Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཡུ་སྒྲ་སྙིང་པོ་ཆོས་གཏུག་ཏུ་བཏང་ཞིང་རྒྱལ་མོ་ཚ་བའི་རོང་ནས་བཻ་རོ་ཙ་ན་གདན་དྲངས་པའི་ལེའུ།
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousགཡུ་སྒྲ་སྙིང་པོ་ཆོས་གཏུག་ཏུ་བཏང་ཞིང་རྒྱལ་མོ་ཚ་བའི་རོང་ནས་བཻ་རོ་ཙ་ན་གདན་དྲངས་པའི་ལེའུ། next

གཡུ་སྒྲ་སྙིང་པོ་ཆོས་གཏུག་ཏུ་བཏང་ཞིང་རྒྱལ་མོ་ཚ་བའི་རོང་ནས་བཻ་རོ་ཙ་ན་གདན་དྲངས་པའི་ལེའུ།


PKT001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོས་ཆོས་གསུངས་ཞུ་བ་ཕུལཿ ཨུ་རྒྱན་ཡུལ་ནས་སྤྱན་དྲངས་པདྨ་འབྱུང་ཿ ཟ་ཧོར་ཡུལ་ནས་སྤྱན་དྲངས་ཞི་བ་མཚོཿ ཁ་ཆེའི་ཡུལ་ནས་སྤྱན་དྲངས་བི་མ་ལཿ སེང་གེའི་ཁྲི་ལ་ཁྲི་སྙན་པགས་པ་བཤམསཿ ཡོལ་བ་བླ་རེའི་འོག་ཏུ་གདུགས་ཕུབ་ནསཿ གཡས་སུ་རྒྱལ་མཚན་གཡོན་དུ་བ་དན་ཕྱརཿ མདུན་དུ་གསེར་གྱི་མཎྜལ་བརྒྱ་རྩ་བརྒྱདཿ གཡུ་དང་མུ་མེན་བྱུ་རུ་མ་རྒད་དང་ཿ རིན་ཆེན་སྣ་ཚོགས་མཎྜལ་


PKT001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༠ན༽བཀོད་ནས་བཞག ཿསོ་སོར་ལོ་ཙཱ་བཙུགས་ནས་ཆོས་གསུང་བཅུགཿ བི་མ་མི་ཏྲ་བཻ་རོ་ཙ་ན་འདྲིཿ འབངས་ཀྱིས་རྒྱལ་མོ་ཚ་རོང་སྤྱུགས་ཞུས་པསཿ ཐལ་བརྡབས་བཻ་རོ་གསུང་ཞིང་སྤྱན་ཆབ་ཕྱུང་ཿ མངོན་པ་བྲ་ཀ་ར་ན་སྡེ་བརྒྱད་གསུངསཿ དེ་དུས་བོད་དང་རྒྱལ་མོ་ཚ་རོང་གཉིསཿ ཚོང་མགྲོན་མང་པོ་ཡར་མར་འགྲོ་བ་ལསཿ རྒྱ་རོང་ཚོང་པ་བོད་ཕྱིན་ལོག་བྱུང་བསཿ བོད་ཀྱི་གཏམ་དྲིས་ཇི་ལྟ་བ་བཞིན་སྨྲསཿ མཁས་པ་ཆེན་པོ་བཻ་རོ་ཙ་ན་ཡིསཿ རྣམ་ཐར་སྒོ་གསུམ་ཐང་གི་ཆོས་གྲྭ་རུཿ གཡུ་སྒྲ་སྙིང་པོ་ལ་སོགས་འདོར་དུ་བཏང་ཿ བནྡེ་ཕལ་པ་ཞིག་གི་ཆས་སུ་ཞུགསཿ ཞྭ་གོས་ལྷམ་ལ་ལྷུན་པ་སྣ་ཚོགས་བརྒྱབཿ སྦ་མཁར་རིང་མོ་ཕྱག་ཏུ་བསྣམས་ནས་ཕྱིནཿ གཡུ་སྒྲས་མཇལ་བའི་ཞུ་འཕྲིན་བསྲིངས་པ་ལསཿ ཆོས་ཀྱི་ཐུན་བབ་བག་ཙམ་བཞུགས་ཤིག་ཟེརཿ གཡུ་སྒྲ་དང་ཐུངས་མ་བཞུགས་འཆངས་ཏེ་ཕྱིནཿ སྦ་མཁར་ལག་བཀབ་ཨོག་མཁར་བཙུགས་བྱས་ནསཿ བི་མ་ལ་ལ་ཕྱག་མི་འཚལ་བར་གཟིགསཿ ཀ་ཀ་པ་རི་ཀ་ཀ་པ་རི་གསུངསཿ བི་མས་བརྡ་ཐིམ་གསུངས་ནས་དབུ་འཕང་སྨདཿ གཡུ་སྒྲ་སྙིང་པོས་རྗེ་འབངས་ཡོངས་ལ་གཟིགསཿ སླར་ཡང་ཀ་ཀ་པ་རི་ཟེར་ནས་སོང་ཿ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཞལ་ན་རེཿ སློབ་དཔོན་དབུ་འཕངས་སྨ་ལ་གསུང་རེ་ཆུང་ཿ བནྡེ་


PKT001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༠བ༽སྐྱ་མིན་སེར་མིན་སྐད་རེ་ཆེཿ ཀ་ཀ་པ་རིའི་སྒྲ་དེ་ཅི་ཡིན་ཞུསཿ སློབ་དཔོན་བི་མ་མི་ཏྲའི་ཞལ་སྔ་ནསཿ ཝ་དང་སྤྲེའུ་ཇི་ལྟར་སྒྲ་བཟང་ཡང་ཿ གཅན་གཟན་རྒྱལ་པོ་སེང་གེའི་སྒྲ་མི་འཁྱུདཿ ཕོ་རོག་རྡོ་རྗེ་འགྲོས་ན་འགྲོ་མགྱོགས་ཀྱང་ཿ སྟོང་གསུམ་ས་སྟེང་འཁོར་བ་ཅང་སྲིད་དམཿ ཉན་ཐོས་བྱིས་པའི་ཚེས་ཀྱིས་འཚོང་མི་རྒྱཿ ཐེག་ཆེན་ངེས་དོན་བླ་མེད་མ་འཆད་པརཿ དེ་སྐད་ཟེར་བ་ཡིན་ནོ་རྒྱལ་པོར་གསུངསཿ བདག་གིས་བརྡ་ཐིམ་བྱས་པ་ཁ་རོག་སྡོདཿ ད་དུང་དུས་ལ་མ་བབ་བྱས་པ་ཡིནཿ རྗེ་འབངས་ཡོངས་ལ་བལྟས་ནས་ཟེར་བ་ནིཿ མཁས་བླུན་བྱེ་བྲག་མི་ཤེས་སྐྱོན་ཅན་ཚོཿ རྨོངས་པ་འདུས་ནས་མཁས་པ་སུན་ཕྱུང་སྤྱུགསཿ ངན་པ་གཞུང་ལོག་གླེན་འཐོམས་བྷ་ཀརཿ ཐམས་ཅད་མཁྱེན་པ་རྒྱལ་པོ་ཚ་རོང་སྤྱུགསཿ དེ་སྐད་ཟེར་བ་ཡིན་ནོ་རྗེ་འབངས་རྣམསཿ དེ་ནས་སྐ་ཅོག་ཀུ་མཱ་ར་གསུམ་གྱིསཿ གཡུ་སྒྲ་སྙིང་པོ་ཚོལ་དུ་ཕྱིན་པ་ཡིསཿ གླིང་གསེབ་ཆང་མ་ཞིག་གི་ཁྱིམ་ན་འདུགཿ རེས་འགའ་དབྱངས་ལེན་རེས་འགའ་གསོལ་བ་འདེབསཿ ཆང་འཚོང་མ་དེ་ངུ་ཞིང་ཕྱག་འཚལ་འདུགཿ གཉགས་ཀྱིས་གྲོགས་པོ་གང་ནས་འོང་བྱས་པསཿ རྒྱལ་མོ་ཚ་བའི་རོང་ནས་འོངས་སོ་ཟེརཿ སྐབས་བཻ་རོ་ཙ་ན་ཤེས་སམ་བྱསཿ ཤེས་ཤེས་ང་ཡི་བླ་མ་ཡིན་ནོ་ཟེརཿ ཅོག་རོས་སྐུ་ཁམས་བཟང་ནས་ཡོད་དམ་བྱསཿ སྐུ་ཁམས་བཟང་ཞིང་ང་ནི་ཆོས་གཏུགས་


PKT001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༡ན༽བཏང་ཿ བཻ་རོ་ཙ་ནས་ཅི་མཁྱེན་ངས་ཤེས་ཟེརཿ གཉགས་ཆེན་ཀུ་མཱས་གདམས་ངག་ཞུ་བྱས་པསཿ ཡང་ན་རིག་དང་རིག་པ་བརྗེ་བར་བྱཿ ཡང་ན་རིག་པ་མི་ཕངས་ནོར་གྱིས་བླུཿ ཡང་ན་རིག་པ་བུ་ལ་སྦྱིན་པར་བྱཿ ས་སེར་རྡོ་སྡོ་མཆུ་སྙུང་ལང་ལིང་དང་ཿ སྐུལ་མཛེས་པ་ཞལ་དུ་བདའ་བའི་བཅུདཿ ཐུགས་སུ་འབྱོན་པ་བཀོལ་ན་དུས་ལ་རུབཿ དེ་བཞིན་མཆིས་ན་གདམས་ངག་སྦྱིན་ཆོག་ཟེརཿ གཉགས་ཀྱིས་བཀའ་བཞིན་བསྒྲུབས་ནས་གདམས་ངག་ཞུསཿ དེ་ནས་གཡུ་སྒྲ་ཁྲིད་ནས་ཕོ་བྲང་ཕྱིནཿ བི་མ་ལ་ཡིས་དྲི་བ་དྲིས་པ་ཡིསཿ བདག་ནི་པ་གོར་བཻ་རོ་ཙ་ནའི་བུཿ སློབ་མ་གཡུ་སྒྲ་སྙིང་པོ་བྱ་བ་ལགསཿ དེ་སྐད་ཟེར་ནས་ཆོས་ལ་གླེང་བསླང་བྱསཿ སེམས་སྨད་ལྔ་ལ་མཁས་པ་ཞིག་འདུག་གསུངསཿ དེ་ནས་གཡུ་སྒྲས་ཀྱང་ནི་ཆོས་གྲ་བཙུགསཿ མཐུན་ཀྱང་དོན་ནི་གཅིག་ཏུ་མཐུནཿ འདབ་ཆགས་མ་བུ་བསྡེབས་བཞིན་གཅིག་ཏུ་འགྲིལཿ འགྱུར་གཉིས་གཅིག་བསྡོམས་སེམས་སྨད་བཅོ་བརྒྱད་བཏགསཿ དེ་དུས་བོད་ཀྱི་རྒྱལ་བློན་འབངས་བཅས་


PKT001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༡བ༽རྣམསཿ བཻ་རོ་ཙ་ན་སྤྱུགས་པས་འགྱོད་པ་སྐྱེསཿ བཻ་རོ་ཙ་ནའི་ཡོན་ཏན་ཐམས་བགྲང་ཿ འཕྲལ་ཞིབ་འགྲོགས་བདེ་དང་བ་འདྲན་པའི་མིཿ སྐུ་ཡི་དཀྱིལ་འཁོར་ལྟ་བས་ཆོག་མི་ཤེསཿ ཚངས་པའི་གསུངས་ནི་སྙན་པའི་དབྱངས་སུ་ལེནཿ དགུང་ལོ་བཅོ་ལྔ་ལས་ནི་མ་ལོན་པརཿ ལམ་རྒྱུས་མེད་པར་རྒྱ་གར་ཡུལ་དུ་རྟོལཿ འཇིགས་པ་གང་གིས་མ་ཚུགས་བོད་ཡུལ་སླེབསཿ བོད་སྤྲུག་སྒྲ་མ་ཤེས་བར་བཻ་རོས་ཤེསཿ རྒྱ་བོད་ལམ་ཞག་ཟླ་བ་བཅུ་གསུམ་ལཿ ཟླ་བ་ཕྱེད་ཀྱིས་ཆོད་པའི་རྐང་མགྱོགས་གྲུབཿ ཆོས་ནི་གང་ལའང་མ་རྨོངས་ཐམས་ཅད་མཁྱེནཿ ཐེག་པའི་རྣམ་གྲངས་མ་འདྲེས་སོ་སོར་ཕྱེདཿ རྫུ་འཕྲུལ་སྟོབས་ལྡན་སྟོན་པའི་ཞལ་སྐྱིན་མཆོགཿ ས་བརྒྱད་བྱང་ཆུབ་སེམས་དཔའ་འཛར་ཅིང་སྦྲེང་ཿ དེ་ནས་གཡུ་སྒྲས་རྒྱལ་མོ་ཚ་རོང་བྱོནཿ སྔར་གྱི་བཀའ་མཆིད་ཞིབ་ཏུ་གསོལ་བ་ཡིསཿ བཻ་རོ་ཙ་ན་དགྱེས་པའི་མགུར་འདི་གསུངསཿ བཻ་རོ་ཙ་ན་བདག་ཉིད་མཆིས་པ་འདིཿ ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡནཿ ཤེས་བྱའི་སྒྲིབ་པ་ཆ་ཙམ་མ་དག་པསཿ བོད་ཀྱི་སྤུ་རྒྱལ་བཙན་པོའི་ཡུལ་དུ་སྐྱེསཿ རྒྱ་གར་ཡུལ་ནས་དམ་པའི་ཆོས་བཙལ་ཡང་ཿ མ་དག་བཙུན་མོ་བློན་པོ་ཀུན་བགྲོས་ནསཿ གདུལ་དཀའ་རྒྱལ་མོ་ཚ་བའི་རོང་དུ་སྤྱུགསཿ ཚ་བའི་རྒྱལ་ཁམས་


PKT001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༢ན༽ཐམས་ཅད་དཀར་པོར་བསྒྱུརཿ ད་ནི་སླར་ལོག་བོད་ཡུལ་དབུས་སུ་མཆིཿ མ་དག་སྒྱུ་མའི་ཕུང་པོ་དེར་བསྙིལ་ནསཿ ཟུང་འཇུག་འགྱུར་མེད་ནམ་མཁའི་མཐའ་བཞིན་རྒྱསཿ རྒྱལ་བློན་འབངས་བཅས་ཟོ་མདོག་བདེ་བར་བཞུགསཿ མཐར་ནི་ལོངས་སྐུའི་ཞིང་དུ་མཇལ་བར་སྨོནཿ ཞེས་གསུངས་དེ་ནས་བོད་ཡུལ་དབུས་བྱོན་པའིཿ ལམ་གར་སྦམ་རྒན་མི་ཕམ་མགོན་པོ་ཞེསཿ མགོ་དཀར་ལུས་འཁོགས་ལོ་བརྒྱ་ལོན་པའི་སརཿ ཞག་ས་ཕོག་པས་གང་འོང་གར་འགྲོ་ཟེརཿ གཡུ་སྒྲས་རྒྱལ་རོང་ནས་འོང་བོད་འགྲོ་བྱསཿ རྒད་པོ་ཧམས་ནས་འགྲོན་པོ་ཁྱོད་གཉིས་འཁྲུལཿ ཚ་བའི་རོང་དུ་ཆོས་ཉན་མི་སྡོད་པརཿ མཁས་པ་བཻ་རོ་ཙ་ན་ཞེས་བྱ་བཿ ཆོས་ཀྱི་ཉི་མ་ཤར་འདུག་ཟེར་བ་ཐོསཿ དེར་མི་སྡོད་པར་ཁྱེད་གཉིས་འདྲ་བ་ཟེརཿ བཻ་རོ་ཙ་ནས་དེ་ཉིད་ང་ཡིན་གསུངསཿ རྒད་པོས་མིག་ལ་མཁར་བ་བཙུགས་ནས་བལྟསཿ བཻ་རོ་ཙ་ནའི་མགུལ་པ་ལ་འཁྱུད་ནསཿ རྒད་པོས་ཡུན་ཅིག་དུས་ནས་འདི་སྐད་ལོཿ ང་ནི་རྒས་ཤིང་ཆོས་མེད་འཆི་མ་བཏུབཿ ཉོན་མོངས་སྡུག་རྒ་ནང་འདྲ་ཡོང་བ་སྙམཿ ཁྱོད་དང་མཇལ་བ་སྐྱིད་རྒན་ཨ་རེ་དགའཿ འཆི་ཀར་ཕན་པའི་ཆོས་ཤིག་ཞུ་དང་ཟེརཿ དེ་ནས་བཻ་རོས་སྒོམ་རྟེན་ལུས་ལ་བཙུགསཿ སྒོམ་ཐག་རྐེད་ལ་བསྡམས་ནས་གདམས་ངག་བཏབཿ རྒད་པོ་ལུས་མ་


PKT001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༢བ༽བོར་བར་སངས་རྒྱས་སོཿ དེ་ནས་བསམ་ཡས་ཆོས་གྲའི་གསེབ་ཏུ་བྱོནཿ ཕ་མ་རྒན་འཁོགས་གཉིས་ཀྱང་དེ་ན་འདུགཿ བཻ་རོས་ཞེ་བློ་བདེ་བའི་མགུར་འདི་གསུངསཿ ཞབས་ཏོག་རྣམ་གསུམ་བླ་མ་བསྟེན་པ་འདིཿ བཻ་རོ་ཙ་ན་པཎ་ཆེན་འཛོམ་པ་འདྲཿ ཁོ་བོའི་གཏུག་ས་འདི་རྣམས་དགྱེས་པ་ནཿ གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེཿ ཤེས་རབ་རྣམ་གསུམ་མདོ་རྒྱུད་བལྟ་བ་འདིཿ རིན་ཆེན་གླིང་དུ་ཚོང་དཔོན་ཕྱིན་པ་འདྲཿ ལུས་སྲོག་ལོངས་སྤྱོད་ཆོས་ཕྱོགས་སོང་ལ་ང་ཿ ཚེ་འདིར་སྡུག་ཅིང་ཕོངས་ཀྱང་ཞེ་བློ་བདེཿ བསླབ་པ་གསུམ་གྱིས་ལེགས་པར་བརྒྱན་པ་འདིཿ རྒྱལ་པོའི་ལྷ་གཅིག་བག་མར་ཕྱིན་པ་འདྲཿ རང་གིས་ཆོས་ཚུགས་དྲད་པོར་ཟིན་པ་ང་ཿ གཞན་གྱིས་ངན་སྨྲས་བརྗོད་ཀྱང་ཞེ་བློ་བདེཿ སྡེ་སྣོད་གསུམ་ལ་སྟོད་མོ་བལྟ་བ་འདིཿ མུན་པའི་གླིང་དུ་སྒྲོན་མེ་བཏེག་པ་འདྲཿ རྐྱེན་སྐུ་ལ་དགྲ་ལ་བཟོད་པ་བསྒོམ་པ་ང་ཿ གཞན་དོན་མ་ཕེར་ཟེར་ཡང་ཞེ་བློ་བདེཿ ལུས་ངག་ཡིད་གསུམ་ཆོས་ལ་འཁོལ་བ་འདིཿ ཐག་རིང་འགྲོན་པོ་ཕ་ཡུལ་སླེབ་པ་འདྲཿ རྟག་ཏུ་དགེ་སྦྱོར་དག་ལས་མ་ཡེངས་ང་ཿ མི་རྗེས་མ་སླེབ་ཟེར་ཡང་ཞེ་བློ་བདེཿ དུག་གསུམ་གཉེན་པོར་ཡེ་ཤེས་གཏོང་པ་འདིཿ ཚད་པའི་ནད་ལ་ག་བུར་ཐོངས་པ་འདྲཿ བསམ་རྒྱུ་དམ་པའི་ཆོས་ལས་མེད་པ་ང་ཿ བློ་ཤོ་རྒོད་དོ་ཟེར་ཡང་ཞེ་བློ་བདེཿ ཐོས་བསམ་སྒོམ་པ་ཕྱོགས་


PKT001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༣ན༽མེད་བྱས་པ་འདིཿ ནམ་མཁའི་དཀྱིལ་དུ་མདུད་བསྐོར་བྱས་པ་འདྲཿ ཕྱི་ནང་ཆོས་ཀྱི་སྒྲོ་འདོགས་ཆོད་པ་ང་ཿ ཆོས་ཀུན་མི་ཤེས་ཟེར་ཡང་ཞེ་བློ་བདེཿ ཨ་ཏི་རྟོགས་པའི་རྣལ་འབྱོར་འཕྱོ་བ་འདིཿ གཞན་དྲིང་མེད་པའི་ཁྲི་མུན་ཐར་པ་འདྲཿ འཆད་ཉན་སྒོམ་ལ་མཁས་པར་གྱུར་པ་ང་ཿ མི་ཆོས་མ་མཁས་ཟེར་ཡང་ཞེ་བློ་བདེཿ རང་བས་གཞན་ལ་གཅེས་པར་འཛིན་པ་འདིཿ བྱང་ཆུབ་སེམས་དཔའི་དགེ་སྦྱོང་སྐྱེས་རབས་འདྲཿ ངོ་བསྲུང་ཕྱོགས་སུ་གདམས་ངག་མི་སྟེར་ང་ཿ མི་སེམས་མ་ཟིན་ཟེར་ཡང་ཞེ་བློ་བདེཿ སྦྱིན་པ་གསུམ་གྱི་བརྒྱགས་ཕྱེ་བསྒྲུབས་པ་འདིཿ དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པ་འདྲཿ ཅི་ཡོད་བླ་མའི་ཕྱོགས་སུ་འབུལ་བ་ང་ཿ ལྟོགས་གྲི་འཁྱགས་གྲིར་ཤི་ཡང་ཞེ་བློ་བདེཿ ཚུལ་ཁྲིམས་གསུམ་གྱི་སྐྱེལ་མ་ཁྲིད་པ་འདིཿ འཇིགས་པའི་འཕྲང་ལ་ལམ་རྒྱ་བཙུགས་པ་འདྲཿ བཟང་ངན་འབྲིང་གསུམ་གོང་དུ་འཁུར་པ་ང་ཿ འཁོས་མེད་སྙོམས་ཆུང་ཟེར་ཡང་ཞེ་བློ་བདེཿ བཟོད་པ་གསུམ་གྱི་གོ་ཆ་གྱོན་པ་འདིཿ བཙན་པོའི་མཁར་ལ་རུས་སྦལ་འཛེག་པ་འདྲཿ འཇིག་རྟེན་བྱ་བ་ཐམས་ཅད་བློས་བཏང་ང་ཿ ཁ་ཉེན་དབང་ཆུང་ཟེར་ཡང་ཞེ་བློ་བདེཿ བརྩོན་འགྲུས་གསུམ་གྱི་རྟ་བཟང་རྒྱུག་པ་འདིཿ འཚང་ཅན་མི་དང་ཡུས་ཆེན་འཕྲད་པ་འདྲཿ སྤྱུགས་པའི་ཡུལ་དུ་མི་སྐྱོ་ཚུགས་པ་ང་ཿ འགྲོ་ས་མ་


PKT001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༣བ༽བྱུང་ཟེར་ཡང་ཞེ་བློ་བདེཿ བསམ་གཏན་གསུམ་གྱི་ས་མཁར་འཛིན་པ་འདིཿ སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་འདྲཿ སེམས་ཀྱི་གཞི་རྩ་ལེགས་པར་ཆོད་པ་ང་ཿ ལྟ་ལོག་ཆོས་མིན་ཟེར་ཡང་ཞེ་བློ་བདེཿ བསླབ་གསུམ་ལྡན་ཞིང་སྤོབས་པས་ཁྱོགས་པ་འདིཿ རི་རབ་རྩེ་ནས་རི་ཕྲན་མཐོང་བ་འདྲཿ ཐེག་པའི་འཇུག་སྒོ་ཀུན་རྫོགས་རྫོགས་ཆེན་ང་ཿ མུ་སྟེགས་ཕྲ་མེན་ཟེར་ཡང་ཞེ་བློ་བདེཿ ཞེས་གསུངས་པཎ་ཆེན་བི་མ་མི་ཏྲ་ལཿ སྤྱིར་ནི་སྒྲ་རིག་མཁས་པའི་པཎྜི་ཏཿ ཁྱད་པར་གསང་སྔགས་མཁས་དང་ལྷན་ཅིག་འཛོམཿ ངས་ལོ་བཅུ་གཅིག་བར་དུ་མདོ་སྡེ་ཉནཿ བཅུ་གཉིས་མདོ་སྔགས་ཐམས་ཅད་བོད་དུ་བསྒྱུརཿ ལོ་གཅིག་དབང་རྫོགས་ལག་ཏུ་ལེན་ཐབས་སྦྱངསཿ ཆུ་མ་འཕྲད་པར་སྲོག་དང་དོ་བྲལ་བྱསཿ རྒྱུད་སྟོད་རྐེད་པར་དཀྲིས་ནས་བོད་དུ་འོང་ཿ ཆོས་བཞིན་སྤྱད་ཀྱང་ཆོས་མིན་བློན་པོ་འགསཿ རྨོངས་པ་འདུས་ནས་མཁས་པ་སུན་འབྱིན་བྱེདཿ དམུན་པ་འདུས་ཤིང་བློ་བསྡུར་ང་ཉིད་སྤྱུགསཿ རྒྱ་གར་པཎ་ཆེན་བོད་དུ་བྱོན་པས་དགའཿ ཟང་ཟིང་ཅང་མེད་རྒྱ་རོང་ཆོས་ལ་འཁོདཿ དེ་ཉིད་སྒྲུབ་པའི་མཎྜལ་ཕྱག་ཕྱིར་འབུལཿ ཞེས་གསུངས་བི་མ་ལ་ལ་ཕྱག་བཙལ་བསཿ བི་མ་མི་ཏྲས་བཞེངས་ནས་ཕྱག་ལན་མཛདཿ བོད་ཀྱི་པཎྜི་ཏ་གསུང་སྤྱན་ཆབ་ཕྱུང་ཿ རྗེ་འབངས་ཐམས་ཅད་བཻ་རོ་ཙ་ནར་བལྟཿ རབ་ཏུ་ངུ་ཞིང་ཤིན་ཏུ་


PKT001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༤ན༽ངོ་མཚར་གྱུརཿ རྒྱ་གར་པཎྜི་ཏ་རྣམས་ཐལ་མོ་སྦྱརཿ མཆི་མ་གཟགས་པ་མཚན་བསྐྱོར་ཕྱི་བར་མཛདཿ ཕ་མ་རྒན་འཁོགས་བུ་ལ་བལྟ་ཞིང་ངུ་ཿ བཻ་རོ་ཙ་ནའང་ཕ་མ་སྙིང་རྗེར་དགོངསཿ མ་གཟིགས་པ་བཞིན་མཛད་ནས་སྤྱན་ཆབ་འབྱིནཿ རྒྱལ་བློན་འབངས་བཅས་ཕྱག་འཚལ་བཤགས་པ་བྱསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས་གཡུ་སྒྲ་སྙིང་པོ་ཆོས་གཏུག་ཏུ་བཏང་ཞིང་རྒྱལ་མོ་ཚ་བའི་རོང་ནས་བཻ་རོ་ཙན་གདན་དྲངས་པའི་ལེའུ་སྟེ་གྱ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousགཡུ་སྒྲ་སྙིང་པོ་ཆོས་གཏུག་ཏུ་བཏང་ཞིང་རྒྱལ་མོ་ཚ་བའི་རོང་ནས་བཻ་རོ་ཙ་ན་གདན་དྲངས་པའི་ལེའུ། next