Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

39 occurrences of འབངས་མི་
[Clear Hits]


 
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
 
 
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
 
 
  
 
  
  
 
  
  
 
  
  
  
  
  
  
  
ཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་དུས་མཁའ་འགྲོས་བརྡའ་བསྟོད་མཛད་པའི་ལེའུ།
  
  
  
  
  
 
 
 
 
  


39 occurrences of འབངས་མི་
[Clear Hits]

 
previousཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་དུས་མཁའ་འགྲོས་བརྡའ་བསྟོད་མཛད་པའི་ལེའུ། next

ཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་དུས་མཁའ་འགྲོས་བརྡའ་བསྟོད་མཛད་པའི་ལེའུ།


PKT001_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ ལྷ་སྲས་དབུ་མཛད་རྗེ་འབངས་ཉི་ཤུ་གཅིགཿ ལོ་ཙཱ་དེ་བ་སམྦྷས་དབུ་མཛོད་ནསཿ ལོ་ཙཱ་ཉི་ཤུ་རྩ་གཅིག་བཙུན་མོ་གསུམཿ


PKT001_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༤ན༽ཡོན་བདག་ཕོ་མོ་འབངས་འཁོར་ཐམས་ཅད་ལཿ ཁྲ་འབྲུག་གཙུག་ལག་ཁང་གི་ཁྱམས་སྟོད་དུཿ གསང་སྔགས་བཀའ་འདུས་དཀྱིལ་འཁོར་ཞལ་ཕྱེ་ནསཿ སྒྲུབ་པའི་དབང་ཟབ་ཉི་ཤུ་རྩ་གཅིག་མཛདཿ ནམ་ཕྱེད་སློབ་དཔོན་ལྷོ་ནུབ་མཁའ་ལ་གཟིགསཿ ལྕགས་ཀྱུའི་ཕྱག་རྒྱ་མཛད་ནས་ཛཿཧཱུཾ་གསུངསཿ དཀྱིལ་འཁོར་མདུན་དུ་འཇའ་སྣ་ཟུག་པ་ལཿ ལྷ་ལྕམ་མནྡཱ་ར་བ་ཡིན་ཟེར་བའིཿ བུ་མོ་དཀར་མོ་རས་སྔོན་སྨད་གཡོགས་ཅནཿ ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་གྱོནཿ ལག་གཡོན་བན་དྷ་ལྕང་ལོ་འགྲོན་རྒྱན་ཅནཿ གཡས་ན་ལྕགས་ཕུར་མགོ་ལ་དར་སྣ་བཏགསཿ མི་ལྤགས་གཡང་གཞིས་སྟོད་གཡོགས་བྱས་པ་ཞིགཿ དཀྱིལ་འཁོར་བསྐོར་བ་བྱེད་པ་ཀུན་གྱིས་མཐོང་ཿ དཔལ་ཆེན་ལྷ་ཚོགས་རྣམས་ཀྱི་ཞལ་བསྟན་ནསཿ ཁུ་སྒྲ་ཀུ་ཅོ་ཏུག་ཚོམ་འུར་རྒྱངས་གང་ཿ ལ་ལ་བརྒྱལ་ཞིང་ལ་ལ་མགོ་ལྤགས་འདུསཿ བྱིན་ཆེ་དབྱངས་སྙན་སློབ་དཔོན་འདི་སྐད་བསྟོདཿ ཧཱུཾཿགུ་རུའི་ཐུགས་རྗེས་འགྲོ་དོན་མཛད་ཙ་ནཿ འདབ་ལྡན་རིགས་ལྔ་དབུ་ལ་གསོལ་བ་ནིཿ སྐུ་ལྔའི་དབང་རྫོགས་ཡེ་ཤེས་ལྔ་ལྡན་བརྡཿ དེ་ལ་དབུས་མཐིང་ཕྱོགས་ཚོན་བརྒྱན་པ་ནིཿ འཕྲིན་ལས་རྣམ་གཞིས་འགྲོ་དོན་མཛད་པའི་བརྡཿ ཐོད་སྐོམ་སུམ་བརྩེགས་ཐེག་པ་བརྩེགས་པ་ནིཿ ཆོས་ཀུན་མ་འདྲེས་ཕྱི་ནང་སྟོན་པའི་


PKT001_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༤བ༽བརྡཿ དེ་ལ་རིན་ཆེན་དྲ་བས་བརྒྱན་པ་ནིཿ ཁམས་གསུམ་མ་ལུས་དབང་དུ་སྡུད་པའི་བརྡཿ དེ་ལ་གསེར་གྱི་རྡོ་རྗེ་བཙུགས་པ་ནིཿ རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས་པའི་བརྡཿ དར་སྣ་ལྔ་ཡི་ཅོད་པཎ་འཕུར་རེ་ནིཿ རིག་པའི་གནས་ལྔས་འགྲོ་བ་འདུལ་བའི་བརྡཿ གཡས་གཡོན་རྒོད་ཀྱི་ཐེའུ་ཆུང་སྤྲས་པ་ནིཿ ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བརྡཿ རྩེ་དབུས་རྨ་བྱའི་མདོངས་མདངས་གསལ་བ་ནིཿ སྣང་སེམས་དབྱིངས་རིག་འོད་དུ་འཁྱིལ་བའི་བརྡཿ རིན་ཆེན་གསེར་གྱི་ཉི་ཟླ་གསལ་བ་ནིཿ འགྲོ་བའི་མ་རིག་མུན་པ་སེལ་བའི་བརྡཿ གཡི་དཀར་པགས་པས་ཁ་འགྲིལ་བྱས་པ་ནིཿ བསྟན་གཉིས་ཟུང་འཇུག་གཏེར་གྱིས་སྐྱོང་བའི་བརྡཿ མཛེས་པའི་སྣ་ལེན་ཐུར་དུ་འཕྱང་བ་ནིཿ སྦྱོར་སྒྲོལ་ལྟ་བ་དབྱིངས་སུ་དག་པའི་བརྡཿ རྗེ་ཉིད་སྐུ་ལུས་བཀོད་པ་བསྟན་པ་ནིཿ ཞལ་གྱི་དཀྱིལ་འཁོར་ཆོག་མི་ཤེས་པ་ནིཿ དེ་བཞིན་གཤེགས་པའི་སྐུ་དངོས་བསྟན་པའི་བརྡཿ རྡོ་རྗེའི་སྐུ་ལུས་དྲང་པོར་བཞུགས་པ་ནིཿ ཏིང་འཛིན་རྩེ་གཅིག་གཡོ་བ་མེད་པའི་བརྡཿ སྐུ་མདོག་དཀར་ལ་དམར་མདངས་ལྡན་པ་ནིཿ བདེ་བ་ཐམས་ཅད་སྐུ་ལ་རྫོགས་པའི་བརྡཿ ཡེ་ཤེས་སྤྱན་གཉིས་ཐད་དཀར་གཟིགས་པ་ནིཿ ཆོས་དབྱིངས་འོད་གསལ་མཆོག་ཏུ་སྦོར་བའི་བརྡཿ འཛུམ་པའི་མདངས་ལྡན་ཞལ་ཚོམས་མཛེས་པ་ནིཿ གསང་སྔགས་མཛད་


PKT001_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༥ན༽པ་མཐའ་རུ་ཕྱིན་པའི་བརྡཿ ཚངས་པའི་གསུང་གིས་ཆོས་སྒྲ་སྒྲོགས་པ་ནིཿ འགྲོ་དྲུག་སེམས་ཅན་བདེ་ལ་བཀོད་པའི་བརྡཿ ཤངས་ནས་ཡེ་ཤེས་རླུང་ལྔ་རྒྱུ་བ་ནིཿ སྤྲོས་མེད་ལྟ་བ་ཡོངས་སུ་དག་པའི་བརྡཿ སྙན་ཆ་གསེར་གྱི་དྲིལ་ཆུང་བརྒྱན་པ་ནིཿ སངས་རྒྱས་རྣམས་དང་གསུང་གླེང་མཛད་པའི་བརྡཿ དབུ་སྐྲ་ཁམས་ནག་ལྕང་ལོ་འཁྱིལ་བ་ནིཿ མ་ལུས་དགོངས་པའི་དོན་རྣམས་འགྲུབ་པའི་བརྡཿ ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས་པ་ནིཿ ལམ་ལྔ་ས་བཅུ་སྐད་ཅིག་རྫོགས་པའི་བརྡཿ ཕྱག་གཡོན་མཉམ་བཞག་བནྡྷ་འཛིན་པ་ནིཿ འདོད་ཡོན་ལྔ་ལ་ལོངས་སྤྱོད་རོལ་པའི་བརྡཿ གཡས་པའི་ཕྱག་ན་རྡོ་རྗེ་བསྣམས་པ་ནིཿ བདེ་སྟོང་སྒོམ་ལ་རྒྱུན་ཆད་མེད་པའི་བརྡཿ ཆུ་ཤིང་ནག་པོའི་ཕྱག་མཁར་བསྣམས་པ་ནིཿ ཆོས་རྣམས་ཐེག་པ་གཅིག་ཏུ་རྫོགས་པའི་བརྡཿ དེ་ལ་ཆུ་སྲིན་རྒྱ་མདུད་བཅིངས་བ་ནིཿ བསྡུ་བ་རྣམས་གཞིས་བསྟན་པ་བསྲུང་བའི་བརྡཿ དེ་ལ་རྡོ་རྗེ་རྩེ་ལྔ་བསྐྱོན་པ་ནིཿ སྐྱེ་བ་རྣམ་བཞི་སྦྱོར་བ་ལྔ་ལྡན་བརྡཿ དེ་ལ་ཐོད་མཁར་དགུ་བརྩེགས་བསྐྱོན་པ་ནིཿ འཇིག་རྟེན་དུར་ཁྲོད་གླིང་དགུར་མཁྱེན་པའི་བརྡཿ དར་སྣ་ལྔ་ཡིས་མགུལ་ཆིངས་བྱས་པ་ནིཿ སྟོང་གཟུགས་ཡེ་ཤེས་ལྔ་ལྡན་སྦྱོར་བའི་བརྡཿ གསེར་དངུལ་ཟངས་ལྕགས་ཁྲོ་ཞལ་ལྡན་པ་ནིཿ


PKT001_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༥བ༽གསང་སྔགས་སྒོ་མོ་བཞི་ནི་འབྱེད་པའི་བརྡཿ དེ་ལ་ཁ་ཊྭཱཾ་རྩེ་གསུམ་སྐྱེས་པ་ནིཿ དུག་གསུམ་སྐུ་གསུང་ཐུགས་དང་སྦྱོར་བའི་བརྡཿ རྭ་ལ་ལྕགས་ལུང་དགུ་ཡིས་བརྒྱན་པ་ནིཿ ཐེག་པའི་འཇུག་སྒོ་མ་ནོར་སྟོན་པའི་བརྡཿ རྩེ་ལ་ལྕགས་ལུང་བརྒྱད་ཀྱིས་བརྒྱན་པ་ནིཿ རྣམ་ཤེས་ཚོགས་བརྒྱད་སྦྱོར་མཚམས་དག་པའི་བརྡཿ ཟ་འོག་བེར་བརྩེགས་སྐུ་ལ་གསོལ་བ་ནིཿ སྣང་སྲིད་འཇའ་འོད་ཟེར་གསུམ་འཕྲོ་བའི་བརྡཿ དམར་སེར་མཐིང་ནག་བེར་ཕྱམ་སྤྲུགས་པ་ནིཿ སྣ་ཚོགས་ཆོས་སྒུ་རང་ལ་ཤར་བའི་བརྡཿ རྒྱ་མཚོར་པད་སྡོང་རྩེ་ལ་བཞུགས་པ་ནིཿ འཁོར་བའི་སྐྱོན་གྱིས་མ་གོས་བསྟན་པའི་བརྡཿ ཕྱོགས་བཞི་མཚམས་བརྒྱད་འཇའ་འོད་འཁྲིགས་པ་ནིཿ ཕུང་པོ་ལྷག་མེད་ཡེ་སངས་རྒྱས་པའི་བརྡཿ འཁོར་དུ་བཀའ་བརྒྱུད་བླ་མས་བསྐོར་བ་ནིཿ སྐལ་ལྡན་བུ་ལ་བྱིན་རླབས་འབེབས་པའི་བརྡཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་དུས་མཁའ་འགྲོས་བརྡ་བསྟོད་མཛད་པའི་ལེའུ་སྟེ་གོ་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ


previousཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་དུས་མཁའ་འགྲོས་བརྡའ་བསྟོད་མཛད་པའི་ལེའུ། next