Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

39 occurrences of འབངས་མི་
[Clear Hits]


 
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
 
 
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
 
 
  
 
  
  
 
  
  
 
  
  
  
  
  
  
རྒྱལ་སྲས་མུ་ཏིག་བཙན་པོས་བཤོལ་བཏབ་པས་ཞལ་ཆེམས་གསུང་པའི་ལེའུ།
  
  
  
  
  
  
 
 
 
 
  


39 occurrences of འབངས་མི་
[Clear Hits]

 
previousརྒྱལ་སྲས་མུ་ཏིག་བཙན་པོས་བཤོལ་བཏབ་པས་ཞལ་ཆེམས་གསུང་པའི་ལེའུ། next

རྒྱལ་སྲས་མུ་ཏིག་བཙན་པོས་བཤོལ་བཏབ་པས་ཞལ་ཆེམས་གསུང་པའི་ལེའུ།


PKT001_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་སྲས་རྒྱལ་སྲས་མུ་ཏིག་བཙན་པོ་ཡིསཿ སློབ་དཔོན་ཨུ་རྒྱན་སྲིན་ཡུལ་བཞུད་པའི་དུསཿ ནུབ་གཅིག་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོརཿ གཅེས་པའི་ནོར་བུ་དར་གྱིས་རབ་ཕྱིས་ནསཿ དངུལ་གཞོང་ཆེན་པོ་གསེར་གྱིས་བཀའ་བའི་སྟེང་ཿ ནོར་བུ་བཞག་ནས་སློབ་དཔོན་ཕྱག་ཏུ་ཕུལཿ


PKT001_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༢ན༽ཆིབས་པ་མཚར་ལུ་བྱ་གདོང་སྣ་དྲངས་པའིཿ རྟ་དྲུག་སེང་ལྡིང་སྒ་ལ་ཟ་འོག་སྟནཿ གསེར་སྲབ་གཡུ་མཐུར་གཏད་ནས་ཕྱག་ཏུ་ཕུལཿ གསེར་ཕྱེ་ཁལ་གཅིག་གཡུ་སྙིང་བྲེ་གསུམ་དང་ཿ ལྷ་སྲས་ཉིད་ཀྱི་མགུལ་གཡུ་ལྟག་ཚར་ཕུལཿ རབ་ཏུ་གུས་པའི་ལྷ་ཕྱག་མང་བཙལ་ནསཿ རྗེ་མ་རིག་མུན་པ་སེལ་མཛད་པའིཿ ཡེ་ཤེས་སྣང་བའི་སྒྲོན་མེ་ཅནཿ རྟོག་པའི་དྲ་བ་གཅོད་མཛད་པའིཿ ཤེས་རབ་ཆེན་པོའི་རལ་གྲི་ཅནཿ ཉོན་མོངས་དགྲ་རྣམས་འཇོམས་མཛད་པའིཿ ཡང་དག་ལྟ་བའི་དམག་ཚོགས་ཅནཿ འཁོར་བའི་ཆུ་བོ་སྒྲོལ་མཛད་པའིཿ ཐུགས་རྗེ་ཆེན་པོའི་གྲུག་གཟིངས་ཅནཿ དགེ་བའི་བར་ཆད་ཞི་མཛད་པའིཿ གསང་སྔགས་ཐབས་ཀྱི་ཁྱད་པར་ཅནཿ འགྲོ་བ་ཐམས་ཅད་སྐྱོབ་མཛད་པའིཿ བསྡུ་བ་རྣམ་བཞིའི་འཕྲིན་ལས་ཅནཿ ཇི་སྐད་གསུངས་པ་ཇི་བཞིན་འབྱུང་ཿ མངོན་པར་ཤེས་པའི་ངེས་དོན་ཅནཿ གདམས་ངག་གང་དང་གང་ཞུས་ཀྱང་ཿ དགྱེས་ཤིང་གནང་བའི་བཀའ་དྲིན་ཅནཿ རྒོལ་བ་ཐམས་ཅད་ཚར་གཅོད་པའིཿ ཤཱཀྱ་སེང་གེའི་ཆ་ལུགས་ཅནཿ བསྟན་པའི་གཙོ་དང་ཐ་མི་དདཿ འཇིག་རྟེན་གསུམ་ན་རྙེད་མི་སྲིདཿ ཁྱོད་ཀྱི་བཀའ་ལུང་མ་ལགས་པཿ སུ་ལ་ཡང་ནི་མི་རེ་མི་ལྟོས་པསཿ བདག་ནི་མ་གུམ་བར་དུ་བཞུགས་པར་ཞུཿ སྲིན་པོ་འདུལ་ལ་ཕྱི་བཤོལ་མི་སྤོབས་པསཿ ཅིས་ཀྱང་ལོ་གཅིག་


PKT001_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༢བ༽བཞུགས་པར་ཞུ་ཕུལ་ཚེཿ སློབ་དཔོན་ཞལ་ནས་བདག་ལ་འདི་སྐད་གསུངསཿ ལོ་གཅིག་བསྡད་ཀྱང་འབྲལ་བར་ཡོང་མི་ཕོདཿ བདག་ཉིད་མིག་གཉིས་མཆི་མས་འགགས་པ་དང་ཿ ནང་གི་དབུགས་ནི་སྣ་རུས་ནང་དུ་འཐུམསཿ ཡུས་ཀྱིས་བརྣངས་ནས་གདུང་བའི་ཤུགས་ཀྱིས་བརྒྱལཿ སློབ་དཔོན་བཞུད་ནས་སྐྱབས་དང་བྲལ་ལོ་སྙམཿ རྒྱབ་ནས་དྲོ་བའི་སློག་པ་བཤུས་སོ་སྙམཿ མདུན་ནས་བརྟེན་པའི་མཁར་བ་མེད་དོ་སྙམཿ འོད་ཀྱིས་དྲོས་པའི་ཉི་ཟླ་ནུབ་བོ་སྙམཿ ཚེ་འདིར་གཅེས་པའི་མིག་དང་བྲལ་ལོ་སྙམཿ དེ་ནས་རང་སེམས་བག་ཙམ་ངལ་བསོས་ནསཿ བག་ཙམ་དབུགས་ཕྱུང་བག་ཙམ་བདེ་བ་རྙེདཿ དེ་ཡང་སློབ་དཔོན་བྱིན་རླབས་ཡིན་ནོ་སྙམཿ དེ་ནས་སློབ་དཔོན་ཞལ་ནས་འདི་སྐད་གསུངསཿ ལྷ་སྲས་བདག་ནི་ལུས་སྲོག་འདོར་བ་མིནཿ གཞན་དུ་སོང་ཡང་མྱུར་དུ་མཇལ་ལོ་གསུངསཿ སྐུ་དངོས་འདི་ལ་གདུང་བའི་འཕྲེང་སེམས་ཆོདཿ དུས་མཉན་བྱུང་རེས་དངོས་ཉམས་རྨི་ལམ་མཇལཿ འདི་ནས་སྐྱེ་བ་བཅོ་བརྒྱད་ཁ་འཁོར་ཚེཿ སྨོན་ལམ་དག་པས་ཅིས་ཀྱང་མཇལ་ལོ་གསུངསཿ གསེར་གཞོང་ནོར་བུ་དང་བཅས་ཚུར་གནང་ནསཿ བདག་ལ་གུས་པས་གསོལ་བ་ཐོབ་མཛོད་དང་ཿ དུས་གསུམ་འབྲལ་མེད་བྱིན་གྱིས་བརླབ་བོ་གསུངསཿ ཡ་དམ་ཏིང་འཛིན་མ་གཡེལ་རྒྱུན་དུ་སྒོམསཿ གསང་སྔགས་བསྙེན་སྒྲུབ་ཚད་དུ་ཕྱིན་པར་སྐྱོལཿ སྙིང་


PKT001_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༣ན༽རྗེའི་གནས་ལ་བུ་ལྟར་བརྩེ་བས་སྐྱོངསཿ ཆོས་ཀྱི་ཕུ་ཐག་ཆོས་ཉིད་ཟད་སར་སྐྱོལཿ རང་ལུས་ལང་ཚོ་ཡལ་བའི་དུས་སུ་ནིཿ གེ་སར་རྒྱལ་པོས་བབས་ལ་བཏང་བ་ཡིཿ ཡིད་བཞིན་ནོར་བུ་ཕ་རོལ་དཔུང་འཇོམས་འདིཿ ཡར་ཀླུངས་ཁྲ་འབྲུག་གཏེར་དུ་སྦོས་ཤིག་གསུངསཿ རྒྱ་ནག་རྒྱལ་པོས་བབས་ལ་བྱུང་བ་ཡིཿ ཡིད་བཞིན་ནོར་བུ་ཡིད་ལ་བསམ་འཕེལ་འདིཿ བསམ་ཡས་དབུ་རྩེར་གཏེར་དུ་སྦོས་ཤིག་གསུངསཿ རྒྱ་གར་རྒྱལ་པོ་དབང་ཕྱུག་སྡེས་ཕུལ་བའིཿ ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བ་འདིཿ ལྷ་སའི་ནང་དུ་གཏེར་དུ་སྦོས་མཛོད་དང་ཿ བོད་སྤྱིའི་བསོད་ནམས་འདི་གསུམ་ལས་འབྱུང་ཞིང་ཿ སྒོམ་གྲྭ་བཤད་གྲྭའི་བསྟན་པ་ཚུགས་སོ་གསུངསཿ ཕྱུག་པོ་རབས་ཆད་ཀ་ཅ་གཏེར་དུ་སྦོསཿ དབུལ་པོ་འབུན་གཏེར་ནོར་གྱིས་ཁེངས་སོ་གསུངསཿ བདུན་ཅུ་རྩ་གྲངས་ལོ་ཡི་དུས་སུ་ནིཿ རྒྱལ་པོའི་སྐུ་ལ་རིམ་གྲོ་སྐྱེད་ཅིག་གསུངསཿ མཁའ་འགྲོ་ཆོས་སྐྱོང་འབྲལ་མེད་བསྟེན་མཛོད་ལཿ ཚོགས་ཀྱི་འཁོར་ལོ་རྟག་ཏུ་སྐོར་ཅིག་གསུངསཿ སྤྱོད་པ་ཕྱི་ནང་གཉིས་སུ་རབ་ཕྱེ་ལཿ ཚོགས་སུ་སྙོམས་ཆུང་རྣམས་དང་བསྟན་ཅིག་གསུངསཿ དབེན་པར་སྣོད་སྤྱོད་ཏིང་ངེ་འཛིན་དང་སྤེལཿ རྩ་ཡི་རྒྱ་མདུད་ལས་ཀྱི་ཕྱག་རྒྱས་ཁྲོལཿ ལུས་ཀྱི་བདེ་བ་སེམས་ལ་སྦོར་ཅིག་གསུངསཿ འདུ་འཛིའི་གནས་ལ་སུན་པའི་དུས་སུ་ནིཿ གཏད་


PKT001_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༣བ༽མེད་ཆོས་དབྱིངས་ངང་ལ་ཞོག་ཅིག་གསུངསཿ འཁོར་ངན་བྱུར་གྱིས་ནོན་པའི་དུས་སུ་ནིཿ རྨི་ལམ་གནས་སྐབས་ཙམ་དུ་སོམས་ཤིག་གསུངསཿ ཏིང་འཛིན་ཉམས་མྱོང་འཕེལ་འགྲིབ་ཅི་བྱུང་ཡང་ཿ ཐམས་ཅད་རོ་སྙོམས་ངང་དུ་ཆོད་ཅིག་གསུངསཿ བཟང་རྟོག་ངན་རྟོག་བཟང་ངན་ཅི་བྱུང་ཡང་ཿ གང་སྣང་ཆོས་སྐུའི་ལམ་དུ་ཁྱེར་ཅིག་གསུངསཿ བསྟེན་མ་ཤེས་ན་ལྷ་ཡང་བདུད་དུ་འབབཿ ཡུན་རིང་འགྲོགས་ན་སངས་རྒྱས་སྐྱོན་ཡང་རྙེདཿ ཕུ་བསམ་ལྷག་པའི་ཕོ་ཚོད་གཞན་ལ་མེདཿ རང་གིས་ཐག་ཆོད་གྲོས་མ་འདྲི་ཞིག་གསུངསཿ ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབ་པ་ལཿ མདོ་རྒྱུད་མང་པོའི་མཁྱེན་རྒྱ་མི་འཚལ་གྱིཿ ཏིང་འཛིན་ཟབ་མོ་རྩེ་གཅིག་སྒོམས་མཛོད་ཅིགཿ སེམས་ཅན་ཕན་བྱེད་མ་གཏོགས་ཆོས་གཞན་མེདཿ ཕྱག་དཔེ་ཐམས་ཅད་གཏེར་དུ་སྦོས་ཤིག་གསུངསཿ དམ་ཚིག་མེད་པ་ངན་སོང་གསུམ་ལས་འཇིགསཿ དུག་ལྔ་རགས་ལ་སྔར་ཟོན་གྱིས་ཤིག་གསུངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་སྲས་མུ་ཏིག་བཙན་པོས་བཤོལ་བཏབ་པས་ཞལ་ཆེམས་གསུངས་པའི་ལེའུ་སྟེ་གོ་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousརྒྱལ་སྲས་མུ་ཏིག་བཙན་པོས་བཤོལ་བཏབ་པས་ཞལ་ཆེམས་གསུང་པའི་ལེའུ། next