Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
གཏེར་སྟོན་པ་བརྟག་པའི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousགཏེར་སྟོན་པ་བརྟག་པའི་ལེའུ། next

གཏེར་སྟོན་པ་བརྟག་པའི་ལེའུ།


PKT001_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ བྲག་དམར་ལྷུན་གྲུབ་དཔལ་གྱི་བསམ་ཡས་སུཿ མི་འཇིགས་སེང་གེ་བསྣོལ་བ་གསེར་ཁྲིའི་སྟེང་ཿ བཀྲག་གསལ་ཟ་འོག་པཉྩའི་གདན་སྟེངས་སུཿ འཇའ་རིས་འཕན་གདུགས་བྲེས་པའི་བསིལ་གྲིབ་ལཿ རིན་ཆེན་སྤྱན་གཟིགས་བཀྲམ་པའི་སྟ་ཟུར་གྱིཿ ཕྱི་ནང་མཆོད་པ་བཤམས་པའི་མདུན་རོལ་དུཿ ལྷ་མིའི་སྤྲིན་ཕུང་འཁྲིགས་པའི་དཀྱིལ་དབུས་ནཿ སངས་རྒྱས་གཉིས་པ་འགྲོ་བའི་དོན་བྱོན་པའིཿ སློབ་དཔོན་ཆེན་པོ་པད་འབྱུང་འཛུམ་བཅས་བཞུགསཿ དེ་དུས་འཛམ་གླིང་རྒྱལ་པོ་མངའ་བདག་གིསཿ གསེར་གྱི་མཎྜལ་གཡུ་ཡི་མེ་ཏོག་བཀོདཿ གཟི་དང་མུ་མེན་སྐྱོགས་སུ་འབྲས་ཆང་དང་ཿ རྒུན་འབྲུམ་ཆང་བླུག་སློབ་དཔོན་ཞལ་དུ་དྲངསཿ བཟའ་བཅའ་ཕྱི་ནང་མཆོད་པ་མང་ཕུལ་ནསཿ ཨེ་མ་ཧོཿ སྤྲུལ་སྐུའི་མཆོག་གྱུར་འགྲོ་མགོན་པདྨ་འབྱུང་ཿ བདག་གི་བོད་ཡུལ་མཐའ་འཁོབ་ཁ་བ་ཅནཿ གཅོང་རོང་གྲོག་པོ་མཚོན་ཆ་གཟིངས་པ་འདྲཿ མ་རུངས་བློན་པོ་གདོང་དམར་སྲིན་པོའི་རིགསཿ དཀར་པོའི་སེམས་མེད་སྡིག་སྤྱོད་སེམས་ཅན་མང་ཿ ཐུགས་རྗེས་གཟིགས་ནས་བཀའ་


PKT001_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༢ན༽ལུང་མན་ངག་གནང་ཿ ཕྱི་རབས་དོན་དུ་རིན་ཆེན་གཏེར་མང་སྦསཿ མ་འོངས་དོན་དུ་གཏེར་སྟོན་མང་འབྱུང་ནཿ སློབ་མའི་ཡིད་ཆེས་བཀུར་གནས་གང་ལ་བགྱིཿ ལས་ཅན་དོན་དུ་རི་བྲག་ལུང་པ་རྣམསཿ ཨོ་རྒྱན་ཉིད་ཀྱིས་སྒྲུབ་རིར་བྱིན་གྱིས་བརླབསཿ ཐུགས་རྗེས་བཟུང་བས་བར་ཆད་མི་འབྱུང་ཞིང་ཿ གནས་རྣམས་ཀུན་ཏུ་སྒྲུབ་པ་འཕེལ་མོད་ཀྱང་ཿ ཁྱད་པར་འཕགས་པའི་སྒྲུབ་གནས་གང་ལ་བགྱིཿ ཐམས་ཅད་མཁྱེན་པ་པདྨ་འབྱུང་གནས་ཀྱིསཿ ཕྱི་རབས་དོན་དུ་བདག་ལ་གསུང་བར་ཞུཿ ཞེས་གསོལ་དབུ་ཐོད་བུད་བུད་ཕྱག་འཚལ་བསཿ སློབ་དཔོན་ཆེན་པོ་པདྨས་བཀའ་སྩལ་པཿ གསོན་ཅིག་མངའ་བདག་འཛམ་གླིང་ཆོས་ཀྱི་རྒྱལཿ རྒྱ་ཆེ་གྲངས་མང་ཆོས་རྣམས་གསུངས་པ་ཀུནཿ ཀུན་རྫོབ་དོན་དམ་གཉིས་སུ་ཤེས་པ་ཡིསཿ མདོ་སྔགས་སྤྱི་ལུང་ཡིད་ཆེས་དཔང་དུ་ཚུགསཿ གཏེར་སྟོན་རྣམ་ཐར་ཆ་ལུགས་ཅི་འདུག་དྲིསཿ ཆོས་རྣམས་ཐམས་ཅད་སྒྲིབ་པ་མེད་པའི་སྤྱནཿ མདོ་རྒྱུད་ཡིན་པས་ཚད་བཟུང་དབང་པོ་བཏུབཿ བསྟན་བཅོས་རྣམས་དང་གང་ཟག་ཚད་མི་གཟུང་ཿ དབང་པོ་མི་བཏུབ་ཁ་འཛིན་ཕྱོགས་ཆ་ཡིནཿ ཆོས་དང་ཆོས་མིན་གཉིས་ཕྱེ་བརྟག་པར་བྱཿ ས་རྟགས་གང་ཤར་རྒྱལ་ཁམས་ཡོངས་སུ་ཉནཿ མང་པོའི་ནང་ནས་གཅིག་ནི་ཡིན་པར་གཟུང་ཿ འགལ་བ་གཏེར་གཉིས་དུས་གཅིག་མི་འབྱུང་སྟེཿ


PKT001_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༢བ༽རིམ་པར་བྱུང་ན་མདོ་སྔགས་ལུང་གིས་ཟིནཿ དེ་ཡང་མྱ་ངན་འདས་པའི་མདོ་སྡེ་ལསཿ ཡུལ་གཅིག་འཁོར་ལོ་སྒྱུར་རྒྱལ་གཉིས་མི་འབྱུང་ཿ འཇིག་རྟེན་ཁམས་ན་སངས་རྒྱས་གཉིས་མི་འབྱུང་ཿ ཞེས་གསུངས་ང་ཡི་གཏེར་འབྱིན་དེ་འདྲའོཿ བླ་མེད་དོན་རྫོགས་འདུས་པའི་རྩ་རྒྱུད་ལསཿ གསང་སྔགས་དར་དུས་སྔགས་པ་བདུད་ལས་བྱེདཿ བདེན་པ་མཐོང་བའི་སྤྲུལ་སྐུ་གཉིས་མི་འབྱུང་ཿ འབྱུང་ན་མི་སྲིད་མདོ་རྒྱུད་ཀུན་དང་འགལཿ ཞེས་གསུངས་ཇི་སྲིད་ཉིན་མོར་གྱུར་པའི་དུསཿ ཕྱོགས་བཞི་མཚམས་བརྒྱད་ཉི་མ་ཤར་བྱུང་ནཿ དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོཿ གཞན་ཡང་སོ་སོ་འབྲང་པའི་མདོ་ལས་ཀྱང་ཿ མེ་ལས་པདྨོ་སྐྱེ་བ་ངོ་མཚར་ཞིང་ཿ འཇིག་རྟེན་སངས་རྒྱས་གཉིས་སྟོན་མཆོག་དེ་འདྲཿ ཞེས་དང་ཇི་སྲིད་མཚན་མོར་གྱུར་པ་ནཿ ཕྱོགས་བཞི་མཚམས་བརྒྱད་ཟླ་བ་ཤར་བྱུང་ནཿ དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོཿ བྱེ་བྲག་མ་འདྲེས་པ་ཡི་མདོ་ལས་ཀྱང་ཿ ཡར་སྐྱེ་གཅིག་དང་མར་འགྲིབ་བཅོ་བརྒྱད་དེཿ འཕེལ་འགྲིབ་གཉིས་ཀ་དུས་གཅིག་བྱེད་མི་སྲིདཿ མི་སྲིད་སྲིད་པའི་ཁྱད་འཕགས་དེ་འདྲ་བཿ ས་སྟེང་བྱུང་ན་འཕགས་པའི་ལུང་གིས་བཀགཿ ཅེས་གསུངས་ཡུལ་གཅིག་འཁོར་ལོ་སྒྱུར་རྒྱལ་གཉིསཿ དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོཿ འཕགས་པ་ཡོངས་སུ་མྱ་ངན་འདས་པ་ལསཿ ཁ་ཟས་བཟང་པོ་དུག་དང་


PKT001_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༣ན༽འདྲེས་པ་ལཿ ཡོན་ཏན་རོ་ཞིམ་འགྲངས་པ་སོགས་ཡོད་ལཿ སྐྱོན་ནི་འཆི་བ་ཡོད་ཅེས་འཚོད་པ་ནཿ གླེན་པ་གཏི་མུག་ཅན་གྱིས་དེ་ཉོ་ཞིང་ཿ མཁས་པ་ཤེས་རབ་ཅན་རྣམས་མི་ཉོ་ཞེསཿ དམ་ཚིག་ཉམས་པའི་བརྫུན་གཏེར་ཟང་མ་ལཿ ཉོ་བཙོང་བྱེད་པ་བསྟན་པའི་ལག་དམར་ཏེཿ སྤེལ་སྒྲོགས་བྱེད་པ་ཤོ་གམ་ཅན་གྱི་གནསཿ དམ་པའི་ཆོས་མཆོག་པདྨ་དཀར་པོ་ལསཿ དེ་བས་འཇིག་རྟེན་སློབ་དཔོན་སངས་རྒྱས་ཀྱིཿ སྐྱོབ་པ་ལྡེམ་པོའི་ངག་ནི་ཤེས་པར་གྱིསཿ ཐེ་ཚོམ་ཆོད་ལས་སོམ་ཉི་རྣམ་སྤངས་ཏེཿ སངས་རྒྱས་འགྱུར་གྱིས་དགའ་བ་རབ་ཏུ་བསྐྱེདཿ ཅེས་གསུངས་ཡིན་མིན་ཐེ་ཚོམ་སྒྲོ་འདོགས་ཆོདཿ འདམ་སེང་མང་སྟེ་གངས་ཀྱི་སེང་གེ་དཀོནཿ མེ་ཏོག་མང་སྟེ་ཨུ་དུམ་ཝཱ་ར་དཀོནཿ ནགས་ཚལ་མང་སྟེ་བྱང་ཆུབ་ལྗོན་ཤིང་དཀོནཿ རྒྱ་མཚོ་མང་སྟེ་འོ་མ་ཅན་ནི་དཀོནཿ འདབ་ཆགས་མང་སྟེ་མཁའ་ལྡིང་ཁྱུང་ནི་དཀོནཿ རྒྱལ་པོ་མང་སྟེ་འཁོར་ལོ་སྒྱུར་རྒྱལ་དཀོནཿ བརྫུས་སྐྱེས་མང་སྟེ་པད་སྡོང་སྐྱེས་པ་དཀོནཿ བདུད་རྩི་འབྱུང་བ་རྩ་བའི་རྒྱུད་ཆེན་ལསཿ ང་ཡི་བསྟན་པ་སྙིགས་མར་གྱུར་པ་ནཿ ཆོས་རྣམས་ཚོང་དུས་འོ་མ་ཇི་བཞིན་དུཿ ངན་པས་བསླད་ནས་ཐུར་དུ་ལྟུང་བར་བྱེདཿ དེ་བཞིན་ལུང་པ་རེ་ན་གཏེར་སྟོན་རེཿ ཡུལ་གྲུ་རེ་ན་གྲུབ་ཐོབ་གྲགས་འདོད་རེཿ བསྟན་པའི་ཆོས་བཤད་ལག་དམར་ཁྲག་ཅན་རེཿ ཀུན་རྫོབ་གཏེར་


PKT001_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༣བ༽འདྲ་གཏེར་མའི་སེལ་བྱེད་རེཿ ཡོན་ཏན་ཆེ་སྟེ་སྐྱོན་གྱི་གོང་པོ་རེཿ ཡིན་ཡིན་མང་སྟེ་ཡིད་སྐྱོ་ཐེ་ཚོམ་མེདཿ དེ་ལ་མཁའ་འགྲོ་མ་དགྱེས་མི་དགེའི་རྟགསཿ མི་འཚམ་རྣམ་པ་མང་དུ་འབྱུང་བར་འགྱུརཿ དེ་དུས་བཀུར་གནས་ས་རྟགས་ཤར་ལ་བྱེདཿ གཏེར་ཀ་མ་མཐུན་ལུང་བསྟན་ཟིན་ལ་བྱེདཿ ཆང་དང་ཆུ་གཉིས་ངོས་རྟགས་འདྲ་བས་གསལཿ ཆོས་ལ་རྣོ་བའི་ནུས་པ་འདུག་ལ་བྱེདཿ ཆོས་དེས་འདུལ་ཞིང་ཉམས་སུ་ལེན་པ་བྱེདཿ ལྷ་དང་འདྲེ་གཉིས་བསྲེས་ཀྱང་མི་འདྲ་སྟེཿ ང་ཡི་བཤད་དང་མཐུན་པ་ཞིག་ལ་བྱེདཿ ས་འོག་གསེར་སྦ་ས་འོད་ནི་མཁའ་ལ་ལྡིང་ཿ མདོ་སྔགས་ལུང་དང་མཐུན་པ་ཞིག་ལ་བྱེདཿ ང་ཡི་སྤྲུལ་པར་ཟོག་པོ་ཟེར་ཞིང་གཤེཿ ཟོག་པོ་རྣམས་ལ་འདི་ཕྱིའི་བློ་རྟེན་འཆའཿ དྲན་པ་གསལ་ཏེ་དགེ་སྡིག་ངོ་མི་ཤེསཿ ཤེས་པ་ཞིབ་སྟེ་ཆོས་ཀྱི་མ་ཚང་མི་ལོནཿ དེ་ཕྱིར་བདུད་ཀྱི་བསྟན་པ་དར་བ་ཡིནཿ ང་ལ་རྣམ་ཐར་འདྲ་མིན་མང་པོ་ཡོདཿ པདྨ་འབྱུང་གནས་ཆུང་བས་བསམ་ཡས་ཡོངསཿ ཆེན་པོས་མ་བྱོན་ཟེར་ནས་གྲུབ་མཐའ་རྩོདཿ ང་འདི་པདྨ་འབྱུང་ཆེན་པོའི་ཆོས་ཡིན་ཟེརཿ བརྒྱུད་པ་དེ་ནས་བྱས་ཏེ་མི་མགོ་བསྐོརཿ དེ་བཞིན་ཀླུ་སྒྲུབ་ཨཱརྻ་གཉིས་གསུམ་ཟེརཿ མི་འདྲ་མང་པོ་ཡི་གེར་འདུག་པ་ནིཿ ཞི་དུལ་ཤེས་རབ་ཅན་གྱིས་གོ་བར་བྱཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ


PKT001_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༤ན༽གཏེར་སྟོན་པ་བབརྟག་པའི་ལེའུ་སྟེ་གོ་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousགཏེར་སྟོན་པ་བརྟག་པའི་ལེའུ། next