Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
འདུས་བྱས་མི་རྟག་པར་བསྟན་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousའདུས་བྱས་མི་རྟག་པར་བསྟན་པའི་ལེའུ། next

འདུས་བྱས་མི་རྟག་པར་བསྟན་པའི་ལེའུ།


PKT001_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ ཡོ་འབོག་ལྕམ་མིའི་ཐད་ལ་ཁྲི་བཤམས་ནསཿ བཀའ་དྲིན་གསོབ་ཕྱིར་ལོ་པཎ་བྲལ་ལ་བཀོདཿ གསོལ་ཟས་ན་བཟའ་ལུས་གང་འཐེབ་རེ་ཕུལཿ ཕོ་མཛེ་མོ་མཛོ་རྟ་རེ་དྲེའུ་རེཿ གསེར་ཕྱེ་བྲེ་རེ་གསེར་གྱི་པ་ཏྲ་རེཿ ཇ་རེ་ཁྲབ་རེ་གོས་ཡུག་དར་ཡུག་རེཿ ཕྲུགས་ཆེན་ངོས་རེ་ཐེར་སྲབ་ངོས་རེ་ཕུལཿ རྒྱལ་པོའི་མངའ་འོག་བློན་འབངས་ཐམས་ཅད་ཀྱིསཿ ཆེ་འབྱོར་ཆུང་འབྱོར་


PKT001_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༣ན༽ནོར་སྤུས་དག་པར་ཕུལཿ ལོ་ཙཱ་རྣམས་ལ་ཆོས་རྩིས་བྱར་དགའ་གནང་ཿ གཙུག་གི་ནོར་བུར་འགྱུར་བའི་བླ་མར་བཏོནཿ རྒྱལ་པོས་སྐུ་དྲིན་ཆེ་བའི་ལོ་རྒྱུས་གསུངསཿ པཎ་ཆེན་བརྒྱ་རྩ་བརྒྱད་ཀྱི་མཆོག་གྱུར་པཿ སློབ་དཔོན་པདྨས་གཏམ་ལན་མདོ་བསྔོ་གསུངསཿ དེ་གོང་གཏམ་མེད་དེ་ནས་གཏམ་གཏད་བྱུང་ཿ ཡས་གཏམ་མས་གཏམ་གཉིས་ཀ་དེ་ནས་དརཿ བི་མ་མི་ཏྲ་རྒྱ་ནག་ཡུལ་དུ་བཞུདཿ རྒྱ་གར་པཎྜི་ཏ་རྣམས་རང་ཡུལ་གཤེགསཿ གཞན་ཡང་པཎྜི་ཏ་རྣམས་རང་ཡུལ་ལཿ ལོ་ཙཱ་བ་དང་འབངས་ཀྱིས་སོ་སོར་བསྐྱལཿ རྒྱ་གར་ཆོས་མི་སྡོམ་པར་བཀའ་བཀྲོལ་ཕུལཿ སངས་རྒྱས་གཉིས་པ་སློབ་དཔོན་པདྨ་དང་ཿ བྱང་ཆུབ་སེམས་དཔའ་བོ་དྷི་ས་ཏྭ་གཉིསཿ སྐྱེ་བ་སྔ་མའི་ལས་འབྲེལ་སྤུན་ཡིན་པསཿ བཞུད་པར་མ་གནང་བཞུགས་པར་ཞལ་གྱིས་བཞེསཿ མཁན་ཆེན་བྱང་ཆུབ་གླིང་དུ་དགོངས་བར་བཞུགསཿ སློབ་དཔོན་བསམ་ཡས་མཆིམས་ཕུར་དགོངས་པར་བཞུགསཿ དེ་ནས་རྒྱལ་པོས་ཆོས་ལ་ཉམས་ལེན་ཞུསཿ བྱིན་རླབས་བརྒྱུད་པ་མ་ཆད་ལོ་རྒྱུས་དང་ཿ དབང་བསྐུར་ཆུ་བོ་མ་ནུབ་བསྐུར་བའི་ཐབསཿ གདམས་ངག་གཟེར་ཁ་མ་ལོག་ཁྲིགས་ཆགས་དང་ཿ སྲིད་སྡེ་དགྲ་ལ་མ་ཤོར་ཉམས་ལེན་གནང་ཿ སྒོ་རླུང་ཕུགས་ནས་མ་ལངས་ཆོས་ཀྱི་བདགཿ


PKT001_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༣བ༽ལྷ་འདྲེ་འདྲེ་རུ་མི་གནོད་བསྟན་པའི་དབྱེཿ སློབ་དཔོན་བདུད་དུ་མ་བབས་ལུང་དུ་བསྟནཿ སྨན་འཐུངས་དུག་ཏུ་མ་སོང་སྒྲུབ་པའི་ཐབསཿ བློ་ཁེལ་ངེས་པ་མང་པོ་རྒྱལ་པོར་གསུངསཿ སྒྲ་བསྒྱུར་ཕུལ་ཕྱིན་བཻ་རོ་ཙ་ན་དང་ཿ ཡིག་རིགས་ཉེར་གཅིག་ཤེས་པའི་ལེགས་སྦྱིན་ཉིཿ ཡིག་སྐྱེན་མཐར་ཕྱིན་ལྡན་མ་རྩེ་མང་དང་ཿ ནམ་མཁའི་སྙིང་པོ་ཨཱ་ཙ་ར་ཡེ་ཤེས་དབྱངསཿ སྙིང་སྟོབས་དང་ལྡན་རྒྱས་བསྡུས་མང་ཞིག་བསྒྱུརཿ སྨན་རྩིས་ཕོ་མདོས་མོ་མདོས་ཀླུ་ཆོག་དང་ཿ སྲུང་བའི་ཡན་ལག་བརྒྱ་དང་རྩ་བརྒྱད་བསྒྱུརཿ དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ ཚོགས་འཁོར་བརྒྱ་དང་རྩ་བརྒྱད་བྱས་པའི་དུསཿ རྒྱལ་པོའི་སྲས་མོ་པདྨ་གསལ་ན་སྟེཿ ནམ་དགུང་རྒྱལ་པོ་གདན་འདྲེན་ཕོ་ཉ་བྱུང་ཿ རྒྱལ་པོས་བྱོན་པས་སྲིན་ནད་ཕོ་ལང་འདུགཿ བྱིན་རླབས་ཞུ་དགོངས་རྒོད་མ་དཀར་མོར་བཀལཿ གུ་རུའི་དྲུང་དུ་བྱིན་རླབས་ཞུ་རུ་འོང་ཿ དེ་དུས་ཡེ་ཤེས་མཚོ་རྒྱལ་སྒོམ་བྱེད་པའིཿ མཁུར་ཚོས་གཡས་པར་ཁུ་འཕངས་འཇའ་འོད་ཕོགཿ ལུས་པོ་འདར་ཡེང་བྱུང་ནས་སྒོམ་བཤིག་བལྟསཿ རྣ་བར་རྟ་གཉིས་ཁྲོག་ཁྲོག་སོང་བ་ཐོསཿ མཉམ་གཞག་ལྟ་སྟངས་བྱས་ནས་བསྒོམས་པའི་དུསཿ གསེར་སྦྲམ་རྡོག་པོ་མགོ་ལ་ཕོག་ནས་བྱུང་ཿ སློབ་དཔོན་དྲུང་གི་མཎྜལ་རྒྱན་དེར་འདུགཿ ང་ལ་ཤོག་གསུང་ཡིན་འདུག་སྙམ་ནས་ཕྱིནཿ ཕུག་པའི་སྒོ་


PKT001_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༤ན༽འགྲམ་གཡས་གཡོན་རྟ་རེ་བཏགསཿ སློབ་དཔོན་དྲུང་ན་ལྷ་ལྕམ་པདྨ་གསལཿ དགུང་ལོ་བརྒྱད་ལོན་པ་དེ་ཤི་ནས་འདུགཿ དེ་ན་རྒྱལ་པོ་ཉིད་ཀྱང་རྒྱལ་འདུག་པསཿ བློ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིསཿ ནད་གདོན་ཉེན་ནམ་ཡབ་སྲས་ཅི་བྱུང་ཞུསཿ སློབ་དཔོན་ཞལ་ནས་དེ་ཙམ་མི་ཡང་བརཿ མངའ་བདག་རྒྱལ་པོ་ཡར་ལ་སློང་དང་གསུང་ཿ མཚོ་རྒྱལ་དར་དཀར་སླེ་འུས་དབུ་ནས་བསླང་ཿ རྗེ་ལགས་བཞེངས་དང་ཞེས་པས་ཐུགས་བསོས་སོཿ རྒྱལ་པོ་བརྒྱལ་སངས་ལྷ་ལྕམ་རོ་ལ་གཟིགསཿ མཆི་མས་གདོང་དག་བཤུམ་ཞིང་སྨྲེ་སྔགས་འདོནཿ སློབ་དཔོན་རྒྱལ་པོ་ཉིད་ལ་བཀའ་སྩལ་པཿ འདུས་བྱས་རྟག་པ་མ་ཡིན་རྐྱེན་གྱིས་འཇིགཿ སྐྱེས་པའི་མཐའ་འཆི་འདུས་པའི་མཐའ་མ་འབྲལཿ ས་སྟེང་འདུས་བྱས་ཐམས་ཅད་འདི་དང་འདྲཿ ཉམས་ལེན་རང་ཐོག་དྲན་པ་གསལ་ཐོབ་མཛོདཿ སང་རེད་རྒྱལ་པོ་ཉིད་ཀྱང་གཤེགས་ན་གསུངསཿ དེ་ནས་རྒྱལ་པོས་ཨམ་གཙིགས་བསྡམས་ནས་བཞེངསཿ གསེར་སྐྱོགས་གཡུས་བཀང་སློབ་དཔོན་ཕྱག་ཏུ་ཕུལཿ ཕྱག་ནི་དབུ་ཐོད་བུད་བུད་བཙལ་ནས་ཞུསཿ ཀྱེ་མ་རིག་འཛིན་སློབ་དཔོན་ཆེན་པོ་ལགསཿ འདུས་བྱས་ཆོས་རྣམས་ཐམས་ཅད་མི་རྟག་ནཿ བསྟན་གཞི་གཙུག་ལག་ཁང་ནི་ཇི་ལྟ་བུཿ སྡུག་བསྔལ་འབྱུང་ཁུངས་རྒྱལ་ས་སུ་ཡིས་འཛིནཿ ང་ཡི་བུ་


PKT001_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༤བ༽མོ་ལྷ་ལྷ་ལྕམ་པདྨ་གསལཿ ཚེ་སྔོན་བསོད་ནམས་བསགས་ཏེ་ང་དང་འཕྲདཿ ཉིད་སོགས་ལོ་པཎ་མཁས་གྲུབ་རྣམས་དང་མཇལཿ མ་བསགས་ཚེ་མཐར་མ་ཕྱིན་འགྲོགས་ཡུན་ཐུང་ཿ ཚེ་དུས་བྱེད་པའི་རྒྱུ་རྐྱེན་ཅི་ལས་བྱུང་ཿ ང་དང་ཕ་སྤང་ལས་འབྲེལ་ཇི་ལྟར་ལགསཿ ཕྱི་མའི་དུས་ན་སྐྱེ་བ་གང་དུ་ལེནཿ མཐོ་རིས་བྱང་ཆུབ་སྐབས་ནི་མཆིས་མ་མཆིསཿ མ་ཧཱ་གུ་རུ་རཏྣ་ས་གསུང་བར་ཞུཿ སློབ་དཔོན་དར་ཅིག་ཅི་ཡང་མ་གསུང་བཞུགསཿ དེ་ནས་མངའ་བདག་རྒྱལ་པོ་གསོན་ཅིག་གསུངསཿ རྒྱལ་པོས་བཞེངས་པའི་གཙུག་ལག་ཁང་འདི་ལཿ ཞིག་རལ་བདག་ཏུ་འཛིན་པ་མང་དུ་འབྱུང་ཿ དགག་སྒྲུབ་སྡུག་བསྔལ་མ་མཛད་ཡལ་དུ་ཆུགཿ མངའ་བདག་རྒྱལ་པོ་ཉིད་ཀྱི་རྒྱལ་ས་ཡང་ཿ ད་ནས་གདུང་རྒྱུད་མི་རབས་གཉིས་སོང་ནསཿ བོད་ཁམས་ཡོངས་ཀྱི་བསོད་ནམས་ཟད་པ་དང་ཿ སྔོན་གྱི་གནོད་སྦྱིན་སྤུན་གསུམ་ཚེ་འཕོས་ནསཿ རྒྱལ་པོ་སེང་གེའི་མགོ་ཅན་དུད་འགྲོའི་མིང་ཿ བློན་པོ་ཐེའུ་རང་སྤྲུལ་པ་སྤྲེ་མགོ་ཅནཿ ཞང་བློན་ཁྲ་ཡི་མགོ་ཅན་ཕུང་གསུམ་འབྱུང་ཿ གཅེན་བཀྲོངས་གཅུང་སྤྱུགས་དམ་པའི་ལྷ་ཆོས་བསྣུབསཿ ཆོས་པ་རབ་གསོད་འབྲིང་སྤྱུགས་ཐ་མ་འཁོལཿ གཙུག་ལག་ཁང་ཀུན་ཤ་ཁྲག་དམར་ལོང་འགེངསཿ ལྷ་ཡི་ཕྱག་ལ་པགས་པ་ནང་ཆ་དགེལཿ བཟང་པོའི་སྤྱོད་ལམ་ན་བུན་བཞིན་དུ་ཡལཿ ངན་པའི་སྤྱོད་ལམ་


PKT001_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༥ན༽འཚུབ་མ་བཞིན་དུ་ལངསཿ རྒྱལ་ཁྲིམས་མདང་གི་རྨི་ལམ་བཞིན་དུ་སང་ཿ སྤྱི་གཅེས་དཀོན་ཅོག་མི་རོ་བཞིན་དུ་བོརཿ སྒོས་གཅེས་ཕ་མ་གྲི་མདུང་རྩེ་ལ་བསྐྱོནཿ སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེརཿ རྗེ་ཡིས་བཞེངས་པའི་ཆོས་འཁོར་ཐམས་ཅད་འཇིགཿ མ་ཉེས་པ་ལ་སྐྱོན་འབེབས་མི་དགེ་སྤྱོདཿ མི་མགོ་བྲན་བྱེད་ཇག་ཆོམ་རྐུན་མ་དརཿ རི་ཀླུང་མེད་པའི་སེམས་ཅན་མི་སྐྱིད་སྡུགཿ སྐྱིད་མེད་གཤེད་མ་སྲོག་གི་སག་བདར་འབྱུང་ཿ བདུད་ཀྱི་རྒྱལ་པོས་རྒྱལ་སྲིད་ལོ་ཟླ་གཅིགཿ བྱང་ཆུབ་སེམས་དཔས་ཐུགས་བསྐྱེད་གྲི་རུ་བཀུམསཿ གདུང་བརྒྱུད་འོད་སྲུང་ཡུམ་བརྟན་གྲགས་པ་འབྱུང་ཿ གཙོན་ལ་མི་འཆམ་དབུ་རུ་གཡོ་རུ་འཁྲུགཿ ཉིན་འཁྲུག་མཚན་འཁྲུག་ལོ་ནི་བཅུ་གཉིས་འཁྲུགཿ མི་ལ་བསད་ཤི་གཉིས་ལས་མེད་པ་འབྱུང་ཿ ཅན་དགུ་ཡུམ་བརྟན་ཁྱེར་ཏེ་འབངས་རྣམས་འཁོལཿ རྒྱལ་པོའི་གདུང་རབས་དགུ་བཅུ་གོ་བརྒྱད་ནཿ བསོད་ནམས་ཟད་པའི་རྒྱལ་པོ་ཞིག་ཀྱང་འབྱུང་ཿ འབངས་རྣམས་ཁེངས་ལོག་རྗེ་ཡི་ལ་ཡོགས་འབྱུང་ཿ སྟེང་ན་རྗེ་མེད་འོག་ན་འབངས་མེད་པཿ མཐའ་ཤོར་དཀྱིལ་རྡོར་འགྲིམ་འགྲུལ་སྐྱེལ་མ་དགོསཿ ལོ་ནི་བརྒྱའམ་བདུན་ཅུ་རྩ་ལྷག་འབྱུང་ཿ ཁ་བ་ཅན་གྱི་བོད་ཡུལ་རྒྱལ་ཁམས་འདིརཿ གདུང་རབས་དྲུག་ཅུ་དམ་ཆོས་སྒྲ་མི་གྲགསཿ ད་ལྟ་བསྒྱུར་བའི་མདོ་སྔགས་


PKT001_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༥བ༽ཆོས་སོ་ཅོགཿ བརྒྱ་ཚར་སྟོང་ཚར་མང་པོ་བཞེངས་བྱས་ནསཿ ལ་ལ་གཏེར་སྦོས་ལ་ལ་མཐའ་ལ་སྤྱུགསཿ དེ་ལྟར་མཛད་ན་ཕྱི་རབས་ཕན་ཆེར་ཐོགསཿ ལན་ཅིག་དམ་ཆོས་འདུལ་བའི་བསྟན་པ་ནིཿ མི་རོ་ཙམ་ཞིག་མདོ་ཁམས་སྨད་ནས་འབྱུང་ཿ འབྲས་བུ་གསང་སྔགས་ཆོས་ཀྱི་བསྟན་པ་ནིཿ གཞུ་རྒྱུད་ཙམ་ཞིག་སྟོད་ཀྱི་ཕྱོགས་ནས་འབྱུང་ཿ དེ་ནས་མདོ་སྔགས་གཉིས་ཀྱི་བསྟན་པ་ནིཿ མ་ནུབ་ཙམ་ཞིག་མཐའ་ནས་དབུས་སུ་འབྱུང་ཿ རྗེ་ཡི་གདུང་བརྒྱུད་མི་རབས་བརྒྱ་སོང་ནསཿ མངའ་རིས་སྐོར་གསུམ་མང་ཡུལ་པུ་རངས་སུཿ གདུང་བརྒྱུད་རྒྱལ་པོ་མགོན་གསུམ་ཞེས་བྱ་འབྱུང་ཿ དེ་འདས་ཕན་ཆད་རྒྱལ་ཁམས་མི་བདེ་སྟེཿ རྩི་ཤིང་ནགས་བསྐམས་མི་ཡི་ཟ་ཐང་བྲིཿ བཅུད་རྣམས་སས་འཐུངས་སྨན་རྣམས་ནུས་པ་ཡལཿ འབྲས་བུ་མི་སྨིན་ཆར་ཆུ་དུས་མི་འབབཿ སྐྱེ་ཁུངས་ཞན་ཅིང་ཕྱུགས་རྣམས་ཞོ་ཤེ་ཆུང་ཿ ནད་མང་ཚེ་ཐུང་མུ་གེ་སྐབས་སུ་འབྱུང་ཿ དེ་ནས་མི་རབས་བདུན་བརྒྱད་ཚུན་ཆད་དུཿ མིས་དབོན་རྣམ་གསུམ་བཞེངས་པའི་གཙུག་ལག་ཁང་ཿ མཐའ་ཉམས་དབུས་ཀྱི་ལྟེ་བ་ལུས་པ་ལཿ མངའ་ཐང་ཉམས་པས་ལྷ་ཁང་ཕུག་རོན་འཛིནཿ ལྷ་ཁང་ནང་དུ་བྱ་བྲུན་མང་པོ་འབྱུང་ཿ ལྷ་ལ་ཕུག་རན་ཚང་འཆའ་བྱ་སྐྱགས་འབྱུགཿ སྐབས་ཤིག་གཙུག་ལག་ཁང་སྒོ་བརྩིག་པ་འབྱུང་ཿ སྐབས་འགར་སྤྲང་པོའི་


PKT001_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༦ན༽ཚང་བཅས་འཛིན་པ་དང་ཿ ལྷ་ཡི་ཕྱག་ལ་སྤྲང་པོའི་ཟོ་བ་འདོགསཿ ཆོས་ལ་སྤྲང་སྤྲུག་ཤོག་འབག་བྱེད་པ་འབྱུང་ཿ གཙུག་ལག་ཁང་ལ་ཞབས་ཏོག་མེད་པ་ཡིསཿ དཀར་པོའི་ཕྱོགས་ཕམ་ནག་པོ་རྒྱལ་གྱུར་པསཿ ཧོར་ཡུལ་ཤིང་ཁུན་ཏའི་ཏུར་གྲགས་པ་འབྱུང་ཿ གནམ་ཐེའུ་དཀར་པོའི་སྤྲུལ་པའི་རྒྱལ་པོ་ཞིགཿ ལྕགས་ཕོ་ཁྱི་ལ་འགོད་པོའི་སྤྲུལ་པ་འགྱེདཿ བོད་ཡུལ་མི་བདེ་མཚོན་གྱི་ཆར་པ་འབེབསཿ བོད་རྣམས་ཀྱེ་མ་ཀྱེ་ཧུད་སྙིང་རེ་རྗེཿ བཅུ་ལོན་ཡན་ཆད་མགོ་མེད་ཇ་སིག་འདྲཿ རྨོས་བསྐོ་ཐོང་མཁན་མི་རྙེད་མོ་གླིང་འདྲཿ ཤ་མཁར་བརྩིག་ཅིང་ཁྲག་གི་རྫིང་བུ་བསྐྱིལཿ ན་ཆུང་སྤྱོད་ཅིང་བུད་མེད་བྲན་དུ་བཀོལཿ མཐའ་མི་དབུས་རྡིབ་བོད་ཁམས་སིལ་བུར་འགྲོཿ དབུས་གཙང་ཁམས་གསུམ་ཐམས་ཅད་ཧོར་ཚང་འཆའཿ གསེར་ཡིག་དངུལ་ཡིག་ཁ་བྱང་བཏབ་ནས་འགྲོཿ དེར་ནི་རྒྱལ་པོ་ཐུགས་མུག་མང་དུ་བཤུམཿ སློབ་དཔོན་སེམས་ཅན་ལས་ཡིན་མ་བཤུམས་གསུངསཿ མངའ་བདག་རྒྱལ་པོས་ཕྱག་བཙལ་ཞུས་པ་ནིཿ ཧོར་ཁྲིམས་ཙམ་གནས་ཇི་ཙམ་ན་འཇིག་ཞུསཿ སློབ་དཔོན་པདྨའི་ཞལ་ནས་རྒྱལ་པོ་ལགསཿ ཧོར་ཁྲིམས་བརྒྱ་དང་ཉི་ཤུ་རྩ་ལྷག་གནསཿ ཇིང་གིར་རྒྱལ་པོའི་ཁྲིམས་ཞེས་ཡུན་རིང་འབྱུང་ཿ ཇིང་ནང་གྲུམ་ནས་རྒྱ་ནག་ཡུལ་ནས་འཇིགཿ སྨད་གྱི་ཡུལ་ནས་འཇམ་དཔལ་སྤྲུལ་པ་འབྱུང་ཿ


PKT001_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༦བ༽ས་ནང་གྲུམ་ནས་ཕག་གིས་ས་སློག་འཇིགཿ ཡར་ཀླུང་ནང་ནས་ཕྱག་རྡོར་སྤྲུལ་པ་འབྱུང་ཿ ལྕགས་ཕོ་ཁྱི་ལ་ཧོར་དམག་བོད་དུ་ཡོདཿ མདོ་སྟོད་མདོ་སྨད་སོག་ཆུར་བྲག་སོགསཿ ཞིབ་པར་མི་བཀོང་སྐྱོ་བ་སྐྱེ་བའི་རྒྱུཿ ཡུལ་གྲུ་བཅུ་དྲུག་བཅོམ་ནས་ཅུང་ཟད་བདེཿ ཏའི་ཤའི་ཕོ་བྲང་འབྱུང་བཞིའི་འཇིགས་པས་འཇོམསཿ མི་ལ་ཚེ་མེད་སོས་ཀའི་སྦྲང་མ་འདྲཿ ནོར་ལ་བདག་མེད་ཚོང་དུས་འགྲོན་ཁང་འདྲཿ དེ་ལྟ་བཞིན་དུ་ཧོར་རྣམས་བོད་འོག་འཁོལཿ མི་རབས་བཅོ་བརྒྱད་བར་དུ་བརྟེན་པར་འགྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ འདུས་བྱས་མི་རྟག་པར་བསྟན་པའི་ལེའུ་སྟེ་གྱ་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousའདུས་བྱས་མི་རྟག་པར་བསྟན་པའི་ལེའུ། next