Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

39 occurrences of འབངས་མི་
[Clear Hits]


 
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
 
 
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
 
 
  
 
  
  
 
  
  
 
  
  
  
  
  
ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པའི་ལེའུ།
  
  
  
  
  
  
  
 
 
 
 
  


39 occurrences of འབངས་མི་
[Clear Hits]

 
previousལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པའི་ལེའུ། next

ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པའི་ལེའུ།


PKT001_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གླང་གི་ཟླ་བའི་ཚེས་གཅིག་ལཿ བོད་ཀྱི་ལོ་གསར་བྱེད་པའི་ཆས་བསྡུས་ནསཿ བསམ་ཡས་ཕྱོགས་བཞིར་འབངས་ཀྱི་སྲང་ལམ་བཙུགསཿ ནུབ་མོ་འབངས་རྣམས་སྒྲོན་མེ་འདེགས་སུ་བཅུགཿ རྒྱལ་པོས་ཕྱོགས་བཞིར་རྟ་རྒྱུགས་བྱེད་པ་ལཿ སློབ་དཔོན་ད་ལན་ལོ་གསར་མ་བྱེད་གསུངསཿ རྒྱལ་པོས་བློན་པོ་ཀུན་དང་གྲོས་བྱས་པསཿ ལོ་གསར་བཅོག་པ་གར་འཐད་གཟབས་བྱེད་ཟེརཿ སློབ་དཔོན་རྒྱལ་པོར་རྟ་རྒྱུགས་མ་བཏང་གསུངསཿ རྒྱལ་པོའི་དབང་བྱེད་བློན་པོའི་ལག་ཤོར་བསཿ རྒྱལ་པོས་རྒྱན་བཏགས་རྟ་ཞོན་རྟ་རྒྱུགས་བཏང་ཿ ནུབ་ཕྱོགས་སྲང་དུ་དཔག་མདའ་བྱུང་ནས་བསྙུང་ཿ ལ་ལ་སྲས་ཀྱིས་བརྒྱབ་པ་ཡིན་ནམ་ཟེརཿ ལ་ལ་བོན་བློན་གཅིག་གིས་བརྒྱབ་བམ་ཟེརཿ ལ་ལ་སྣ་ནམ་ཞང་གིས་བརྒྱབ་བམ་ཟེརཿ ལ་ལ་རྟས་བསྐྱུར་ཤིང་རྩ་ཟུག་གམ་ཟེརཿ སུས་བརྒྱབ་རྩད་མེད་ཁུངས་མེད་ངོ་མ་ཤེསཿ ཞལ་མ་བསྲུངས་པས་ཚད་པའི་ནད་དང་བསྡོངསཿ ལྔ་བཅུ་རྩ་དགུ་འབྲུག་ལ་ཟུང་མཁར་གཤེགསཿ གསངས་ནས་སློབ་དཔོན་རྒྱལ་སྲིད་


PKT001_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༩ན༽བཅུ་བཞི་བཟུང་ཿ དྲུག་ཅུ་རྩ་དགུ་སྟག་ལ་གསངས་གཏོལ་ནསཿ མུ་ནེ་བཙན་པོ་རྒྱལ་སར་བཏོན་པ་ལཿ ཚེ་སྤོང་བཟའ་ལ་བཀྱོན་ཕབ་དུག་གིས་བཀྲོངསཿ དེ་ནས་མུ་ཏིག་བཙན་པོ་རྒྱལ་སར་བཏོནཿ དང་བྱུང་དཔལ་གྱི་རྒྱལ་མོ་བཙུན་ལ་སོགསཿ བཙུན་མོ་གསུམ་བཞེས་རྒྱལ་སྲིད་ཆོས་ཀྱིས་བསྐྱངསཿ ཡབ་མེས་ཀུན་གྱི་སྲོལ་ལུགས་མ་ནུབ་མཛདཿ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིདཿ འཛམ་གླིང་སུམ་ཉིས་རྒྱལ་པོའི་མངའ་འོག་འདུསཿ བསོད་ནམས་ཡང་རབ་གྱུར་ཏེ་སྐུ་ཚེ་ཐུང་ཿ ཨུ་རྒྱན་པདྨ་བཞུད་པར་དགོངས་པ་ལཿ རྒྱལ་སྲས་མུ་ཏིག་བཙན་པོའི་སྡུག་མ་སངསཿ མ་ལ་སྐྱེས་ནས་སློབ་དཔོན་སྤྱན་སྔར་བསྡདཿ འགྲོགས་ཡུན་རིང་པས་སྙིང་རྗེས་འབྲལ་མ་ཕོདཿ སྐབས་སུ་སྐབས་སུ་དབུགས་རིང་འདོན་ཅིང་བཤུམཿ ཡབ་ཀྱི་ཕྱག་བཞེས་གཙུག་ལག་ཁང་གིས་བསྐུལཿ མྱ་ངན་ཆེ་དྲགས་ཧས་པོ་རི་རྩེ་ལཿ ལྷ་སྲས་སྐུ་བསངས་ཁྲིད་ནས་ཆོས་གསུངས་པཿ སྐྱེས་ནས་མ་ཤི་ས་སྟེང་མི་མི་ཤོང་ཿ སུ་ལ་མི་ཡོང་ཡབ་ལ་བྱུང་བ་མིནཿ ཐམས་ཅད་ལ་ལ་སྐྱེ་ཞིང་ལ་ལ་འཆིཿ ཉ་མ་ཆུང་གྱི་ནའི་དལ་འབྱོར་ལུས་འདི་ལཿ འཇིག་པའི་རྐྱེན་མང་འཚོ་བའི་རྐྱེན་ནི་ཉུང་ཿ ཚ་རེག་གྲང་རེག་སྐད་ཅིག་མི་བཟོད་ལཿ ལང་ཚོ་དར་བ་


PKT001_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༩བ༽ནད་ཀྱི་ཕོ་ཉས་འཛིནཿ བཀྲག་མདངས་ལྡན་པ་གློ་བུར་རྐྱེན་གྱིས་འཕྲོགཿ དཔེར་ན་རྩ་མཆོག་ཁ་ཡི་ཟིལ་པ་ནིཿ ཉི་མ་རབ་ཏུ་འབར་བ་ཤར་བ་ནཿ སྐད་ཅིག་ཡུད་ཙམ་ཞིག་གིས་མེད་པར་བྱེདཿ དལ་འབྱོར་མི་ཡི་སྲོག་ཀྱང་དེ་བཞིན་ནོཿ ཞག་རེ་སོང་ཞེང་ཤི་བ་འཆི་ལ་ཕར་ཕར་ཉེཿ གསོན་པོར་འདོད་ཀྱང་རང་དབང་ཅུང་ཟད་མེདཿ ཚེ་འདི་ཤིན་ཏུ་རིང་ཡང་འཆི་ངེས་ཏེཿ རྒྱལ་ཁམས་གཞན་དང་རང་གི་ཡུལ་རྣམས་སུཿ ཉེ་རིང་དགྲ་གཉེན་ཤི་བའི་དཔེ་མཐོང་ནཿ བདག་ཉིད་འཆི་བར་མི་ཤེས་འགྲོ་བ་བླུནཿ བསགས་པའི་ནོར་བཞག་འབྲེལ་བའི་གཉེན་པོར་ནསཿ རང་ཉིད་གཅིག་པུར་ཕ་རོལ་འགྲོ་བའི་དུསཿ དུས་མིན་འཆི་བ་བཅོ་བརྒྱད་རླུང་ལས་མགྱོགསཿ གློ་བུར་བརྒྱད་ཅུ་རྩ་གཅིག་མེ་བས་ཚཿ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཆུ་བས་གྲང་ཿ འགའ་ཞིག་མ་ཡི་མངལ་དུ་འཆི་བ་ཡོདཿ འགའ་ཞིག་ལང་ཚོ་རྒྱས་ནས་འཆི་བ་ཡོདཿ འགའ་ཞིག་གཞན་གྱིས་བསད་ནས་འཆི་བ་ཡོདཿ འགའ་ཞིག་རང་གིས་ལྕེབས་ནས་འཆི་བ་ཡོདཿ འགའ་ཞིག་སུབས་སམ་བརྣངས་ནས་འཆི་བ་ཡོདཿ ཐུགས་ཁྲལ་མ་མཛད་ལྷ་སྲས་བཙན་པོ་གསུངསཿ རྒྱལ་སྲས་མུ་ཏིག་བཙན་པོའི་ཐུགས་དགོངས་ལཿ ཆོས་མིན་ཅིས་ཀྱང་དགོས་པ་མི་འདུག་བསམཿ བསམ་ཡས་དབུ་རྩེའི་བར་ཁང་ཆེན་མོ་རུཿ བཀའ་འདུས་སྙིང་ཐིག་ལོ་གསུམ་གསུང་བར་ཞུསཿ ཚེ་གཅིག་


PKT001_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༠ན༽སངས་རྒྱས་ལྷག་མེད་གྲོལ་བའི་ཆོསཿ རྫོགས་ཆེན་པདྨ་སྙིང་ཐིག་ཕྲ་ཡིག་ཅནཿ དབང་པོའི་དང་ས་མ་ཁོང་གི་སྙིང་འདྲ་བཿ ལུས་དང་མིག་ལ་བརྟེན་ནས་མངོན་སུམ་དུཿ ཆོས་དབྱིངས་གཅེར་མཐོང་དབྱིངས་རིག་མ་བུ་ཐིམཿ རྫོགས་ཆེན་སེམས་ཀློང་གང་དང་མི་འདྲ་བའིཿ མན་ངག་ངེས་པ་སྙིང་གི་ནོར་མཆོག་གནང་ཿ འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡིསཿ སངས་རྒྱས་རྣམས་ཀྱིས་འདི་དོན་གསུངས་པ་མེདཿ གསུངས་དང་གསུང་བར་འགྱུར་བ་གཏན་ནས་མེདཿ བདག་གིས་མན་ངག་ཀུན་ལ་ལོངས་སྤྱོད་ཀྱང་ཿ འདི་འདྲ་སྟོན་པའི་མན་ངག་མིང་མ་ཐོསཿ སློབ་དཔོན་ཞལ་ནས་བདག་ལ་འདི་སྐད་གསུངསཿ བདག་འདྲ་པདྨ་འབྱུང་གནས་ཀྱིསཿ སུམ་སྟོང་ལོན་ནས་བོད་ཡུལ་འོངསཿ ཐུབ་པ་མྱ་ངན་འདས་འོག་ཏུཿ ལོ་ནི་བཞི་གཉིས་ལོན་པ་ནཿ རྡོ་རྗེ་གདན་གྱི་ནུབ་ཕྱོགས་ངོསཿ ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ དྷ་ན་ཀོ་ཤའི་མཚོ་གླིང་དུཿ དྲི་མེད་མདངས་ལྡན་པདྨའི་དབུསཿ བརྫུས་སྐྱེས་འཇའ་འོད་ལས་འཁྲུངས་པཿ ཡ་མཚན་མཆོག་གི་ཁྱེའུ་ཆུང་ཞིགཿ རྒྱལ་པོ་ཨིནྡྲ་བོ་དྷི་ས་རྙེདཿ སྲས་སུ་བཟུང་ནས་རྒྱལ་སྲིད་གཏདཿ སྲིད་སྤངས་སེམས་ཅན་བདེར་བཀོད་ཕྱིརཿ བརྟུལ་ཞུགས་སྤྱོད་པས་སུན་འབྱིན་བསྐྱངསཿ རྒྱལ་པོའི་ཁབ་ཏུ་ལོ་ལྔ་སྟེཿ བསིལ་བའི་ཚལ་དུ་དེ་བཞིན་ནོཿ ཆོས་ལ་སྦྱང་པ་ལོ་བཅུ་སྟེཿ


PKT001_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༠བ༽རྒྱ་གར་ཡུལ་དང་རྒྱ་ནག་ཡུལཿ ཨུ་རྒྱན་ཡུལ་དང་ཟ་ཧོར་ཡུལཿ མ་གྷ་དྷཿདང་མུ་སྟེགས་ཡུལཿ ཁ་ཆེའི་ཡུལ་དང་སིངྒ་ལཿ ལི་ཡི་ཡུལ་དང་མ་རུ་ཅོང་ཿ སྤྲུལ་སྐུས་ཉིས་བརྒྱ་ཉིས་བརྒྱ་བཞུགསཿ འ་ཤའི་ཡུལ་དང་འབྲུ་ཤའི་ཡུལཿ ཤམྦྷ་ལ་དང་ཞང་ཞུང་ཡུལཿ ཏ་ཟིག་ཡུལ་དང་གེ་སར་ཡུལཿ ཐོ་ཀར་ཡུལ་དང་རུག་མ་ལཿ སྲིན་པོའི་ཡུལ་དང་ཀླུ་ཡི་ཡུལཿ སྤྲུལ་སྐུས་དགུ་བཅུ་བརྒྱད་བརྒྱད་བཞུགསཿ བལ་ཡུལ་བཞུགས་པ་བཞི་བཅུ་སྟེཿ བརྒྱ་དང་བཅུ་གཅིག་བོད་ཡུལ་དབུསཿ ལྷ་འདྲེ་བཏུལ་ཞིང་བོད་ཁམས་བསྐྱངསཿ འཛམ་གླིང་རྒྱལ་པོའི་ཐུགས་དགོངས་བསྒྲུབསཿ བསམ་ཡས་དབུ་རྩེར་དྲུག་ཅུ་སྟེཿ བསམ་ཡས་མཆིམས་ཕུར་ལོ་ལྔའོཿ བསྒྲགས་ཀྱི་ཡང་རྫོང་ལོ་གསུམ་བཞུགསཿ གཡའ་མ་ལུང་དུ་ལོ་བཞི་བཞུགསཿ ཤེལ་གྱི་བྲག་ཕུག་ལོ་གསུམ་སྟེཿ སྤ་མ་གོང་དུ་ལོ་གཉིས་བཞུགསཿ ཤམ་པོའི་གངས་སུ་ལོ་གསུམ་མོཿ གཡུ་སྒོང་བྲག་ལ་ཟླ་བ་གཉིསཿ ལྷོ་བྲག་མཁར་ཆུར་ལོ་བདུན་བཞུགསཿ གསལ་རྗེ་འབྲིན་ཐང་ཟླ་བ་བཅུཿ ཟམ་བུ་ལུང་དུ་ལོ་གཉིས་ཏེཿ ཟང་ཡག་བྲག་ཕུག་ཟླ་བ་གསུམཿ གཞོ་སྟོད་ཏེ་སློར་ལོ་བདུན་བཞུགསཿ འཕར་བ་ཚང་དུ་ལོ་གཅིག་སྟེཿ འོལ་ཀ་མགར་ཕུག་ཟླ་བ་གཅིགཿ ཡེར་པའི་བྲག་ལ་ལོ་གཅིག་བཞུགསཿ ཁ་རག་ཆུ་བོ་རིར་ལོ་གཅིགཿ ཨོ་དཀར་བྲག་ཕུག་ཟླ་བ་གཉིསཿ ཙཱ་རིའི་གནས་སུ་ཟླ་བ་


PKT001_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༡ན༽དྲུགཿ ཁྱུང་ཚང་བྲག་ལ་ཟླ་བ་དྲུགཿ སྙེ་མོ་སྙིང་དྲུང་ཟླ་བ་དྲུགཿ བློན་པོ་མགུལ་དུ་ཟླ་བ་དྲུགཿ སྙིང་པོའི་རྫ་ལ་ཟླ་བ་གཉིསཿ མོན་ཁ་སྣ་རིང་ཟླ་བ་གསུམཿ སྤ་གྲོ་སྟག་ཚང་ཟླ་བ་བཞིཿ ཆུ་མོ་ཕུག་ཏུ་ཟླ་བ་གཉིསཿ ཁྲ་མོ་ལྡང་ལྷར་ཟླ་བ་གཉིསཿ ཤ་འུག་སྟག་སྒོར་ལོ་གཅིག་བཞུགསཿ མཁར་ཆེན་བྲག་ལ་ལོ་གཅིག་སྟེཿ དཔྱལ་གྱི་བྲག་ལ་ལོ་གཅིག་བཞུགསཿ ལྷ་རིའི་གངས་ལ་ལོ་གཅིག་བཞུགསཿ གཡུ་ཕུ་རྫ་ལྷུང་ཟླ་བ་གསུམཿ མོན་སྒོམ་བྲག་ཕུག་ཟླ་བ་གསུམཿ འོན་ཕུ་སྟག་ཚང་ཟླ་བ་གསུམཿ གཟར་མོ་རི་ལ་ཟླ་བ་གཉིསཿ དྭགས་རྫོང་ཕུག་པར་ལོ་གཅིག་བཞུགསཿ བྱར་གྱི་སྟག་ཆུང་ཞག་གསུམ་སྟེཿ ངོ་མཚར་རོང་དུ་ཞག་ལྔ་བཞུགསཿ སྟག་ཚང་རོང་དུ་ཞག་བདུན་ནོཿ གཟིག་ཚང་རོང་ངུ་ཞག་དགུ་བཞུགསཿ སྤྱང་ཚང་རོང་དུ་ཞག་དྲུག་བཞུགསཿ མཁའ་འགྲོ་ཕུག་པར་ཟླ་བ་བཞིཿ ལྷ་རྩེའི་བྲག་ལ་ཟླ་བ་བཞིཿ རོང་པོའི་རྫ་ལ་ཟླ་བ་གཅིགཿ མཆིམས་ཀྱི་རྡོག་ལུང་ཟླ་བ་གཅིགཿ གོ་ག་ཆུང་ལུང་ཟླ་བ་ཕྱེདཿ མགྲིན་བཟང་ཟླ་བ་ཕྱེད་དང་གཉིསཿ ལྷ་ས་ཁྲ་འབྲུག་ཟླ་བ་གསུམཿ བོད་ཀྱི་གདུལ་བྱ་རྫོགས་པར་བྱས་ཟིན་ཏོཿ སྔར་འདས་སངས་རྒྱས་བསྟན་པའི་སོ་ནམ་བྱསཿ ད་ལྟ་མདོ་སྔགས་བོད་དུ་དར་བར་མཛདཿ མ་འོངས་གཏེར་སྦས་བསྟན་པ་ལུང་དུ་བསྟནཿ བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་འདྲེནཿ ཛམྦུའི་


PKT001_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༡བ༽གླིང་ཉེ་སོག་ཀའི་ཡུ་བ་ལཿ སྲིན་པོའི་ཡུལ་གླིང་ཆེན་པོ་ལྔ་ཡོད་དོཿ དེ་ཉིད་ཨུ་རྒྱན་ཡུལ་དང་ཐག་ཉེ་ལཿ དབུས་ན་ཟངས་མདོག་དཔལ་རི་ཞེས་བྱ་བཿ སྲིན་མོའི་གྲོང་ཁྱེར་ལྔ་བརྒྱས་བསྐོར་བ་ཡིཿ ཤར་ན་ལངྐ་པཱུ་རི་བྱ་བ་ཡོདཿ ལྷོ་ན་སྲིན་པོའི་གྲོང་ཁྱེར་དགའ་བ་ཅནཿ ནུབ་ན་ཀོ་ཀ་ཐང་དམར་གླིང་ཞེས་དང་ཿ བྱང་གི་ཕྱོགས་ན་སྲིན་ཡུལ་བྱན་ལག་ལྗོངསཿ ཤར་ལྷོ་མཚམས་ན་ཟོ་མ་པཱུ་རིའི་མཚོཿ ལྷོ་ནུབ་མཚམས་ན་བམ་རི་ཐོད་པ་མཁརཿ ནུབ་བྱང་མཚམས་ན་མ་ལ་གནམ་ལྕགས་རྩེཿ བྱང་ཤར་མཚམས་ན་ནལ་བྱིའི་དུར་ཁྲོད་རྣམསཿ སྲིན་པོའི་གྲོང་ཁྱེར་ལྔ་བརྒྱ་ལྔ་བརྒྱས་བསྐོརཿ དེ་མ་བཏུལ་ན་འཛམ་གླིང་སྲིན་པོས་ཁྱེརཿ སྲིན་པོས་མི་ཟ་མི་ཡུལ་སྟོངས་པར་འགྱུརཿ པད་འབྱུང་མིན་པ་སུས་ཀྱང་མི་ཐུབ་སྟེཿ སྲིན་པོ་འདུལ་ཞིང་སོ་ཀ་བསྲུང་དུ་འགྲོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པའི་ལེའུ་སྟེ་གོ་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པའི་ལེའུ། next