Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

39 occurrences of འབངས་མི་
[Clear Hits]


 
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
རྒྱ་གར་རྔ་ཐུབ་ཅན་དང་ཁ་ཆེ་རྣམས་ཆོས་ལ་བཅུད་པའི་ལེའུ།
  
  
  
  
 
  
  
  
  
 
 
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
 
 
  
 
  
  
 
  
  
 
  
  
  
  
  
  
  
  
  
  
  
  
 
 
 
 
  


39 occurrences of འབངས་མི་
[Clear Hits]

 
previousརྒྱ་གར་རྔ་ཐུབ་ཅན་དང་ཁ་ཆེ་རྣམས་ཆོས་ལ་བཅུད་པའི་ལེའུ། next

རྒྱ་གར་རྔ་ཐུབ་ཅན་དང་ཁ་ཆེ་རྣམས་ཆོས་ལ་བཅུད་པའི་ལེའུ།


PKT001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་ལྕམ་མནྡཱ་ར་བ་ཡིསཿ ཨུ་རྒྱན་ཧེ་རུ་ཀ་ཡི་མཆོད་ཁང་བཞེངསཿ འདོད་དགུར་བསྒྱུར་བའི་གཟུགས་ཅན་མཁའ་འགྲོ་མཿ རེས་འགའ་མཁའ་འགྲོ་རེས་འགའ་ཅེ་སྤྱང་སྟེཿ རེས་འགའ་སྟག་མོ་རེས་འགའ་འཇའ་ཚོན་ལྟརཿ མཁའ་འགྲོ་རྣམས་ཀྱི་ཚོགས་དཔོན་མཛད་པར་གྱུརཿ དུས་ཕྱིས་སངས་རྒྱས་བསྟན་པ་མ་སྟོངས་པརཿ སྐབས་དང་སྐབས་སུ་ལྷ་ལྕམ་སྤྲུལ་པ་འབྱུང་ཿ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིསཿ རྒྱ་གར་རྔ་ཐུབ་ཅན་གྱི་ཡུལ་དུ་བྱོནཿ གྲོང་ཁྱེར་བལ་previous hit འབངས་འགྱུར་ཞེས་བྱ་བ་ནཿ ཐགས་མཁན་བཟའ་མི next hit་གཉིས་ལ་བུ་མོ་ཡོདཿ མ་དེ་ཤི་ནས་ཕ་ཡིས་བསམ་


PKT001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༨ན༽པ་ལཿ བུ་མོ་ནམ་ཀྱང་མི་སོས་འཆི་སྙམ་སྟེཿ མ་ཡིས་རོ་དང་ལྷན་ཅིག་དུར་ཁྲོད་བསྐྱལཿ ལྷ་ལྕམ་མནྡཱར་བས་སྟག་མོར་སྤྲུལཿ མ་ཡི་རོ་ལ་རོལ་དུ་ཡོངས་ཙ་ནཿ བུ་མོ་མ་ཡི་ནུ་མ་འཇིབ་ཀྱིན་འདུགཿ སྟག་མོས་སྙིང་རྗེ་སྐྱེས་ནས་པང་དུ་བླངསཿ བུ་མོར་མ་ཡི་འཛིན་རྟོག་མ་བྱུང་བརཿ མ་རོ་གྲང་ཞིང་སྟག་མོ་དྲོ་བ་ཡིསཿ ནུ་མ་འདྲད་པས་ཞག་ལོག་ཟླ་ལོག་སྐྱེསཿ ཉིན་པར་དུས་ན་ཤིང་བ་ལ་འཐུས་ཀྱིན་བཀལཿ མཚན་མོའི་དུས་སུ་ཐགས་སུ་འདྲེན་ཅིང་འཐགཿ བལ་འབངས་ཀ་ལ་སིདྡྷི་ཞེས་བྱར་གྲགསཿ པད་འབྱུང་དེ་ཉིད་གདུལ་བྱའི་ཞིང་དུ་མཁྱེནཿ དགེ་སློང་སོ་སོ་ཁྱ་དེ་བ་ཞེས་བྱར་སྤྲུལཿ བུ་མོ་དེ་ཉིད་ནགས་གསེབ་ཁྲིད་ནས་སུཿ འདོད་ཆགས་བཞི་སྦྱོང་སྒྲུབ་པ་མཛད་ཅིང་བཞུགསཿ དེ་ནས་རེ་ཞིག་དུས་སུ་གྱུར་པ་ནཿ ཞིང་པ་རྔ་ཐུབ་ཅན་གྱི་བུ་ཡིན་ཟེརཿ མིང་ནི་ནོར་བུ་གོ་ལེབ་ཅེས་བྱ་བཿ ཁྱིམ་བདག་བཟང་པོ་ཞིག་གི་ཕྱུགས་རྫི་དེཿ ཉི་མ་དུ་ཤར་ནགས་གསེབ་ཕྱུགས་འཚོར་འོང་ཿ ན་མ་ཇི་བཞིན་དགེ་སློང་ཡབ་ཡུམ་ལཿ ཤིང་ལོའི་ནང་དུ་འོ་མ་བཞོས་ཀྱིན་ཕུལཿ རེ་ཞིག་དགེ་སློང་ཞལ་ནས་ནོར་བུ་ལཿ ན་མ་རེས་ཀྱིས་ང་ལ་ཞོ་འབུལ་བཿ ཁྱོད་ལ་འདོད་པ་ཅི་ཡོད་གསུངས་པ་ཡིསཿ ཅི་ཡང་མི་འདོད་མོས་ནས་ཁྱོད་ལ་ཕུལཿ ཆོས་ཞིག་འདོད་དམ་འདོད་ན་སྦྱིན་གསུངས་པསཿ


PKT001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༨བ༽ཆོས་དང་འདོད་དེ་ང་ལ་ཡོན་མེད་ཟེརཿ དགེ་སློང་ཞལ་ནས་ན་མ་རེ་རེ་བཞིནཿ ཁྱོད་ཀྱིས་ཞོ་ཕུལ་ཁོ་ན་ཡོན་ཡོན་མོདཿ ནང་པར་སྔ་བར་ཤོག་དང་ཆོས་སྦྱིན་གསུངསཿ ཡོངས་ནས་ཤིང་ལོའི་ནང་དུ་ཞོ་བཞོས་ཕུལཿ རྡོ་རྗེ་སེམས་དཔའ་རྒྱན་གཅིག་སྒྲུབ་ཐབས་སྦྱིནཿ བསྒྲུབས་པས་སྟན་ཐོག་དེ་ཉིད་གྲུབ་པ་ཐོབཿ དགེ་སློང་ཡབ་ཡུམ་གཉིས་ཀྱིས་གཟིགས་པ་ཡིསཿ ནོར་བུའི་སྨིན་མཚམས་ཧཱུཾ་ཞིག་འདུག་པར་མཐོང་ཿ མཚན་ནི་སློབ་དཔོན་ཧཱུཾ་ཆེན་ཀ་རར་བཏགསཿ བཀའ་འདུས་དམ་པའི་རྒྱུད་ལྔ་རྫོགས་པར་གསུངསཿ སྐུ་ཚེའི་ཡོན་ཏན་རྐང་མགྱོགས་དངོས་གྲུབ་ཐོབཿ ས་ལ་ཁྲུ་གང་ཙམ་དུ་མ་རིག་འབྱོནཿ གསུང་མཐར་ཕྱིན་པས་སྤྱི་བོར་རྟ་མགྲིན་བྱུང་ཿ ཐུགས་མཐར་ཕྱིན་པས་ཐུགས་ཀར་རྡོ་རྗེ་བྱུང་ཿ འཕྲིན་ལས་མཐར་ཕྱིན་དཔྲལ་བའི་དཀྱིལ་དུ་ནིཿ གཡུ་ཡི་རྡོ་རྗེ་རྒྱ་གྲམ་འཁོར་བ་བྱུང་ཿ ཡོན་ཏན་མཐར་ཕྱིན་གནས་དགུའི་བུ་ག་ནསཿ འོད་ཟེར་དགུ་ཚན་དགུ་འཕྲོ་མཚན་བཟང་བརྒྱནཿ དགོངས་ཤིག་ཕྱུགས་མའི་ཕྱི་ལ་མར་ཕྱིན་པསཿ ཇོ་བོས་རྡོ་རྗེ་སེམས་དཔའ་བྱོན་ནོ་ཟེརཿ གྲོང་ཁྱེར་དབུས་སུ་གདན་བཏིང་བསྐོར་བ་བྱསཿ ཇོ་བོ་བདག་ནི་ཕྱུགས་རྫི་ཅི་ཡིས་ཉེསཿ ཕྱུགས་རྫི་མ་ཡིན་རྡོ་རྗེ་སེམས་དཔའ་ལགསཿ ཐམས་ཅད་འདུས་ཏེ་བླ་མ་ཉིད་དུ་བཀུརཿ རྔ་ཐུབ་ཡུལ་ཁམས་ཆོས་ལ་ཚུད་པར་གྱུརཿ དེ་ནས་རྔ་ཐུབ་ཅན་གྱི་ནུབ་


PKT001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༩ན༽ཀྱི་ཕྱོགསཿ ཁ་ཆེའི་ཡུལ་གྱི་གླང་པོ་སྒང་ཞེས་ནཿ རྒྱལ་པོ་དྷརྨ་ཨ་ཤྭ་བྱ་བའི་སྲསཿ ལྷ་ལྕམ་དྷརྨ་བྷེ་ཏི་ཞེས་བྱ་བཿ ཤིན་ཏུ་མཛེས་པ་ལྷ་ཡིས་སྲས་མོ་ཞིགཿ དེ་ཉིད་གཉིད་ལོག་འདུག་པའི་རྨི་ལམ་དུཿ མི་ནི་དཀར་པོ་ཤིན་ཏུ་མཛེས་པ་ལསཿ འོད་ཟེར་དཀར་པོ་འཕྲོ་བ་ཞིག་བྱུང་ནསཿ བདུད་རྩི་བུམ་པ་གང་ནི་སྤྱི་བོར་བཞགཿ ཚུངས་བུག་སོང་ནས་ལུས་ཀུན་བདེ་བས་ཁེངསཿ དེ་ནས་ལུས་མ་བདེ་ནས་བུ་ཞིག་བཙསཿ ཁྱོ་ཕོ་མེད་པའི་བུ་འདི་ངོ་ཚ་སྙམཿ བྱེ་མའི་གསེབ་ཏུ་བོར་ནས་བཞག་པ་ལཿ ཁྱིམ་བདག་བདེ་ལྡན་འཁོར་ལོ་ཞེས་བྱ་ནིཿ གྲོང་ཁྱེར་འབུམ་ཚོ་ཉེར་དགུའི་ཁ་སྒྱུར་བཿ དེ་ཡི་ཀུཀྐུའི་བུ་ཆུང་ཁྱེར་བྱུང་བསཿ མ་ཉམས་མིག་གཉིས་ཁྲ་ཧྲིག་འདུག་ནས་སུཿ ཁྱིམ་བདག་བི་མ་མི་ཏྲ་ཀྱེ་ཧུད་ཟེརཿ པང་དུ་བླངས་ཏེ་ནང་དུ་ཁྱེར་ནས་ཕྱིནཿ བདག་ཉིད་གསལ་རིག་མ་ཞེས་ཆུང་མར་གཏདཿ ཞག་ལོག་ཟླ་ལོག་ལོ་ལོག་སྐྱེད་ཆེར་གྱུརཿ ལོ་ལྔ་ལོན་ནས་ཕ་མར་རབ་བྱུང་ཞུསཿ སྡོམ་པ་མི་སྐྱེ་ཟེར་ནས་མ་གནང་ནསཿ རིགས་ལྡན་རྒྱལ་པོ་པདྨ་དཀར་པོ་ལཿ རིག་པའི་གནས་ལྔ་དག་ལ་མཁས་པར་སྦྱངསཿ ལྷག་པར་ཆོས་ལ་མཁས་པར་གྱུར་པ་དང་ཿ མཁན་པོ་སུ་མི་ཏྲ་ལ་རབ་ཏུ་བྱུང་ཿ མཚན་ནི་ཤཱཀྱ་ཤྲཱི་བྷ་དྲར་གྲགསཿ ཁ་ཆེའི་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་


PKT001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༩བ༽སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱ་གར་རྔ་ཐུབ་ཅན་དང་ཁ་ཆེ་རྣམས་ཆོས་ལ་བཅུད་པའི་ལེའུ་སྟེ་ལྔ་བཅུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousརྒྱ་གར་རྔ་ཐུབ་ཅན་དང་ཁ་ཆེ་རྣམས་ཆོས་ལ་བཅུད་པའི་ལེའུ། next