐོར་མགོ་དང་བཅས་པཿ ཡིད་ཆེས་བརྒྱུད་པའི་ལོ་རྒྱུས་དང་བཅས་པཿ རང་གཞན་ཀུན་གྱི་དོན་རྣམས་མྱུར་འགྲུབ་པཿ ལྷ་ཚོགས་རིགས་སུ་གྱུར་པ་ཀུན་ཚང་བཿ ཐེག་པ་གོང་འོག་གང་དང་མི་འགལ་བཿ ཆ་ཚང་གཅིག་ཏུ་འགྲེལ་བའི་ཆོས་ཤིག་ཞུཿ ཞེས་གསོལ་རིན་ཆེན་རྣམས་ཀྱིས་མཉེས་པར་བྱསཿ ཨུ་རྒྱན་ཆེན་པོ་པདྨའི་ཞལ་ནས་ནིཿ རྒྱལ་པོ་འཇིག་རྟེན་གཡེང་བ་ཆེ་བས་སུཿ ཟབ་ཆོས་ཉམས་སུ་ལེན་པ་ཤིན་ཏུ་དཀའཿ ཐེག་པ་ཆེན་པོ་གསང་སྔགས་ཆོས་འདི་རྣམསཿ དབང་མ་བསྐུར་བར་བཤད་སྒྲུབ་བྱར་མི་རུང་ཿ དཔེར་ན་རྫ་སོམ་བཏང་ཆུ་བླུགས་འཇིགཿ དབང་བསྐུར་ཐོབ་ནས་ཆོས་ཀྱི་སྣོད་རུང་ཡིནཿ དེ་ནས་རྒྱལ་པོ་ཉིད་ཀྱིས་གཙོ་བྱས་པའིཿ རྗེ་འབངས་ཉི་ཤུ་རྩ་གཅིག་དགའ་བའི་ཚལཿ མཁའ་འགྲོ་འཁྲིགས་པའི་ཡང་དབེན་གནས་མཆོག་ཏུཿ དབང་རྣམས་ཐམས་ཅད་ཡོངས་སུ་རྫོགས་པར་བསྐུརཿ རྒྱལ་པོས་འཁོར་བ་མ་སྟོངས་བར་དུ་ནིཿ སེམས་ཅན་གང་ལ་གང་འདུལ་དེ་འདུལ་དུཿ བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིཿ རྗེ་ཡི་


PKT001_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༦བ༽འཕྲིན་ལས་པ་རུ་སྨོན་ལམ་བཏབཿ འབངས་ནི་ཉི་ཤུས་འཁོར་དུ་སྨོན་ལམ་བཏབཿ དེ་ཚེ་མཁའ་ལས་སྒྲ་བྱུང་མེ་ཏོག་བབསཿ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིསཿ བཀའ་སྐྱོང་དམ་པའི་རྒྱུད་ལྔ་ལོ་གཅིག་གསུངསཿ ཆོས་ཚན་བརྒྱ་དང་སུམ་ཅུ་སོ་བརྒྱད་གདམསཿ རྫོགས་ཆེན་བཀའ་འདུས་སྙིང་ཐིག་རྒྱུད་ཀྱི་སྐོརཿ བཞི་ཚན་ལྔ་དང་རྒྱུད་ནི་ཉི་ཤུ་སྟེཿ མན་ངག་བརྒྱ་དང་བཞི་བཅུ་རྩ་གཉིས་གདམསཿ མདོ་སྔགས་གཉིས་ཀྱིས་ཟ་ཧོར་ཆོས་ལ་བཀོདཿ ཟུར་ཙམ་ཡིན་གྱིས་ཡི་གེར་བཀོད་དུ་མངསཿ དེ་ནས་རེ་ཞིག་དུས་ན་ལུང་བསྟན་གླིང་ཿ ལྷ་ལྕམ་མནྡ་ར་བས་ཚོགས་འཁོར་བཤམསཿ གུས་ཕྱག་དགུ་སྤྲུགས་བཙལ་ནས་ཞུས་པ་ནིཿ མདོ་སྔགས་ཁྱོད་པར་གང་གིས་འབྱེད་པ་ལགསཿ རྒྱུ་དང་འབྲས་བུ་གཉིས་ཀྱིས་ཕྱེ་བ་ཡིནཿ དྲང་དོན་ངེས་དོན་གང་གིས་འབྱེད་པ་ལགསཿ ཐེག་པ་ཆེ་ཆུང་གཉིས་ཀྱིས་ཕྱེ་བ་ཡིནཿ ཀུན་རྫོབ་དོན་དམ་ཁྱོད་པར་གང་འབྱེད་ལགསཿ འཇིག་དང་མི་འཇིག་གཉིས་ཀྱིས་ཕྱེ་བ་ཡིནཿ ཐབས་ཤེས་ཁྱད་པར་གང་གིས་འབྱེད་པ་ལགསཿ ཡོད་དང་མེད་པ་གཉིས་ཀྱིས་ཕྱེ་བ་ཡིནཿ འཁོར་འདས་ཁྱད་པར་གང་གིས་འབྱེད་པ་ལགསཿ རིག་དང་མ་རིག་གཉིས་ཀྱིས་ཕྱེའོ་གསུང་ཿ བདག་གི་སྔ་ཕྱིའི་སྐྱེ་བ་དུ་ཙམ་ལགསཿ བདེ་སྐྱེས་མ་ལན་མི་འཚལ་ཕར་ཞོག་གསུང་ཿ ངའི་ཡབ་རྒྱལ་པོ་གཙུག་ལག་འཛིན་པ་འདིཿ སྐྱེ་བ་སྔ་མ་


PKT001_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༧ན༽ཅི་འདྲ་ཡིན་ཞུས་པསཿ བདེ་སྐྱེད་མ་ཡི་ཡབ་ན་འདི་ལྟ་སྟེཿ སུ་ལ་བྷེ་ཡུལ་གྲོང་ཁྱེར་ཀ་ལིངྐའིཿ བྲམ་ཟེའི་རྒྱལ་པོ་ཞིག་གི་བུ་རུ་སྐྱེསཿ ཝ་ར་ཎཱ་སིར་ཐུབ་པར་རབ་ཏུ་བྱུང་ཿ ཀྲ་མ་ཤཱི་ལར་མུ་སྟེགས་འཇིགས་པ་ཡོདཿ སྒོ་བཞི་ཟླ་བ་རེ་མོས་བྱས་ཀྱིན་བསྲུང་ཿ མུ་སྟེགས་རྐོན་པ་བཙུགས་པས་འཚོར་ལ་ཉེཿ རབ་རྩལ་སྒོར་ཆས་གྲི་མདུད་སྦྱོར་བ་ཡིསཿ མཚན་མོ་མུ་སྟེགས་དམག་རྣམས་དག་པར་བྱསཿ ཟངས་གླིང་ཡུལ་ན་དྭ་ཕྲུག་ཡུགས་སའི་ཁྱུཿ གཙུག་ལག་ཁང་ནི་བསྲུངས་བའི་དགེ་བ་དང་ཿ མུ་སྟེགས་དམག་རྣམས་བསད་པའི་སྡིག་པ་ནིཿ གཉིས་ཀ་ལུས་དང་གྲིབ་མ་བཞིན་དུ་འགྲོགསཿ འགྲོ་བ་དྲུག་ཀའི་སྐྱེ་བ་འགའ་རེ་བླངསཿ སྐྱེ་བ་འདི་གོང་རྒྱ་གར་གའུ་ཤོང་ཿ རྒྱལ་པོ་ཨར་ཏའི་བཙན་མོ་ཤི་བའི་ལྟོརཿ བདག་གིས་རོ་བཤས་བུ་མོ་མ་ཤི་བྱུང་ཿ དེ་ཉིད་ཚེ་འཕོས་ཁྱོད་ཀྱིས་ཡབ་ཏུ་སྐྱེསཿ སུ་ལའང་མ་འཆད་དམ་ཚིག་ས་མ་ཡཿ ལྷ་ལྕམ་ཡབ་ལ་སྙིང་རྗེ་སྐྱེས་ཏེ་དུསཿ སྐྱེ་བ་ཕྱི་མ་ག་རུ་སྐྱེ་ན་ཞུསཿ སྐྱེ་བར་གྱུར་ཚོད་ཙམ་པ་འགའ་ཞིག་ལེནཿ མཐར་ནི་སྤྲེའི་རྒྱལ་ཁམས་བོད་ཀྱི་ཡུལཿ ཨ་ཀར་མ་ཏི་ཤཱི་ལ་བྱ་བར་སྐྱེཿ དེ་ནས་སྲིན་ཡུལ་རིག་བྱེད་རྩལ་བུར་སྐྱེཿ དེ་ནས་ཀོ་ཏ་ལ་ཡི་རྒྱལ་པོའི་སྲསཿ ལྷ་ལྕམ་མནྡཱ་བཟང་མོ་བྱ་བར་སྐྱེཿ དེ་ནས་ལྷ་མ་ཡིན་གྱི་ཡུལ་དུ་ནིཿ པདྨ་རྣམ་པར་རྒྱལ་བར་ཆོས་ཉན་ནསཿ བལ་


PKT001_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༧བ༽ཡུལ་ཞེས་བྱ་བ་ན་སྒོམ་གཉིས་ཀྱི་བུཿ དེ་བ་ཨ་ཀར་ཙནྡ་ཞེས་བྱར་སྐྱེཿ དེ་ནས་རི་བོ་ཏ་ལར་འཕགས་པའི་གྲུང་ཿ སྤྱན་རས་གཟིགས་ལ་ཆོས་ཉན་མཁའ་སྤྱོད་མྱུལཿ མཐའ་འཁོབ་ཡུལ་དུ་མུ་ཏིག་ཞེས་བྱའི་སྲསཿ རྒྱལ་སྲས་ལྷ་རྗེ་ཞེས་བྱར་སྐྱེ་བ་ལེནཿ དེ་ནས་སྐྱེ་བ་ཉི་ཤུ་ཟ་ཧོར་སྐྱེཿ རེ་འགའ་དུད་འགྲོ་རེ་འགའ་རྒྱལ་པོ་དང་ཿ རེ་འགའ་པཎ་ཆེན་རེ་དགའ་དམངས་ཕལ་བཿ སུལ་ལང་མ་འཆད་དམ་ཚིག་ས་མ་ཡཿ ལྷ་ལྕམ་འཁོར་བའི་གཏིང་རྡོར་འདུག་ཟེར་དུསཿ སྐྱེ་བ་ཆོད་དུས་ཙ་ན་འོང་ཞེས་ཞུསཿ འགྲོ་དྲུག་འཁོར་བའི་སེམས་ཅན་མ་ལུས་པཿ རྒྱལ་ཉིད་ཀུན་གྱིས་ཐོབ་ཕྱིར་སྐྱེ་བ་ལེནཿ སེམས་ཅན་ཐམས་ཅད་ཟད་པར་གྱུར་པ་དང་ཿ བདེ་སྐྱེད་མ་ཡི་ཡབ་ཀྱི་སྐྱེ་བ་ཆོདཿ བྱེ་མ་བརྩིར་བས་མར་ཁུ་ནམ་བྱུང་ནཿ བདེ་སྐྱེད་མ་ཡི་ཡབ་ཀྱི་སྐྱེ་བ་ཆོདཿ ཆུ་ལ་མེ་ཤིང་ནམ་ནི་བཏུབ་ཙ་ནཿ བདེ་སྐྱེད་མ་ཡི་ཡབ་ཀྱི་སྐྱེ་བ་ཆོདཿ ཅི་ཕྱིར་འཁོར་བའི་སེམས་ཅན་འདྲེན་པའི་ཕྱིརཿ ཡབ་ནི་ལན་མང་སྐྱེ་བ་ལེན་པ་ལཿ ཆོས་ལྟར་བཅོས་པའི་བརྫུན་མ་མ་བཏང་གསུང་ཿ མུན་ཕྲག་སེམས་ཅན་སྒྲོན་མ་བྱེད་པའི་ཕྱིརཿ རྒྱལ་པོ་ཐམས་ཅད་མཁྱེན་པས་འདུལ་བ་ལཿ ཆོས་ལ་ཕྱོགས་རིས་བར་ཆད་མ་བཏང་གསུང་ཿ སྐྱབས་མགོན་མེད་པའི་ས་མཁན་བྱེད་པའི་ཕྱིརཿ རྒྱལ་པོ་འཁོར་བ་དང་དུ་ལེན་པ་ལཿ སངས་རྒྱས་ཆོས་ཀྱི་མགོ་བསྐོར་མ་བཏང་གསུང་ཿ


PKT001_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༨ན༽ཡབ་འདི་འཁོར་བ་གཏིང་རྡོ་བྱེད་དམ་ཞུསཿ འཁོར་བ་སྤངས་པའི་སངས་རྒྱས་ག་ལ་ཡོདཿ བདེ་སྐྱེད་མ་ཁྱོད་འཁོར་བར་སྐྱོན་མ་བལྟཿ མྱ་ངན་འདས་ལ་ཡོན་ཏན་མ་འཛིན་གསུང་ཿ ཟ་ཧོར་ཡུལ་དུ་ལོ་ནི་ཉིས་བརྒྱ་བཞུགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་པའི་ལེའུ་སྟེ་ཞེ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་པའི་ལེའུ། next