Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེང་པའི་ལེའུ།
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousགཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེང་པའི་ལེའུ། next

གཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེང་པའི་ལེའུ།


PKT001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིསཿ རྡོ་རྗེ་གདན་བཞུགས་རབ་གནས་མེ་ཏོག་འཐོརཿ ཆོས་ཁྲིས་རྟེན་བཞེངས་བསྟན་པ་སོ་རུ་ཆུདཿ ལི་ཁར་ཤིང་འཕེལ་གཙུག་ལག་ཁང་དུ་བྱོནཿ མདོ་སྔགས་བསྟན་པ་ཟུང་འཇུག་ཉིས་བརྒྱ་བཞུགསཿ དེ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞིགཿ གྲུབ་པར་མ་གྱུར་དོན་མེད་དགོངས་ནས་སུཿ རྒྱ་གར་བལ་པོ་གཉིས་ཀྱི་མཚམས་སུ་བྱོནཿ སེང་གེ་གནམ་མཆོང་འདྲ་བའི་རི་ལ་བཞུགསཿ སེམས་ལ་རྩལ་སྦྱོང་སྒོམ་གྱེན་ཡོད་ཙ་ནཿ ཡུལ་དེའི་སྡིག་སྤྱོད་རྔོན་པ་མི་བདུན་གྱིསཿ ཁྱི་ཁྲིད་རི་དྭགས་གཤོར་དུ་བྱུང་བ་ལཿ ཁྱི་དང་རྔོན་པ་ཁ་བཅིངས་རེངས་བཅུག་ནསཿ རྒྱལ་པོས་ཕོ་ཉ་བཏང་ནས་མ་འདེད་ཟེརཿ ཤིང་ཀུན་གཙུག་ལག་ཁང་ལ་བསྐོར་བར་ཕྱིནཿ རྒྱལ་པོའི་བཙུན་མོ་བུ་ནད་ལོག་ནས་ཤིཿ བུ་མོ་དང་བཅས་དུར་ཁྲོད་བསྐྱལ་བ་ལསཿ སྤྲེའུ་ཞིག་གིས་བུ་མོ་དེ་ཉིད་གསོསཿ ཉིན་པར་ཤིང་རྩེར་ཤིང་ཐོག་ཟ་ཡིན་སྡོདཿ མཚན་མོ་བྲག་སྟེང་ཤིང་ལོ་གྱོན་ནས་ཉལཿ བལ་མོ་ཤཱཀྱ་དེ་བ་ཞེས་བྱ་སྟེཿ རྐང་ལག་


PKT001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༤ན༽སེར་མོ་ངང་པ་བཞིན་དུ་འབྲེལཿ མཚན་ལྡན་མྱུར་བདེའི་ཕོ་ཉར་དེ་ཉིད་ཁྲིདཿ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཕྱིནཿ གཏེར་ཀ་བྱེ་བ་འབུམ་ཁྲི་སྦད་པ་ཡིཿ བགྲོ་བ་བྱས་པས་བར་ཆོད་རྣམ་བཞི་བྱུང་ཿ སྲོག་ལ་བྱི་དུར་གློག་མ་སྤྲིན་བྱུང་ནསཿ དགོངས་པ་བཞིན་ནས་བར་སྣང་ཁམས་ལ་སོང་ཿ གནམ་ལ་ཆར་མེད་ཉི་མ་མེ་བཞིན་འབརཿ དགུང་ལ་བདུད་ནི་ཁ་ཏོན་བྱེད་ཚུལ་བྱུང་ཿ དགོངས་པ་བཤིག་ནས་བར་སྣང་ཁམས་ལ་སོང་ཿ བར་ཡུལ་མུ་གེ་སྤྲིན་དམར་བཞིན་དུ་འཁྲིགསཿ ཐོ་རང་ཇོ་བོར་ཤིང་བྱ་ཅན་བྱུང་ནསཿ དགོངས་པ་བཤིག་ནས་པར་སྣང་ཁམས་ལ་སོང་ཿ བལ་ཡུལ་མི་རོ་ལུད་ཕུང་བཞིན་དུ་སྐྱེལཿ ཉིན་པར་དམ་སྲི་དུང་དུང་བྱུང་ནས་ནིཿ མི་ནད་ཕྱུགས་ནད་བཀྲ་མི་ཤིས་པར་བྱསཿ བར་ཆད་རྣམ་བཞི་བཟློག་པའི་གླུ་འདི་གསུངསཿ མ་རུངས་མི་བཟོད་གནོད་བྱེད་རྣམསཿ སངས་རྒྱས་བཀའ་ལས་འགལ་བྱེད་པཿ འདི་ལྟར་མེ་ཏོག་པདྨ་གིཿ འདམ་གྱི་སྐྱོན་གྱིས་མ་གོས་ཏེཿ འདོད་པ་བཞིན་དུ་བདེ་བར་འཚོཿ ཐབས་མཆོག་ལྡན་པའི་རྣལ་འབྱོར་པཿ བཅིངས་པ་ལས་ནི་གྲོལ་བར་བྱེདཿ སྡིག་གཅན་ཁྱེད་བཞིས་མི་ཤེས་སོཿ ཡི་གེར་བྲིས་ནས་གཏེར་སྦས་ཡིསཿ དུས་མཐའ་སེམས་ཅན་འདུལ་དཀའ་བཿ གཏེར་ཆོས་སྤང་དུ་ག་ལ་རུང་ཿ འདི་ནི་བྲིས་པ་


PKT001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༤བ༽ཙམ་གྱིས་ཀྱང་ཿ སངས་རྒྱས་བསྟན་པ་འཕེལ་བར་འགྱུརཿ སྙིང་རྗེའི་ལྕགས་ཀྱུ་དང་བྲལ་ནཿ སྙིགས་མའི་སེམས་ཅན་སུ་ལ་རེཿ བར་ཆད་མ་བྱེད་གཏེར་སྲུང་གྱིསཿ ཞེས་གསུངས་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལཿ མཚོ་ལས་རླངས་བྱུང་གནམ་ལས་ཆར་པ་བབསཿ རྩི་ཤིང་འབྲས་བུ་རྒྱས་པས་ནད་མུག་སངསཿ བསྟན་གཉིས་དབང་པོ་ཐམས་ཅད་མཁྱེན་པ་ཡིསཿ མ་འོངས་དོན་དུ་ཟབ་གཏེར་སྦས་ཚུལ་ནིཿ བག་ཆགས་ཅན་གྱི་གདུལ་བྱ་ཡིད་དྲང་ཕྱིརཿ ལོ་བརྒྱད་ཁྱེའུ་ཆུང་མཛེས་པའི་ཞལ་མངའ་བཿ པདྨ་ལྟ་བུར་བཀྲག་མདངས་དམར་ཆགས་པཿ ཉི་འོད་བཞིན་དུ་ལྟར་མི་བཟོད་པའི་ཞལཿ མཚན་དང་དཔེ་བྱད་རྫོགས་པའི་སྐུ་དངོས་བསྟནཿ དར་དམར་ཆོས་གོས་གསེར་གྱི་པ་ཏྲས་བཀླུབསཿ ཐེག་པ་སྣ་ཚོགས་ཟབ་ཆེན་བེར་ཕྱམ་གསོལཿ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་རྩེ་གསུམ་ལཿ སྐུ་གསུམ་ལྷུན་གྲུབ་ཐོད་པ་གསུམ་བརྩེགས་བརྒྱནཿ ཟུང་འཇུག་བརྡ་སྦྱོར་རྡོ་རྗེ་དྲིལ་བུ་བསྣམསཿ ཤ་བའི་གཉེན་ཞུ་གསེར་གྱི་པ་ཏྲས་མཛེསཿ ལྟ་བ་ཡས་འབིབས་རྒོད་ཀྱི་རྩེ་རྒྱལ་བཙུགསཿ སྐུ་ལྔ་རབ་རྫོགས་དར་སྣ་ལྔ་ཡིས་བརྒྱནཿ གདུལ་བྱའི་རེ་སྐོང་སེང་གེ་རཏྣའི་ཁྲིཿ པདྨའི་གདན་ལ་ཞབས་གཉིས་སྐྱིལ་ཀྲུང་བཞུགསཿ འདོད་དགུར་བསྒྱུར་བའི་ཆོས་སྨྲ་རིན་ཆེན་བརྩེགསཿ རེས་འགའ་


PKT001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༥ན༽པདྨ་འགྲོ་མགོན་རྩལ་དུ་གྲགསཿ རེས་འགའ་པདྨ་དབང་ཕྱུག་མགོན་དུ་གྲགསཿ རེས་འགའ་པདྨ་གྲུབ་པའི་བློ་གྲོས་གྲགསཿ རེས་འགའ་པདྨ་ཆེ་མཆོག་རྩལ་དུ་གྲགསཿ རེས་འགའ་པདྨ་མཁའ་འགྲོའི་དབང་ཕྱུག་གྲགསཿ རེས་འགའ་མགོན་པོ་བིརྺ་པ་ཞེས་གྲགསཿ རེས་འགའ་པདྨ་ནག་པོ་སྤྱོད་པར་གྲགསཿ རེས་འགའ་ཁྱེའུ་ཆུང་མཁའ་ལྡིང་རྩལ་དུ་གྲགསཿ རེས་འགའ་པདྨ་ས་ར་ཧ་ཞེས་གྲགསཿ རེས་འགའ་པདྨ་མངའ་བདག་རྩལ་དུ་གྲགསཿ རེས་འགའ་པདྨ་ཀུན་ཏུ་རྒྱུ་ཞེས་གྲགསཿ རེས་འགའ་པདྨ་ཆགས་མཆོག་རྩལ་དུ་གྲགསཿ རེས་འགའ་པདྨ་འགྲོ་བའི་སྐྱབས་སུ་གྲགསཿ རེས་འགའ་པདྨ་འཕྲིན་ལས་མགོན་དུ་གྲགསཿ རེས་འགའ་པདྨ་དོན་ཡོད་ཞགས་པར་གྲགསཿ རེས་འགའ་པདྨ་གཟི་བརྗིད་འོད་འཕྲོར་གྲགསཿ རེས་འགའ་པདྨ་དོམྦྷི་པ་ཞེས་གྲགསཿ རེས་འགའ་རིགས་ལྡན་པདྨ་དཀར་པོར་གྲགསཿ རེས་འགའ་པདྨ་བཛྲ་ཞེས་སུ་གྲགསཿ རེས་འགའ་པདྨ་ཐོད་འཕྲེང་རྩལ་དུ་གྲགསཿ འདོད་དགུར་བསྒྱུར་བའི་འཕྲུལ་མཚན་ཉི་ཤུ་སྟེཿ བསྟན་པའི་སྒྲོན་མ་གཏེར་ཆོས་ནམ་མཁའ་མཛོདཿ ཞ་ཉེ་རིན་ཆེན་བསེ་ཤིང་རྡོ་རྗེ་ཐོདཿ རཏྣའི་སྒྲོམ་བུ་སྣ་ཚོགས་གཏེར་གྱི་སྣོདཿ ཏ་ལ་མཐིང་ཤོག་གྲོ་ག་སྐྱང་ནུལ་བཿ གསེར་དངུལ་ཟངས་ལྕགས་བཻ་ཌཱུརྻ་གཡུ་མཚལཿ སྣག་ཚ་ལ་སོགས་བྲིས་ཤིང་ཞུས་


PKT001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༥བ༽དག་མཛདཿ འཁྲུགས་བསྡེབས་གབ་བསེལ་སྦས་བསྟན་རྡོར་ཚིག་བཀྲོལཿ ལྷ་ཀླུ་མི་ཡི་ཡུལ་དུ་སྦས་པའི་གཏེརཿ གཏེར་གྱི་ངོ་བོ་ཟད་མི་ཤེས་པ་སྟེཿ ངེས་ཚིག་མཚོན་དཔེ་ཡིད་བཞིན་ནོར་བུའི་གཏེརཿ དབྱེ་ན་གཏེར་གྱི་རིགས་བྱེད་བཅོ་བརྒྱད་དེཿ གསང་གཏེར་ཟབ་གཏེར་ཐུགས་གཏེར་དགོངས་གཏེར་བཞིཿ རྫས་གཏེར་བླ་གཏེར་གཏེར་ཕྲན་གཏེར་སྨྱོན་དང་ཿ རྒྱ་གཏེར་བོད་གཏེར་རྗེ་གཏེར་ཡང་གཏེར་བཞིཿ ཡུམ་གཏེར་མ་ནིང་གཏེར་དང་ཕྱི་གཏེར་གསུམཿ ནང་གཏེར་བར་གཏེར་ནོར་གཏེར་བཅོ་བརྒྱད་དོཿ དེ་དག་རེ་རེའང་སྤྱི་དོན་བཅུ་བཅུར་ལྡནཿ གཏེར་སྣོད་གཏེར་ཤོག་བྲི་བའི་རྒྱུ་དང་གསུམཿ གཏེར་ཡིག་གཏེར་གནས་གཏེར་སྲུང་གཏེར་སྟོན་བཞིཿ འདོན་དུས་འདུལ་བྱེད་གདུལ་བྱའི་ཞིང་བཅུའོཿ དང་པོ་གསང་གཏེར་སྣོད་གསང་བའི་སྣོདཿ གཏེར་ཤོག་གསང་ཤོག་གཏེར་སྣག་གསང་སྣག་རྒྱུཿ གཏེར་ཡིག་གསང་ཡིག་གཏེར་གནས་གསང་གནས་ཏེཿ གཏེར་སྲུང་གསང་སྲུང་གཏེར་སྟོན་གསང་སྟོན་དང་ཿ འདོན་དུས་འདུལ་བྱེད་གདུལ་བྱའང་ཟབ་པའོཿ གསུམ་པ་ཐུགས་


PKT001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༦ན༽གཏེར་གཏེར་སྣོད་ཐུགས་སྣོད་དུཿ ཐུགས་ཤོག་ཐུགས་ཡིག་ཐུགས་སྣག་ཐུགས་གནས་སུཿ ཐུགས་སྲུང་ཐུགས་སྟོན་ཐུགས་དུས་ཐུགས་འདུལ་ལོཿ བཞི་པ་དགོངས་གཏེར་གཏེར་སྣོད་དགོངས་པའི་སྣོདཿ དགོངས་ཤོག་དགོངས་རྒྱུ་དགོངས་ཡིག་དགོངས་གནས་སུཿ དགོངས་སྲུང་དགོངས་སྟོན་དགོངས་དུས་དགོངས་འདུལ་ལོཿ ལྔ་པ་རྫས་གཏེར་གཏེར་སྣོད་རྫས་ཀྱི་སྣོདཿ རྫས་ཤོག་རྫས་སྣག་རྫས་ཡིག་རྫས་གནས་སུཿ རྫས་སྲུང་རྫས་སྟོན་རྫས་དུས་རྫས་འདུལ་ལོཿ དྲུག་པ་བླ་གཏེར་གཏེར་སྣོད་བླ་སྣོད་དུཿ བླ་ཤོག་བླ་སྣག་བླ་ཡིག་བླ་གནས་སུཿ བླ་སྟོན་བླ་སྲུང་བླ་དུས་བླ་འདུལ་ལོཿ འདི་ནི་བསྐལ་ཞབས་སྲིད་མགོར་མི་སྲིད་གང་ཿ བླ་གཏེར་བཏོན་པས་རྒྱལ་ཁམས་ཕུང་བར་འགྱུརཿ རྒྱ་བོད་གཉིས་ན་བླ་གཏེར་ལྔ་ཡོདཿ སེམས་ཅན་ཡུན་དུ་བདེ་ཕྱིར་ཡུལ་དུ་སྦསཿ བདུན་པ་གཏེར་ཕྲན་གཏེར་སྣོད་ཕྲན་སྣོད་དུཿ ཕྲན་ཤོག་ཕྲན་སྣག་ཕྲན་ཡིག་ཕྲན་གནས་སུཿ ཕྲན་སྲུང་ཕྲན་སྟོན་ཕྲན་དུས་ཕྲན་འདུལ་ལོཿ བརྒྱད་པ་གཏེར་སྨྱོན་གཏེར་སྣོད་སྨྱོན་སྣོད་དུཿ སྨྱོན་ཤོག་སྨྱོན་སྣག་སྨྱོན་ཡིག་སྨྱོན་གནས་སུཿ སྨྱོན་སྲུང་སྨྱོན་སྟོན་སྨྱོན་དུས་སྨྱོན་འདུལ་ལོཿ དགུ་པ་རྒྱ་གཏེར་སྣོད་རྒྱ་སྣོད་དུཿ རྒྱ་ཤོག་རྒྱ་སྣག་རྒྱ་ཡིག་རྒྱ་གནས་སུཿ རྒྱ་སྲུང་རྒྱ་སྟོན་རྒྱ་དུས་རྒྱ་འདུལ་ལོཿ བཅུ་པ་བོད་གཏེར་གཏེར་སྣོད་བོད་སྣོད་དུཿ


PKT001_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༦བ༽བོད་ཤོག་བོད་སྣག་བོད་ཡིག་བོད་གནས་སུཿ བོད་སྲུང་བོད་སྟོན་བོད་དུས་བོད་འདུལ་ལོཿ བཅུ་གཅིག་རྗེ་གཏེར་གཏེར་སྣོད་རྗེ་སྣོད་དུཿ རྗེ་ཤོག་རྗེ་སྣག་རྗེ་ཡིག་རྗེ་གནས་སུཿ རྗེ་སྲུང་རྗེ་སྟོན་རྗེ་དུས་རྗེ་འབུལ་ལོཿ འདི་ནི་རྒྱལ་པོའི་རྫས་ཡིན་གཞན་གྱིས་མིནཿ བཅུ་གཉིས་ཡབ་གཏེར་གཏེར་སྣོད་ཡབ་སྣོད་དུཿ ཡབ་ཤོག་ཡབ་སྣག་ཡབ་ཡིག་ཡབ་གནས་སུཿ ཡབ་སྲུང་ཡབ་སྟོན་ཡབ་དུས་ཡབ་འབུལ་ལོཿ བཅུ་གསུམ་ཡུམ་གཏེར་གཏེར་སྣོད་ཡུམ་སྣོད་དུཿ ཡུམ་ཤོག་མཚལ་ཟངས་ཁྲག་ཚོས་སྣག་ཚའི་རྒྱུཿ ཡུམ་ཡིག་ཡུམ་གནས་ཡུམ་སྲུང་ཡུམ་སྟོན་གྱིཿ ཡུམ་དུས་ཡུམ་འདུལ་གདུལ་བྱའི་ཞིང་གྱུར་ཡུམཿ བཅུ་བཞི་མ་ནིང་གཏེར་སྣོད་མ་ནིང་སྣོདཿ མ་ནིང་ཤོག་བུར་མ་ནིང་སྣག་ཚས་བྲིསཿ མ་ནིང་ཡི་གེ་གནས་སྲུང་མ་ནིང་སྟེཿ མ་ནིང་གཏེར་སྟོན་མ་ནིང་དུས་ཚད་དུཿ མ་ནིང་འདུལ་བྱེད་མ་ནིང་གདུལ་ཞིང་ངོ་ཿ བཅོ་ལྔ་ཕྱི་གཏེར་གཏེར་སྣོད་ཕྱི་སྣོད་དུཿ ཕྱི་ཤོག་ཕྱི་སྣག་ཕྱི་ཡིག་ཕྱི་གནས་སུཿ ཕྱི་སྲུང་ཕྱི་སྟོན་ཕྱི་དུས་ཕྱི་འདུལ་ལོཿ འདི་ནི་སློབ་དཔོན་ཀླུ་སྒྲུབ་ཨཱརྻ་དེསཿ ཕྱི་པ་ནང་པའི་བསྟན་ལ་བཙུད་པའོཿ བཅུ་དྲུག་ནང་གཏེར་གཏེར་སྣོད་ནང་སྣོད་དུཿ ནང་ཤོག་ནང་སྣག་ནང་ཡིག་ནང་གནས་སུཿ ནང་སྲུང་ནང་སྟོན་ནང་དུས་ནང་འདུལ་ལོཿ བཅུ་བདུན་བར་གཏེར་གཏེར་སྣོད་བར་སྣོད་དུཿ བར་ཤོག་བར་སྣག་བར་


PKT001_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༧ན༽ཡིག་བར་གནས་སུཿ བར་སྲུང་བར་སྟོན་པར་དུས་བར་འབུལ་ལོཿ བཅོ་བརྒྱད་རིན་ཆེན་ནོར་གཏེར་གཏེར་སྣོད་ནིཿ ས་ཆུ་མེ་རླུང་ནམ་མཁའ་རི་དང་བྲགཿ ནོར་ཤོག་ནོར་སྣག་ནོར་ཡིག་ནོར་གནས་སུཿ ནོར་སྲུང་ནོར་སྟོན་ནོར་དུས་ནོར་འདུལ་ལོཿ འདི་ནི་རྒྱལ་པོ་ཨིནྡྲ་བོ་དྷི་ཡིསཿ སྤྱིར་བསྡུས་བརྒྱ་དང་བརྒྱད་ཅུར་བསྡུས་ཏེ་སྦསཿ ཕྱོགས་བཅུའི་ས་གཡོས་འཇིག་རྟེན་འོད་ཀྱིས་བཀང་ཿ ལྷས་ཀྱང་མེ་ཏོག་སྣ་ཚོགས་ཆར་དུ་ཕབཿ བར་སྣང་སྤྲིན་གསེབ་མཆོད་པ་རྒྱ་ཆེན་ཕུལཿ མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་སྐོར་བ་བྱེདཿ འཇིག་རྟེན་མ་རིག་མུན་པ་བསལ་བའི་ཕྱིརཿ སྐྱེ་སྔོན་དབང་ཐོབ་ལུང་བསྟན་ལས་འཕྲོ་ཅནཿ གཏེར་གྱི་དབང་སྐལ་བཏད་པའི་མི་དྲུག་སྟེཿ མི་གཅིག་བགྲས་ཉན་སྦས་པའི་གཏེར་ལ་དབང་ཿ གཅེས་དགུ་ཅོག་བཞག་སྦས་པའི་གཏེར་ལ་དབང་ཿ ནད་དུ་མཛེ་འགོས་སྦས་པའི་གཏེར་ལ་དབང་ཿ དབུལ་ཕོངས་སྒྲུབ་ནུས་སྦས་པའི་གཏེར་ལ་དབང་ཿ བུ་ལོན་ཤ་འདད་སྦས་པའི་གཏེར་ལ་དབང་ཿ ཁ་ཉེན་དབང་ཆུང་སྦས་པའི་གཏེར་ལ་དབང་ཿ གཏེར་གྱི་ལས་འཕྲོ་མེད་པའི་མི་ལྔ་སྟེཿ མི་དབང་སྟོབས་བོ་ཆེ་ལ་ལས་འཕྲོ་མེདཿ བསོད་ནམས་མངའ་ཐང་རྒྱས་ལ་ལས་འཕྲོ་མེདཿ མི་ནོར་ཟས་གསུམ་འཛོམ་ལ་ལས་འཕྲོ་མེདཿ འཇིག་རྟེན་གཡེང་བ་ཆེ་ལ་


PKT001_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༧བ༽ལས་འཕྲོ་མེདཿ མིག་རྣོ་ལག་བདེ་ཤེས་ཞིབ་ལས་འཕྲོ་མེདཿ ལས་འཕྲོ་མེད་པས་ཐོན་རེ་ན་རཀ་སྐནཿ གལ་ཏེ་བྱུང་ན་ཚབས་ཆེར་སྤང་བར་བྱཿ བརྫུན་གཏེར་གཅོས་མ་གཏེར་འདྲ་གཏེར་ཆོས་སེལཿ བསྟན་པའི་ཆོམ་ཆེན་བྱེད་པའི་དམར་ལས་མཁནཿ གང་གི་བློ་ལས་མ་རུངས་སུ་ངོ་ཤེསཿ དམྱལ་བས་མི་བསྡིགས་འཇིགས་བསྲན་ཅན་རྣམས་དང་ཿ ཨུ་རྒྱན་ང་དང་སྨོན་ལམ་གང་དུ་བཏབཿ གཏེར་ཁུང་ས་ཕྱུང་ཡང་རྡོ་ནུས་ཅུང་ཟད་མེདཿ དེ་འདྲའི་ཐོ་ཕྱིར་མི་ཉེ་སྤང་བའི་རྒྱུཿ ཤེས་རབ་ཡོད་ན་ས་སྟེང་ཆོས་ཀྱིས་གང་ཿ མོས་གུས་ཡོད་ན་བླ་མར་མ་གྱུར་མེདཿ བཅོ་བརྒྱད་སེང་གེ་གངས་ལ་འགྲོ་བ་ལཿ བརྫུན་གཏེར་སེང་གེའི་གྲོགས་པོ་གང་དུ་འགྲོཿ གཏེར་ཞེས་བྱུང་ཁུངས་ཡིད་ཆེས་ལོ་རྒྱུས་ཀྱང་ཿ རཱུ་དྲ་ཐར་པ་ནག་པོ་བཏུལ་ལས་བྱུང་ཿ རྣམ་ཤེས་ཚོགས་བརྒྱད་ལ་ནི་དུར་ཁྲོད་བརྒྱདཿ པགས་པ་ཤོག་བུ་རྐང་པ་སྨྱུ་གུ་བྱུང་ཿ ཆུ་བཞི་སྣག་ཚ་དུག་ལྔ་ཆོས་ཚིག་བྱུང་ཿ ཐོད་པ་སྒྲོ་བ་ཁ་སྣ་གཏེར་སྣོད་བྱུང་ཿ སྣོད་དྲུག་གཏེར་གྱི་དབང་སྐལ་ལུང་བསྟན་བྱུང་ཿ དོན་སྙིང་ལྔ་ལས་སྐལ་མེད་ལུང་བསྟན་བྱུང་ཿ ཕུང་པོ་ལྔ་དང་དབང་པོ་ལྔ་དང་ནིཿ འབྱུང་པ་ལྔ་དང་ལུས་ངག་ཡིད་གསུམ་ལསཿ གཏེར་གྱི་རིགས་བྱེད་བྱེ་བ་བཅོ་བརྒྱད་བྱུང་ཿ བསྡུ་ན་བཅུར་བསྡུ་གཏེར་དབུགས་གཏེར་ཤ་གཉིསཿ གཏེར་ལྤགས་གཏེར་


PKT001_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༨ན༽སྤུ་གཏེར་གྱི་སྙིང་ཁྲག་དང་ཿ གཏེར་གྱི་ལྟོ་ཆིལ་གཏེར་གྱི་ཡན་ལག་བདུནཿ གཏེར་གྱི་ཆུ་བ་རྐང་མར་གཏེར་ཀླད་བཅུཿ གཏེར་སྨྱོན་ཞེས་པ་མིག་གི་འབྲས་བུ་ཡིནཿ གཏེར་ཕྲན་ཞེས་པ་མིག་རྣག་རྣས་སྤབས་ཡིནཿ མ་ནིང་བྱ་བ་སྣབས་ལུད་ཁུ་བ་ཡིནཿ བླ་གཏེར་ཞེས་ནི་སྲོག་བརྩལ་ཟེརཿ བར་གཏེར་བྱ་བ་གཏེར་ཀྱི་མཆེན་ཁྲི་ཡིནཿ ཀུན་ལ་དེ་བཞིན་འགྲེས་འདེད་ཤེས་པར་བྱཿ སྐབས་སུ་སྦས་པའི་གཏེར་རེ་རྡོལ་བ་ཡང་ཿ གོ་སྙོད་སྡེའུ་ཟྭ་ཚོད་ལྕམ་ལོ་བཞིནཿ ངེས་མེད་གང་བྱུང་གནས་ལ་མི་སྐྱེ་སྟེཿ ཨུ་དུམྦར་མཆོག་གི་མེ་ཏོག་ནིཿ མ་དྲོས་བྱང་ཕྱོགས་རྩེ་ལྔའི་ཕ་རོལ་ལམཿ ཨུ་རྒྱན་དྷ་ན་ཀོ་ཤའི་ནུབ་བྱང་དུཿ འཇིག་རྟེན་མགོན་པོ་སངས་རྒྱས་འབྱོན་ཆེ་སྐྱེཿ ཡིད་ཆེས་ངེས་ཤེས་བསྐྱེད་པའི་གཏེར་སྟོན་དང་ཿ དེ་བཞིན་དུས་གཅིག་གཏེར་མང་རྡོལ་མི་སྲིདཿ སྲིད་པ་སླ་ལོག་བསྒྱུར་བའི་རྒྱལ་པོ་གཅིགཿ དེ་ལ་ཡིད་ཆེས་བསྐྱེད་པའི་གཏེར་སྟོན་གཅིགཿ དཔེར་ན་འཇིག་རྟེན་སྒྲོན་མའི་རྒྱལ་བ་ནིཿ རྒྱལ་རིགས་འཁྲུངས་ན་མེ་ཏོག་དཀར་པོ་སྐྱེཿ བྲམ་ཟེའི་རིགས་འཁྲུངས་མེ་ཏོག་དམར་པོ་སྐྱེཿ རྗེའུ་རིགས་འཁྲུངས་ན་མེ་ཏོག་སེར་པོ་སྐྱེཿ དམངས་རིགས་འཁྲུངས་ན་མེ་ཏོག་མཐིང་ཁ་སྐྱེཿ ལྷུམས་སུ་ཞུགས་ཚེ་མེ་ཏོག་ཁ་ནི་འབུསཿ སྐུ་བལྟམས་ཚེ་ན་མེ་ཏོག་ཁ་ནི་བྱེཿ ཆོས་འཁོར་བསྐོར་ཚེ་མེ་ཏོག་རབ་ཏུ་རྒྱསཿ མྱ་ངན་འདས་ཚེ་མེ་ཏོག་


PKT001_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༨བ༽དབྱིངས་སུ་ཡལཿ དེ་བཞིན་སྐལ་ལྡན་ཟབ་གཏེར་སྤྱོད་པའི་དུསཿ མཁའ་འགྲོ་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་འཐིབསཿ ཁ་རྒྱས་གཡུལ་འཁྲུགས་དབུས་སུ་འཇུག་པ་བཞིནཿ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་བར་དུ་གཅོདཿ འདོད་ཆགས་ལས་གྱུར་བུད་མེད་བདུད་མོ་དང་ཿ ཞེ་སྡང་ལས་གྱུར་བཙུན་གཟུགས་སྡོམ་ཉམས་དང་ཿ གཏི་མུག་ལས་གྱུར་སྔགས་པ་དམ་ཉམས་དང་ཿ གཞན་ཡང་དེ་འདྲའི་རིགས་བྱེད་ཤེས་པ་བསྒྱུརཿ ལྷ་འདྲེ་མི་གསུམ་བར་གཅོད་བྱེད་པར་འགྱུརཿ ཆེས་ཏེ་གཏེར་འཆོར་རང་གི་སྲོག་ལ་ཡོདཿ ཆུང་སྟེ་མི་ནོར་ཟས་གསུམ་བྱར་མི་བཏུབཿ ནག་པོ་བདུད་དང་སྟོབས་འགྲན་དུས་ཡིན་པསཿ གཏད་པའི་གཏེར་བདག་ཐམས་ཅད་འཁྲེན་ཅིང་འཚུབཿ ལས་ཀྱིས་བསྐུལ་བས་ཟོན་བྱེད་གཞག་ཏུ་མེདཿ དེ་ཕྱིར་ལས་འཕྲོ་སྔོན་དུ་སོང་བ་ལསཿ གཏེར་སྟོན་དཔེར་ན་ཉིན་སྐར་བཞིན་དུ་ཉུང་ཿ དུས་གཅིག་གཏེར་སྟོན་གཉིས་གསུམ་འབྱུང་མི་སྲིདཿ བྱུང་ན་གཏེར་སེལ་ལྡེམ་དགོངས་ཅན་དུ་ངེསཿ བར་ཆོད་མེད་པའི་དངོས་གྲུབ་མི་འབྱུང་བསཿ ཟུང་འཇུག་འདུག་གམ་ཡ་བྲལ་གོང་བཞིན་བརྟགཿ ཟུང་འཇུག་འདུག་ན་གཅིག་ནི་ཚེ་དུས་བྱེདཿ ཡུལ་གཅིག་དུས་གཅིག་གཏེར་སྟོན་གཉིས་མི་སྲིདཿ གཅིག་ལ་གཅིག་དགྲ་བྱེད་ཕྱིར་མ་བསྟན་ནོཿ ལྷན་ཅིག་གཉིས་མིན་པདྨའི་གཏེར་ཆོས་བཞིནཿ གཅིག་པོ་མར་འགྲིབ་


PKT001_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༩ན༽གཅིག་ལས་ཡར་འཕེལ་ཡིནཿ ང་ཡི་གཏེར་ཆོས་གཏད་དོ་གཉེར་ཆེན་པོཿ སྟོང་གསུམ་ཆོས་ཀྱིས་བཀང་ངོ་ཨུ་དུམ་ཝ་རཿ མ་རིག་མུན་པ་སོལ་ཅིག་འོད་པོ་ཆེཿ དུས་གསུམ་འགྲོ་བ་ཐུལ་ཅིག་ཕྱི་ཐག་ཅནཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ གཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེང་པའི་ལེའུ་སྟེ་ང་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ


previousགཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེང་པའི་ལེའུ། next