Nitartha Digital Library
Tibetan
ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

39 occurrences of འབངས་མི་
[Clear Hits]


 
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
 
 
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
 
 
  
 
  
  
 
  
  
 
  
  
  
  
  
  
  
  
  
  
  
  
 
 
 
 
མོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པའི་ལེའུ།
  


39 occurrences of འབངས་མི་
[Clear Hits]

 
previousམོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པའི་ལེའུ། next

མོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པའི་ལེའུ།


PKT001_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིསཿ ཨེ་མ་ཧོཿ ཡོན་ཏན་དུ་མས་བརྒྱན་པའི་པདྨ་འབྱུང་ཿ བསྐལ་པ་གྲངས་མེད་སངས་རྒྱས་མཛད་ཚུལ་བསྐྱངསཿ སྐྱེ་བ་དུ་མར་སྤྲུལ་པའི་སྐུ་རུ་བརྒྱུདཿ འདིར་འཁྲུངས་གོང་དུ་མཱ་རི་རཱ་ཛར་འཁྲུངསཿ འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙནཿ འཇམ་དཔལ་སྤྲུལ་པའི་ཞིང་ཁམས་འདི་རུ་དྲངསཿ བོད་བྱོན་མི་ལོ་བཅུ་གསུམ་སོང་ཙ་ནཿ བསྒྲགས་པ་ནམ་མཁའ་ཡེ་ཤེས་ཡབ་ཀྱི་མཚནཿ གནུབས་མོ་དགེ་བ་འབུམ་ཞེས་ཡུམ་གྱི་མཚནཿ ཤིང་མོ་བྱ་ཡི་ལོ་ལ་མཚོ་རྒྱལ་འཁྲུངསཿ མེ་མོ་བྱ་ཡི་ལོ་ལ་རྗེ་དང་མཇལཿ མི་བརྗེད་གཟུངས་ཐོབ་


PKT001_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༩ན༽ཆོས་རྣམས་སློབ་མ་དགོསཿ བརྒྱད་ཅུ་རྩ་ལྔའི་བར་དུ་ཞབས་ཏོག་བསྒྲུབསཿ སྤུ་གུ་ཕོ་མོ་གང་ཡང་བདག་ལ་མེདཿ དགེ་སློང་མ་ཡིན་འཁོར་བའི་སྐྱོན་མ་གོསཿ སྐུ་གསུམ་བླ་མ་པདྨ་འབྱུང་གནས་དེཿ བོད་ཁམས་ཡོངས་ལ་ཐུགས་རྗེས་ཁྱབ་པར་གཟིགསཿ རྗེ་འབངས་ཡོངས་ལ་བཀའ་དྲིན་ཆེ་བར་མཛདཿ རི་བྲག་ཐམས་ཅད་སྒྲུབ་གནས་བྱིན་གྱིས་བརླབསཿ སྐལ་ལྡན་རྣམས་ལ་ཆོས་ཀྱི་ཆར་པ་ཕབཿ ཤེས་རབ་ཅན་ལ་ཐེག་པ་མཐའ་དག་བསྟནཿ སྣོད་ལྡན་རྣམས་ལ་གདམས་ངག་རྫོགས་པར་གནང་ཿ མོས་གུས་ཅན་ལ་བྱིན་རླབས་ཉི་མ་ཤརཿ ལས་འཕྲོ་ཅན་ལ་མ་འོངས་ལུང་དུ་བསྟནཿ ཐུགས་རྗེ་ཕྱོགས་རིས་མེད་པའི་པད་འབྱུང་དེཿ རྔ་ཡབ་གླིང་དུ་སྲིན་པོ་འདུལ་དུ་བཞུདཿ དཔའ་བོ་མཁའ་འགྲོ་འདུ་བའི་ཚེས་བཅུའི་ཉིནཿ སྤྲིན་ནམ་འཇའ་ཚོན་བཞིན་དུ་མཁར་ལ་ཡལཿ མོས་གུས་ཅན་གྱིས་མཚོ་རྒྱལ་གང་དགར་བཞགཿ སྙིགས་མའི་སྐྱབས་མགོན་པདྨ་འབྱུང་གནས་བཞུདཿ འཛམ་གླིང་སྐྱབས་མེད་སེམས་ཅན་ཤུལ་དུ་བཞགཿ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་བཞུདཿ དད་གུས་ཅན་གྱི་མཚོ་རྒྱལ་ཤུལ་དུ་བཞགཿ ལྷ་མིའི་མཆོད་འོས་པད་འབྱུང་དགུང་ལ་ཡལཿ རྗེ་འབངས་དད་གུས་ཅན་རྣམས་ཤུལ་དུ་བཞགཿ འདི་ཕྱིའི་ར་སའི་སྡོང་པོ་སྲིན་ཡུལ་


PKT001_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༩བ༽བཞུདཿ རེ་ལྟོས་མེད་པའི་མཚོ་རྒྱལ་ཤུལ་དུ་བཞགཿ མེད་ཐབས་མེད་པའི་ཨུ་རྒྱན་པད་འབྱུང་བཞུདཿ ཀྱེ་མ་ཀྱེ་ཧུད་ཨུ་རྒྱན་རིན་པོ་ཆེཿ ཁྱོད་འདྲའི་སྤྲུལ་སྐུ་བཞུད་པ་ཅང་བདེན་ནམཿ བོད་དུ་བྱོན་ནས་གཏན་དུ་མི་བཞུགས་པརཿ ཡེ་ཤེས་རྟ་མཆོག་ཆིབས་པ་ཅང་བདེན་ནམཿ འཛམ་གླིང་རྒྱལ་པོའི་བླ་མཆོད་མི་མཛད་པརཿ བོད་ཡུལ་སྟོང་པར་བཞག་པ་ཅང་བདེན་ནམཿ ལོ་ཙཱ་རྣམས་ལ་མདོ་སྔགས་previous hit མི་གསུང་བརཿ རྗེ་འབངས ་ཕྱོགས་སུ་གྱེས་པ་ཅང་བདེན་ནམཿ ཆོས་ཀྱི་ཉིང་ཁུ་གསང་སྔགས་མི་གསུང་བརཿ མཚོ་རྒྱལ་སྟོང་ལོག་བྱེད་པ་ཅང་བདེན་ནམཿ ཉམས་ལེན་མཐར་ཐུག་རྫོགས་ཆེན་མི་གསུང་བརཿ གདམས་ངག་ཞུ་ས་མེད་པར་ཅང་བདེན་ནམཿ ཀྱེ་མ་ཀྱེ་ཧུད་ཨུ་རྒྱན་རིན་པོ་ཆེཿ གསལ་བྱེད་ཉི་མའི་བོད་ཀྱི་དཀྱིལ་འཁོར་ནུབཿ ཉོན་མོངས་གདུང་སེལ་ཆུ་ཤེལ་ཟླ་བ་འདསཿ དུག་ལྔའི་ནད་སེལ་སྨན་གྱི་སྡོང་པོ་བསྐམསཿ ཐུགས་རྗེ་ཉེ་རིང་མེད་པའི་ཕ་དེ་བཞུདཿ འཁོར་བའི་རྒྱ་མཚོ་སྒྲོལ་བའི་མཉན་པོ་འདསཿ མ་རིག་མུན་པ་སེལ་བའི་སྒྲོན་མེ་ཤིཿ ཐམས་ཅད་གསོལ་བ་འདེབས་པའི་རྟེན་དེ་མེདཿ སྣོད་ལྡན་སྨན་མཛད་དབང་གི་བུམ་པ་ཆགསཿ ཐེག་པ་ཀུན་ལ་མཁས་པའི་པད་འབྱུང་བཞུདཿ རང་སེམས་ཆོས་སྐུར་སྟོན་པའི་བླ་མ་བཞུདཿ སྡོམ་པ་གསུམ་གྱིས་བརྒྱན་པའི་བླ་མ་བཞུདཿ བླ་མ་ཁྱོད་ཀྱི་མཛད་པ་དྲན་ཙ་ནཿ མིག་


PKT001_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༠ན༽ནས་མཆི་མ་རང་དབང་མེད་པར་ཤོརཿ དབུགས་ཁར་མ་ཤོང་བྱང་ཁོག་སྟོད་དུ་བརྒྱངསཿ གྲོ་སྙིང་ཁོང་བར་མ་ཤོང་ཁ་རུ་འཚངསཿ རྐང་པ་ས་ལ་མ་ཚུགས་ཐང་ལ་འགྱེལཿ མཚོ་རྒྱལ་བསམ་པའི་སེམས་ལ་ཚུགས་ཐབས་མེདཿ ཀྱེ་མ་ཀྱི་ཧུད་སྙིང་ནས་བླ་མ་དྲནཿ མ་འོངས་སེམས་ཅན་དོན་དུ་མི་བཞུགས་པརཿ ཆོས་རྣམས་གཏེར་དུ་སྦེད་པའི་དུས་ཀྱང་བྱུང་ཿ སྐུ་གསུང་ཐུགས་ཡོན་འཕྲིན་ལས་དབེན་གནས་སུཿ སྒྲུབ་པའི་རྒྱལ་མཚན་བོད་དུ་མི་ཚུགས་པརཿ དབེན་གནས་སྟོང་པར་འཇོག་པའི་དུས་ཀྱང་བྱུང་ཿ སྐྱེ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་འདིཿ མ་ཁྲིད་བར་ནས་ཨུ་རྒྱན་པད་འབྱུང་བཞུདཿ མོས་གུས་ཅན་གྱི་བུ་སློབ་སྐྱོང་འཕྲོ་བཅདཿ ཀྱེ་མ་ཀྱི་ཧུད་ད་ནི་སུ་ལ་རེཿ ཨུ་རྒྱན་པདྨ་འབྱུང་བཞུད་པའི་དུས་ཀྱང་བྱུང་ཿ རྒྱལ་ཁམས་ཐམས་ཅད་ཕ་མེད་དྭ་ཕྲུག་གང་ཿ ཉིན་མཚན་མེད་པར་གདུང་བའི་སྐུ་ཡིས་འབོདཿ གུང་ཐང་ལ་ཀར་ཐམས་ཅད་རོ་བཞིན་འགྱེལཿ རྒྱུན་ཆད་མེད་པར་མཆི་མ་ཁྲག་ཏུ་འཛགཿ རྐང་པས་གར་ཕྱིན་དོན་མེད་ས་ལ་འགྱེལཿ བསྡད་པས་མ་ཚུགས་ཕྱིན་པས་དོན་མ་མཆིསཿ བསམས་པས་རྗེས་དྲན་ཉལ་བས་གཉིད་མ་བྱུང་ཿ གང་ལ་བསམས་ཀྱང་པད་འབྱུང་མེད་ཐབས་མེདཿ ཀྱེ་མ་ཀྱི་ཧུད་ཨུ་རྒྱན་རིན་པོ་ཆེཿ སྐྱེ་དམན་མཚོ་རྒྱལ་སྙིང་ནི་མི་རྗེའམཿ སྤྲིན་གྱི་གསེབ་ནས་བྱུང་བའི་རྟ་སྔོན་ཁྱོདཿ


PKT001_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༠བ༽བདག་གི་བླ་མ་གང་དུ་གདན་འདྲེན་ནཿ བར་སྣང་དཀར་དམར་ལྷ་དང་ལྷ་མོས་གང་ཿ ཨུ་རྒྱན་པད་འབྱུང་ནམ་མཁའི་དབྱིངས་སུ་གཤེགསཿ མཚོ་རྒྱལ་གདུང་བ་ཞི་བར་མ་གྱུར་ནསཿ སྨྲེ་སྔགས་གདུང་བས་ཕྱོགས་བཅུར་བོས་ལགས་ཀྱང་ཿ སྐད་ཅིག་ཙམ་ཡང་རྗེ་ཉིད་མ་བྱོན་ནཿ ས་སྟེང་འགྲོ་བ་མི་ཡི་གནས་འདི་ནཿ བདག་ལས་སེམས་པ་སྐྱོ་བ་སུ་ཞིག་ཡོདཿ བོད་ཀྱི་ས་གཞི་ཐམས་ཅད་སྟོང་པར་སོང་ཿ རྗེ་འབངས་བུ་སློབ་ཐམས་ཅད་ཆོ་ངེ་འདེབསཿ གང་དུ་ཕྱིན་ཀྱང་ཨུ་རྒྱན་པད་འབྱུང་དྲནཿ ཉིན་དྲན་མཚན་དྲན་ཅི་ལ་བསམས་ཀྱང་དྲནཿ བུད་མེད་ངན་མ་མཁར་ཆེན་མཚོ་རྒྱལ་གྱིསཿ གཞོན་ནུའི་དུས་ནས་སློབ་དཔོན་གཟུངས་མ་བྱསཿ བསམ་པ་རྙེད་ནས་བླ་མ་མིག་བཞིན་བསྟེནཿ དམ་ཚིག་གཙང་བས་ཆོས་རྣམས་མ་ལུས་གནང་ཿ ད་ལྟའི་དུས་ན་ཆོས་རྣམས་ཉམས་ལེན་བདེཿ རྒས་པའི་དུས་བྱུང་ཤི་ཡང་འགྱོད་མེད་བྱསཿ གུ་རུའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་ཿ མ་འོངས་སེམས་ཅན་མོས་གུས་རྟེན་ཙམ་ལཿ ལྷུན་པོའི་དྲུང་དུ་རི་ཕྲན་ཙམ་ཞིག་བཀོདཿ འདི་བཀོད་དགེ་བས་འགྲོ་དྲུག་སེམས་ཅན་རྣམསཿ ཨུ་རྒྱན་པད་འབྱུང་ཞབས་དྲུང་སྐྱེ་བར་ཤོགཿ སྐྱེས་ནས་གཞན་དོན་དཔག་མེད་འགྲུབ་པར་ཤོགཿ སྐྱེ་ཤི་གཉིས་སྤངས་ཁྱོད་ཀྱི་བྱིན་རླབས་ཀྱིསཿ བདག་གིས་སྨོན་ལམ་གང་བཏབ་འགྲུབ་པར་ཤོགཿ ཨུ་རྒྱན་གུ་རུ་པདྨ་


PKT001_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༡ན༽འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ མོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ


previousམོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པའི་ལེའུ། next