Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

39 occurrences of འབངས་མི་
[Clear Hits]


 
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
ཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་བའི་ལེའུ།
  
  
  
 
  
  
  
  
 
 
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
 
 
  
 
  
  
 
  
  
 
  
  
  
  
  
  
  
  
  
  
  
  
 
 
 
 
  


39 occurrences of འབངས་མི་
[Clear Hits]

 
previousཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་བའི་ལེའུ། next

ཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་བའི་ལེའུ།


PKT001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མུ་སྟེགས་བསྟན་པ་བསྣུམ་པའི་ཕྱིརཿ ཟངས་གླིང་ཡུལ་ཕྱིན་མུ་སྟེགས་སྟོན་པའི་ཁྱུཿ ལྔ་བརྒྱ་དག་དང་བགྲོ་གླེང་བྱས་པ་ཡིསཿ མུ་སྟེགས་པ་ཡིས་མ་ཐུབ་མཐུ་བྱེད་ཟེརཿ ནགས་ཁྲོད་ཕྱིན་ནས་མཐུ་ནི་བསྒྲུབ་པའི་ཚེཿ མཁའ་འགྲོ་བདུད་འདུལ་མ་ཡིས་རྒྱལ་བ་ལཿ བསེ་སྒྲོམ་གཏད་ནས་མུ་སྟེགས་ཐུལ་ཅིག་བསྒོསཿ བསེ་སྒྲོམ་ནང་ནས་སྲོག་སེར་གཏད་དང་བཅསཿ མཁའ་འགྲོའི་ངན་སྔགས་ཞག་བདུན་རེག་ཕུ་ང་བྱུང་ཿ མུ་སྟེགས་ནགས་ཁྲོད་མཐུ་བྱང་ཐོག་ཕབ་ནསཿ ཐམས་ཅད་མེས་ཚིག་མུ་སྟེགས་ཁ་དག་གྱུརཿ མ་ཤི་བ་རྣམས་ནང་པའི་བསྟན་ལ་བཅུགཿ དེ་ནས་རྒྱ་གར་གསེར་གླིང་བྱ་བའི་ཡུལཿ མུ་སྟེགས་བྱེད་ཀྱི་གྲོང་ཁྱེར་ཆེན་པོའི་དབུསཿ མུ་སྟེགས་རྒྱལ་པོ་ནམ་མཁའི་ཤུགས་ཅན་དང་ཿ བཙུན་མོ་ཙནྟི་ད་ལ་བྱ་བ་ལཿ བུ་ནི་ཉི་མའི་ཤུགས་ཅན་ཞེས་བྱ་བཿ མདོག་ནི་སྔོ་རིགས་ངན་མིག་ནི་ཡ་གཅིག་ཞརཿ རྐང་པ་གཡོན་ཞ་ལག་པ་གཡོན་མ་ལགཿ ང་སྐལ་ཡོད་ཅིང་ཀོ་རུལ་གསེབ་དྲི་མ་ནམཿ རྒྱལ་བུ་དེ་ཉིད་གཞན་གྱིས་མཐོང་དོགས་ནསཿ ཕྱི་རུ་མི་འགྲིམ་ཕོ་བྲང་ནང་དུ་སྦེདཿ ཆེ་བར་ནང་སོན་ཕ་མ་གཉིས་ལ་ནིཿ


PKT001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༠ན༽ང་ལ་ཁྱིམ་ཐབ་གྱིས་ཤིག་ཟེར་བ་ལཿ ཀྱེ་མ་ཀྱི་ཧུད་བུ་ཁྱོད་ཁ་རོག་སྡོདཿ ཁྱོད་ནི་གཟུགས་བྱད་མ་ལེགས་གཏི་མུག་པསཿ ཆུང་མ་ཁྱོད་ལ་ཡོང་མཁན་མི་ཡོད་ནཿ བུ་ཁྱོད་ཆོས་གྱིས་ཆོས་བརྒྱགས་སྦྱིན་གྱི་སྨྲསཿ ཆོས་དེ་ནང་གཏད་ཕྱི་བྱུགས་ངས་མི་ཡོང་ཿ ཁྱེད་གཉིས་ང་ལ་ཆུང་མ་མི་ལེན་ནཿ ཁྱིམ་ལ་མེ་བརྒྱབ་ལྕེབས་ནས་བསྡོད་དོ་ཟེརཿ ལག་ཏུ་མེ་ཁྱེར་བཟུང་བས་མ་ཐུབ་སྟེཿ བུ་ཁྱོད་དེ་ཡི་ནག་ལ་ཐུག་གྱུར་ནཿ ཅིས་ཀྱང་མ་ཕན་ཆུང་མ་ལོན་ཅིག་ཟེརཿ བུད་མེད་ཕལ་གྱིས་ཆུང་མའི་གོ་མི་ཆོདཿ ང་ནི་ཇི་ལྟར་ཞན་ཀྱང་རྒྱལ་པོ་ཡིནཿ མཚན་ལྡན་ལྟ་ན་སྡུག་པ་ལོང་ཞིག་ཟེརཿ རྒྱ་གར་ཏྲེ་ཏ་རཱ་ཛའི་སྲས་མོ་ནིཿ ལྷ་ལྕམ་ཨ་ཐམ་རྒྱལ་མོ་ཞེས་བྱ་བཿ ལེགས་པའི་དཔེ་འཇོག་མཚན་དང་ལྡན་པ་དེཿ སྨྱན་ཁ་བཅུག་ནས་རིན་བསྐྱལ་བཀུག་པར་གྱུརཿ རྒྱལ་བུ་ཕོག་ནས་ཕ་མས་ཟུར་དུ་བསྡདཿ བུད་མེད་དེ་ཉིད་ཁྱོ་ལ་མ་དགའ་སྟེཿ འཕྲོས་པར་བརྩམས་པས་ཁྱོ་བོས་སྒོ་བཀག་ཉལཿ ལྕེབས་པར་བརྩམས་པས་ཆས་མ་འཛོམ་པར་ལུསཿ བྱ་བ་མི་བྱེད་ཉིན་མཚན་མེད་བར་དུཿ རུས་མིག་ཤ་དིབ་རྒྱུ་མ་སྒལ་ཚིག་འབྱརཿ ཁྱོ་བོ་དེ་ཡང་ཆུང་མ་བྲོས་དོགས་དུབཿ བཟའ་མི་དེ་གཉིས་གདུལ་བྱའི་ཞིང་དུ་གཟིགསཿ ཕོ་བྲང་ནང་དུ་སྒྱུ་མའི་ལྟད་མོ་མཛདཿ ཁྱོ་བོས་སྒོ་བཅད་ཕྱིར་འོངས་ཕྱི་


PKT001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༠བ༽ནས་བལྟསཿ ཆུང་མས་གློ་སྐར་སྒོ་ཕྱེ་ནང་ནས་བལྟསཿ སྒྱུ་མ་མཁན་འདི་བདག་གྲོགས་ཡིན་ན་སྙམཿ སེམས་ཀྱིས་ཤེས་ནས་ཆོས་གསུངས་འདི་སྐད་ལོཿ བུད་མེད་སྙིང་དུ་སྐྱེས་པ་ཞུགས་པ་ནིཿ ནང་དུ་སྙིང་རླུང་ཞུགས་པའི་དོ་ཟླ་མིནཿ སྐྱེས་པའི་སྙིང་དུ་བུད་མེད་ཞུགས་པ་ནིཿ སྨྱེ་འདྲེ་རྒྱལ་འགོང་ཕལ་གྱི་དོ་ཟླ་མིནཿ བཟའ་མི་སྙོམས་ཆུང་ཁྱིམ་ཐབ་བྱེད་པ་ནིཿ ཆོམ་རྐུན་ཨ་ར་ཕར་གྱི་དོ་ཟླ་མིནཿ ཞེས་གསུངས་གཉིས་ཀ་དད་ཅིང་འདུན་པར་གྱུརཿ ནང་པ་སངས་རྒྱས་བསྟན་ལ་བཙུད་པ་ཡིསཿ རྒྱལ་པོ་ནམ་མཁའི་ཤུགས་ཅན་མ་དགྱེས་ནསཿ ན་ཆུང་སྡོམ་བུ་དགེ་སྦྱོང་འདྲ་བ་འདིསཿ དང་པོར་ང་ཡི་བླ་མཆོད་ཐོག་ཕབ་བསདཿ བར་དུ་བུ་ཡི་ཁྱིམ་བཤིག་བསོད་དགོས་ཟེརཿ གསེར་གླིང་མི་ལ་སོ་ཕག་ཕ་གུ་བསྡུསཿ རྒྱལ་སྲས་ཕ་གུའི་སྒྲོམ་བཅུག་བསྲེགས་པ་ཡིསཿ གསེར་གྱི་མཆོད་རྟེན་བང་རིམ་བུམ་པ་བྲེཿ གདུགས་དང་ཆོས་འཁོར་ཡོད་པ་ཞིག་ཏུ་གྱུརཿ ཉི་མའི་ཤུགས་ཅན་བཟའ་མིས་སྐོར་བ་བྱེདཿ རྒྱལ་པོ་འགྱོད་ཅིང་དད་ནས་ཆོས་ལ་ཚུདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་བའི་ལེའུ་སྟེ་ང་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་བའི་ལེའུ། next