Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
ལྷ་རྗེ་ལུང་བསྟན་ཅིང་སྐྱེ་བདུན་ཤའི་ཕན་ཡོན་བསྟན་པའི་ལེའུ།
  
  
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousལྷ་རྗེ་ལུང་བསྟན་ཅིང་སྐྱེ་བདུན་ཤའི་ཕན་ཡོན་བསྟན་པའི་ལེའུ། next

ལྷ་རྗེ་ལུང་བསྟན་ཅིང་སྐྱེ་བདུན་ཤའི་ཕན་ཡོན་བསྟན་པའི་ལེའུ།


PKT001_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ནངས་པེར་སྒྲུབ་པ་ཐོན་པའི་ཚེཿ སློབ་དཔོན་ཞལ་ནས་ལྷ་སྲས་བཙན་པོ་ལགསཿ རྒྱལ་སྲས་ལྷ་རྗེ་སྔོན་དུ་ཁྲིད་ཤོག་གསུངསཿ སྲས་འདི་སྐྱེ་བ་ཡང་སྔ་ད་བར་དུཿ


PKT001_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༡ན༽བདག་གིས་བྱིན་གྱིས་བརླབས་པའི་སྲས་ཡིན་གསུངསཿ ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག་དང་ཿ ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་ཿ བླ་མ་བསྟན་གཉིས་སྐོར་གསུམ་ལ་སོགས་པཿ རྩིས་སྨན་ཀུན་གྱི་བདག་པོ་འདི་ཡིན་པསཿ ཡར་ཀླུངས་གཏེར་ཀ་འདི་ལ་གཏད་དོ་གསུངསཿ གསང་མཚན་སྔགས་པ་མཆོག་གྲུབ་རྒྱལ་པོར་གསོལཿ བཟོད་སེམས་ཆེ་ཞིང་ཀུན་ལ་བྱམས་པའི་བུཿ དུག་ལྔ་མི་རགས་འཁོར་བར་མི་རྒྱུ་ཡང་ཿ བསྟན་གཉིས་གུས་ཤིང་འགྲོ་ལ་བརྩེ་བའི་ཕྱིརཿ ང་དང་གདན་འཛོམ་ལུང་ནི་ཡང་ཡང་བསྟནཿ ཆོས་ལས་འདས་པ་ངེས་པའི་དོན་འདི་གསུངསཿ དེ་ནས་སངས་རྒྱས་མཛད་སྲོལ་མཁྱེན་པར་མཛོདཿ སྟོབས་མེད་མུན་པ་ནང་གི་མཛུབ་གཡུགས་བཞིནཿ ཕལ་པ་རྣམས་ཀྱང་འགྲོ་དོན་བྱ་བློ་རྩོམཿ བསྟན་པ་བྱེར་ཟུག་སྐབས་སུ་ངའི་སྤྲུལ་པཿ ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་རྗེས་བཟུང་ཿ སེམས་ཅན་གང་གི་དོན་བྱེད་མ་འོངས་དུསཿ དེ་བ་ཨ་ཀར་ཙནྡྲ་རི་རྒྱལ་གླིང་ཿ དེ་ནས་ཚེ་འཕོས་ཡིད་གཉིས་ཆ་མ་མཆིསཿ ཕྱི་རབས་འབྱུང་འགྱུར་སངས་རྒྱས་བླ་མ་སྟེཿ དེ་ནས་ཚེ་འཕོས་རྒྱ་ཡི་ལོ་ཙཱ་ཞེསཿ དེ་ནས་ཉི་མ་སེང་གེ་སྟོད་གཏེར་དབང་ཿ གཤེད་མ་བརྒྱ་ཡིས་མཐའ་བསྐོར་ཉམ་མི་ང་ཿ གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱུང་ཿ འཇམ་པའི་གོས་གྱོན་སྔོ་སྨིན་གསེབ་ཕྱིན་བཞིནཿ མ་རིག་འཁྲུལ་པའི་སེམས་ཅན་གདུལ་


PKT001_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༡བ༽དཀའ་བའིཿ འགྲོ་བ་མང་པོ་སངས་རྒྱས་ཞིང་དུ་འཁྲིདཿ སྙན་པས་ས་སྟེང་ཐམས་ཅད་ཁྱབ་པར་འགྱུརཿ སྐྱེ་བ་གཅིག་ནི་བོད་ཡུལ་གྲྭ་ནུབ་མདའཿ རྒྱལ་སྲས་ལུང་པ་འདི་ནས་ནུབ་ཏུ་སྐྱེཿ སྔགས་པ་མཐུ་མཁན་སྔགས་རྩིས་སྨན་སྐྱོང་རིགསཿ ཆོས་དབྱིངས་མདངས་ཅན་ཡེ་ཤེས་ཁ་དོག་ཅནཿ ཡར་རྗེ་ཨུ་རྒྱན་གླིང་པ་ཞེས་བྱ་བཿ མེ་ཁམས་ཆུ་མོ་ཕག་གམ་ཁྱི་ལོ་པཿ སྤྲུལ་པའི་སྲས་འདི་འདམ་སྐྱེས་པདྨ་འདྲཿ ཕ་ཤི་མས་བོར་དམྱལ་བའི་སེམས་ཅན་འདྲཿ ལྟོ་གོས་མ་ཁྱོགས་ཡི་དྭགས་ལམ་ཟན་འདྲཿ བཀོལ་སྤྱོད་མི་ཁེངས་བསམ་མེད་དུད་འགྲོ་འདྲཿ གང་ཉེ་ངོ་ཚ་མཛེ་ཕོ་ཁྱུ་བུད་འདྲཿ མི་ལ་བདག་མེད་རི་ཤོ་རླུང་ཁྱེར་འདྲཿ མཉམ་པོས་ཁྱད་གསོད་ཁ་ཉེན་ལྷ་མིན་འདྲཿ བསོད་ནམས་ཆུང་ཞིང་སྙིང་རུས་སྡུག་སྲན་ཅནཿ བརྩོན་འགྲུས་ཤེས་རབ་ཆེ་ཞིང་ཆགས་སེམས་ཆུང་ཿ ང་ལ་མོས་ཤིང་འགྲོ་ལ་ཕན་སེམས་ཆེཿ དད་པ་ཆེ་ཞིང་པོ་བརྟན་སྤོབས་པ་མཐོཿ དུག་ལྔ་མི་རགས་སྒྲུབ་ལ་རབ་ཏུ་བརྩོནཿ བློ་གསལ་རྟོགས་པ་མཐོ་ཞིང་རྒྱུ་འབྲས་ཞིབཿ ཞི་དུལ་ཆེ་ཞིང་མདོ་སྔགས་ཆོས་རྒྱས་ཆེཿ སྐྱོ་ཤས་ཆེ་ཞིང་སྤྱོད་ལམ་གཞན་མི་བསྲེཿ བློ་སྣ་ཐུང་ཞིང་སེམས་དཔངས་རིག་པ་གཡེལཿ མདོག་དཀར་དྲི་ཞིམ་བལྟ་སྡུག་ཁྲོ་བོའི་དབྱིབསཿ གཟུགས་མཛེས་བོངས་འཚམས་ལྕེ་རིང་གདོང་བར་ཚུགསཿ མང་ཚོགས་གསེབ་ཏུ་གཟི་མདངས་


PKT001_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༢ན༽གཞན་ལས་ཆེཿ སྐྱེ་མཆེད་དངས་ཤིང་ཆོས་ཕྱིར་དཀའ་སྤྱད་ནུསཿ སྤྲུལ་པའི་སྐུ་མཆོག་ཉ་རྒྱས་ཟླ་བ་འདྲཿ གཏེར་ཀ་ཉེར་བརྒྱད་གཞན་ཡང་འབྱེད་པར་འགྱུརཿ དེ་དུས་བསྲུང་བའི་དམ་ཚིག་འདི་ཡང་གནང་ཿ ཕ་ཡུལ་མ་སྡོད་བུ་ལོན་སྐྱེད་མ་སྤེལཿ དགོས་དུས་མི་བསྟོངས་གཉེན་ཚན་དགྲ་ཡིན་པསཿ ལོང་བའི་མིག་བཞིན་མི་མཐོང་ཡུལ་དུ་གྱིསཿ དགྲ་ཡ་མ་སྲོང་གཉེན་ལ་སྐྱོངས་མ་བྱེདཿ རྨོ་རྐོ་མ་བྱེད་ཚོང་ཁེ་འབྲོག་མ་བསྟེནཿ གྲོང་ཆོག་མ་བྱེད་སྔས་སྲུང་སྲི་མ་གསོཿ ཆོས་ལུགས་མི་མཐུན་པ་དང་གྲོགས་མ་འགྲོགསཿ འགལ་རྐྱེན་བྱེད་པའི་བུད་མེད་རྩར་མ་བསྟེནཿ ཉིན་པར་མང་གསེབ་བག་མེད་ཆང་མ་འཐུང་ཿ སྲོད་འགྲོས་ཐོ་རངས་མ་འགྲིམ་རྐང་མ་ཡང་ཿ མངོན་མཚན་མ་ཆེ་གཏེར་འདྲ་སློབ་མ་བསྟེནཿ ཆོས་ཀྱི་ཁ་འཛིན་མ་བྱེད་མཐུ་མ་ངོམཿ སྤྱོད་ལམ་ཤུགས་འགོ་ཐ་མལ་གསེབ་མ་སྡོདཿ རི་དྭགས་བཞིན་དུ་རི་སུལ་བཙན་སར་སྡོདཿ མི་ཚེ་ཆོས་དྲིལ་ཚེ་འདིའི་འཁྲི་བ་ཆོདཿ སུ་ངོ་ཆེ་ཡང་མ་བསྲུངས་སྟབས་མ་བཏང་ཿ ཏུག་ཏུག་མ་བྱེད་སྙུགས་བསྲིངས་ཆམ་མེར་ཞོགཿ རྒྱབ་རྟེན་སྲུང་མ་མཐུ་དང་ཆོས་ལ་གྱིསཿ ཚེས་བཅུ་བྱུང་རེས་ང་ཉིད་བོད་དུ་འོང་ཿ རླུང་ཁྱེར་རྫས་བཞིན་ཅི་ཡོད་ཚོགས་སུ་བསྐོརཿ མི་རྗེས་མི་སློབ་ཆོས་བརྒྱུད་མི་འཛིན་པའིཿ བུ་ཚ་ཡོད་ཀྱང་རང་ཕུང་མིས་འཕྱ་བསཿ ཞ་འཕྱིའི་མི་བཞིན་འགྲོ་འདུག་


PKT001_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༢བ༽ཉུང་དུ་གྱིསཿ མི་མཛའ་མཐོ་འགྲོགས་བར་ཆད་ལོགས་ན་མེདཿ ཕུང་འདྲེའི་ནང་དབྱེན་གར་ཡོང་ཆ་མེད་པསཿ ལྐུགས་པའི་ཁ་བཞིན་སྨྲ་བ་ཉུང་དུ་གྱིསཿ བྱ་བྱེད་སྤྱོད་པ་བདུན་མ་མ་མཁས་ནཿ དགྲ་རུ་སུ་ཡོང་མི་ཤེས་སྲིད་དེ་ཡང་ཿ ཁ་ཉེན་མི་བཞིན་སྡོད་ལུགས་མཁས་སུ་གྱིསཿ མི་ཡི་བརྒྱུད་རིགས་མ་བརྟགས་བློ་མ་གཏོདཿ མ་བཅོལ་རྟོག་ཅན་མ་ཆེ་བཞག་སར་སྡོདཿ ཆེ་གཏོད་བྲོད་ཁར་མ་ཉན་སླུ་བ་ཡོང་ཿ ཕ་བོང་བཞིན་དུ་སྒྱུར་ཁ་ལྗི་རུ་གྱིསཿ ཁྱོད་ཀྱི་གདུང་བརྒྱུད་བརྒྱ་དང་ཉེར་གཅིག་བརཿ ཆོས་མ་བྱས་ཀྱང་སངས་རྒྱས་ཐེ་ཚོམ་མེདཿ ཅེས་གསུངས་བཀའ་གཏད་གཟིངས་བསྟོད་ལུང་བསྟན་པསཿ རྒྱལ་སྲས་ལྷ་རྗེས་མང་དུ་བཤུམ་སྟེ་བརྒྱལཿ ཡུན་ཅིག་དྲན་པ་རྙེད་ནས་ཕྱག་བཙལ་ཏེཿ འཁོར་བའི་སྡུག་བསྔལ་དེ་ཙམ་དང་ལེན་པསཿ སྐྱེ་བ་འདི་ཡིས་ཆོད་པར་ཐུགས་རྗེས་གཟུང་ཿ ཞེས་གསོལ་ཡབ་ཡུམ་སྲས་གསུམ་ཕྱག་བཙལ་བསཿ སློབ་དཔོན་པདྨའི་ཞལ་ནས་འདི་སྐད་གསུངསཿ ཁྱོད་ཀྱིས་ང་ལ་སེམས་བསྐྱེད་ཉམས་འཇུག་གམཿ མི་དགའ་མི་དགོས་དམྱལ་བ་ངོ་མཚར་ཆེཿ སངས་རྒྱས་ཀུན་གྱི་བླ་མ་དམྱལ་བ་ཡིནཿ བསྟན་པའི་བདག་པོ་ཤཱཀྱ་ཐུབ་པས་ཀྱང་ཿ དག་པའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་ཿ མ་དག་སྐྱེ་བ་ལྔ་བརྒྱ་བླངས་ཚུལ་བསྟནཿ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་ཀྱང་ཿ འཁོར་བ་མ་སྟོངས་བར་དུ་སེམས་བསྐྱེད་ནསཿ


PKT001_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༣ན༽སེམས་སྐྱེད་ཉམས་པས་དབུ་ཚལ་སྟོང་དུ་གསཿ འོད་དཔག་མེད་པས་བཅུ་གཅིག་ཞལ་བྱིན་བརླབསཿ སངས་རྒྱས་བྱང་ཆུབ་སེམས་དཔའི་མཛད་པ་ནིཿ རང་གི་གདུག་སར་ཞི་བདེ་མི་སྒྲུབ་ཅིང་ཿ འགྲོ་བ་མང་པོའི་དོན་དུ་དཀའ་བ་སྤྱདཿ ཐུབ་པའི་སྐྱེས་རབས་པད་འབྱུང་རྣམ་ཐར་ལྟོསཿ སེམས་ཅན་ཐུགས་རྗེས་མི་འཛིན་བློས་གཏོང་ངམཿ དད་པ་ཚོལ་ཕྱིར་སྡུག་བསྔལ་བཟོད་པར་གྱིསཿ མི་མཇེད་འཇིག་རྟེན་བྱེ་བ་ཕྲག་ས་ཡའིཿ ཞིང་ཁམས་ཀུན་ཏུ་མཆོག་གྲུབ་དེ་བཞིན་ནོཿ ལེགས་སོ་ལེགས་སོ་ཡེ་ཤེས་མཆོག་གྲུབ་རྒྱལཿ ཀུན་དང་ཡིད་མཐུན་འགྲོ་ཀུན་བསམ་པ་འགྲུབཿ སྐྱེ་བ་མི་བགྲང་མངོན་པར་རྫོགས་འཚང་རྒྱཿ དེ་དུས་སེམས་ཅན་ལས་འཕྲོ་བཟང་པོ་རྣམསཿ སྲིད་པ་མི་ཡི་བུ་རུ་སྐྱེས་པ་ལཿ ཨུ་རྒྱན་ངས་ཀྱང་ཕྱིར་མི་ལྡོག་ལུང་བསྟནཿ ཞིང་ཁམས་འདི་ཡི་སྐྱེས་རབས་མང་ན་ཡང་ཿ བོད་དུ་འབྱུང་ཚུལ་ཟུར་ཙམ་བསྟན་པ་ཡིནཿ རྒྱལ་སྲས་ཕུང་པོ་འདི་ཡང་དོན་ཆེན་ཏེཿ དབང་པོ་ལྔ་དང་ཟག་ཆུ་ཤ་ཁྲག་རུསཿ ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བཿ དམངས་པོའི་ལྟོར་སོང་མི་ཡི་དངོས་གྲུབ་འབྱུང་ཿ དབུལ་པོའི་ལྟོར་སོང་ཟས་ནོར་དངོས་གྲུབ་འབྱུང་ཿ འཆི་འཕྲོའི་ལྟོར་སོང་ཚེ་ཡི་དངོས་གྲུབ་འབྱུང་ཿ དད་ཅན་ལྟོར་སོང་ཆོས་ཀྱི་དངོས་གྲུབ་འབྱུང་ཿ དེ་ལ་སོགས་པའི་ཡོན་ཏན་མང་ཡོད་ཀྱང་ཿ ལོག་ལྟ་ཅན་གྱིས་ཡོན་ཏན་སྐྱོན་དུ་མཐོང་ཿ དེ་ཡང་


PKT001_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༣བ༽འབྲེལ་པ་སྣེ་གཅིག་ཐོགས་པ་ཡིསཿ སྒྲིབ་པ་དག་སྟེ་ཆོས་ཀྱི་ལས་སད་འགྱུརཿ དེ་ཕྱིར་མཆོག་གྲུབ་སྐྱེ་བ་བཅུ་གསུམ་བརཿ མཐོང་ཐོས་དྲན་རེག་དོན་དང་ལྡན་པ་སྟེཿ གྲིབ་མས་རེག་གམ་ཏིལ་འབྲུ་ཙམ་ཞིག་ཉེཿ ངན་སོང་འགྲོ་ངེས་ཤེས་ཀྱང་མཐོ་རིས་སྐྱེཿ དགེ་རྒྱུ་ཉུང་འབྲུ་ཙམ་ཞིག་ས་བོན་ཐེབསཿ དྲང་སྲོང་གཟའ་ནད་གདོན་བགེགས་འབྱུང་པོའི་ནདཿ འདྲེ་ཡི་གཙེར་བ་རྣམས་ཀྱང་སྒྲིབ་པར་འགྱུརཿ མཚམས་མེད་ལྔ་སྤྱད་ལྟོར་སོད་རིག་འཛིན་བྲལཿ ལས་ཀྱིས་དུད་འགྲོའི་ལུས་སུ་སྐྱེས་གྱུར་ཀྱང་ཿ ཡུལ་བདག་བྱམས་ཤིང་བརྡུང་བཙོག་མེད་པར་འགྱུརཿ དེ་སོགས་ཡོན་ཏན་མོང་ཡོད་ཟུར་ཙམ་ཡིནཿ ད་ལྟའི་ཡེ་ཤེས་མཆོག་གྲུབ་རྒྱལ་པོ་ཁྱོདཿ བཅོ་ལྔའི་ལོ་ལ་ཚེ་དུས་བྱས་པའི་ཚེཿ ཕུང་པོ་འདི་ཉིད་གཏེར་དུ་སྦོས་ཤིག་གསུངསཿ འདི་ཉིད་ས་ཡི་སྟེང་དུ་ཐོན་པའི་ཚེཿ བསོད་ནམས་ཆུང་བའི་དུད་འགྲོ་ཡིན་ཀྱང་རུང་ཿ མི་ཚེ་སྡིག་བསྒྲིལ་བཤན་པ་ཡིན་ཀྱང་རུང་ཿ སྐྱེ་བ་དམན་པའི་བུད་མེད་ཡིན་ཀྱང་རུང་ཿ ལས་ཀྱི་འཕྲོ་མེད་མི་ལུས་ཙམ་ཡང་རུང་ཿ ཆུ་ལ་གནས་པའི་སེམས་ཅན་ཡིན་ཀྱང་རུང་ཿ མཁའ་ལ་གནས་པའི་འདབ་ཆགས་ཡིན་ཀྱང་རུང་ཿ སྡིག་པ་དག་ཅིང་མི་ལུས་གཙང་མ་ཐོབཿ དད་དང་ཤེས་རབ་བརྩོན་འགྲུས་སྤོབས་པ་འབྱུང་ཿ སྐྱེ་བདུན་ཤ་ཡིས་འདུལ་བའི་དུས་ཚོད་ཀྱང་ཿ སངས་རྒྱས་བསྟན་པ་ལྔ་བརྒྱ་ཕྲག་གསུམ་ནུབཿ དུས་


PKT001_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༤ན༽མ་འགྱུར་ཏེ་ས་སྟེང་མི་སྤྱོད་འགྱུརཿ རྒྱལ་ཁྲིམས་ཞིག་པས་བོད་ཁྲིམས་རྒྱ་ཆེ་ཆདཿ སི་ལུ་ནི་ལུར་སོང་ནས་འཁྲུག་འཐབ་བྱེདཿ ཁྱད་པར་ཉོན་མོངས་དུག་ལྔ་རང་དགར་སྤྱོདཿ ཐམས་ཅད་འཁྲུགས་ནས་མཚོན་གྱི་བསྐལ་པ་དང་ཿ རྟགས་ཙམ་འཛིན་གྱི་བསྟན་པའི་མགོར་ཉེ་སྟེཿ བཙུན་པ་ཁྲིམས་མེད་སྡོམ་པ་རྒྱབ་ཏུ་བོརཿ བུ་སྤྲུག་མདུན་དུ་བླངས་ནས་སྔགས་པ་ཟེརཿ སྔགས་པས་མགོ་སྤུ་བྲེགས་ནས་བཙུན་ཆས་བྱེདཿ དགེ་བཤེས་ཧོར་ལས་གྲི་མདུང་དམག་དཔོན་བྱེདཿ གཏམ་དུ་དམག་ལ་བགོས་སུ་གོ་མཚོན་གྱོནཿ ལས་སུ་རྫོང་རྩིག་ནོར་དུ་སྡིག་པ་གསོགཿ ལྷ་ཆོས་མི་བྱེད་སྡིག་པ་མཆོར་དུ་བྱེདཿ དམག་དང་མུ་གེ་ནད་ཡམས་དུས་གཅིག་འབྱུང་ཿ བཀའ་ཁྲིམས་ཞིག་པས་བདུན་མ་བུད་མེད་བཟང་ཿ མཚོན་ཁ་ནང་བསྟན་སྤྱི་བདུན་ཆེན་མོ་ཞིགཿ ཤེས་པ་ཕྱིར་ལོག་གསལ་བས་གླིང་ལོག་འབྱུང་ཿ གནག་པའི་ལས་དུབ་ལུས་སེམས་གཉིས་ཀ་བྲེལཿ གནས་གཞི་ལྷ་ཁང་བཤུས་ནས་རྫོང་ལ་འགེབསཿ རིགས་མི་མཐུན་པ་ཀུན་དང་འགྲོགས་དགོས་འབྱུང་ཿ སྐྱེ་འགྲོ་མི་བཟད་ཟུག་རྔུ་སུས་མི་བཟློགཿ ལས་སུ་ཤེས་པའི་སེམས་ཅན་ཨ་རེ་སྡུགཿ གཏེར་ལ་མོས་ཤིང་འདྲི་བ་མང་དུ་འབྱུང་ཿ དེ་དུས་སྐྱེ་བདུན་ཤ་འདི་ལྟོར་སོང་བསཿ དུག་གསུམ་ནད་ཞི་བདུད་རྩིའི་མཆོག་ཏུ་གསུངསཿ ལྷ་སྲས་ཡབ་ཡུམ་སྲས་གསུམ་དགྱེས་པར་གྱུརཿ ཨུ་རྒྱན་


PKT001_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༤བ༽གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པ་བཀོད་པ་ལསཿ ལྷ་རྗེ་ལུང་བསྟན་ཅིང་སྐྱེ་བདུན་ཤའི་ཕན་ཡོན་བསྟན་པའི་ལེའུ་སྟེ་བརྒྱ་དང་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ


previousལྷ་རྗེ་ལུང་བསྟན་ཅིང་སྐྱེ་བདུན་ཤའི་ཕན་ཡོན་བསྟན་པའི་ལེའུ། next