Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

5 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྲོག་བདག་གཟའ་ཀླུ་གསུམ་གྱི་མ་ཚང་དྲིས་པའི་ལེའུ།
  
  
  
  
  


5 occurrences of བྱམས་པ་གླིང་
[Clear Hits]

 
previousསྲོག་བདག་གཟའ་ཀླུ་གསུམ་གྱི་མ་ཚང་དྲིས་པའི་ལེའུ། next

སྲོག་བདག་གཟའ་ཀླུ་གསུམ་གྱི་མ་ཚང་དྲིས་པའི་ལེའུ།


PKT001_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ བསམ་འགྲུབ་ཤེལ་གྱི་བྲག་ཕུག་དགོངས་པར་བཞུགསཿ ཞག་གསུམ་སོང་བའི་ཕྱི་མའི་ནུབ་ཐོ་རངསཿ བསམ་ཡས་ལ་སོགས་བོད་ཀྱི་ཀྱི་གཙུག་ལག་ཁང་ཿ དཀོར་སྲུང་རྒྱལ་པོ་བེ་ཀར་ཞེས་ཀྱང་བྱཿ དགེ་བསྙེན་ཆེན་པོ་རྒྱལ་པོ་ཤིང་བྱ་ཅནཿ བདུད་ཕོ་ཡབ་རྗེ་ནག་པོ་ཞེས་བྱ་བཿ སེང་གེ་དཀའ་མོ་ཞིག་ལ་ཞོན་ནས་སུཿ གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱཿ གཡོན་གྱི་རུ་འདྲེན་ཉན་ཐོས་དགྲ་བཅོམ་བརྒྱཿ སླད་ཀྱི་རྗེས་མྱུལ་བནྡེ་ནག་པོ་བརྒྱཿ སྔོན་གྱི་ཤུལ་སེལ་བུད་མེད་ནག་མོ་བརྒྱཿ ཕྱི་ཡི་བློན་པོ་མོན་བུ་བྷ་ཊ་བརྒྱཿ ནང་གི་བློན་པོ་མོན་བུ་པུ་ཏྲ་བརྒྱཿ སྐུ་ཡི་སྐྱོ་རོགས་འབག་སེང་གར་མཁན་བརྒྱཿ སྤྲུལ་པ་ཡང་སྤྲུལ་སྤྲ་དང་སྤྲེའུ་བརྒྱཿ སློབ་དཔོན་དྲུང་དུ་ཉམས་སད་བྱེད་དུ་བྱུང་ཿ གནམ་རྡོ་ལུག་ཙམ་སྤྱི་བོའི་གཙུག་ཏུ་ཕབཿ སློབ་དཔོན་བརྒྱལ་ཞིང་དར་གྱི་རྫས་རྣམས་བཀྲུགསཿ བརྒྱལ་སངས་ཙ་ན་ཏིང་ངེ་འཛིན་གྱིས་བཀུགཿ


PKT001_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༦བ༽དགེ་བསྙེན་གཞོན་ནུ་མ་ཞིག་བཙངས་ཀྱིས་བྱུང་ཿ ལག་ན་ཤེལ་འཕྲེང་ཐོགས་ནས་མདུན་ན་འདུགཿ སློབ་དཔོན་ཁྱོད་ནི་གནོད་སྦྱིན་རིགས་འདྲ་བཿ དགེ་བསྙེན་ཚུལ་དུ་སྟོན་པ་སུ་ཡི་བུཿ དགེ་བསྙེན་ན་རེ་ང་ནི་བདུད་ཀྱི་བུཿ བདུད་ཀྱི་བུ་དང་དམ་ཚིག་བསྲེ་ནུས་སམཿ སློབ་དཔོན་ཞལ་ནས་དམ་ཚིག་བསྲེ་ནུས་ནཿ ཁྱོད་ཀྱིས་སངས་རྒྱས་བསྟན་པ་བསྲུང་ནུས་སམཿ པེ་ཀར་ན་རེ་མ་འོངས་བོད་ཁམས་ཀུནཿ ལྷ་ཁང་མཆོད་རྟེན་ང་ལ་གཏད་པ་ནཿ བསྟན་པ་བསྲུང་ནུས་མ་གཏད་གནོད་པ་བྱེདཿ ང་ནི་འཁུ་ཞིང་དམ་འདའ་ལྡོག་པར་འགྱུརཿ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ ཕྱི་རབས་ལྷ་ཁང་མཆོད་རྟེན་བཞེངས་པ་རྣམསཿ སྐུ་གསུང་ཐུགས་རྟེན་པེ་ཀར་གཏོད་པར་བྱསཿ དགེ་བསྙེན་བསྟན་པ་བསྲུང་བར་ཁས་བླངས་སོཿ སློབ་དཔོན་ངན་སྔགས་བརྒྱ་དང་རྩ་བརྒྱད་མཛདཿ ཁྱེད་ནི་དམ་ལས་འདའ་ན་ཇི་ལྟར་ཡོདཿ འཁུ་དང་བཟློག་ན་ཇི་ལྟར་ཡོང་ཞེས་གསུངསཿ དགེ་བསྙེན་ཆེན་པོ་དེ་ཡི་ཞལ་ན་རེཿ ང་འཁུ་བ་ལ་འཁུ་ལུགས་གསུམ་དུ་ཡོདཿ རྣལ་འབྱོར་པ་ཡི་ཆུང་མ་བུ་ཚར་འཁུཿ ཞིང་ཁང་དུད་འགྲོ་ནོར་རྫས་ཀུན་ལ་འཁུཿ ཉེ་འབྲེལ་འཁོར་གཡོག་ཡོན་བདག་རྣམས་ལ་འཁུཿ རྣལ་འབྱོར་ཆུང་མ་བུ་ཚར་འཁུ་ཙ་ནཿ ཆུང་མ་སྨྱོ་དང་འབོག་དང་བརྒྱལ་དུ་འཇུགཿ དགྲ་དང་བྱི་བྱེད་ཕག་གཡོས་མང་དུ་འབྱུང་ཿ དགྲ་བོར་སྤྲུལ་ཞིང་དགྲ་ཡུལ་


PKT001_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༧ན༽འགྲོ་བ་དང་ཿ རང་ཤི་དགྲ་དང་དགའ་འདུན་བྱས་ནས་འགྲུལཿ ནང་མཚང་ཕྱིར་བླུག་གསང་གྲོས་ཕྱི་ལ་སྤེལཿ སྙིང་གཏམ་དགྲ་འཆད་བར་གཅོད་གཡབ་གཡུགས་བྱེདཿ ལྷ་ཡིན་སྐད་ཟེར་འདྲེ་ཡིན་སྐད་ཟེར་འབབསཿ སྙིང་མི་དགའ་ཞིང་དུ་སྙིང་འདོད་པ་དང་ཿ བྲང་བརྡུང་འཐབ་དང་ལྕེབ་སྙིང་འདོད་པ་འབྱུང་ཿ དེ་ནི་ཆུང་མ་དག་ལ་འཁུ་བའོཿ བུ་ཚར་འཁུ་བ་བུ་ཚ་མི་བསོས་ཤིང་ཿ བསོས་པ་སྨྱོ་དང་བརྒྱལ་དང་འབོག་པ་འབྱུང་ཿ མགོ་ལོག་བྱེད་ཅིང་གཞན་དུ་འབྲོས་པ་དང་ཿ བུ་ཚ་མང་པོ་འཆི་བ་བུ་ཚར་འཁུཿ ཞིང་ཁང་ནོར་རྫས་རྣམས་ལ་འཁུ་བ་ནིཿ ཞིང་ལ་ལོ་མི་སྐྱེ་ཞིང་མི་ལ་འཚོརཿ དཔྱིད་ཀ་འབུ་འབྱུང་སྟོན་ཀ་སེར་བ་འབྱུང་ཿ ཁང་པ་འཇིག་ཅིང་ཐོག་འཚག་ཞིག་རལ་མང་ཿ དུད་འགྲོར་རྐུན་མ་མང་ཞིང་གཅན་གཟན་འཁྱེརཿ རྨིག་ཟླུམ་ཁར་བྲག་དུས་གཅིག་འཆི་བར་བྱེདཿ ཟས་ནོར་བྱར་མི་བཏུབ་ནང་འཁུ་ཡིནཿ ཉེ་འབྲེལ་འཁོར་གཡོག་རྣམས་ལ་ང་འཁུ་ནཿ ཉེ་འབྲེལ་ནང་དུ་མི་འཆམ་ནང་གཞིག་ཡོདཿ དྲག་དྲག་འཆི་ཞིང་ཞན་ཞན་ལུས་པར་བྱེདཿ ཡོན་བདག་ནང་འཁྲུག་འཁོར་གཡོག་སྙིང་རིང་བྱེདཿ དེས་ཉེན་དེས་ལན་མ་ལེགས་བཀྲ་མི་ཤེསཿ ངུ་འབོད་ཆོང་བརྒྱངས་དམག་འཁྲུགས་གསོད་གཅོད་ཡོདཿ ང་འདའ་བ་ལ་འདའ་ལུགས་གསུམ་དུ་ཡོང་ཿ ཡི་དམ་ལྷ་བསྒོམ་ཏིང་ངེ་འཛིན་


PKT001_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༧བ༽ལ་འདའཿ བཟླས་བརྗོད་བསྙེན་པ་བྱེད་ཚེ་སྔགས་ལ་འདའཿ བསྒྲུབ་གཞི་འཛབ་སྟེ་བརྟེན་པའི་རྫས་ལ་འདའཿ བསྒོམ་པ་ཏིང་ངེ་འཛིན་ལ་འདའ་ཙ་ནཿ ཡི་དམ་བསྒོམ་སྙིང་མི་འདོད་སྒོམ་པ་འཆོརཿ སྒོམ་པའི་དུས་ན་རྣམ་རྟོག་ཕྲ་མོ་ལྡང་ཿ བདག་བསྐྱེད་མདུན་བསྐྱེད་གཅིག་བསྒོམས་གཅིག་བརྗོད་འགྲོཿ སྒོམ་སྒྲུབ་ནམ་བྱེད་དུས་སུ་བར་གཅོད་ཡོང་ཿ ཅི་སྙད་ཅི་བཏགས་འཇམ་རྩུབ་གཉིས་སུ་ཡོང་ཿ བསྟན་བཅོས་ཚིག་བཅད་རྩོམ་པ་ཡིད་ལ་བྱེདཿ འདུག་སར་སྡོད་པ་མི་ཚུགས་མྱུག་མྱུག་མང་ཿ རང་འཁོར་ནང་འཐབ་སྙིང་རུལ་སྙིང་འཚངས་ཡོང་ཿ སྙིང་ནི་མི་དགའ་སྟོངས་སྟངས་དུ་སྙིང་འདོདཿ གཡང་ས་རྦབ་སར་ཕྱིན་ནས་མཆོད་སྙིང་འདོདཿ སེམས་ནི་ཡེང་ཡེང་བན་བུན་ཆད་ཆོད་འབྱུང་ཿ གདམས་པར་བློ་མི་ཁེལ་ཞིང་ཡིད་གཉིས་ཟཿ ནང་རྟགས་བཟང་པོ་བྱུང་ན་དགའ་སེམས་བྱེདཿ ནང་རྟགས་ངན་པ་བྱུང་ན་སྙིང་མི་དགའཿ ཉམ་ང་བག་ཚ་རེ་དོགས་དམ་ལས་འདསཿ བཟླས་བརྗོད་བསྙན་པ་སྔགས་ལ་འདའ་ཙ་ནཿ སྔགས་ཟློས་དུས་སུ་སྔགས་ལ་ལྷག་ཆད་ཡོང་ཿ ལྕེ་བསྒྱུར་མི་ཤེས་སྔགས་ཟློས་མི་ཤེས་ཤིང་ཿ སྔགས་བཟླས་ཙ་ན་དམིགས་པ་བསྒོམ་མི་ཤེསཿ རྒྱལ་པོའི་ཆོ་འཕྲུལ་འཇིགས་སྐྲག་སྣ་ཚོགས་འབྱུང་ཿ ཇི་ཙམ་སྔགས་བཟླས་དགྲ་ལ་མཐུ་མི་ཡོདཿ རང་ལ་གློ་བུར་ནད་དང་འཚེ་བ་


PKT001_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༨ན༽འོང་ཿ ངག་ནུས་བྱིན་རླབས་ཉམས་པ་སྔགས་ལ་འདའཿ བསྒྲུབ་གཞི་བརྟེན་པའི་རྫས་ལ་འདའ་ཙ་ནཿ ཕྱི་རྟེན་ལ་འདའ་གཉེན་ཚན་མང་པོ་འཆིཿ ནང་རྟེན་ལ་འདའ་བུ་སྨད་ནང་འགྲམས་འབྱུང་ཿ གསང་རྟེན་ལ་འདའ་མི་འདོད་སྣ་ཚོགས་འོང་ཿ ང་ནི་འཇིག་རྟེན་ཡ་ཀས་སྐབས་སུ་སྤྲུལཿ གང་ནས་འོང་དང་འདི་ནས་འོང་ནི་མེདཿ ང་བཟློག་པ་ལ་བཟློག་ལུགས་གསུམ་བྱས་འོང་ཿ རང་གི་ལུས་སྲོག་བསོད་ནམས་ཁ་རྗེར་བཟློགཿ བུ་སྨད་མི་ནོར་ཟས་གསུམ་ཀུན་ལ་བཟློགཿ ཉེ་འབྲེལ་འཁོར་གཡོག་མཐུན་རྐྱེན་བསྒྲུབ་ལ་བཟློགཿ རང་གི་ལུས་སྲོག་ཁ་རྗེར་བཟློག་ཙ་ནཿ ལུས་ལ་ནད་མང་སེམས་ལ་སྡུག་བསྔལ་མང་ཿ སྲོག་ལ་ཧུར་ཐུམས་འགག་གྲི་སྤོས་གྲིར་འཆིཿ དགྲ་ལ་ཕང་རྦད་རང་ལ་ཚུར་ལོག་ཡོང་ཿ འཁོར་འཐོར་ཐག་ཐུག་མང་ཞིང་སོ་མི་གསོདཿ དགྲ་སྔོན་མ་སོང་ཕྱི་མ་རླུང་འཚུབ་ལྡང་ཿ ཕྱད་འབུག་རྦོད་གཏོང་བྱེད་སྙིང་མི་འདོད་ཅིང་ཿ དམོལ་བཅོལ་མི་བྱེད་ཟུག་འཕྲོ་བཅད་ནས་འཇོགཿ མི་ཁ་མང་པོ་ཟུར་ཟར་རང་ལ་གླེང་ཿ ཡུལ་མི་དགྲར་ལྡང་སྙིང་དུ་རྒྱལ་འགོང་འཇུགཿ དམ་རྫས་འབོད་དོ་སྒྲུབ་རྫས་གཅོག་སྙིང་འདོདཿ ལྟ་སྤྱོད་མི་མཐུན་གྲོགས་བསྲེ་ལ་རང་ལ་བཟློགཿ བུད་སྨད་མི་ནོར་ཀུན་ལ་བཟློག་ཙ་ནཿ སྔོན་ལ་ཆུང་མ་དེ་ནས་བུ་ཚ་འཆིཿ བཟའ་མི་ནངས་འཐབ་ནུབ་


PKT001_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༨བ༽འཐབ་འཁོན་པ་ཡོང་ཿ དམ་ཉམས་དགྲ་ལ་རྟགས་ཡོང་སྐད་ཟེར་ནསཿ རང་གི་འཁོར་དུ་ཉེས་གྱོད་མང་པོ་འབྱུང་ཿ བུ་སྨད་ལྕེབ་པར་མཁར་གཡང་མཐོན་པོར་འཆོརཿ རིག་མཐོན་པོར་ཕྱིན་ནས་ཁུས་འདེབས་ཤིརཿ རང་ལ་ལྟས་ངན་སྣ་ཚོགས་འོང་བ་དང་ཿ དགྲ་དར་གཉེན་རྒུད་འདྲེ་ཡིས་ལོག་མིན་སློབཿ རྨི་ལམ་བཟང་བ་ལྟར་བསྟན་ཉེས་པ་ཡོང་ཿ ནོར་ཕྱུགས་པེ་ཀར་ཆགས་ནས་ལན་མི་ལེནཿ ཅི་ཡོད་ནོར་རྫས་ཐམས་ཅད་མི་ལག་འགྲོཿ རང་ལ་པེ་ཀར་སྙིང་དུ་ཞུགས་ནས་ཀྱང་ཿ ལུས་ངག་ཡིད་གསུམ་འདྲེ་ཡི་སྤྱོད་པ་བྱེདཿ སྣོད་སྤྱད་ཐམས་ཅད་གཅོག་དང་རྡེབ་པ་ཡོང་ཿ རང་དབང་མི་ཐོབ་ཁྱི་སྨྱོན་བཞིན་དུ་འཁྱམཿ ཆང་འཐུངས་སེམས་ལ་ཅི་ཡོད་ཁ་རུ་འདོནཿ རེས་འགའ་ངུ་ཞིང་བྲང་བརྡུང་འོ་དོད་འབོདཿ ཉེ་འབྲེལ་འཁོར་གཡོག་ཀུན་ལ་བཟློག་ཙ་ནཿ རྒྱལ་པོ་པེ་ཀར་ཁྱི་བཞིན་ཕྱི་ལ་འབྲང་ཿ མ་དང་སྲིང་མོ་ཞང་པོ་ཚ་བོའམཿ རང་གི་བླ་མ་སློབ་དཔོན་འཁོར་ཕྱིར་འབྲང་ཿ ཉེ་འབྲེལ་ཕུང་འཇུག་བུ་སྲིང་སྒབ་འདྲེ་བྱེདཿ དམར་ལམ་སྟོན་ཅིང་ལྷ་འདྲེའི་ཚོགས་འདུ་འོང་ཿ བུ་སྲིང་མོ་རྣམས་བདག་བྱེད་ཁྱོ་བོ་བསོདཿ བུ་ཚ་སྐྱེས་ཚད་འཆི་དང་རོ་སྣོད་འཆོསཿ བུ་སྲིང་ཡུགས་ས་འབབ་དང་བྱུ་གཡུགས་འོང་ཿ རང་གིས་ནད་པ་གསོ་མ་སྲིའུ་གསོཿ གང་དུ་ཕྱིན་ཕྱིན་ཕྱི་


PKT001_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༩ན༽ལ་པེ་ཀར་འབྲང་ཿ ས་གཞི་གཤོག་ཅིང་རྒྱ་མཚོ་དཀྲུག་པར་བྱེདཿ བན་སྔགས་འདྲེ་ཅན་འགྲོ་བའི་དགེ་འདུན་འབྱུང་ཿ སྒྲུབ་ཁང་འདྲེ་ཅན་སོང་ནས་བཀྲ་མི་ཤིསཿ ང་ནི་ལྷ་ཁང་མཆོད་རྟེན་གསུང་རབ་བདགཿ ན་ཆུང་ཀུན་གྱི་ལུས་ཕུད་སྡུད་ཅིང་སྤྱོདཿ ང་འཁུ་དུམ་བུར་ཤིག་ལ་ནན་ཏན་བསྐྱེདཿ ར་འདའ་རཀྵའི་ཙིཏྟ་ཕྱུང་ཐངས་ཀྱིསཿ ང་བཟློག་རཀྵའི་ཙིཏྟ་གཏུབ་ཐབས་ཀྱིསཿ འཁུ་དང་འདའ་དང་བཟློག་པ་གང་བྱུང་ཡང་ཿ སློབ་དཔོན་སྐྱེས་རབས་རྣམ་ཐར་ཞིབ་རྒྱས་པཿ ཉིན་ནུབ་ཐུན་གཟུང་གསུང་མི་འཆད་དུ་སྒྲོགསཿ ཞེས་གསོལ་སྲོག་སྙིང་ཕུལ་ནས་དམ་ལ་བཏགསཿ དེ་ནས་བཙུན་པ་གནད་ལ་འབེབས་པ་དང་ཿ ཨར་གཏད་ཤིས་བསྟན་དང་བསྲུང་བ་དང་ཿ འཆིང་བ་བཀར་བ་མནན་གཟིར་མདོས་ལ་སོགསཿ ཕྱི་ནང་གསང་བ་ལ་སོགས་མང་དུ་མཛདཿ བསྟན་པའི་དགྲ་བོ་ཟས་སྐལ་ཞིང་དུ་དངོསཿ དེ་ནས་སློབ་དཔོན་བསམ་ཡས་བྱོན་པའི་ལམཿ ལོ་ཧི་ཏའི་འགྲམ་དགོངས་པར་བཞུགས་པའི་དུསཿ དྲང་སྲོང་ཆེན་པོ་སྨུག་ནག་འོད་འཕྲོ་བཿ སྔགས་པ་དར་བབ་ཅིག་གི་ཆ་ལུགས་བྱསཿ མོག་རོ་རྟ་ཞོན་སླར་བབས་ཁྲིད་ནས་བྱུང་ཿ དེ་ཡི་དང་རླངས་སློབ་དཔོན་སྐུ་ལ་ཕོགཿ ཅུང་ཟད་གྲིབ་བྱུང་མེ་ལོང་ཧས་བཏབ་བཞིནཿ གྲིབ་ཅན་སྲིན་པོ་འདྲ་བ་སྔགས་


PKT001_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༩བ༽པའི་ཆསཿ རྟ་ནི་མོག་རོ་ཁྲིད་ཁྱོད་སུ་ཡིན་གསུངསཿ ཞྭ་མོ་སྐྱ་ལྷེབ་ཕུད་ནས་འདི་སྐད་ཟེརཿ དྲག་ཅིང་ཁྲོ་གཏུམ་གཟུགས་ཅན་སྲོག་ལེན་པཿ ཕ་ནི་སྲིན་པོ་མ་ནི་ཀླུ་མོ་ཡིནཿ སློབ་དཔོན་ཞལ་ནས་དྲང་སྲོང་འོད་འཕྲོ་ཁྱོདཿ ང་ཡི་དགེ་བསྙེན་བཀོལ་བདེ་ཡིན་འདུག་པཿ མགོ་དགུ་ཡོད་པའི་རྒྱུ་མཚན་ཇི་ལྟར་ཡིནཿ སྤྱི་གཙུག་བྱ་རོག་མགོ་ཡོད་ཇི་ལྟར་ཡིནཿ རོ་སྟོད་མི་རུ་ཡོད་པ་ཇི་ལྟར་ཡིནཿ རོ་སྨད་སྦྲུལ་དུ་ཡོད་པ་ཇི་ལྟར་ཡིནཿ གཡས་པའི་རྭ་ཡི་མདའ་གཞུ་ཇི་ལྟར་ཡིནཿ གཡོན་པ་སྦྲུལ་ཞགས་ཐོགས་པ་ཇི་ལྟར་ཡིནཿ མགོ་ལུས་མེད་པར་མིག་ཡོད་ཇི་ལྟར་ཡིནཿ སྐུ་མདོག་དུད་ཁར་ཡོད་པ་ཇི་ལྟར་ཡིནཿ ཞལ་ནས་ཐོག་སེར་ཡོད་པ་ཇི་ལྟར་ཡིནཿ སྤྱིར་ན་གཟའ་ལ་ཕོ་མོ་དུ་ཡོད་པཿ མ་ནིང་གཟའ་ཞེས་བྱ་བ་ཅི་ལ་ཟེརཿ དྲང་སྲོང་ཟེར་ནས་སེམས་ཅན་ལ་གནོད་ཅིང་ཿ གཟའ་ལ་འབྱུང་བ་ལྔ་ཀ་ཚང་ལགས་སམཿ ཞེས་གསུངས་སྨུག་ནག་འོད་ཟེར་འཕྲོ་ན་རེཿ ང་ལ་མགོ་དགུ་ཡོད་པའི་རྒྱུ་མཚན་ནིཿ ཀིང་ཀང་ཆེན་པོ་བརྒྱད་ནི་དུས་གཅིག་རྒྱུཿ སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་ཡིན་པའི་རྟགསཿ སྤྱི་གཙུག་བྱ་རོག་མགོ་ཡོད་རྒྱུ་མཚན་ནིཿ ད་ནི་འདོད་ཆགས་གྲང་བའི་ནད་དང་བསྡོངསཿ སྟེང་ལྷའི་འཇིག་རྟེན་ཀུན་ལ་དབང་བསྒྱུར་རྟགསཿ རོ་སྟོད་མི་རུ་ཡོད་པའི་རྒྱུ་མཚན་ནིཿ ཡབ་ཀྱི་ཆ་འཛིན་ལྷ་མིན་དབང་སྒྱུར་རྟགསཿ རེ་སྨད་སྦྲུལ་དུ་ཡོད་པའི་རྒྱུ་མཚན་ནིཿ


PKT001_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༠ན༽ང་ནི་ཞེ་སྡང་ཚ་བའི་ནད་དང་བསྡོངསཿ ཡུམ་གྱི་ཆ་འཛིན་འོག་ཀླུར་དབང་སྒྱུར་རྟགསཿ གཡས་ན་རྭ་ཡི་མདའ་གཞུ་བསྣམས་པ་ནིཿ ང་ནི་གཏི་མུག་འདུས་པའི་ནད་དང་བསྡོངསཿ ལྷ་དང་ལྷ་མིན་འཐབ་པའི་བར་བྱེད་རྟགསཿ གཡོན་ན་སྦྲུལ་གྱི་ཞགས་པ་བསྣམས་པ་ནིཿ ང་ཡི་ལུས་ལ་རེག་དུག་མཐོང་བའི་དུགཿ གང་མ་ཉན་པ་དུག་སྦྲུལ་འཆིང་བའི་རྟགསཿ མགོ་ལུས་མེད་པར་མིག་གིས་གང་བ་ནིཿ ཚེ་འདིར་ལེགས་པར་བྱས་དང་ཉེས་པར་བྱསཿ འཇིག་རྟེན་གསུམ་ལ་བྱ་ར་བྱེད་པའི་རྟགསཿ སྐུ་མདོག་དུད་ཁར་ཡོད་པའི་རྒྱུ་མཚན་ནིཿ དུག་ལྔ་ལུས་ལ་རང་བཞིན་རྒྱས་པ་དང་ཿ ཉི་མའི་ཟེར་ཕོག་ཚད་པ་སངས་པའི་རྟགསཿ ཞལ་ནས་ཐོག་སེར་ཡོད་པའི་རྒྱུ་མཚན་ནིཿ ཚ་གྲང་མ་སྙོམས་བསྒུལ་བསྐྱོད་བྱས་པ་དང་ཿ ཁས་བླངས་སངས་རྒྱས་བསྟན་པ་བསྲུང་བའི་རྟགསཿ ཕོ་གཟའ་མོ་གཟའ་དུ་ཡོད་ཅེས་པ་ནཿ གདུག་ཅན་ཕོ་གཟའ་བརྒྱད་ཡོད་མོ་གཟའ་བཞིཿ བྱང་སེམས་ཕོ་གཟའ་གསུམ་དང་མོ་གཟའ་གསུམཿ མ་ནིང་གཟའ་གཅིག་ངོ་མི་ཤེས་པ་ཡོདཿ དྲང་སྲོང་ཟེར་ནས་སེམས་ཅན་གནད་པ་ནིཿ ང་ཡིས་གནོད་པ་བསྐྱལ་བ་ཅུང་ཟད་མེདཿ ལོ་གཅིག་ལན་གཉིས་ལྷ་དང་ལྷ་མིན་འཁྲུགཿ བཅོ་ལྔར་ལྟད་མོ་བལྟས་པས་ཟླ་འོད་འགྲིབཿ ང་དང་རྒྱང་ཐག་རིང་ཞིང་མཐོ་དམན་ཆེཿ སྐྱེན་པོས་


PKT001_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༠བ༽མདའ་འཕངས་ལྟ་བུར་རྒྱུ་བ་ཡིནཿ སེམས་ཅན་ཀུན་ལ་ང་ཡི་དུག་རླངས་ཕོགཿ གཟའ་ལ་འབྱུང་བ་ལྔ་ཀ་ཚང་ཡོད་དེཿ ཡབ་ནི་སྲིན་པོ་ཞེ་སྡང་མེ་ཡི་དུགཿ ཡུམ་ནི་ཀླུ་མོ་འདོད་ཆགས་ཆུ་ཡི་དུགཿ སྲས་ནི་སྨྲ་གཅན་གཏི་མུག་ས་ཡི་དུགཿ འཁོར་ལོ་བསྡོངས་ཟླ་ཕྲག་དོག་རླུང་གི་དུགཿ ཐམས་ཅད་ཡོ་ལོག་ང་རྒྱལ་ནམ་མཁའ་དུགཿ སེམས་ཅན་བསོད་ནམས་དམན་ལ་འཕོག་པ་ཡིནཿ ཁྱོད་ཀྱི་དུག་ཕོག་ཇི་ལྟར་ཡོད་ཞེས་གསུངསཿ དྲང་སྲོང་སྨུག་ནག་འོད་འཕྲོའི་ཞལ་ནས་ནིཿ དུག་ཕོག་མདོག་སེར་མེ་ལྕེ་རིས་སུ་ཡོདཿ ཁ་ལྐུགས་སྤུ་སྐྱུག་བྱོལ་སོང་སྐད་ཀྱང་འདོནཿ ཡན་ལག་མཉེན་དང་རེངས་དང་སྟོབས་ཆུང་ཡོང་ཿ ངོ་སྦེད་གྲོད་པ་ཆེ་ཞིང་ལུས་བཅུད་ཤོརཿ འོན་ལྐུགས་ཐོལ་སྨྲ་དགོད་དང་མཆོད་པ་ཡོང་ཿ གཞོགས་བཤལ་མིག་རྩ་གྲུང་དང་དབང་པོ་ཉམསཿ ཁ་མིག་ལག་པ་མི་ཟུག་བྱ་བྱེད་མང་ཿ ཨིག་དང་གློ་འབྱུང་ཁ་མིག་ལྟག་པར་ཡོཿ ཁ་ཁྲག་སྣ་ཁྲག་སྦྲིང་དང་དུ་བ་འབྱུང་ཿ ཞ་འཕྱེ་ལྕེ་བསྐམས་དྲི་མི་ཞིམ་པ་མནམཿ ཁ་ནས་ཅལ་ཅོལ་གཏམ་ནི་ངེས་མེད་ཟེརཿ དེ་རྣམས་ང་ཡི་དུག་ཟེར་ཕོག་པའི་རྟགསཿ ངའི་དུག་ཕོག་ན་རྫས་རྟགས་ཏིང་ངེ་འཛིནཿ མདོས་དང་འཁོར་ལོས་དུག་ནི་དབྱུང་བར་བྱཿ ད་ཞོད་འཁོན་དང་མི་གཙང་གྲིབ་ལ་གཟབཿ རྫས་དང་སྨན་དང་འབྱུང་བ་ལྔ་ཡི་ཁྲུསཿ ཕས་


PKT001_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༡ན༽ཀྱིས་རྦད་དང་སྒྲུབ་ལས་བྱེད་མི་འདོདཿ ངའི་དུག་ཕོག་ནས་བྱེར་ན་བཙོན་དུ་གཟུང་ཿ ཚ་ཞིང་བསྲེག་པ་མེ་དུག་བཙོན་དུ་གཟུང་ཿ ཡང་ཞིང་གཡོ་བ་རླུང་དུག་བཙོན་དུ་གཟུང་ཿ གྲ་ཞིང་བསིལ་བ་ཆུ་དུག་བཙོན་དུ་གཟུང་ཿ ལྕི་ཞིང་འཐིབས་པ་ས་དུག་བཙོན་དུ་གཟུང་ཿ སློབ་དཔོན་རྣམ་ཐར་སྐྱེས་རབས་གསུང་དུ་སྒྲོགསཿ ཞེས་ཟེར་སློབ་དཔོན་རྡོ་རྗེ་མགོ་ཐོག་བཞགཿ ལྕེ་ལ་བདུད་རྩི་བཞག་ནས་དམ་ཚིག་བྱིནཿ ངན་སྔགས་མི་འདྲ་བརྒྱ་དང་རྩ་བརྒྱད་མཛདཿ ཤིས་ལ་མཚན་ཆེ་རྣོ་མྱུར་ཐོག་འདྲ་བཿ སངས་རྒྱས་བསྟན་པ་བསྲུང་བའི་གཉེན་ཆེན་གཏདཿ ཕན་ཐབས་བཅོས་ཐབས་རྫས་སྲུང་སྔགས་སྲུང་དང་ཿ འབོད་རྦད་བསད་པ་ཕྱི་རབས་ཆ་རྐྱེན་སྦསཿ ཁྱབ་འཇུག་གཟའ་ཡིས་ཁས་བླངས་དམ་བཅས་སོཿ དེ་ནས་འཛིན་ཤིས་གཏོང་མི་ཤེས་ཀྱི་ཀླུཿ རྒྱལ་རིགས་རྗེའུ་རིགས་དམངས་རིགས་བྲམ་ཟེའི་རིགསཿ གདོལ་བ་ནག་སོགས་སློབ་དཔོན་དྲུང་དུ་བྱུང་ཿ སངས་རྒྱས་བསྟན་པ་འཇིག་པའི་དམ་ཉམས་ལཿ ནད་དུ་མཛེ་ཕོལ་གཉན་ལྷོག་ཀླུ་ནད་གཏོརཿ སློབ་དཔོན་དྲུང་དུ་ཁས་བླངས་དམ་བཅའ་མནོསཿ སློབ་དཔོན་གཏད་རིགས་མི་འདྲ་བརྒྱ་རྩ་མཛདཿ མཐུ་མཐའ་གཏད་ལ་ཐུབ་པའི་དུས་འབྱུང་སྦསཿ བོད་ཀྱི་ལྷ་འདྲེ་ཆེ་དགུ་ཐམས་ཅད་ཚོགསཿ མ་འོངས་སློབ་དཔོན་


PKT001_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༡བ༽བརྒྱུད་འཛིན་ལ་གནོད་པའིཿ དམ་ཉམས་དགྲ་བོ་སྒྲོལ་བར་ཁས་བླངས་སོཿ སློབ་དཔོན་དགྲ་མནན་མི་འདྲ་བརྒྱ་རྩ་མཛདཿ མཐུ་གཏད་བུ་ལོན་བཞིན་དུ་བསྙེག་དུས་འབྱུང་ཿ བསྟན་པ་སྲུངས་ཤིག་ཕྱི་རབས་སྔགས་པ་རྣམསཿ སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིནཿ དགྲ་མགོ་ཡན་བར་བཏང་ན་དམ་ཚིག་ཉམསཿ ལྷ་འདྲེ་མ་རུངས་ཡིད་ཀྱི་གཟུགས་ཅན་ལཿ ཤ་ཡི་མི་ངན་མཐིལ་བརླུག་གཏོང་བྱེད་ནཿ སངས་རྒྱས་བསྟན་པ་དཀར་འཇམ་རྒྱས་པར་འགྱུརཿ སྔགས་པ་མཐུ་མེད་གྲོང་སྟོད་ཁྱི་དང་འདྲཿ སུས་བརྡུང་འདིས་བརྡུང་མེད་དེ་རྫས་མི་ཐུབཿ ལས་སུ་མཐུ་བསྒྲུབས་བྲན་དུ་ལྷ་འདྲེ་བཀོལཿ ནོར་དུ་རྫས་བསགས་མཚོན་དུ་ཀླུ་གཏད་རྒྱོབཿ སྲིད་དུ་ལིངྒ་ཆོས་ལ་མནན་པ་གྱིསཿ ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོནཿ གྲོགས་སུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གསོསཿ མཐུ་དང་ཆོས་སུ་ལྡན་པས་འགྲོ་དོན་གྱིསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སྲོག་བདག་གཟའ་ཀླུ་གསུམ་གྱི་མ་ཚང་དྲིས་པའི་ལེའུ་སྟེ་བརྒྱ་དང་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousསྲོག་བདག་གཟའ་ཀླུ་གསུམ་གྱི་མ་ཚང་དྲིས་པའི་ལེའུ། next