Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཤིང་ཡུལ་དེར་མདོ་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་ལེའུ།
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousབཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཤིང་ཡུལ་དེར་མདོ་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་ལེའུ། next

བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཤིང་ཡུལ་དེར་མདོ་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་ལེའུ།


PKT001_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོས་ཕྱག་འཚལ་སྨྲེ་སྔགས་གདུངསཿ འབངས་ཀྱིས་བྱས་པས་ཡོན་མཆོད་འབྲལ་དགོས་བྱུང་ཿ བདག་ལ་བརྩེ་བའི་ཞལ་ཏ་ཚིག་གསུམ་ཞུཿ སློབ་དཔོན་ཞལ་ནས་རྗེ་ལ་ཕྱག་ཐོད་གསུངསཿ ང་ཡང་མ་ཤི་རྗེ་ཉིད་སྐུ་ཁམས་བཟང་ཿ སྨོན་ལམ་དག་པས་མྱུར་དུ་མཇལ་དུས་འདེབསཿ རྒྱ་གར་ཡུལ་གྱི་གྲོང་ཁྱེར་སེར་སྐྱ་ནཿ རྒྱལ་པོ་ཨིནྡྲ་བོ་དྷིའི་བླ་མཆོད་པཿ པཎ་ཆེན་ལྔ་བརྒྱའི་དབུས་ན་མཁས་པ་ནིཿ བི་མ་མི་ཏྲ་བུདྡྷ་གུ་ཧྱ་གཉིསཿ བོད་ལ་སྤྱན་དྲོངས་དད་མོས་གསོལ་བ་ཐོབཿ དེ་དུས་ང་ཡིས་ཆོས་འདི་གཏུག་ཏུ་བཏང་ཿ


PKT001_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༨བ༽གཞན་ཡང་པཎྜི་ཏ་ནི་མང་དུ་བོསཿ ཆོས་ལ་བཟང་ངན་མ་བྱེད་ཐམས་ཅད་བསྒྱུརཿ ཅེས་གསུངས་རྒྱལ་མོ་ཚ་བའི་རོང་དུ་གཤེགསཿ ལུང་པ་ནགས་རོང་རྒྱལ་མོ་ཚ་བའི་ཡུལཿ མི་ཀུན་བོད་ཀྱི་རྟོག་ཅན་བྱུང་ཟེར་ནསཿ རྒྱལ་པོ་མདོ་གཞེར་ནག་པོའི་བུ་དག་བཅུགཿ སྲས་པོ་དཔལ་གཞན་བཙན་པས་སྔོན་བྱས་ཏེཿ ཚ་བའི་ཤོད་དུ་སྦལ་བའི་དོང་དུ་བསྒྱུརཿ ཞག་གསུམ་ལོན་ནས་ཡུལ་མི་བལྟ་རུ་བྱུང་ཿ དེ་དུས་བཻ་རོ་ཙ་ནས་མགུར་གསུངས་པཿ ཡུལ་ཕྱོགས་འདིར་གནས་རྒྱལ་བློན་དྲ་མ་རྣམསཿ བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་དུཿ ཐེག་པའི་རྒྱལ་པོ་འབྲས་བུ་སངས་རྒྱས་ཆོསཿ རྒྱ་གར་མཁས་པ་ཉི་ཤུ་རྩ་ལྔ་ཡིསཿ བསྟན་པའི་མན་ངག་བོད་དུ་མཆིས་ལགས་ཏེཿ བོད་ཁམས་ཕུང་དུ་ཐོ་བའི་བློན་པོ་དང་ཿ དམ་ཚིག་ཉམས་ཤིང་སྨྱོ་བའི་དམར་རྒྱན་གྱིསཿ བཙད་པོ་སྤྱོ་སླ་ཕྲ་མའི་ཚིག་གིས་སྤྱོསཿ བོད་ཀྱི་མི་ལ་མཁས་པ་བདག་སྤྱུགས་མོདཿ ཚེ་གཅིག་འབྲས་བུ་ཐོབ་པའི་མན་ངག་དང་ཿ འགལ་བྱེད་ཆོམ་ལ་འབེབས་པའི་དྲག་སྔགས་དང་ཿ རིན་ཆེན་ཕུང་པོ་ཀུན་གྱི་བསྟན་བཅོས་རྣམསཿ བོད་ཀྱི་བནྡེའི་ལུས་ལ་མཆིས་ལགས་ཀྱིཿ འཇིགས་སྐྲག་སྦལ་བའི་དོང་ནས་དབྱུང་དུ་གསོལཿ ཅེས་གསུངས་རྒྱལ་པོ་མདོ་གཞེར་ནག་པོ་ཡིསཿ བོད་ཀྱི་རྒྱལ་པོ་སྤུར་རྒྱལ་བཙན་པོ་འདིཿ སྲ་ཆེན་ཆུང་ལ་བྱ་ལས་མང་བ་སྟེཿ ཆུང་མ་ལེན་ན་མཐའ་


PKT001_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༩ན༽མའི་ཁོལ་མོ་ལེནཿ བཀའ་བློན་བྱེད་ན་ཉོན་མོངས་ཆེ་དགུས་བྱེདཿ ཟས་སུ་ཟ་ན་ཤ་ཆེན་སྣ་དགུ་ཟཿ གོས་སུ་གྱོན་ན་མཐའ་ཡི་མོན་གོས་གྱོནཿ ནོར་བུ་བསེལ་ན་རྡོ་ལ་གཅེས་སྤྲས་འཛིནཿ ལས་སུ་བྱེད་ན་དམག་དང་ཇག་དཔོན་བྱེདཿ ལྷ་རུ་བསྟེན་ན་གནོད་སྦྱིན་སྲིན་པོ་བསྟེནཿ གྲོགས་པོ་ཚོལ་ན་གདུག་ཅན་ཀླུ་བདུད་ཚོལཿ ཐོ་ཕྱི་མི་མཐོང་རྒྱང་མིག་ལྟ་བས་ནཿ སྲིན་པོ་གདོང་དམར་རྒྱལ་པོ་འདོད་པ་ཅནཿ གློ་བ་ཆེ་རྒྱུ་མ་མཆིས་བྷ་ཤི་ཁྱོདཿ བློན་པོ་ཆེ་བཙུན་རྣམས་ཀྱི་བཀའ་བགྲོས་ལཿ སྦལ་བའི་དོང་ནས་ཤིག་གི་དོང་དུ་བསྐྱུརཿ ཞག་བདུན་ཚུན་ཆད་དམག་དཔུང་མ་བྱུང་ནཿ ཁྱོད་ཀྱིས་བཀའ་སྩལ་གཙོར་བགྱི་སྤྱི་བོར་འཁུརཿ དེ་སྐད་ཟེར་ནས་སྦལ་པའི་དོང་ནས་བཏོནཿ ཚ་བའི་རོང་གི་ཤིག་དོང་ནད་དུ་བསྐྱུརཿ མི་ཤིག་ཁྱི་ཤིག་ར་ལུག་འདྲེ་ཤིག་པཿ འཇུ་བ་བྱ་འཇུ་སྦྲང་ཆུང་དྲོང་དུ་བསྐྱུརཿ དེ་ནས་ཞག་བདུན་ཡུལ་མི་བལྟ་རུ་བྱུང་ཿ ཅི་ཡང་མ་ཉེས་ཟིལ་པ་ཕྲོམ་མེར་འདུགཿ ཉེས་བྱས་བཟོད་པར་གསོལ་ཞིང་བཤགས་པ་བྱསཿ དེ་ནས་བཻ་རོ་ཙ་ནས་མགུར་གསུངས་པཿ སྐྱེ་བ་འདི་ཡི་གོང་རོལ་ཏུཿ ཡུལ་ཁམས་འདི་ཡི་ནེའུ་ལེར་སྐྱེསཿ སྦྲུལ་དང་སྤལ་པ་མང་པོ་འཆོསཿ དེ་ཡི་རྣམ་སྨིན་འདི་རུ་བྱུང་ཿ ལན་ཆགས་དེ་ཡིས་འཁོར་གྱུར་ཅིགཿ སྐྱེ་བ་འདི་ཡི་གོང་རོལ་དུཿ དགེ་སློང་


PKT001_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༩བ༽པཱུརྞའི་ལུས་བླངས་ཏེཿ ཆོས་གོས་ཤིག་ཟ་བྱ་འཐུར་བཅུགཿ དེ་ཡི་རྣམ་སྨིན་འདི་ལ་བྱུང་ཿ ལན་ཆགས་དེ་ཡིས་འཁོར་གྱུར་ཅིགཿ ཅེས་གསུངས་ཡུལ་མི་རྣམས་ཀྱིས་སྐྱེ་བ་སྔོནཿ དགེ་སློང་པུརྞ་ཡིན་པར་ངོ་ཤེས་ནསཿ རྒྱལ་པོའི་ཕོ་བྲང་གདན་དྲངས་བཤགས་པ་བྱསཿ རྒྱལ་མོ་གཡུ་སྒྲ་རེ་མ་ཏཱིའི་སྤྲུལ་པཿ རྣལ་འབྱོར་དུར་ཁྲོད་བདག་མོས་མགུར་བཞེངས་པཿ བོད་ལ་མི་མེད་རྒྱལ་པོ་འདོད་པ་ཅནཿ སྐྱེ་མེད་མཁྱེན་པའི་བྱང་ཆུབ་སེམས་དཔའ་ཁྱོདཿ འགྲོ་བའི་དོན་ལ་འཛམ་བུའི་གླིང་དུ་བྱོནཿ ཁྱད་པར་དུ་ཡང་སྲིན་པོ་གདོང་དམར་རྗེཿ བོད་ཀྱི་དོན་མཛད་བློན་པོ་ནག་པོ་རྣམསཿ འདུལ་བའི་དུས་ལ་མ་བབ་འདིར་བྱོན་ཏོཿ བྱང་ཆུབ་སེམས་དཔའ་འགྲོ་དོན་མཛད་པ་ལཿ སྤྱོད་པ་གཉིས་མཛད་བྱང་ཆུབ་མཐར་ཕྱིན་པསཿ འགྲོ་བའི་དོན་ལ་ཅིར་ཡང་སྟོན་མཛད་པའིཿ བྱང་ཆུབ་སེམས་དཔའ་ཁྱོད་ལ་བཟོད་པར་གསོལཿ ཅེས་བརྗོད་ཕྱག་ནི་གྱང་འགྱེལ་བཞིན་དུ་བཅལཿ རྒྱལ་པོ་མདོ་གཞེར་ནག་པོ་ཡབ་སྲས་ཀྱིསཿ ཞབས་པད་སྤྱིར་བླངས་བཻ་རོས་ཆོས་གསངས་པཿ ཨ་ཨ་ཏྲ་ཀ་ལ་ལེ་ན་ཤཿ ཞེས་གསུངས་ཇི་ལྟར་ལགས་ཞུས་པསཿ སྐྱེ་མེད་བྱང་སེམས་མན་ངག་རྣམསཿ བོད་ཀྱི་རྒྱལ་པོའི་སྙན་གསན་དུཿ བསྟན་ཏེ་མི་གཅིག་བདག་སྤྱུགས་པསཿ ཟླ་གསུམ་འགུམས་པས་བདག་མི་དགའཿ ཁྱོད་ཀྱང་དེ་ལྟར་


PKT001_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༠ན༽མ་མཛད་གསུངསཿ ཁྲི་སྲོང་ལྡེའུ་བཙན་ཐུགས་ལ་འཕྲེང་བ་ཡིསཿ བཻ་རོ་ཙ་ན་ར་སྤྱན་ཆབ་ཤོར་བྱུང་བསཿ རྒྱལ་པོ་འཁོར་བཅས་རྣམས་ཀྱང་མང་དུ་བཤུམསཿ དེ་ནས་སློབ་དཔོན་གབ་རྩེའི་སྟེང་བཞུགས་ནསཿ རྒྱལ་པོའི་སྲས་པོ་གཡུ་སྒྲས་ལོ་ཙཱ་བསྒྱུརཿ རྒྱལ་པོས་གསེར་གྱི་དོང་རྩེ་གྲངས་མེད་ཕུལཿ རིགས་དྲུག་དོན་མཛད་བྱང་ཆུབ་སེམས་དཔའི་སྐུཿ གང་ལ་གང་འདུལ་ཐེག་པ་སྟོན་པའི་གསུང་ཿ ཡིད་བཞིན་ནོར་ལྟར་དགོས་འདོད་འབྱུང་བའི་ཐུགསཿ མི་སྣང་རྒྱལ་བའི་དགོངས་པ་ཕོ་བྲང་ནཿ སྡེ་སྣོད་གསུམ་གྱི་སྤྱི་མོས་ཆེན་པོ་ལཿ དུས་གསུམ་རྒྱལ་བའི་སྐུ་གསུམ་ལྷུན་རྫོགས་པའིཿ གཉིས་མེད་མཉམ་ཉིད་འགྲོ་བའི་མགོན་པོ་ལཿ གསེར་དང་དངུལ་གྱི་དོང་རྩེའི་མེ་ཏོག་འབུལཿ ཐུགས་རྗེས་དགོངས་ནས་སྲིད་པའི་མཚོ་བསྒྲལ་འཚལཿ ཡེ་ཤེས་ཐུགས་རྗེའི་ཞགས་པས་གཟུང་དུ་གསོལཿ ཞེས་གསོལ་སྒྲ་བསྒྱུར་མང་པོ་བྱུང་ན་སྙམཿ རྒྱལ་མཚོ་བའི་ཕོ་ལུས་ཐོབ་ཚད་བསགསཿ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གྱིས་དང་ཿ གསུངས་པས་སྟོམས་སྟ་སྟམས་སྟ་སྟོམས་སྟ་ཐཿ ཞེས་པ་ལས་ནི་ཤེས་པ་མ་བྱུང་ནསཿ གྲལ་མཐར་མཆིས་པའི་སྤྲར་སྤྲུག་གཅིག་ལ་དྲིསཿ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་ཟེརཿ དེ་ཡིས་ཤེས་པས་ཕ་མ་སུ་ཡིན་དྲིསཿ ཕ་མ་གཉིས་ཀ་ཤི་ནས་མེད་ཅེས་ཟེརཿ


PKT001_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༠བ༽འདི་ལ་སྒྲ་བསླབས་མྱུར་དུ་ཤེས་པར་འདུགཿ སྤུན་ཟླ་ལ་སོགས་གཉེན་ཚན་ཅི་ཡོད་གསུང་ཿ ཁོ་རང་གཅིག་པུ་མིན་པ་སུ་ཡང་མེདཿ ལྟོ་གོས་ངེད་ཚོས་སྦྲན་གྱིས་སྒྲ་སློབས་ཞུསཿ བྱིས་པ་དེ་ཉིད་སློབ་དཔོན་དྲུང་དུ་ཕུལཿ སློབ་དཔོན་སྒྲ་བསླབས་སྟེང་ཤོད་བྱས་ནས་བསྡདཿ རེ་ཞིག་དུས་ན་བྱིས་པ་ཚིག་ལབ་གཏོང་ཿ སློབ་དཔོན་ལ་བ་ཟླ་སུ་ཡིན་སྙམ་ནས་གཟིགསཿ རྩངས་སྔོན་ལེགས་གྲུབ་དེ་ཡི་སྐྱེ་བར་ཤེསཿ མིང་ནས་བོས་པས་ཨ་ཟེར་ཞིབ་ཏུ་གླིངསཿ གཡུ་སྒྲ་སྙིང་པོར་མཚན་བཏགས་སྒྲ་ལ་མཁསཿ ཉིན་མོ་དཀོན་བརྩེགས་མཚན་མོ་གསང་སྔགས་ཆོསཿ ནམ་གྱི་དགུང་ལ་བྱང་སེམས་སྨད་ལྔ་བསྒྱུརཿ བཻ་རོས་ཅི་མཁྱེན་གཡུ་སྒྲ་སྙིང་པོས་མཁྱེནཿ རྒྱལ་མོ་གྲུ་ལ་སོགས་པས་མ་བསླབས་ཤེསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཤིང་ཡུལ་དེར་མདོ་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་ལེའུ་སྟེ་དོན་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousབཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཤིང་ཡུལ་དེར་མདོ་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་ལེའུ། next