Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
བོད་དུ་གཏེར་སྦས་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousབོད་དུ་གཏེར་སྦས་པའི་ལེའུ། next

བོད་དུ་གཏེར་སྦས་པའི་ལེའུ།


PKT001_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་མངའ་བདག་བཀའ་བགྲོས་ནསཿ ཡ་ཐོག་རིང་མོ་མ་ཐོག་ཐུང་ངུ་གཉིསཿ ཁུག་པ་བཅོ་བརྒྱད་སྐྱོ་ཤས་ཅན་ལ་གཟིགསཿ ཕུན་སུམ་ཚོགས་པ་ལྔ་ལྔ་འཇོམ་པའི་གཏེརཿ གཏེར་གྱི་རྩ་བ་མ་འཕྱུག་ས་གཞི་མཆེ་སྟེཿ མིས་གཏེར་སྲས་གཏེར་དབོན་གཏེར་ཡང་གཏེར་བཞིཿ བཞི་པོ་རེ་རེར་བཅོ་བརྒྱད་བཅོ་བརྒྱད་བསྡུསཿ བཅོ་བརྒྱད་རེ་རེར་ཕུན་ཚོགས་ས་ལྔ་ལྔ་བསྟནཿ དེ་ཡང་གཏེར་རྒྱཿསྦས་རྒྱཿགསང་རྒྱཿདང་ཿགཏེར་གནས་ཟབ་རྒྱཿགཏད་རྒྱཿརྣམ་པ་ལྔཿགཏེར་རྒྱཿགཏེར་སྟོན་ཕུན་སུམ་ཚོགས་པ་ནིཿ ཆེ་བའི་ཡོན་ཏན་དགུ་དང་ལྡན་པ་སྟེཿ རིགས་ཀྱིས་ཆེ་བ་རྒྱལ་རིགས་རྗེའུར་འཁྲུངསཿ སྐུ་ཡི་ཆེ་བ་མཚན་བཟང་དཔེ་བྱད་ལྡནཿ ཡོན་ཏན་ཆེ་བ་ཤེས་བྱ་ཀུན་ལ་སྦྱངསཿ ཐོས་པ་ཆེ་བ་མདོ་སྔགས་ཐམས་ཅད་མཁྱེནཿ བསམ་གཞིག་ཆེ་བ་ཚིག་རྗེས་


PKT001_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༩ན༽དོན་གྱིས་གསོབཿ བསྒོམས་པས་ཆེ་བ་རྟོགས་པའི་ལྟ་བ་མཐོཿ སྤོབས་པ་ཆེ་བ་གཞན་དག་ཟིལ་གྱིས་གནོནཿ རྩོད་བློ་ཆེ་བ་རྒོལ་བའི་ཚིག་རྣམས་འཇོམསཿ འཛིན་བློ་ཆེ་བ་ཆོས་དང་ཆོས་མིན་ཕྱེདཿ བསྲན་ཐུབ་རྒྱུད་དུལ་ཆེ་བ་ཕུན་སུམ་ཚོགསཿ སྦས་རྒྱཿ དམ་ཆོས་ཕུན་སུམ་ཚོགས་པ་ནིཿ རྒྱལ་བའི་བཀའ་གནང་འཕགས་པའི་ལུང་གིས་གྲུབཿ རིག་པ་འཐད་ཅིང་གཏན་ཚིགས་རྒྱ་ཡིས་ཐེབསཿ མདོ་ཡིན་དགོངས་པ་ཉི་ཤུ་རྗེས་དོན་བཅུཿ སྤྱི་མདོ་ཡིན་ནམ་སྒོས་མདོ་ཁྱད་པར་མདོཿ རྒྱུད་ཡིན་དངོས་པོ་བཅུའམ་ལྔ་བཅུ་སྟེཿ ལུང་ཡིན་མཐའ་བཞི་མན་ངག་དཔེ་དོན་རྟོགསཿ གསང་རྒྱཿགཏེར་སློབ་དག་པའི་ཡོན་ཏན་བཅུཿ རིགས་དག་འབྱོར་པ་ལང་ཚོ་འདྲི་ཀློག་མཁསཿ རྒྱུད་དག་དད་པ་ཤེས་རབ་སྙིང་རྗེ་ཆེཿ ལས་དག་ཆོས་ཕྱིར་བརྩོན་འགྲུས་དཀའ་བ་སྤྱོདཿ འདྲིས་དག་སྒོ་གསུམ་རྐྱེན་ཁྱག་དམ་ཚིག་གནསཿ རྟེན་དག་གཞན་དང་མ་འཁོན་སེལ་མ་ཞུགསཿ གཏོང་དག་སྣ་ཚོགས་ཐབས་ཀྱིས་བདག་གཞན་བསྐུལཿ སེམས་བསྐྱེད་དག་པས་ལུས་སྲོག་དོན་མི་གཉེརཿ དངོས་པོ་དག་པས་སྨར་བཞུན་སེར་སྣ་མེདཿ དབང་པོ་དག་པས་གཞན་གྱི་སེམས་མི་དཀྲུགཿ འཕུན་པ་དག་པས་ཟོལ་འགྲོགས་ངོ་ཞལ་མེདཿ བཅུ་པ་མ་ཚང་ཁ་ནི་ཐུར་ལ་སྦུབཿ སྟོབས་དང་ལྡན་ཡང་དུག་གི་མེ་ཏོག་ཡིནཿ ཟབ་རྒྱཿགཏེར་


PKT001_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༩བ༽གནས་ཕུན་སུམ་ཚོགས་པ་ནིཿ གནས་ཀྱི་ཟབ་ཁྱད་ཐུན་མོང་ཁྱད་བར་ལྔཿ ཐུན་མོང་ལྔ་ལ་ས་ལ་ཟབ་པ་དང་ཿ དེ་བཞིན་ཆུ་ལ་ཟབ་པ་བྲག་ལ་ཟབཿ གཙུག་ལག་ཁང་ཟབ་ཤིང་ལ་ཟབ་པའོཿ ཁྱད་པར་ལྔ་ལ་དབུས་གནས་ཟབ་པ་དང་ཿ དེ་བཞིན་ཤར་གནས་ཟབ་དང་ལྷོ་གནས་ཟབཿ ནུབ་གནས་ཟབ་དང་བྱང་གནས་ཟབ་པའོཿ གཏད་རྒྱཿའདོན་དུས་ཕུན་སུམ་ཚོགས་པ་ནིཿ ས་རྟགས་གཡོ་འགུལ་སྐྱོ་ཤས་མར་འགྲིབ་གསུམཿ ཞེ་སྡང་ལས་གྱུར་དམག་འཁྲུག་འབྱུང་བ་དང་ཿ འདོད་ཆགས་ལས་གྱུར་མུ་གེ་འབྱུང་བ་དང་ཿ གཏི་མུག་ལས་གྱུར་ནད་ཡམས་འབྱུང་བ་དང་ཿ མི་རྣམས་སྐྱོ་ཤས་ཆེ་བས་གདུལ་བའི་ཞིང་ཿ མི་འདོད་བཞིན་དུ་ཁབ་ལེན་རྡོ་ཉུལ་བཞིནཿ གཏད་རྒྱཿ འབྱིན་པའི་གཏེར་སྟོན་གཅིག་བྱུང་ཞིང་ཿ ཆོས་དང་ངན་སྔགས་རྩིས་སྨན་ལ་སོགས་རྣམསཿ དབུ་གཏེར་ལྷོ་གཏེར་བྱང་གཏེར་ཤར་ནུབ་གཏེརཿ གཏེར་ཀ་བརྒྱ་དང་རྩ་བརྒྱད་བོད་དུ་སྦསཿ རྒྱལ་པོའི་བླ་གཏེར་དབུ་རྩེ་རིགས་གསུམ་དུཿ རྗེ་ཡི་བླ་གཏེར་གཏེར་མཛོད་རེ་རེ་སྦསཿ ཁམས་གསུམ་ཟངས་ཁང་དབུ་ཚལ་གསེར་ཁང་གླིང་ཿ དགེ་རྒྱས་བྱེ་མ་ཇོ་མོ་གླིང་གསུམ་དུཿ རྒྱལ་པོའི་བླ་གཏེར་གཏེར་ཀ་རེ་རེ་སྦསཿ ཡཀྵ་ལྟག་འོག་གླིང་བཞི་གླིང་ཕྲན་བརྒྱདཿ ཁྲུས་ཁང་གླིང་དང་ཆོད་མེད་ཀེང་རུའི་གླིང་ཿ མཐུ་རྩལ་གླིང་དང་སྒོ་བཞིའི་མགོན་ཁང་བཞིརཿ སློབ་དཔོན་པདྨའི་ཐུགས་


PKT001_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༠ན༽གཏེར་རེ་རེ་སྦསཿ མཆོད་རྟེན་དཀར་པོར་དམ་པའི་ཆོས་གཏེར་སྦསཿ མཆོད་རྟེན་དམར་པོར་རྩིས་སྨན་མདོས་ཆོག་སྦསཿ མཆོད་རྟེན་ནག་པོར་མཐུ་དང་ངན་སྔགས་སྦསཿ མཆོད་རྟེན་སྔོན་པོར་བཟོ་གཏེར་རིག་གནས་སྦསཿ ལར་གྱི་གཙུག་ལག་ཁང་གི་སྐོར་འདི་ལཿ ཛམ་གླིང་སྤྱི་ལ་དགོས་པའི་གཏེར་ཁ་ལྔཿ བོད་ཁམས་སྤྱི་ལ་དགོས་པའི་གཏེར་ཀ་ལྔཿ འདོན་དུ་མི་བཏུབ་བཅུད་ལ་དགོངས་པ་ལྔཿ གཏོན་ནས་གཏེར་ཚབ་འཇུག་དགོས་གཏེར་ཀ་ལྔཿ མ་བཏོན་དངོས་གྲུབ་ཡལ་བའི་གཏེར་ཀ་ལྔཿ མིང་ཅན་ཉེར་ལྔ་མིང་མེད་མང་དུ་སྦསཿ མཆིམས་ཕུའི་ཡང་དཔོན་སློབ་དཔོན་ཐུགས་གཏེར་སྦསཿ གཡའ་མ་ལུང་དུ་ཚེ་སྒྲུབ་ཚེ་ཆུ་སྦསཿ རྡོ་ཡི་མཆོད་རྟེན་གསང་གཏེར་རེ་རེ་སྦསཿ པདྨ་ཅན་ལ་སྐོར་བཅུ་ཚེ་ཆུ་སྦསཿ རྣམ་སྣང་རྒྱབ་ཏུ་བཀའ་གཏད་རབ་འབྱམས་སྦསཿ ལྷོ་ཡི་སྐྱེར་ཆུ་ལྷ་ཁང་ཟབ་གཏེར་སྦསཿ བུམ་ཐང་རྩི་ལུང་རྗེ་གཏེར་སེམས་ཕྱོགས་སྦསཿ བུམ་ཐང་དགེ་གནས་ཡུམ་གཏེར་མ་མོ་སྦསཿ གློ་བོ་དགེ་ཀེར་དགོངས་གཏེར་བསྟན་བཅོས་དང་ཿ བཀའ་འགྱུར་བསྟན་འགྱུར་རྒྱུད་འབུམ་མགུར་འབུམ་དང་ཿ ལུང་འབུམ་སྒྲུབ་འབུམ་གཟུངས་འབུམ་སྔགས་འབུམ་སྦསཿ གཙང་འཕྲང་ལྷ་ཁང་ཡབ་གཏེར་གཤིན་རྗེ་སྦསཿ གཡས་རུ་གཙང་འགྲམ་རྫས་གཏེར་སྣ་ཚོགས་སྦསཿ རྩིས་ཀྱི་ལྷ་ཁང་ཕྱི་


PKT001_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༠བ༽གཏེར་མདོ་སྔགས་སྦསཿ བྱང་གི་བྲ་བུན་རྩེ་ཡི་ལྷ་ཁང་དུཿ ནང་གཏེར་ངན་སྔགས་བརྒྱ་དང་རྩ་བརྒྱད་སྦསཿ ཁམས་ཀྱི་ཀློང་ཐང་སྒྲོལ་མའི་གཙུག་ལག་ཏུཿ བར་གཏེར་མི་འདྲ་རྒྱུད་ལུང་བཅུ་གསུམ་སྦསཿ ཤར་ཀོང་བུ་ཆུ་མཐར་ལེགས་ལྷ་ཁང་དུཿ རྒྱ་གཏེར་རྫུ་འཕྲུལ་སྒྱུ་མ་སྣ་ཚོགས་སྦསཿ རྒྱལ་རྩེ་རྡུམ་གཤིན་རྗེ་དོང་ཁ་དང་ཿ སེ་མོ་ཕུད་ལུང་བྲག་གསུམ་ཉོས་བྷ་གཿ མདོར་ན་ལྷོ་ཀོང་བྱང་ཀོང་ཤར་ནུབ་ཀོང་ཿ ཀོང་པོའི་ཡུལ་འདི་པད་འབྱུང་འདུལ་ཞིང་སྟེཿ གཏེར་ཀ་ཆེན་པོ་བརྒྱ་དང་རྩ་བརྒྱད་སྦསཿ གཏེར་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦསཿ སྦས་པའི་རྩྭ་ཆུ་ཡུལ་དགུ་དབེན་གནས་བརྒྱདཿ དེ་དག་རེ་རེར་བོད་གཏེར་བརྒྱ་རྩ་བརྒྱདཿ གཏེར་ཕྲན་བྱེ་བ་དགུ་ཁྲི་གཏེར་ཏུ་སྦསཿ གཡོ་རུ་ཁྲ་འབྲུག་རྫས་གཏེར་སྦུབས་གཅིག་སྦསཿ ཤེལ་གྱི་བྲག་ཕུག་གསང་གཏེར་བཀའ་འདུས་སྦསཿ ལྷོ་བྲག་ཁོ་མཐིང་བདེ་གཤེགས་འདུས་པ་སྦསཿ མཁར་ཆུ་གནམ་སྐས་ཅན་ལ་ཡོངས་རྫོགས་སྦསཿ གཏམ་ཤུལ་སྲིན་མོ་སྦར་རྗེས་གསང་གཏེར་སྦསཿ སྟག་ཚང་སེང་ཕུག་ཐུགས་གཏེར་སྐོར་དགུ་སྦསཿ མོན་ཁ་སྣ་རིང་སེང་གེ་རྫོང་གསུམ་ལཿ མ་ནིང་གཏེར་ཀ་ཕྲ་གཏེར་བཅོ་ལྔ་སྦསཿ སྤ་གྲོ་གནམ་ཐང་དཀར་པོ་ནས་འབྲི་མཚམསཿ མངའ་བདག་རྒྱལ་པོའི་ནོར་གཏེར་མང་དུ་སྦསཿ ཕོ་མ་རྫོང་ཕུག་གསང་གཏེར་ངན་སྔགས་སྦསཿ


PKT001_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༡ན༽གཙང་གི་ཕུག་མོ་ཆེ་རུ་ཚེ་བདག་སྦསཿ ཡང་ཕུག་རིང་མོར་ཀླུ་བདུད་སྤུ་གྲི་སྦསཿ བསྒྲགས་ཀྱི་ཡང་རྫོང་ཕུར་པ་ཐམས་ཅད་སྦསཿ གྲ་ཡི་གཡུ་སྒོང་བྲག་ལ་གཏེར་སྨྱོན་སྦསཿ མུ་ཏིག་སྦ་མ་གང་ལ་གསང་གཏེར་སྦསཿ ཟར་པོ་ཟངས་ཀྱི་མཚོ་བྲག་གཏེར་བྲན་སྦསཿ འཕྱོང་རྒྱས་བང་སོར་ནོར་གཏེར་ཆོས་གཏེར་སྦསཿ འཕྱིང་བར་སྟག་རྩེར་དགོངས་གཏེར་ཟུར་ཞིག་སྦསཿ ཤམ་པོའི་གངས་ལ་གསང་གཏེར་གཏེར་སྨྱོན་སྦསཿ གཉལ་གྱི་དོང་ཁ་བྲག་ནག་མདའ་སྒྲོ་ལཿ སྨན་དཔྱད་གཙུག་ལག་བསྟན་སྲུང་མང་དུ་སྦསཿ གཉལ་སྨད་དགེ་རི་ནག་པོའི་བྲག་ལོགས་ལཿ ནོར་དང་གཏེར་གྱི་ཁ་བྱང་མང་པོ་སྦསཿ གསལ་རྗེ་གངས་མཐར་ཕྲ་མེན་སྤུ་གྲི་སྦསཿ ཆོས་སྒྲོ་ཐོད་དཀར་སྦེ་གསང་ལུང་པ་ལཿ དངུལ་སྤྱད་གསེར་སྤྱད་གསེར་སྦྲམ་སིལ་མ་སྦསཿ ཟ་ཆུ་འདུས་ལ་གཤིན་རྗེའི་ངན་སྔགས་སྦསཿ གཉལ་རང་འདོམ་མཁར་གཡུ་དང་བྱུ་རུ་སོགསཿ ཕོ་གྱོང་བཟའ་ཡི་མགོ་རྒྱན་ཐམས་ཅད་སྦསཿ ལུག་སྟོང་བྲག་དཀར་གདོད་ལ་ནོར་གཡུ་སྦསཿ ཀོ་རོ་ངམ་གྲོག་ཐུགས་གཏེར་བརྒྱ་རྩ་སྦསཿ མཁལ་དཀར་ལྷ་ཡུལ་ཕུག་པར་གཏེར་ཕྲན་སྦསཿ བྱར་གྱི་སྟག་ཆུང་གཏེར་ཕྲན་གཏེར་སྨྱོན་སྦསཿ ཁྲ་མོ་ལྡང་ལྷར་ཟབ་གཏེར་ངེས་དོན་སྦསཿ བྱར་དྭགས་ཀོང་གསུམ་སློབ་དཔོན་དགོངས་གཏེར་སྦསཿ ལྷོ་མོན་ལོར་གཉལ་སློབ་དཔོན་


PKT001_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༡བ༽གསང་གཏེར་སྦསཿ ཙཱ་རིའི་གནས་ལ་གསང་གཏེར་མ་བུ་སྦསཿ འོལ་ཀའི་མགར་ཕུག་ཡུམ་གཏེར་སྐོར་བཞི་སྦསཿ འོན་ཕུ་སྟག་ཚང་བསྟན་གཉིས་རྒྱ་མཚོ་སྦསཿ བྱ་ཕོ་ཟི་བ་བྲ་དང་བྲག་རྣམས་ལཿ ལྷ་བཟང་ཀླུ་དཔལ་ཕོ་ཆས་ཆ་ཅིག་དང་ཿ ཟངས་སྤྱད་ལྕགས་ཆ་སྡེར་མ་བརྒྱ་ཙམ་སྦསཿ ཁྲབ་ལར་ནོར་གཏེར་ཆོས་གཏེར་མང་དུ་སྦསཿ ཕུག་པའི་ནང་དུ་ཐུགས་རྗེ་ཆེན་པོ་སྦསཿ ལོང་མོ་ལོ་ཆུང་ནོར་གཏེར་རྐྱང་པ་སྦསཿ ཡར་ཀླུང་ཁྲ་འབྲུག་མཆོད་རྟེན་མགོ་ལྔ་ལཿ ཟབ་གཏེར་རྫས་གཏེར་སྤེལ་མ་མང་དུ་སྦསཿ དགོན་ཐང་གཙུག་ལག་ཁང་གི་བྲག་རི་ལཿ ནོར་གཏེར་ཆོས་གཏེར་དམ་རྫས་མང་དུ་སྦསཿ འཕང་ཐང་གཙུག་ལག་ཁང་གི་རྒྱབ་རི་ལཿ རྣམ་སྲས་ཡོན་ཏན་འབྱུང་བའི་རྒྱུད་སྐོར་སྦསཿ ཡུམ་བུ་བླ་སྒང་སྐོར་ལ་གསང་གཏེར་སྦསཿ བཙན་ཐང་གཡུ་ཡི་ལྷ་ཁང་བྲག་རི་ལཿ གཏེར་ཆེན་ལྔ་དང་གཏེར་ཆུད་དགུ་སྦས་སོཿ ཿམོན་མཁར་མགོན་པོ་གདོང་ལ་ཐུགས་གཏེར་ལྔཿ ནོར་གཏེར་གཡུ་ཁྲབ་དངུལ་དང་བྲལ་བ་སྦསཿ གྲ་ཕྱིའི་བྲག་པོ་ཆེ་ལ་བོད་གཏེར་སྦསཿ གྲ་ཡི་སྣེ་གདོང་ཟུར་ལ་རལ་གྲི་སྦསཿ དོལ་གྱི་ལྕེ་ཏེའི་ཟུར་ལ་ཁྲབ་རྨོག་སྦསཿ གཞུང་གི་ར་སྐོར་རྒྱབ་ལ་གསེར་ཀ་སྦསཿ གཅོང་གི་སིལ་མ་བྲག་ཕུག་སྤྱི་ཏི་སྦསཿ གཙང་གི་མང་མཁར་བྲག་ལ་མཐུ་འབུམ་སྦསཿ མང་ཡུལ་དཔལ་མོ་ཐང་གི་འདྲེ་ཕུག་ཏུཿ བཀའ་


PKT001_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༢ན༽སྲུང་འདུས་པ་ངན་སྔགས་སྐོར་ལྔ་སྦསཿ བྱམས་པ་སྤྲིན་དུ་སྒྲུབ་ཐབས་ཉི་ཤུ་སྦསཿ གཞུ་སྙེ་མཁར་དུ་མདོ་གཅོད་རྒྱུན་གཅོད་སྦསཿ ལ་སྟོད་སྲིན་པོ་རྫོང་ལ་ཞི་བྱེད་སྦསཿ ལ་སྟོད་དིང་རི་དིང་ཆུང་ཡོ་ག་སྦསཿ ལྷ་རྩེའི་བྲག་ལ་ཨ་ནུ་ཡོ་ག་སྦསཿ རྒྱང་པོ་ལུང་ལ་ཨུ་རྒྱན་རྣམ་ཐར་སྦསཿ ར་སོགས་ཀླུ་གྲུར་ལུང་བསྟན་མང་དུ་སྦསཿ རྡོ་རྗེ་གངས་ཀྱི་དངུལ་ཕུག་གསང་གཏེར་སྦསཿ གྲོམ་པ་རྒྱང་དུ་ཕྱི་གཏེར་ནང་གཏེར་སྦསཿ ཟུམ་བུ་ལུང་དུ་གསང་གཏེར་དགོངས་གཏེར་དང་ཿ ཐུགས་གཏེར་གཏེར་ཀ་བརྒྱ་དང་རྩ་བརྒྱད་སྦསཿ འོ་ཡུག་གཡག་སྡིར་གཏེར་གྱི་ཡན་ལག་སྦསཿ སྤ་གྲོ་ཆུ་མོ་ཕུག་ཏུ་ཐུགས་གཏེར་སྦསཿ གཡུ་ཕུག་རྫ་ལྷུང་གཏེར་ཕྲན་རྫས་གཏེར་སྦསཿ ཡེར་པ་ཟླ་བ་ཕུག་ཏུ་ཟབ་གཏེར་སྦསཿ ཟང་ཡག་བྲག་ལ་ཐང་ཡིག་གསང་གཏེར་སྦསཿ གཞོ་སྟོད་དེ་སྒྲོལ་མཁའ་འགྲོའི་སྐོར་རྣམས་སྦསཿ སྟོད་ཀླུང་འཕར་བ་ཚད་དུ་ཕྱག་ཆེན་སྦསཿ ཤ་འུག་སྟག་སྒོར་མ་ནིང་གཏེར་བཅུ་སྦསཿ ངོ་མཚར་རོང་དུ་གཏེར་ཕྲན་འདྲེས་མ་སྦསཿ ལྷ་སར་གསང་གཏེར་གཏེར་ཕྲན་ཟུང་ཞིག་སྦསཿ མཆིམས་ཕུ་བློན་པོ་མགུལ་དུ་བཅུད་ལེན་སྦསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་དུ་གཏེར་སྦས་པའི་ལེའུ་སྟེ་གོ་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousབོད་དུ་གཏེར་སྦས་པའི་ལེའུ། next