མཁྱེན་འབྲུག་ཁྲི་སྟོན་གྱི་ལེགས་སྦྱར།
ཨོཾ་སྭ་སྟི།
སྟོན་མཆོག་ལྷ་མིའི་མཆོད་འོས་ཤཱཀྱའི་ཏོག།
འགོག་ལམ་བདེན་པའི་ངོ་བོ་དམ་པའི་ཆོས།།
རིག་གྲོལ་ཡོན་ཏན་མཆོག་ལྡན་དགེ་འདུན་ཏེ།།
རིན་ཆེན་རྣམ་གསུམ་སྤྱི་བོའི་རྒྱན་དུ་བསྙེན།།
མདོ་རྒྱུད་མན་ངག་ཆུ་གཏེར་བྱེ་བའི་མཛོད།།
མཁས་དང་གྲུབ་པའི་གདེངས་ཅན་རོལ་བའི་གནས།།
མ་དྲོས་ཀླུ་དབང་རྒྱལ་བ་རྫོགས་ཆེན་པ།།
ཡབ་སྲས་རིག་འཛིན་བརྒྱུད་པས་དེང་འདིར་སྐྱོངས།།
སྙིགས་དུས་རྒུད་པའི་མུན་པ་སྟོབས་ལྡན་ཚེ།།
ཤིན་ཏུ་ཉག་ཕྲའི་བསྟན་སྲོག་གཉིས་པའི་དབུགས།།
འབྱིན་ལ་སྣང་བ་དམ་པའི་མཐུ་འཆང་བ།།
མཆོག་སྤྲུལ་ཟླ་གཞོན་གསར་པ་ཟུང་དེ་རྒྱལ།།
སླར་ཡང་སྨྲས་པ།
རྣམ་དག་ཚུལ་ཁྲིམས་རྩ་བ་རབ་ཏུ་བརྟན།།
མཆོག་ཏུ་མི་གཡོ་ཏིང་འཛིན་ཡལ་ག་རྒྱས།།
ཤེས་རབ་ཆེན་པོའི་འབྲས་བུ་ཡོངས་སྨིན་པ།།
མཚན་བཟང་སྐུ་ཡི་ལྗོན་པ་རྟག་བརྟན་ཤོག།
ཡང་དག་བསྟན་ལ་བྱི་དོར་བྱེད་པའི་ཚེ།།
མངོན་ལྐོག་འཚེ་བའི་རིག་སྔགས་མཐུ་བདོ་བར།།
གྲུབ་པའི་དྲང་སྲོང་ཚེ་འཛིན་དཔལ་གྱི་ལྷས།།
མཆོག་ཁྱེད་རྣམ་གཉིས་ནམ་ཡང་བསྲུང་གྱུར་ཅིག།
ཤེས་བྱ་རྣམ་པར་མཁྱེན་པའི་ཤེས་རབ་དང་།།
ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་བཅས།།
ཆེན་པོའི་དབུས་ན་མི་འཇིགས་སྨྲ་བའི་ཟླ།།
སྤོབས་པའི་གཏེར་ཆེན་འཇམ་དཔལ་དཔའ་བོས་བྱིན།།
མཁའ་མཉམ་མ་རྒན་འགྲོ་བ་བུ་བཞིན་དུ།།
སྙིང་རྗེ་ཆེན་པོའི་ཕྱག་གིས་ལེགས་བསྐྱང་ཞིང་།།
དམན་ལ་ལྷག་པར་བྱམས་པའི་ངང་ཚུལ་ཅན།།
བརྩེ་ཆེན་ཡེ་ཤེས་མིག་མི་འཛུམ་པས་སྩོལ།།
སྙིང་སྟོབས་མཆོག་ཏུ་མི་ཕྱེད་རྡོ་རྗེའི་ཐུགས།།
ཟབ་ཡངས་རྩེ་བརྒྱ་གདེངས་པའི་ཟིལ་རྔམས་དང་།།
ཞུམ་མེད་བརྟན་པའི་ཤུགས་སྟོབས་བཟོད་དཀའི་ཚུལ།།
མཐུ་སྟོབས་ནུས་པ་གསང་བའི་བདག་པོས་བྱིན།།
ཧ་ཅང་གདུལ་དཀའི་མི་བསྲུན་ནག་པོའི་སྡེ།།
མ་རུང་བདུད་ཀྱི་རུ་མཚོན་ཆེར་གཡོའི་ཚེ།།
རྩ་གསུམ་དགྲ་ལྷ་སྲུང་མའི་ཚོགས་བཅས་ཀྱིས།།
གཡུལ་རྒྱལ་ཤིས་པའི་བ་དན་ཁྱོད་ལ་སྩོལ།།
མཆོག་གམ་དམན་པའི་ཡིད་ཀྱི་རི་མོ་བློ་གྲོས་འཁྱོག་པོའི་ནགས་ཀློང་དུ།།
རྣམ་པར་འཕྱན་ཚེ་གཟུ་བོར་གནས་པའི་རྣམ་དཔྱོད་དྲང་པོའི་བརྡ་ཐབས་ཀྱིས།།
ལུགས་གཉིས་མཛད་དཀའ་འབུམ་གྱི་མཐར་སོན་ལམ་སྟོན་དམ་པ་བཤེས་ཀྱི་མཆོག།
དགོས་འདོད་ཀུན་འབྱུང་ནོར་བུའི་ཟླ་བོར་ཀུན་ལ་སྨན་པའི་མཆོག་ཏུ་ཤོག།
ཚེ་འདིར་ལུས་སྲོག་སྐྱེད་པའི་ཕ་དང་མ།།
རྟེན་འདིའི་རིན་ཐང་སྦྱིན་པའི་མཁན་སློབ་བཤེས།།
ཡང་གཅིག་མ་བརྗེད་ཐུགས་ཀྱི་མེ་ལོང་ལ།།
རྣམ་ཀུན་བྱི་དོར་རྗེས་དྲན་མེལ་ཚེ་མཛོད།།
དཔལ་གྱི་སེངྒེའི་རིར་གནས་དམར་སེར་ཁྱུ།།
ཟླ་གྲོགས་བྲལ་བའི་ངང་མོའི་ཚུལ་བཞིན་དུ།།
ཁྱོད་ལ་འཕྲེང་བའི་གདུང་བས་མ་བཟོད་པར།།
ཤིས་པའི་མེ་ཏོག་རྒྱང་ནས་ཡུན་དུ་འཐོར།།
མཁའ་ན་བཀྲ་ཤིས་བདུད་རྩིའི་ཆུ་འཛིན་དཀྲིགས།།
ས་ལ་བཀྲ་ཤིས་འདོད་རྒུ་གཡང་དུ་འཁྱིལ།།
བར་ན་བཀྲ་ཤིས་ཕུན་ཚོགས་རྣམ་ལྔ་འཛོམས།།
ཕྱོགས་དུས་བཀྲ་ཤིས་དགེ་བས་མཛེས་གྱུར་ཅིག།
ཅེས་མདོ་ཁམས་རྒྱལ་བ་རྫོགས་ཆེན་པའི་གཙུག་ལག་ཟུང་གི་ལྟེ་གནས་ཕོ་བྲང་ཁམས་གསུམ་ཟིལ་གནོན་གྱི་ཡང་སྟེང་གཟིམ་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་ནས་པདྨ་སྐལ་བཟང་དེས་སྦྱར་པའོ།།