Nitartha Digital Library
Tibetan
ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་ལྔ་པ།

0 occurrences of སྐྱབས་རྗེ་པདྨ་སྐལ་བཟང་གི་གསུང་།
[Clear Hits]


  
 collapse section
ཀུན་བཟང་བླ་མའི་ཞལ་ལུང་གི་ལྗགས་ཁྲིད་རིག་འཛིན་བརྒྱུད་པའི་ཐུགས་ཐིག ༼ཨེ༽
  
  
  
  
  
  
  
  
  
  


0 occurrences of སྐྱབས་རྗེ་པདྨ་སྐལ་བཟང་གི་གསུང་།
[Clear Hits]

 
previousཀུན་བཟང་བླ་མའི་ཞལ་ལུང་གི་ལྗགས་ཁྲིད་རིག་འཛིན་བརྒྱུད་པའི་ཐུགས་ཐིག ༼ཨེ༽no next

ཀུན་བཟང་བླ་མའི་ཞལ་ལུང་གི་ལྗགས་ཁྲིད་རིག་འཛིན་བརྒྱུད་པའི་ཐུགས་ཐིག ༼ཨེ༽

ད༽ཉིན་བཅུ་གཅིག་པར་༼འ༽སྐྱབས་འགྲོའི་ཆོས་ཁྲིད།

༼ཝཾ༽ཐུན་མིན་ནང་གི་སྔོན་འགྲོ་ལ་དྲུག

མཆོད་བརྗོད་སོགས་གསུངས་ནས།

ཨ༽མཚམས་སྦྱོར་གྱི་གདམས་ངག

སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་ཅིང་ཚེ་ལུས་འདིའི་སྟེང་ནས་མ་རྒན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ནུས་པ་ཅན་ཞིགསྟོབས་བཅུའི་སྟོབས་དང་ལྡན་པ། དབང་བཅུའི་དབང་ལ་མངའ་བརྙེས་པ། སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པར་བྱའོ་སྙམ་པའི་ཀུན་སློང་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་ཐམས་ཅད་ཀྱང་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་ཐུགས་ཉམས་སུ་བཞེས་པ་དང་ཆབས་ཅིག་དཔལ་སྤྲུལ་རིན་པོ་ཆེས། རང་སེམས་རང་ལ་མི་དཀར་ཐབས་མེད་ཀྱིས། །རང་བློ་རང་ལ་མི་དྲང་མི་སྲིད་ཀྱིས། །རང་དོན་སྙིང་པོའི་ལྷ་ཆོས་མ་བསྒྲུབས་ན། །རང་སྲིད་རང་གིས་བརླག་པ་མ་ཡིན་ནམ། །ཞེས་གསུངས་པ་ལྟར། དུས་སྙིགས་མའི་བསམ་སྤྱོད་གཡོ་སྒྱུས་མྱི་སེམས་བསླུས་ཏེ་རང་འདོད་སྒྲུབ་པའི་བསམ་སྦྱོར་ཕྱིན་ཅི་ལོག་པ་ཁོ་ནའི་དོན་དུ་རང་ཉིད་ཕུང་བའི་མི་དགེ་སྡིག་པའི་ས་བོན་བཏབ་ནས། འབྲས་བུ་མི་འདོད་སྣ་དགུ་རང་ཉིད་ཀྱིས་སྒྲུབ་པའི་གླང་རྒན་ས་ཕྱགས་རང་གི་སྐེ་མདོར་སྨིན་པའི་དཔེ་ལྟར། འཇིག་རྟེན་ཚེ་འདིའི་བྱ་བཞག་ཐམས་ཅད་བྱིས་པའི་རྩེད་མོ་དང་འདྲ་བ་འབའ་ཞིག་ཡིན་པ་ལ་བློ་ལོག་དགོས་པ་རེད། ཤིན་ཏུ་བསམ་པ་དཀར་མཁན་དྲིན་ཆེན་ཕ་མ་ཡིན་ཡང་རྨོངས་པའི་དབང་གིས་བཟང་པོའི་ལམ་སྟོན་མི་ཤེས་པས། རང་སེམས་རང་ལ་མི་དཀར་བ་དང་རང་བློ་རང་ལ་མི་དྲང་བ་མི་སྲིད་པ་ཡིན་པས། ལུས་རྟེན་འདིའི་ཐོག་ཏུ་དལ་འབྱོར་སྙིང་པོར་ལོན་པའི། རང་དོན་སྙིང་པོའི་ལྷ་ཆོས་སྒྲུབ་རྒྱུ་ལ་རང་ཐག་རང་གིས་མྱུར་དུ་མ་བཅད་ན། རང་སྲིད་རང་གིས་བརླག་པ་ལ་བསམས་ནས། བྱ་བ་བརྒྱ་སྟོང་ཁྲི་འབུམ་ཀྱི་ནང་ནས་དང་པོ་དམ་པའི་ལྷ་ཆོས་སྒྲུབ་རྒྱུ་འདི་མགྱོགས་དགོས་ནི་རེད། དེ་ལས་ཀྱང་ད་རེས་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་དམ་པའི་ཆོས་གསུངས་པའི་དུས་ཀྱི་བསྟན་ཞབས་འདི་ལ་སྐྱེས་ནས་སྒྲོན་མའི་བསྐལ་བ་བཟང་པོ་དང་འཕྲད་པ་ཡིན། སྒྲོན་བསྐལ་ཡིན་ཡང་གསང་སྔགས་གསུངས་པའི་ངེས་པ་མེད་པ་ཡིན་པས། ད་རེས་གསང་སྔགས་ཀྱི་ཆོས་གསུངས་པའི་སྐབས་ལ་ཁེལ་བ་འདི་ནི་ཆེས་ཤིན་ཏུ་སྐལ་བ་བཟང་པོའི་འབྲས་བུ་ཞིག་ཡིན། འདི་ནི་སྟབས་ལེགས་སྟེས་དབང་གིས་བྱུང་བ་མ་ཡིན་པ། སྔོན་བསགས་བསོད་ནམས་ཀྱི་དབང་གིས་བྱུང་བ་ཡིན་པས་ད་རེས་ཚེ་ལུས་གཅིག་གིས་འཚང་རྒྱ་བའི་ཐབས་ལ་འབད་དགོས། རང་ལ་འབད་པའི་བརྩོན་འགྲུས་དང་སྙིང་སྟོབས་ཤིག་ཡོད་ཀྱང་། ལམ་སྟོན་གདམས་ངག་མཛུབ་ཁྲིད་ཀྱིས་ཐུགས་རྒྱུད་དགོངས་པའི་བྱིན་རླབས་སྩོལ་མཁན་ཞིག་མེད་ན་འབྲས་བུ་འབྱིན་པ་མ་རེད། དེས་ན་ད་རེས་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་འདི་སྟོང་ཟད་མི་གཏོང་བར་དུས་ཚོད་སྐར་ཆ་ཡིན་ཡང་བརྩོན་ལེན་གྱིས་མི་ཚེའི་ཉི་མ་ཚད་ལ་བཙུགས་ཏེ་སྒྲུབ་པ་ཉམས་ལེན་བྱེད་རྒྱུ་ནི། ལོ་ཆེ་ཆུང་སུ་ལ་བལྟས་ན་སྔ་མི་དགོས་ཕྱི་སྐྱོན་ཆེ་ཚར་རེད། དེས་ན་འབྱུང་བ་དཀོན་ཞིང་མཇལ་བ་དེ་བས་ཀྱང་དཀོན་པ། ད་རེས་འུ་ཅག་གི་བགོ་སྐལ་དུ་གྱུར་བའི་གསང་ཆེན་སྙིང་པོའི་ཐེག་པ་ཀུན་བཟང་ཐུགས་ཀྱི་བསྟན་པ་འདི་ནི། ཆེན་པོ་བཞི་དང་ལྡན་པ་ཞིག་ཡིན་རེད། དེ་ཡང་ཆོས་སྐུའི་དུས་ན་ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུའི་དུས་ན་ལོངས་སྐུ་རྡོ་རྗེ་འཆང་ཆེན། སྤྲུལ་སྐུའི་དུས་ན་སྤྲུལ་སྐུ་ཤཱཀྱ་ཐུབ་པ་སྟེ་སྐུ་གསུམ་དབྱེར་མེད་པའི་སྟོན་པ་རྡོ་རྗེ་འཆང་གིས་ཞལ་ནས་གསུངས་པའི་བཀའ་ཡི་ཆེ་བ། མཁས་པ་འཇམ་དཔལ་བཤེས་གཉེན་དང་པཎ་ཆེན་བཱི་མ་མི་ཏྲ་རྒྱལ་བ་ཀློང་ཆེན་པ་ལ་སོགས་པའི་གནས་ལྔ་རིག་པའི་པཎ་ཆེན་རྣམས་ཀྱིས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ཚད་མ་གསུམ་གྱི་སྲང་ལ་བཞག་ནས་ལུང་དང་རིགས་པས་གཏན་ལ་དབབ་པའི་ཆེ་བ། རིག་འཛིན་ཤྲཱི་སེང་ཧ་དང་སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ནས་ལྷག་མེད་འཇའ་ལུས་རྡོ་རྗེའི་སྐུ་མཆོག་བརྙེས་པ་ལ་སོགས་ཉམས་མྱོང་གྲུབ་པའི་ཆེ་བ། སྟོན་པ་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ་བདག་ཅག་གི་འདྲེན་མཆོག་བླ་མ་དམ་པའི་བར་དུ་བརྒྱུད་པ་ཟམ་མ་ཆད་པ་ཡིན་པས་ན་རིག་འཛིན་བརྒྱུད་པའི་ཆེ་བ་སྟེ་ཆེ་བ་བཞི་དང་ལྡན་པ་ཞིག་ཡིན། དེ་ལྟ་བུའི་ཆོས་ཟབ་མོ་འཆད་ཉན་བྱེད་པའི་སྐལ་བ་དང་ལྡན་པའི་དུས་འདི་ལེ་ལོ་དང་ཕྱི་བཤོལ་སོགས་ཀྱིས་རང་མགོ་རང་གིས་མི་གཡོག་པ། ཚིག་རྣ་བས་ཉན། དོན་ཡིད་ཀྱིས་བསམ། བསམ་དོན་རྒྱུད་ཐོག་ཏུ་འདྲེས་པར་བྱས་ནས་ཉམས་སུ་ལེན་དགོས། རང་རེ་འདིར་ཡོད་ཚང་མ་མྱི་སྣ་འདྲ་མིན་སྣ་ཚོགས་རེད། དེའི་ནང་གི་སྐྱེ་བོ་མི་ནག་པ་སྐྱེས་པ་ཞིག་ལ་མཚོན་ན། དུས་རྒྱུན་པ་རྣམ་དྲུག་ནངས་བ་མོའི་ལྷམ་བྱས། ནུབ་སྐར་མའི་ཞྭ་བྱས། ཕྱུགས་ཟོག་སེམས་ཅན་འཚོ་རྫི་གསོ་སྐྱོང་ཁོ་ན་བྱེད་མདོག་བྱས་ནས། གཅིག་གཉིས་སུ་ཨེ་འགྱུར། གསུམ་སོང་ན་བཞི་རུ་ཨེ་འགྱུར་བསམ་ནས་སྡུག་སྡིག་པ་གཉིས་དང་འགྲོགས། མནའ་ཟོས། ཁྲེལ་སྣོགརྒྱུག་རྒྱུགའདུར་འདུར། བསགས་བསགས། སྣོག་སྣོག་པའི་མཐར། ཡང་ན་གངས་ཞོད་མུག་དགྲ་ཆེན་པོ་ཞིག་གམ། མིན་ན་ཕྱུགས་ནད་གོད་ཁ་ཞིག་གིས་ལོ་རེ་ལོ་གཉིས་མི་སྐྱོན་པའི་ཕྱུགས་ཟོག་རྣམས་ཀྱང་སྒོ་ནག་བུད་འགྲོ་བའམ། ཡང་ན་ཚོང་ཞིག་ལ་ཨེ་དྲག་བལྟས་ནས་དེ་ལ་དོན་གཉེར་བྱས་ཀྱང་། གཞན་ལ་བལྟས་པ་དང་ཉན་པ་ལྟ་བུ་ཞིག་ཅི་ལ་ཡིན་དེ་ཡང་ཀུན་ཀྱིས་འགྲུབ་དཀའ། ཇག་གཅོད་ན་ཡང་དེ་ཡང་སླ་མོ་ཞིག་མིན་ཏེ་རྒྱུ་རེའི་རྒྱབ་ཏུ། བདག་པོ་ཤྭ་ཁྱི་འདྲ་ཞིག་རྗེས་ན་ཡོད་ཅིང་། རྒྱལ་ཁྲིམས་ཉི་ཟླ་འདྲ་ཞིག་ཀླད་ན་ཡོད་ན། རྒྱུ་འབྲས་རྒྱ་ལམ་འདྲ་ཞིག་སྔོན་ན་ཡོད་ངེས་རེད། རྐུ་བྱེད་ན་དེ་བས་ཀྱང་ཇེ་སྡུག་ཇེ་ཐ་འགྲོ་སྟེ་མི་གསོན་པོའི་ལག་ནས་རྒྱུ་དྲོན་པོ་གཅོད་རྒྱུ་བོ་དཀའ་མོ་ཞིག་རེད། སྡིག་ལས་དང་སྡིག་སེམས་འཆང་བའི་རྣམ་སྨིན་ནི་གཅིག་མི་ལྷག་གཉིས་མི་ཆད་ནས་རང་གི་མགོ་ཐོག་འོང་ཤག་ཤག་རེད། བུད་མེད་རྣམས་ལ་མཚོན་ན་མ་འབྲི་དྲིན་ཅན་རྣམས་རྒས་སོ་ཆད་ཀྱི་བར་བཞོས་བཞོས། བེའུ་རྟོ་ལེ་སོགས་མཆུ་བཅིངས་ནས་བསད་པ་མིན་རུང་བསད་པ་དང་འདྲ་བའི་མ་འོ་དྲོན་མོ་དེ་ཁ་མིད་པའི་བར་ནས་འཕྲོག་ནས། མཆོད་མེ་ཀོང་བུ་གང་ཡིན་རུང་སེར་སྣ་བྱས་ཏེ་མར་གསོག་མདོག་བྱས་ཀྱང་། དཔྱིད་ཟླ་གསུམ་ལ་ཐུག་དུས་ཟས་སྤར་ར་སྣེ་གསུམ་ཐོ་མི་ཐུག་པ་ཡང་གང་མང་མང་ཡོད། ཁྱད་པར་ཤྭ་དུད་ཆང་གསུམ་གྱིས་མྱི་ཚེ་གཅོད་ཀྱིན་འདུག་པའི་མི་ངན་མདོ་ཤོར་གྱི་སྐྱེས་པ་ཞིག་ཁྱིམ་ལ་ཡོད་ན་ནི་མྱུར་དུ་བརླག་ནས་ཁྱིམ་ཚང་གི་བྱ་བ་མཐར་གྱེན་ལ་འགྲོ་མི་སྟེར། ཡིན་ན་ཡང་འཇིག་རྟེན་ཁྱིམ་པའི་ལས་ཀ་ནི་ཉིན་མ་རེ་རེ་བཞིན་ཨ་ལས་ཡང་ལས། དེ་རིང་ལས་རྒྱུ་སང་ཉིན། སང་ཉིན་ལས་རྒྱུ་གནངས་ཉིན། ད་ལོའི་རྒྱབ་ནས་སང་ཕོད། ནད་ན་ཚ་ཡོད་ཀྱང་བསྟེན་དབང་མེད་པའི་སྐྱེས་ཕོ་མོ་རྒས་གཞོན་ཐམས་ཅད་མི་ཁོམས་མི་ལོ་ནས་ཚེ་ཟད་ཁི་ཡོད་ན། མདོར་ན་ཁྱོས་མི་ལོ་བརྒྱར་ལས་ཡོད་ཀྱང་དོན་ཁེ་རུ་མ་ཞིག་འགྲུབ་མེད། ཤི་ཁ་སྐལ་མེད་ལག་སྟོངས་འགྲོ་དུས་སྡུག་སྡིག་པ་གཉིས་པོ་སྒེར་སྡུག་ཡིན། དེས་ན་རང་གཞན་གཉིས་ཀ་ལ་ཚེ་འདི་ཕྱི་ཀུན་ཏུ་ཕན་ངེས་པ་ནི་དམ་པའི་ལྷ་ཆོས་ཡིན་པས་སྒྲུབ་དགོས། གྲྭ་བ་སེར་མོ་བ་རྣམས་ལ་མཚོན་ན། ཁྱིམ་ཕ་མས་ཆུང་དུས་ནས་ངའི་བུ་གྲྭ་ས་གྲྭ་གདན་ལ་བཞག་ཡོད་བསམ། ཁ་ལ་ཟ་མ་བྲ་རྒྱབ་ལ་གྱོན་མ་བྲ་བའི་ནང་གི་གཅེས་གཅེས་བཟང་བཟང་བོ་ཐམས་ཅད་བུ་དེ་རྣམས་ལ་སྤྲད་ཁི་ཡོད། དེ་རྣམས་ལ་རེ་བའི་ཚོད་ཀྱི་འབད་པ་ཞིག་མ་བྱུང་ན་མི་ཕན། ལར་དགོན་པ་གང་ཡིན་ན་དེང་སྐབས་བསྟན་པའི་ཉམས་རྒུད་སོར་མ་ཆུད་པའི་སྐབས་དང་ཁེལ་བས་ཁང་པ་སྟོང་པ་ཁ་ཤས་ནང་། ཕོ་གསར་མྱི་རྒོད་ཁ་ཤས་བཙུད་བཞག་ན། སྤང་བླང་དགེ་སྡིག་གི་གནད་རང་གིས་མི་ཤེས། དེ་ཡང་བསླབ་མི་མེད་ན་ཅི་ལ་ཤེས། བསླབ་མི་ཡོད་བཞིན་མཐར་ཐུར་དུ་འགྲོ་མཁན་གང་མང་མང་རེད། ཁ་ཡར་འཁོར་ས་མེད་དུས་ཐུར་ལ་མི་འཁོར་ཐབས་མེད་ལ་ཐུག་སོང་བ་རེད། ཁ་འབག་ས་སྡིག་པའི་གྲོགས་པོས་ཐུར་ལ་འདྲུད་དུས་དྲིན་ཕ་མས་རེ་བ་སྟོང་ཟད་རེད་པ་མང་། བཟང་ཤོས་རྣམས་ཀྱིས་སེར་གོས་མ་ཕུད་རུང་སྐྱ་སེར་གཉིས་ཀའི་གོ་ཆོད། ཁ་གསོ་རྒྱབ་འགེབ་ཀྱི་ལག་ཆ་ཞིག་རེད་སོང་དུས་ཕན་ཆེན་པོ་ཞིག་ག་ལ་ཡོད། ས་ཆ་འདི་ཕྱོགས་ལ་མཚོན་ན་གདན་ས་ཆོས་འཁོར་ཆེན་པོའི་ཤུལ་རེད། མཁན་སྤྲུལ་སྡེ་སྣོད་འཛིན་པ་ཡང་གང་མང་མང་ཡོད་ས་རེད། ཤྭ་བ་ངན་ན་རྟ་རྒྱབ། །རི་བོང་ཚོ་ན་རྟ་ཕྱེད། །ཟེར་བ་ལྟར་འདྲ་མ་རེད། ད་ལྟའི་འདི་བཞིན་མུ་མཐུད་ནས་བར་ཆད་འདྲ་མ་བྱུང་ན། མ་འོངས་རིས་སུ་མ་ཆད་པའི་བསྟན་པ་སྤྱི་ཡི་མིག་ལྟོས་ཤིག་ལ་འགྱུར་རྒྱུའི་གདེང་ཚད་མེད་པ་མིན། མི་རྟག་འཆི་བ་ཟེར་བ་ཐོག་ལ་ཐོན་དུས་གྲྭ་བ་མི་དགོས་བླ་མས་མགོ་མི་ཐོན་པར་གཙང་བླ་རྟ་ནག་ཅན་ལ་བལྟས་ན་ཤེས། དེས་ན་ཆོས་རྣམ་པར་དག་པ་ཞིག་ད་ནས་སྒྲུབ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲོགས་བྱས། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་དམ་པ་གོང་མའི་རྗེས་སུ་སློབ་དགོས་ངེས་རེད། དམ་པ་གོང་མའི་རྣམ་ཐར་དེ། རྗེས་འཇུག་སློབ་མའི་ཉམས་ལེན་དུ་བཟུང་ནས་ཆོས་ཞུས་པ་དེ་གོ་བ་དཔེ་ཐོག་གདམས་པ་ཡུལ་ཐོག་དུ་མ་ལུས་པ་ཞིག་གི་ཐོག་ནས་ཉམས་སུ་ལེན་དགོས་པ་ནམ་དང་ནམ་དུ་ཞུས་བཞིན་པ་ཡིན། ཤིན་ཏུ་དོན་དང་ལྡན་པ་ལ། །ལན་གཅིག་ལན་གཉིས་གདབ་པར་བྱ། །ཞེས་གསུངས་པ་ལྟར་རོ། །སྐབས་སུ་བབ་པ་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། གཉིས་པ་ཐུན་མིན་ནང་གི་སྔོན་འགྲོ་ལ། ཐུན་མོང་ཕྱི་ཡི་སྐྱབས་འགྲོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་སངས་རྒྱས་དང་། ཐེག་ཆེན་ལུང་དང་རྟོགས་པའི་ཆོས། བྱང་སེམས་འཕགས་པའི་དགེ་འདུན་ཏེ་དཀོན་མཆོག་གསུམ་པོ་དེ་གཙུག་གི་ཐོད་བཞིན་དུ་སྤྱི་བོར་མཆོད་དེ་ཁུར། ནང་གི་སྐྱབས་འགྲོ་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ་རྩ་གསུམ་དངོས་སུ་གྲུབ། དོན་གྱི་སྐྱབས་འགྲོ་རྩ་དག་པ་སྤྲུལ་སྐུ། རླུང་དག་པ་ལོངས་སྐུ། ཐིག་ལེ་དག་པ་ཆོས་སྐུ་སྟེ་དག་པ་མངོན་གྱུར་གྱི་སངས་རྒྱས་སྐུ་གསུམ་མངོན་དུ་བྱས་པ། མཚུངས་མེད་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་ཞེས་མདུན་བསུས་ནས། སྤྱི་དོན་གཉིས་པ་ཐུན་མིན་ནང་གི་སྔོན་འགྲོ་ལ། ལམ་ཐམས་ཅད་ཀྱི་རྨང་རྡོ་སྐྱབས་སུ་འགྲོ་བ། ཐེག་པ་ཆེན་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། མཐུན་རྐྱེན་ཚོགས་བསགས་པ་མཎྜལ། བདུད་བཞི་གཅིག་ཆར་དུ་གཅོད་པ་ཀུ་སཱ་ལིའི་ཚོགས་བསགས། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བྱ་བའི་ཐབས་ཀྱི་མཐར་ཕྱིན་པ་བླ་མའི་རྣལ་འབྱོར་དང་དྲུག དང་པོ་ལམ་ཐམས་ཅད་ཀྱི་རྨང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་ལ། མདོ་སྔགས་ཀྱི་ལམ་ཐམས་ཅད་ཀྱི་སྔོན་ལ་སྐྱབས་འགྲོ་འདི་ཉིད་མ་སོང་ཐབས་མེད་ཡིན། ནང་པ་སངས་རྒྱས་པའི་ཁྱུ་རུ་ཞུགས་ནས་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་ཅིག་རྒྱུད་ལ་བརྟེན་དགོས་ན། དེའི་རྟེན་དུ་ཏིང་ངེ་འཛིན་ཞིག་ངེས་པར་སྒོམ་དགོས་ཏེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་པ་བཞིན་དུ། དེའི་རྟེན་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་དགོས། ཚུལ་ཁྲིམས་བླངས་དགོས་ན། དང་པོ་སྐྱབས་འགྲོ་རྩོམ་བྱེད་མེད་དུ་མི་རུང་བ་ཡིན་ཏེ། ཇི་སྐད་དུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་པ་ལ་མེད། །ཅེས་གསུངས་པ་ལྟར་ཡིན། །སྐྱབས་འགྲོའི་ངེས་ཚིག་ནི། རང་གཞན་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས། ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འཛིན་པར་ཁས་བླངས་ནས་དམ་བཅའ་བ་ཡིན། དཔེར་ན་བྱིས་པ་ཁྱིས་དེད་པ་མི་ཆེན་པོ་ལ་སྐྱབས་སུ་འགྲོ་བ་དང་འདྲ། ཁྱད་པར་ཐེག་པ་ཆེན་པོའི་ལུགས་ལ་སྲིད་ཞི་གཉིས་ཀའི་མཐའ་ལ་འཇིགས་ནས་སྐྱབས་སུ་འགྲོ་བ་ཡིན། སྐྱབས་འགྲོའི་རྒྱུ་ནི་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང་། སྐྱབས་ཡུལ་མཆོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་གཉིས་ཀྱིས་གཞི་བཟུང་དགོས་པ་ཡིན། འདིར་སྐྱབས་འགྲོ་ལ། སྐྱབས་འགྲོའི་དབྱེ་བ། སྐྱབས་སུ་འགྲོ་ཚུལ། ཕན་ཡོན་དང་བསླབ་བྱ་བསྟན་པ་དང་གསུམ་ལས།

༼༡སྐྱབས་འགྲོའི་དབྱེ་བ།

དང་པོ་ནི་སྤྱིར་ཆོས་སམ་ལམ་ཐམས་ཅད་ཀྱི་སྒོ་དབྱེ་བ་སྐྱབས་འགྲོ་ཡིན་ལ། སྐྱབས་འགྲོའི་སྒོ་དབྱེ་བ་ནི། དད་པ་ཡིན་པས་སྐྱབས་སུ་འགྲོ་བའི་དང་པོར་རྒྱུད་ལ་དད་པ་བརྟན་པོ་ཞིག་སྐྱེ་བ་གལ་ཆེ། དད་པ་དེ་ལའང་ནང་གསེས་ཀྱིས་དབྱེ་བ་ཕྱེ་ན་ཀུན་མཁྱེན་ཆོས་རྗེས་ཡིད་བཞིན་མཛོད་ལས། འདོད་པའི་དད་པ། །མོས་པའི་དད་པ། གུས་པའི་དད་པ། དང་བའི་དད་པ། ཡིད་ཆེས་པའི་དད་པ། ངེས་ཤེས་སེམས་པའི་དད་པ་དང་དྲུག་གསུངས་ཀྱང་བསྡུས་ན་དབྱེ་བ་འདི་གསུམ་ཡོད་དེ། དཔེར་ན་དང་བའི་དད་པ་བུ་ཆུང་གིས་མ་མཐོང་བ་ལྟ་བུ། འདོད་པའི་དད་པ་བཀྲེས་པས་ཟས་འདོད་པ་ལྟ་བུ་། ཡིད་ཆེས་པའི་དད་པ་ཐི་བྱ་ཚང་ལ་ཞུགས་པ་ལྟ་བུ་དང་གསུམ་ཡོད། དང་པོ་དང་བའི་དད་པ་ཞེས་བྱ་བ་ནི། རྒྱུ་མཚན་ཆེན་པོ་ཤེས་མི་དགོས་ལ། རྒྱལ་བའི་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་པའི་གཙུག་ལག་ཁང་ལྟ་བུར་ཕྱིན་པའམ། ཡུལ་རྒྱལ་བའི་སྐུ་གཟུགས་དང་། ཆོས་པུ་ཏི་དང་། དགེ་འདུན་པ་ན་བཟའ་དམར་སེར་གྱི་ལྷན་པ་གྲུ་བཞི་ཡན་ཆད་ཀྱི་རྟགས་འཆང་བ་དང་། ཁྱད་པར་བླ་མ་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་རྣམས་བཞུགས་པའི་ཞལ་མཇལ་བའམ། དེ་དག་གི་ཡོན་ཏན་དང་རྣམ་ཐར་ཐོས་པ་ལྟ་བུའི་རྐྱེན་གྱིས་འཕྲལ་ལ་ཐུགས་རྗེ་མ་ཆུང་སྙམ་དུ་སེམས་དང་བ་འདྲེན་ནས་དད་པ་སྐྱེས་པ་དེ་ལ་དང་བའི་དད་པ་ཞེས་བྱ། འདོད་པའི་དད་པ་ནི། འཁོར་བའི་ཉེས་དམིགས་དང་ངན་སོང་གི་སྡུག་བསྔལ་ལ་སོགས་པ་ཐོས་ནས་དེ་དང་བྲལ་འདོད་སྐྱེ་བ། མཐོ་རིས་དང་ཐར་པའི་ཕན་ཡོན་དང་བདེ་བ་ཐོས་ནས་དེ་ལ་ཐོབ་འདོད་སྐྱེ་བ། དགེ་བའི་ཕན་ཡོན་ཐོས་ནས་དགེ་བ་དེ་ལ་སྒྲུབ་འདོད། སྡིག་པའི་ཉེས་པ་མཐོང་ནས་སྡིག་པ་དེ་ལ་སྤོང་འདོད་སྐྱེ་བ་རྣམས་ཡིན། ཡིད་ཆེས་པའི་དད་པ་ནི། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཡོན་ཏན་དང་བྱིན་རླབས་ཐུན་མོང་མ་ཡིན་པ་ཤེས་ནས། སྙིང་ཐག་པ་ནས་དཀོན་མཆོག་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ་འདི་ལ་རྒྱུ་མཚན་ཤེས་དགོས། དུས་དང་གནས་སྐབས་ཐམས་ཅད་དུ་མི་བསླུ་བའི་སྐྱབས་སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། སོགས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཡོན་ཏན་ཤེས་དགོས། ཁྱད་པར་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་དེ་ཉིད་ཡིན་པར་མི་བསླུ་བར་ཤེས་ནས། སྐྱིད་རུང་སྡུག་རུང་ན་རུང་ཚ་རུང་ཤི་རུང་གསོན་རུང་། ལས་ཅི་བྱུང་ཡང་སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ་པོ་མཁྱེན་སྙམ་པ་མ་གཏོགས། བློ་གཏད་དང་རེ་ལྟོས་གཞན་ན་མེད་པར་ཡིད་ཁྱེད་ཤེས་ཀྱི་དད་པ་དང་ལྡན་པ་ལ་ཡིད་ཆེས་པའི་དད་པ་ཡིན། འགྱུར་ལྡོག་མེད་པའི་དད་པ་རི་རྒྱལ་ལྟ་བུ། འཕེལ་འགྲིབ་མེད་པའི་དད་པ་ཉི་མ་ལྟ་བུ། ཁ་གཏིང་མེད་པའི་དད་པ་རྒྱ་མཚོ་ལྟ་བུ། བྱས་ཡུས་མེད་པའི་དད་པ་མ་ལྟ་བུ། མཐའ་དབུས་མེད་པའི་དད་པ་ནམ་མཁའ་ལྟ་བུ། ཐང་ལྷོད་མེད་པའི་དད་པ་གཞུ་བདུང་བའི་རྒྱུད་ལྟ་བུ། གཞན་གྱིས་བསྒྱུར་རམ་བཀའ་བཀྱོན་ལ་སོགས་པའི་རྐྱེན་གྱིས་མི་འཕྲོག་པའི་དད་པ་ནམ་མཁའ་ལྟ་བུ། སྐྱོ་དུབ་མེད་པའི་དད་པ་གྲུ་ཟམ་ལྟ་བུ། རྒྱུན་ཆད་མེད་པའི་དད་པ་ཆུ་བོའི་གཞུང་ལྟ་བུ། གུས་ཤིང་མཉེན་ལྕུག་དང་ཞེ་སས་བརྒྱན་པའི་དད་པ་དར་ཐག་ལྟ་བུ་དགོས་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་གསུངས། དད་པ་ནི་ཞིང་ས་གཤིན་པོ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་འཁྲུངས་ཤིང་དེའི་རྐྱེན་གྱིས་སངས་རྒྱས་པ་ཡིན། དད་པ་ནི་རྒྱ་མཚོའི་གཟིངས་ལྟ་བུ་ཡིན་ཏེ་འཁོར་བའི་ཆུ་བོ་ལས་སྒྲོལ་བ། དད་པ་ནི་སྐྱེལ་མ་བཟང་པོ་དང་འདྲ་ཏེ་ཉོན་མོངས་ཀྱི་དགྲ་ལས་སྐྱོབ་པ། དད་པ་ནི་བཞོན་པ་བཟང་པོ་དང་འདྲ་སྟེ་ཐར་བའི་གླིང་དུ་འདྲེན་པ། དད་པ་ནི་ནོར་བུ་དང་འདྲ་སྟེ་འདོད་པའི་རེ་བ་ཐམས་ཅད་འགྲུབ་པ། དད་པ་ནི་དཔའ་བོ་དང་འདྲ་བར་མི་དགེ་བ་ཚར་གཅོད་པའོ། །ཞེས་གསུངས་པ་ཡིན་ནོ། །དེས་ན་དད་པ་ནི་ཆོས་དཀར་པོའི་ཡོན་ཏན་ཐམས་ཅད་སྐྱེད་པའི་ས་བོན་ལྟ་བུ་ཡིན་པས། དད་པ་མེད་ན་ས་བོན་མེས་ཚིག་པ་དང་འདྲ་སྟེ། མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་མོ་ཇི་བཞིན་ནོ། །ཞེས་གསུངས། དེ་བཞིན་དུ་དད་པ་ནི་འཕགས་པའི་ནོར་དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ཤེས་རབ་ཆེ་བ་སྟེ་བདུན་གྱི་གཙོ་བོ་ཡིན་ཏེ། དད་པའི་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །ཞེས་པ་ལྟར་ཡིན་པས་ཐར་བའི་ལམ་དུ་བགྲོད་པའི་གཅེས་པའི་ནོར་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དད་པ་ཡིན་པ་དང་། དེ་བཞིན་དུ་ས་དང་ལམ་གྱི་ཡོན་ཏན་མི་ཟད་པའི་འབྱུང་གནས་ཀྱང་དད་པ་ཡིན་པས་ན་གཏེར་ལྟ་བུ་སྟེ། དད་པས་སྣ་དྲངས་པའི་བསོད་ནམས་ནི་བསམ་གྱི་མི་ཁྱབ་པ་ཟད་པ་མེད་པ་ཞིག་ཡིན་པ་དང་། ཐར་པའི་ལམ་དུ་འགྲོ་བ་ལ་མེད་ཐབས་མེད་པའི་རྐང་པ་ལྟ་བུ་དང་། དགེ་བའི་ཆོས་ཐམས་ཅད་རང་རྒྱུད་ལ་སྡུད་པའི་ལག་པ་ལྟ་བུ་ཡང་ཡིན་ཏེ། དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་གསུངས། དེས་ན་དཀོན་མཆོག་གསུམ་ལ་ཐུགས་རྗེ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། དེ་རང་རྒྱུད་ལ་འཇུག་པར་བྱེད་པ་ནི་དད་པ་དང་། མོས་གུས་ཁོ་ན་ལ་རག་ལས་པ་ཡིན་པས་ན། རང་ལ་དད་པ་དང་མོས་གུས་རབ་ཅིག་ཡོད་ན་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ཡང་རབ་ཅིག་འཇུག དེ་བཞིན་དུ་དད་པ་དང་མོས་གུས་འབྲིང་ཞིག་ཡོད་ན་བྱིན་རླབས་དང་ཐུགས་རྗེ་ཡང་འབྲིང་ཞིག་འཇུག དད་པ་དང་མོས་གུས་ཐ་མ་ཞིག་ལས་མེད་ན། བྱིན་རླབས་ཐུགས་རྗེ་ཅུང་ཟད་ལས་མི་འཇུག་ཅིང་། དད་པ་དང་མོས་གུས་རྩ་བ་ནས་མེད་ན་བྱིན་རླབས་དང་ཐུགས་རྗེ་གཏན་ནས་མི་འཇུག་པ་ཡིན། རང་ལ་དད་པ་མེད་ན་སངས་རྒྱས་དངོས་དང་མཇལ་ནས་རྗེས་སུ་བཟུང་ཡང་མི་ཕན་ཏེ། སྔར་བཤད་པའི་དགེ་སློང་ལེགས་བའི་སྐར་མའི་ལོ་རྒྱུས་དང་། བཅོམ་ལྡན་འདས་ཀྱི་གཅུང་ལྷས་བྱིན་ལ་སོགས་པ་ལྟ་བུ་ཡིན། སྙིང་ཐག་པ་ནས་དད་པ་དང་མོས་གུས་ཡོད་ན་ད་ལྟ་ཡང་གང་གིས་གསོལ་བ་འདེབས་པའི་གང་ཟག་དེའི་དྲུང་ན་རྒྱལ་བ་ཉིད་དབྱེ་བ་མེད་པར་བཞུགས་ནས་གང་ཟག་དེའི་རྒྱུད་བྱིན་གྱིས་རློབ་པར་འགྱུར་བ་ཡིན་པས། སངས་རྒྱས་ཀྱི་ཐུགས་རྗེ་ལ་ཕྱོགས་རིས་དང་ཉེ་རིང་མེད་དེ། ཇི་སྐད་དུ། གང་གིས་མོས་པས་ཡིད་བྱེད་པ། །དེ་ཡི་མདུན་དུ་ཐུབ་པ་བཞུགས། །དབང་བསྐུར་བྱིན་གྱིས་བརླབ་པར་འགྱུར། །ཞེས་དང་། ཨོ་རྒྱན་ཆེན་པོས། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ། །པད་འབྱུང་གང་དུའང་མ་བཞུད་སྒོ་ཉལ་ཡོད། །ང་ཡི་ཚེ་ལ་འདས་གྲོང་ཡོད་མ་ཡིན། །དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ། །ཞེས་གསུངས། རང་ལ་ཡིད་ཆེས་ཀྱི་དད་པ་ཐེ་ཚོམ་དང་བྲལ་བ་ཞིག་ཡོད་ན་སངས་རྒྱས་ཀྱི་ཐུགས་རྗེ་གདུལ་བྱའི་ངོར་གང་དུ་ཡང་འཇུག་པ། དད་པ་ཡོད་ན་རྒན་མོ་ཁྱི་སོས་སངས་རྒྱས་ཟེར་བ་ཡིན་ཏེ། སྔོན་རྒན་མོ་མ་བུ་གཉིས་ཡོད་པའི་བུ་ཡང་དང་ཡང་རྒྱ་གར་དུ་ཚོང་ལ་འགྲོ་བ་ལ་མ་རྒན་གྱིས་རྒྱ་གར་རྡོ་རྗེ་གདན་ནི་རྫོགས་པའི་སངས་རྒྱས་གང་དུ་བྱོན་ཞིང་སངས་རྒྱས་པའི་ཡུལ་ཡིན་པར་འདུག་པས། ཁྱོད་ཀྱིས་རྒྱ་གར་ནས་ང་རང་ལ་དད་པའི་ཕྱག་འཚལ་བའི་རྟེན་ཁྱད་པར་ཅན་ཞིག་ཁྱེར་ཤོགཅེས་ལན་མང་པོར་སྨྲས་ཀྱང་བུས་བརྗེད་ནས་རྟེན་ཁྱེར་རྒྱུ་མ་ལོན། སྐོར་ཅིག་ཡང་བུ་རྒྱ་གར་དུ་འགྲོ་བའི་ཚེ་ད་རེས་ང་རང་ལ་ཕྱག་འཚལ་བའི་རྟེན་ཞིག་ལོན་མ་འོང་ན་ང་ཁྱོད་རང་གི་སྔོན་དུ་ལྕེབས་ནས་འཆིའོ་ཟེར་བ་ལ། བུ་རྒྱ་གར་དུ་ཡང་ཚོང་ལ་ཕྱིན་ཚོང་བྱས་ནས་སླར་ལྡོག་གི་བར་དུ་བརྗེད་ངེས་ཆེ་བས་བརྗེད། ཁྱིམ་དུ་སླེབ་ཀར་མས་སྨྲས་པ་དྲན་ནས། ད་ཅི་བྱེད་ན་དྲག་ངས་ཨ་མ་རྒན་མོ་ལ་ཕྱག་འཚལ་བའི་རྟེན་ནི་གང་ཡང་མ་ལོན། རྟེན་ཁྱེར་རྒྱུ་མེད་པར་ཁྱིམ་དུ་ཕྱིན་ན་མ་རྒན་ལྕེབས་ནས་འཆི་སྙམ་སྟེ། གཡས་གཡོན་དུ་བལྟས་པས་ཟུར་དེ་ན་ཁྱི་མགོ་ཞིག་འདུག དེའི་སོ་ཞིག་ཕྱུངས་པ་དར་གྱིས་དྲིལ་ཏེ་ཁྱེར་འོངས་ནས་མ་ལ་བྱིན། འདི་བཅོམ་ལྡན་འདས་ཀྱི་ཚེམས་མཆེ་བ་གཅིག་ཡིན་པས་ཁྱོད་ཀྱིས་གསོལ་བ་འདེབས་པའི་རྟེན་གྱིས་ཤིག་བྱས་པས། མ་རྒན་གྱིས་ཁྱི་སོ་དེ་ལ་སངས་རྒྱས་ཀྱི་ཚེམས་དངོས་སུ་ཡིན་པར་བཟུང་ནས་ཐེ་ཚོམ་ཙམ་ཡང་མ་སྐྱེས་པར་དད་པ་བསྐྱེད་དེ་དུས་རྒྱུན་དུ་ཕྱག་དང་མཆོད་པ་བྱས་ནས་བསོད་ནམས་བསགས་པས་ན་ཁྱི་སོ་ལ་རིང་བསྲེལ་མང་པོ་བབས། རྒན་མོ་འཆི་བའི་ཚེ་འཇའ་འོད་ཀྱི་གུར་ཕུབ་པ་སོགས་གྲོལ་བའི་རྟགས་མང་པོ་བྱུང་བ་ཡིན། དེར་ཁྱི་སོ་ལ་བྱིན་རླབས་ཡོད་པ་མ་ཡིན་ཡང་། རྒན་མོ་དད་པ་ཆེ་བའི་སྟོབས་ཀྱིས་སངས་རྒྱས་ཀྱི་ཚེམས་དངོས་ཡིན་སྙམ་ནས་དད་པ་བྱས་པས་སངས་རྒྱས་ཀྱི་བྱིན་རླབས་ཁྱི་སོ་ལ་ཞུགས་ཏེ་སངས་རྒྱས་ཀྱི་ཚེམས་དངོས་དང་ཁྱད་མ་བྱུང་བའི་བྱིན་རླབས་ཞུགས་པ་ཡིན། གཏམ་རྒྱུད་གཞན་ཡང་ཀོང་པོ་ན་ཇོ་བོ་འབེན་བྱ་བའི་གླེན་པ་ཞིག་ཡོད་པ་དབུས་སུ་ཇོ་བོ་རིན་པོ་ཆེ་མཇལ་དུ་ཕྱིན། ཇོ་བོའི་མདུན་ན་ལྷ་གཉེར་སོགས་གཞན་སུ་ཡང་མེད་སྐབས་ཤིག་ལ་དྲུང་དུ་སོང་ནས། ཕར་ཚུར་བལྟས་པས་མཆོད་པའི་ཞལ་ཟས་དང་མར་མེ་རྣམས་མཐོང་བས་ཞལ་ཟས་ཀྱི་ཟན་འདི་རྣམས་མར་མེའི་མར་ཁུ་ལ་བསྒྲེས་ནས་ཇོ་བོ་རིན་པོ་ཆེས་གསོལ་བ་ཡིན་པར་འདུག མར་ཁུ་རྣམས་མི་འཁྱག་པའི་ཆེད་དུ་མེ་སྦར་བར་འདུག ཇོ་བོ་ཁོང་ཇི་ལྟར་གསོལ་བ་ལྟར་ང་ཡང་ཟ་དགོས་སྙམ། ཞལ་ཟས་ཀྱི་རྩམ་པ་མར་མེའི་མར་ཁུ་ལ་བསྒྲེས་ནས་ཟོས། ཇོ་བོའི་ཞལ་ལ་བལྟས་ཏེ། ལྷ་བཤོས་ཁྱི་ཡིས་ཁྱེར་ཀྱང་འཛུམ་མོལ་མོལ། མར་མེ་རླུང་གིས་བསྐྱོད་ཀྱང་འཛུམ་མོལ་མོལ་བྱེད་པ་བླ་མ་བཟང་། ང་རང་གི་ལྷམ་འདི་ཁྱོད་ལ་བཅོལ་བ་ཡིན་པས་ཉར་ཚགས་གྱིས་དང་། ངས་ཁྱོད་ལ་བསྐོར་བ་ཞིག་བྱེད་འོང་ཟེར། ལྷམ་ཕུད་དེ་ཇོ་བོའི་དྲུང་དུ་བཞག ཁོ་རང་བར་སྐོར་ལ་སོང་བའི་ཤུལ་དུ་ལྷ་གཉེར་འོང་ནས་ལྷམ་དེ་ཕྱི་རོལ་དུ་དོར་བར་བརྩམས་པས། ཇོ་བོ་རིན་པོ་ཆེས་གསུང་བྱོན་ཏེ། དེ་ཀོང་པོ་འབེན་གྱིས་ང་ལ་བཅོལ་བ་ཡིན་པས་མ་འདོར་གསུངས། སླར་ཁོ་འོངས་ནས་ལྷམ་བླངས་ཏེ་བླ་མ་བཟང་པོ་བྱ་བ་ཁྱོད་ཡིན། སང་ཕོད་ངེད་རང་ཚོའི་ཡུལ་དུ་ཁྱེད་ཕེབས་ཤོག་དང་ངས་ཕག་རྒན་བཤས་ནས་ཤ་བཙོ། ནས་རྒན་བཙོས་ནས་ཆང་བསྙལ་ཏེ་བསྒུག་འདུག་ཟེར་བས། ཇོ་བོའི་ཞལ་ནས་འོང་གསུངས། དེར་ཁོ་རང་ཕ་ཡུལ་ཀོང་པོར་སོང་ནས་ཁྱིམ་དུ་ཕྱིན་ནས་ཆུང་མ་ལ། ངས་ཇོ་བོ་རིན་པོ་ཆེ་མགྲོན་དུ་བོས་ཡོད། ཁོང་ནམ་འབྱོན་མི་ཤེས་པས་ཁྱོད་ཀྱིས་དུས་རྒྱུན་དུ་ཁོང་ཨེ་འབྱོན་ལྟ་བ་མ་བརྗེད་ཟེར་སྐད། དེར་སང་ཕོད་ཙམ་ན་ཉིན་གཅིག་ཁོའི་ཆུང་མ་ཆུ་ལེན་དུ་ཕྱིན་པས་ཆུ་ནང་དུ་ཇོ་བོའི་སྐུའི་གཟུགས་བརྙན་མངོན་སུམ་དུ་ཤར་ནས་འདུག་ཆུང་མ་འཕྲལ་ལ་ཁྱིམ་དུ་བརྒྱུགས་ནས་ཆུ་ནང་ཕ་ཀི་ན་ཅིག་འདུག དེ་ཁྱོད་ཀྱིས་བོས་པའི་མགྲོན་པོ་དེ་མིན་ནམ་བྱས་པས། ཁོ་འཕྲལ་དུ་ཆུ་ཁར་རྒྱུག་ནས་བལྟས་པས་ཆུ་ནང་དུ་ཇོ་བོ་རིན་པོ་ཆེ་ཤར་བ་མཐོང་ནས། ཇོ་བོ་ཆུ་ནང་དུ་ལྷུངས་པ་ཡིན་སྙམ་སྟེ་ཆུ་ནང་དུ་ལྕེབས་ནས་ཇོ་བོའི་སྐུ་ལ་འཇུས་པས་དངོས་སུ་བཟུང་སྟེ་ཁྲིད་འོང་རྒྱུ་ཞིག་བྱུང་། ཁྱིམ་དུ་ཁྲིད་ནས་འོང་བས་ལམ་བར་ན་རྡོ་ཆེན་པོ་ཞིག་ཡོད་པའི་དྲུང་དུ་སླེབ་ཚེ། ང་རང་མི་ནག་གི་ཁྱིམ་དུ་མི་འགྲོ་གསུངས་ནས་འབྱོན་དུ་མ་འདོད་པར་ཇོ་བོ་བྲག་དེ་ལ་ཐིམ་སོང་། དེར་ཇོ་བོ་རང་བྱོན་དུ་ཤར་བ་ལ་རྡོ་ལེ་ཇོ་བོ་དང་། ཆུ་ནང་དུ་ཇོ་བོའི་སྐུ་གཟུགས་ཤར་བ་ལ་ཀོང་པོ་ཆུ་ཇོ་བོ་ཟེར་ཏེ། ད་ལྟ་ཡང་བྱིན་རླབས་ལྷ་སའི་ཇོ་བོ་དང་མཉམ་ཟེར་ནས་མི་ཀུན་ཀྱིས་ཕྱག་དང་མཆོད་འབུལ་སོགས་བྱེད་པ་ཞིག་ཡོད་པ་དེ་ཡིན། དེ་ཡང་ཀོང་པོ་འབེན་ཁོ་རང་ལ་དད་པ་བརྟན་པོ་ཡོད་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་ཐུགས་རྗེ་དེར་འཇུག་པ་ཡིན་གྱི། གཞན་དུ་ན་མར་མེ་དང་ལྷ་བཤོས་ལ་ཟོས། ལྷམ་ཇོ་བོའི་སྐུ་དྲུང་དུ་བཞག་པ་ལ་ཉེས་པ་ལས་ཅི་ཡོད་ཀྱང་དད་པའི་མཐུས་ཡོན་ཏན་དེ་ལྟར་བྱུང་བ་ཡིན། དེར་མ་ཟད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གནས་ལུགས་དོན་དམ་པའི་བདེན་པ་ཇི་བཞིན་མངོན་སུམ་དུ་རྟོགས་པ་ཡང་དད་པ་ཁོ་ན་ལ་རག་ལས་ཏེ། མདོ་ལས་ཀྱང་། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཁོ་ན་ཡིན་ནོ་གསུངས། དད་པ་ཐུན་མོང་མ་ཡིན་པ་སྐྱེས་པའི་མཐུ་དང་སྟོབས་ལས་བླ་མ་དཀོན་མཆོག་གི་བྱིན་རླབས་གདུལ་བྱ་རང་རྒྱུད་ལ་ཞུགས་ནས་ཐུན་མིན་ཡང་དག་པའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་གནས་ལུགས་ཡང་དག་པའི་དོན་མཐོང་ཚེ་བླ་མ་དང་དཀོན་མཆོག་ལ་ཡིད་ཆེས། ཕྱིར་མི་ལྡོག་པའི་དད་པ་ཐུན་མོང་མ་ཡིན་པ་མཉམ་དུ་སྐྱེ་བ་ཡིན་པས་ན་གནས་ལུགས་ཀྱི་དོན་རྟོགས་པ་སྐྱེ་བ་དང་ཡིད་ཆེས་ཀྱི་དད་པ་སྐྱེ་བ་གཉིས་གཅིག་གྲོགས་གཅིག་གིས་བྱེད་པ་ཡིན་ཏེ། སྔོན་དྭགས་པོ་རིན་པོ་ཆེ་བླ་མ་དང་བྲལ་ནས་ཕྱིར་འབྱོན་ཁར་རྗེ་བཙུན་མི་ལ་རས་པ་ལ་ཚོགས་པ་སྐྱོང་བའི་དུས་ནམ་ཡིན་ཞུས་པས། ཇི་ཞིག་ན་ད་ལྟ་དང་མི་འདྲ་བའི་སེམས་ཀྱི་ངོ་བོ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མངོན་སུམ་མམ་ལྷག་གིས་མཐོང་བའི་རྟོགས་པ་ཞིག་ནམ་ཞིག་རྒྱུད་ལ་སྐྱེ་ངེས། དེའི་དུས་སུ་ཕ་རྒན་ང་ལ་ཡང་སངས་རྒྱས་དངོས་སུ་མཐོང་བའི་དད་པ་བརྟན་པོ་སྐྱེ་བ་ཡིན་པས་དེ་དུས་ཚོགས་པ་སྐྱོང་ཆོག་གསུངས་པ་ཡིན། དེས་ན་དད་པ་མེད་ན་གནས་ལུགས་ཆོས་ཉིད་ཀྱི་དོན་མངོན་སུམ་མཐོང་དཀའ་བ་ཡིན་པས་བླ་མ་དང་དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས་གདུལ་བྱ་རང་རྒྱུད་ལ་འཇུག་པ་ནི་མོས་གུས་དང་དད་པ་ཁོ་ན་ལ་རག་ལས་ཏེ། སྔོན་ཇོ་བོ་རྗེ་ལྷ་གཅིག་ལ་སློབ་མ་ཞིག་གིས་མཚན་ནས་བོས་ཏེ། ཇོ་བོ་བྱིན་རླབས་ཤིག་གནང་བར་ཞུ་དང་ཞུས་པས། བུ་ལྷོད་པོ་མོས་གུས་ཤིག་ཞུ་དང་གསུངས། དེ་ལྟར་དད་པ་དང་མོས་གུས་ཐུན་མོང་མ་ཡིན་པའི་ཁྱད་པར་བ་ཞིག་གི་སྒོ་ནས་སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་ཁྱེད་མཁྱེན་སྙམ་པའི་ཡིད་ཁྱེད་ཤེས་ཀྱི་བློ་གཞན་དུ་མི་འགྱུར་བ་ཞིག་ནི། སྐྱབས་སུ་འགྲོ་བའི་སྒོ་འབྱེད་ལྟ་བུ་ཡིན་པས་དད་པ་དེ་ཉིད་མེད་ཐབས་མེད་པ་ཡིན། དེ་ལྟ་བུའི་དད་པ་དང་ལྡན་བའི་སྐྱབས་འགྲོ་དེ་ལ་ཡང་། ཀུན་སློང་གི་སྒོ་ནས་དབྱེ་ན་སྐྱེས་བུ་གསུམ་གྱི་སྐྱབས་འགྲོ་གསུམ་སྟེ། དེ་རེ་རེ་ལའང་བསམ་པའི་ཁྱད་པར་དང་། དུས་ཀྱི་ཁྱད་པར་དང་། ཡུལ་གྱི་ཁྱད་པར་དང་གསུམ་དུ་དབྱེ་རུ་ཡོད། དང་པོ་སྐྱེས་བུ་ཆུང་ངུའི་བསམ་པའི་ཁྱད་པར་ནི། རང་ཉིད་ངན་སོང་གསུམ་ལས་ཐར་འདོད་ཀྱི་བློས་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པའི་ཆེད་དུ་སྐྱབས་སུ་འགྲོ་བ་ཡིན། དུས་ཀྱི་ཁྱད་པར་དུས་ཉི་ཚེ་བ་གནས་སྐབས་ཇི་སྲིད་འཚོ་དང་མཐར་ཐུག་ལྷ་མིའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། ཡུལ་གྱི་ཁྱད་པར་སངས་རྒྱས་དཀོན་མཆོག་གི་སྐུ་གཟུགས། དམ་པའི་ཆོས་གསུང་རབ་གླེགས་བམ་བརྩེགས་པ། དགེ་འདུན་ཡང་འཕགས་པ་མི་དགོས་པར་སོ་སྐྱེའི་དགེ་འདུན་ཚུལ་ཁྲིམས་ལྡན་པ་ཙམ་ལས་རྒྱུ་མཚན་ཆེར་ཤེས་མི་དགོས། དེ་ལ་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་ཞེས་བྱ་སྟེ། དེ་ཡང་འདི་ལྟར་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ། ཉི་ཚེ་བ་ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་མཐོ་རིས་ལྷ་དང་མིའི་བདེ་བ་ཉི་ཚེ་བ་ཙམ་དོན་དུ་གཉེར་བས་སྐྱབས་སུ་འགྲོ་ན། སྐྱེས་བུ་ཆུང་དུའི་སྐྱབས་འགྲོ་ཞེས་བྱ། ཡང་བསམ་པ་འགྲོ་བ་རིགས་དྲུག་གི་འཁོར་བའི་གནས་རིས་འདི་ཐམས་ཅད་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་པར་ཤེས་ནས། རང་ཉིད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བའི་ཞི་བ་མྱང་འདས་ཀྱི་གོ་འཕང་ཙམ་དོན་དུ་གཉེར་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་འབྲིང་ཉན་རང་གི་སྐྱབས་འགྲོ་ཞེས་བྱ། སྐྱེས་བུ་འབྲིང་གི་བསམ་པའི་ཁྱད་པར་ནི། སྲིད་པ་རིགས་དྲུག་པོ་སྡུག་བསྔལ་དུ་ཤེས་ནས་དེ་ལས་རང་ཉིད་གཅིག་པུ་ཐར་འདོད་ཀྱི་བསམ་པ་དེ་ནི་བསམ་པའི་ཁྱད་པར། དུས་གནས་སྐབས་ཇི་སྲིད་འཚོ་དང་མཐར་ཐུག་ཉན་རང་དགྲ་བཅོམ་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། ཡུལ་ཀྱི་ཁྱད་པར། སངས་རྒྱས་ཀྱང་ཉན་རང་དགྲ་བཅོམ་པ་ཞིག་ལས་སྤངས་རྟོགས་མཐར་ཕྱིན་པའི་མཐའ་གཉིས་ལ་མི་གནས་པའི་མྱང་འདས་ཡིན་པར་མི་འདོད་ལ། སངས་རྒྱས་ལ་མཁྱེན་པའི་ཡེ་ཤེས་མངའ་བ་དང་མཚན་དཔེའི་ཡོན་ཏན་གྱི་བརྒྱན་ཞིང་ཉན་རང་ལས་འཕགས་པ་ནི། བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་སྟོབས་དང་། རིགས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས་སུ་འཁྲུངས་པའི་སྟོབས་ལས་བྱུང་བ་ཡིན། དེའི་སྐུ་དེ་ནི་སྐྱབས་སུ་འགྲོ་བའི་ཡུལ་མིན། རྣམ་སྨིན་གྱི་ཕུང་པོ་སྡུག་བདེན་གྱི་ལྷག་མ་མི་གཙང་བའི་རང་བཞིན་ཡབ་ཡུམ་གྱི་ས་བོན་ལས་བྱུང་བ་ཡིན་པས། སངས་རྒྱས་ཀྱི་ཐུགས་འགོག་པ་དམ་པ་དེ་ལ་སྐྱབས་སུ་འགྲོ་དགོས་ཟེར། ཆོས་ཀྱང་ཐེག་པ་ཆེན་པོ་ཞེས་པ་ནི་མེད་ལ་སངས་རྒྱས་ཀྱིས་ཀྱང་མ་གསུངས། ཐེག་པ་དམན་པའི་སྡེ་སྣོད་གསུམ་དང་བསླབ་པ་གསུམ་ཡིན། དེ་ལ་ལུང་རྟོགས་གཉིས་ལས་རྟོགས་པའི་ཆོས། དེ་ལམ་དང་འགོག་པའི་བདེན་པ་གཉིས་ལས་འགོག་པའི་བདེན་པ་དེ་སྐྱབས་སུ་འགྲོ་བའི་ཡུལ་ཡིན། དགེ་འདུན་ལ་སོ་སྐྱེ་དང་འཕགས་པ་གཉིས་ལས་འཕགས་པ་རྒྱུན་ཞུགས་དང་ཕྱིར་འོང་ཕྱིར་མི་འོང་བའི་འཕགས་པའི་དགེ་འདུན་ཡིན་ལ། དེ་དག་གི་སྐུ་ལུས་ནི་རྣམ་སྨིན་གྱི་ཕུང་པོ་སྡུག་བདེན་གྱི་ལྷག་མ་མི་གཙང་བའི་རང་བཞིན་ཡིན་པས་ཐུགས་འགོག་པ་དམ་པ་དེ་ལ་སྐྱབས་སུ་འགྲོ་དགོས། དེའི་སྐྱབས་སུ་འགྲོ་ཚུལ་ནི་འོག་ནས་བཤད་པ་ལྟར་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། །སྐྱེས་བུ་ཆེན་པོའི་ཀུན་སློང་ནི། བདག་རང་གི་དོན་མ་ཡིན་པར། ཐོག་མ་མཐའ་མ་མེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ན་གནས་པའི་མ་རྒན་སེམས་ཅན་འདི་དག་ཐམས་ཅད་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་མནར་བར་མཐོང་ནས། དེ་ཐམས་ཅད་གཏན་གྱི་བདེ་བ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་འགོད་པའི་ཆེད་དུ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་ཞེས་བྱ། འདི་ཐུན་མོང་ཐེག་པའི་ལུགས་ཀྱི་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་པོ་དེའི་རང་བཞིན་ཤེས་དགོས། མ་ཤེས་ན་ཆོས་པ་ཙམ་དང་། དེས་ཀྱང་མ་ཚད་གྲྭ་བ། གྲྭ་བས་མ་ཚད་བླ་མ་ཡིན་རུང་སྐྱབས་འགྲོའི་སྡོམ་པ་ཙམ་ཡང་དེ་ལ་ཡོད་དཀའ་བ་རེད། དེ་མེད་ན་ནང་པའི་ཁྱུར་མི་ཚུད་པས་གཞན་སྐྱབས་མ་དགོས་རང་གི་མགོ་འདོན་ཡང་དཀའ། དཀོན་མཆོག་གསུམ་པོ་ནི། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ཡིན། དེ་ཡང་ཚུར་བསྡུས་ན་བླ་མ་གཅིག་ལ་འདུས་ཡོད་ཁི། དེས་ན་སྐྱབས་འགྲོ་བཞི་སྐོར་དུ་གྲགས་པའི་ནང་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་པའི་གནད་ཀྱིས་བླ་མ་ལ་སྐྱབས་སུ་འཆིའོ་ཞེས་མགོ་ལ་བཞག་པ་རེད། དཀོན་མཆོག་གསུམ་པོ་ལ་དབྱེ་ན། ངོ་བོ། དབྱེ་བ། ཡོན་ཏན་གསུམ་རེ་ཡོད་ལ། དང་པོ་སངས་རྒྱས་དཀོན་མཆོག་གི་ངོ་བོ་ནི། སྤངས་རྟོགས་མཐའ་ཕྱིན་པ་སངས་རྒྱས་ཀྱི་ངོ་བོ་ཡིན། མཐར་ཇི་ལྟར་ཕྱིན་ན་སྤང་བྱའི་སྒྲིབ་པ་མ་ལུས་པ་ཐམས་ཅད་སྤངས། རྟོགས་བྱའི་ཡོན་ཏན་མ་ལུས་པ་ཐམས་ཅད་མངོན་དུ་གྱུར། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ངོ་བོ་ཡེ་དག་ལ་གློ་བུར་བྲལ་དག་གི་ཆ་ནས་སངས་རྒྱས་ཞེས་བརྗོད། དབྱེ་ན། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་དང་གསུམ་མོ། །དང་པོ་ནི། སྐུ་བཞི་སྟེ་ངོ་བོ་ཉིད་སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་དང་བཞི་ཡིན། ངོ་བོ་ཉིད་སྐུ་ནི་རྙིང་མ་པས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་འདོད། ཆོས་སྐུ་ནི་རང་བཞིན་གསལ་བའི་ཡེ་ཤེས་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་འཚོགས་པའི་བདག་ཉིད་ཅན་དུ་འདོད་ལ། ངོ་བོ་ཉིད་སྐུ་དང་ཆོས་སྐུ་དེ་གཉིས་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པས་སངས་རྒྱས་རང་ངོས་ནས་འཇོག་པ་ཡིན། ལོངས་སྐུ་དང་སྤྲུལ་སྐུ་གཉིས་གདུལ་བྱ་གཞན་ངོས་ནས་བཞག་ན་གདུལ་བྱ་དེ་ལ་དག་དང་མ་དག་གི་རིགས་གཉིས་སུ་ཡོད། དག་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་ངོར་ལོངས་སྐུ་ངེས་པ་ལྔ་ལྡན་དུ་སྣང་ལ། དེ་ཡང་ངོ་བོས་རྟག་པ་མིན་ལ། རྒྱུན་གྱིས་རྟག་པ་ཡིན་ནོ། །མ་དག་པའི་གདུལ་བྱ་རྣམས་ཀྱི་སྣང་ངོར་སྣ་ཚོགས་དང་། བཟོ་དང་། སྐྱེ་བ་དང་། མཆོག་གི་སྤྲུལ་བའི་སྐུ་ལ་སོགས་པ་སྣང་བ་ཡིན། གཉིས་པ་བརྟེན་པ་ཡེ་ཤེས་ནི། གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཡུལ་ལ་འཇུག་པའི་ཡེ་ཤེས་ཏེ་གསུམ་ཡོད། དང་པོ་ནི་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་གསུམ་དང་། གཉིས་པ་ནི་ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོགས་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ཏེ་ལྔ་དང་། གསུམ་པ་ནི། ཆོས་ཉིད་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཅན་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་གཉིས་པོ་ཡིན། གསུམ་པ་མཛད་པ་ཕྲིན་ལས་ནི། སངས་རྒྱས་ཀྱིས་གདུལ་བྱའི་སེམས་ཅན་རིམ་གྱིས་མཐར་ཐུག་གི་བདེ་བ་ལ་བཀོད་པའི་དོན་མཛད་པའི་ཁྱད་པར་ཡོད་དེ། དུས་རྟག་ཏུ་ཕྱོགས་ཀུན་ཏུ་འབད་པ་དང་རྩོལ་བའི་ངལ་བ་ལ་ལྟོས་མ་དགོས་པར་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་ཅན་ཡིན་ནོ། །གསུམ་པ་ཡོན་ཏན་ནི། སངས་རྒྱས་ཆོས་སྐུའི་ཡོན་ཏན་ནི་སྟོབས་བཅུ་མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་སོགས་ཡོད། སངས་རྒྱས་གཟུགས་སྐུའི་ཡོན་ཏན་ལ། སྐུ་མཚན་བཟང་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུའི་སྤྲས་ཤིང་། གསུང་ཚངས་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན་དང་། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན། མཁྱེན་པའི་ཡོན་ཏན་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་གཟིགས་པ་ཇི་ལྟ་མཁྱེན་པ། ཆོས་ཅན་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་མ་འདྲེས་མངོན་སུམ་དུ་གཟིགས་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན། བརྩེ་བའི་ཐུགས་རྗེ་ནི་གདུལ་བྱའི་སེམས་ཅན་ཐམས་ཅད་ལ་མ་གཅིག་པུའི་བུ་གཅིག་པ་ལྟར་དུ་ཉེ་རིང་ཕྱོགས་ཆ་མེད་པར་དུས་ཀུན་ཏུ་གཟིགས་པ་དེ་ཡིན། སྐྱོབས་པའི་ནུས་མཐུ་ནི་དེ་བཞིན་གཤེགས་པའི་མཚན་ཙམ་ཐོས་པས་ཀྱང་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབས་པ་དང་། གདུལ་བྱ་འདུལ་བའི་དུས་ལ་བབས་ན་སངས་རྒྱས་དུས་ལས་ཡོལ་མི་སྲིད་པ་དེ་འདྲ་ཡིན་པས་དེ་ལྟར་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་དེ་སངས་རྒྱས་ཡིན་ནོ། །གཉིས་པ་དམ་པའི་ཆོས་ལ་ཡང་ངོ་བོ་དང་དབྱེ་བ་ཡོན་ཏན་གསུམ་ལས། ངོ་བོ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་བའམ་སྤོང་བྱེད་ཀྱི་ཐབས་སུ་གྱུར་པ་དམ་པའི་ཆོས་ཀྱི་ངོ་བོ་ཡིན། དེ་ཡང་འགོག་པ་དང་ལམ་གྱི་བདེན་པ་ཡིན། དབྱེ་ན་ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས། མདོར་བསྡུ་ན། ལུང་གི་ཆོས་སྡེ་སྣོད་གསུམ་དང་རྟོགས་པའི་ཆོས་བསླབ་པ་གསུམ་ཡིན། དཔེར་ན་མི་དགེ་བ་བཅུ་བོ་གང་རུང་སྤངས་པའི་ཚིག་དེ་བློ་ལ་ངེས་པ་ལུང་གི་ཆོས་དང་། དེའི་དོན་ཉམས་སུ་ལེན་ཅིང་སྒྲུབ་པ་རྟོགས་པའི་ཆོས་ཡིན། དམ་པའི་ཆོས་ཀྱི་ཡོན་ཏན་ནི། སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བ་དང་། སྲིད་དང་ཞི་བའི་ཕུན་ཚོགས་ཐམས་ཅད་འབྱུང་བ་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན། དགེ་འདུན་ལ་ཡང་ངོ་བོ། དབྱེ་བ། ཡོན་ཏན་གསུམ་ལས། ངོ་བོ་ནི་རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་དགེ་འདུན་གྱི་ངོ་བོ་རེད། དབྱེ་ན། ཐེག་དམན་ཉན་རང་གི་དགེ་འདུན་དང་། ཐེག་ཆེན་འཕགས་པའི་དགེ་འདུན་གཉིས་ལས། དང་པོ་ཐུན་མོང་གི་དགེ་འདུན་ཉན་ཐོས་དང་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་དང་། ཐུན་མིན་གྱི་དགེ་འདུན་རིག་འཛིན་ནང་གི་དགེ་འདུན་རྣམས་ཡིན། ཡོན་ཏན་ནི། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་གཟུངས་དང་སྤོབས་པ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་དང་ལྡན་པ་ཡིན། དེ་ལྟ་བུའི་སྐྱབས་སུ་འགྲོ་བ་དེ་ལ་ཡང་རྒྱུའི་སྐྱབས་འགྲོ་དང་འབྲས་བུའི་སྐྱབས་འགྲོ་གཉིས་ཡོད། རྒྱུའི་སྐྱབས་འགྲོ་ལའང་བཏགས་པ་བ་ཁས་ལེན་གྱི་སྐྱབས་འགྲོ་དང་། མཚན་ཉིད་པ་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་གཉིས་ཡོད། དང་པོ་ནི། སྟོན་པ་ལམ་གྲོགས་སུ་ཤེས་པའི་སྒོ་ནས་ཁྱད་པར་གསུམ་དང་ལྡན་པར་སྐྱབས་སུ་འགྲོ་བས་སྐྱབས་འགྲོ་འབུམ་ཕྲག་ལ་སོགས་པ་འདོན་པ་དེ་ཡིན་ལ། གཉིས་པ་ནི། ཁས་བླངས་པ་དེ་ལྟར། སངས་རྒྱས་ལ་སྟོན། ཆོས་ལ་ལམ། དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་སྦྱོར་བ་ཉམས་ལེན་གྱི་སྒོ་ནས་བསྒྲུབ་པ་ཡིན། གཉིས་པ་འབྲས་བུའི་སྐྱབས་འགྲོ་ནི། མཚན་ཉིད་ཐེག་པས་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་དམིགས་ནས་དེ་རང་རྒྱུད་ལ་ཐོབ་འདོད་ཀྱི་དམ་བཅའ་བ་དེའམ། སྔགས་ཀྱིས་འབྲས་བུ་ལམ་དུ་བྱེད་པས་འབྲས་བུ་སྐུ་གཉིས་ཀྱི་གཟུགས་སྐུ་ལམ་བྱེད་ཐབས་བསྐྱེད་པའི་རིམ་པ་དང་།ཆོས་སྐུ་ལམ་བྱེད་ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀྱི་སྒོ་ནས། འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་དང་མཛད་པ་ཐམས་ཅད་ལམ་དུ་བྱེད་པས་འབྲས་བུའི་སྐྱབས་འགྲོ་ཞེས་བརྗོད་པ་ཡིན། མདོར་ན་གོང་དུ་བཤད་པ་དེ་ལྟར་ཡོངས་སུ་ཤེས་པའི་ཐོག་ནས་སྐྱབས་ཡུལ་ཐམས་ཅད་བསྡུ་ན། བླ་མ་གཅིག་ལ་འདུས་ཤིང་། སྤྲོས་ན་སྐྱབས་གནས་དགུ་ཕྲུགས་ཀྱི་བདག་ཉིད་ཅན་ཞིག་ཡིན་པར་ངེས་པ་བྱ་དགོས། གོང་དུ་བཤད་པ་དེ་ལྟར་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ཀུན་སློང་རྣམ་པ་གསུམ་ལས། ད་རེས་ཐེག་ཆེན་གསང་སྔགས་ཀྱི་ཆོས་ལ་འཇུག་པའི་སྐབས་སུ་བསམ་པ་མཐའ་ཡས་པའི་མར་གྱུར་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་འགོད་པར་འདོད་པའི་སྐྱེས་བུ་ཆེན་པོའི་བློ་དང་ལྡན་པས་སྐྱབས་སུ་འགྲོ་དགོས་ཏེ། བསོད་ནམས་ཆ་མཐུན་གྱི་ལས་ཀྱིས་མཐོ་རིས་ལྷ་དང་མིའི་བདེ་བ་ཙམ་ནི་འཕྲལ་དུ་བདེ་བ་ལྟར་སྣང་ཡང་དོན་དུ་སྡུག་བསྔལ་ལས་མ་འདས་ཤིང་མཐོ་རིས་ཀྱི་བདེ་འབྲས་ཟད་ནས་སླར་ཡང་ངན་སོང་དུ་ལྟུང་བར་འགྱུར་བས། མཐོ་རིས་ཀྱི་བདེ་བ་དར་ཅིག་ཡུད་ཙམ་པ་དོན་དུ་གཉེར་བ་ལ་དགོས་པ་མེད་པས་སྐྱེས་བུ་ཆུང་ངུའི་བློ་དོར་དགོས། ཕ་མ་སེམས་ཅན་ཐམས་ཅད་བློས་བཏང་ནས་རང་ཉིད་གཅིག་པུ་ཞི་བདེ་མྱ་ངན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་གོ་འཕང་ཙམ་ཐོབ་ཀྱང་ཐོག་མ་མེད་པའི་དུས་ནས་རང་གི་ཕ་མར་གྱུར་པའི་སེམས་ཅན་རྣམས་མཐའ་མེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ལྷུངས་བཞིན་བ་རྣམས་ཀྱི་དོན་མ་བྱས་པར་གྱུར་ན་མི་རུང་བས་སྐྱེས་བུ་འབྲིང་གི་བློ་དེ་ཡང་དོར་དགོས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཡིན་པས་ན་ལམ་དེ་ལྟ་བུ་ལ་བསྟེན་དགོས་ཏེ། སྐྱེས་བུ་ཆེན་པོའི་བསམ་པའི་ཁྱད་པར་བདག་རང་ཉིད་ཀྱི་དོན་མ་ཡིན་པར་གཞན་མ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་བསམ་པའི་སྦྱོར་བ་སེམས་བསྐྱེད་དམ་པ་ཞིག་ཡིན། དུས་ཀྱི་ཁྱད་པར་དུས་དེ་རིང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། སངས་རྒྱས་ཐོབ་ནས་སྐྱབས་སུ་འགྲོ་མི་དགོས་ཏེ། རང་ཉིད་སྟོབས་བཅུའི་སྟོབས་དང་ལྡན། དབང་བཅུའི་དབང་གིས་ཕྱུག་རང་ཉིད་འཇིགས་པ་ཐམས་ཅད་དང་བྲལ་བས་མ་ཚད་གཞན་སྐྱོབ་པའི་ནུས་པ་དང་ལྡན་པ་ཡིན་པས་སོ། །ཡུལ་གྱི་ཁྱད་པར་ནི། སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པའི་ཆོས་གཉིས། དགེ་འདུན་འཕགས་པ་ས་དང་པོ་ནས་ས་བཅུའི་རྒྱུན་གྱི་བར་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན། ཐུན་མིན་ནང་གི་སྐྱབས་ཡུལ་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ་རྩ་བ་གསུམ་དང་། ཁྱད་པར་དུ་ཐབས་མཆོག་རྡོ་རྗེ་སྙིང་པོའི་སྐྱབས་ཡུལ་གནས་པ་རྩ་གཡོ་བ་རླུང་བཀོད་པ་བྱང་ཆུབ་ཀྱི་སེམས་ལ་འདོད་པ་སོགས་འོག་ནས་འཆད་འགྱུར་ལྟར་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་སོ།།

༼༢སྐྱབས་སུ་འགྲོ་ཚུལ།

གཉིས་པ་སྐྱབས་སུ་འགྲོ་བའི་ཚུལ་ནི། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་ཐེག་པའི་ལུགས་ལ་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་མོས་ཏེ་སྐྱབས་སུ་འགྲོ་བ་དང་། ཐུན་མོང་མ་ཡིན་པ་གསང་སྔགས་སྤྱིའི་ཚུལ་གྱིས་སྒོ་གསུམ་ཡིད་ཁྱེད་ཤེས་ཀྱི་སྒོ་ནས་བླ་མ་ལ་འབུལ། ཡི་དམ་ལ་བསྟེན་ནས་དངོས་གྲུབ་སྒྲུབ་པ་དང་། མཁའ་འགྲོ་ལ་འཕྲིན་ལས་སྒྲུབ་པའི་གྲོགས་ཀྱི་ཚུལ་དུ་བྱས་ནས་སྐྱབས་སུ་འགྲོ། ཁྱད་པར་ཐབས་མཆོག་རྡོ་རྗེ་སྙིང་པོའི་ལུགས་ཀྱིས་རྩ་སྤྲུལ་སྐུར་བསྟེན། རླུང་ལོངས་སྐུར་སྦྱོང་། ཐིག་ལེ་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་འགྲོ་བ་དང་། རགས་པ་རྒྱུ་ཡི་རྩ་རླུང་ཐིག་ལེ་གསུམ་པོ་རང་གི་རྡོ་རྗེའི་ལུས་འདི་ལ་ཚང་ཡོད་རེད། དེ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་ད་དུང་མངོན་དུ་མ་གྱུར་པས། ཡུལ་དེ་སྔགས་ཀྱི་ལུགས་ལ་ཡེ་ཤེས་སེམས་དཔའ་ཡིན། རགས་པ་རྒྱུའི་རྩ་ཐིག་རླུང་གསུམ་བདག་དམ་ཚིག་པར་བསྒོམ་ཞིང་། ཕྲ་བ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་ཡེ་ཤེས་སེམས་དཔར་བསྒོམ་ཞིང་ཡུལ་དེ་རྣམས་ལ་བརྟེན་ནས་དག་པ་མངོན་གྱུར་གྱི་སངས་རྒྱས་བསྒྲུབ་པ་ཡིན། དེ་ལྟ་བུའི་རྩ་དེ་ལ་དབྱེ་ན་རྩ་གཙོ་མོ་གསུམ་དང་འཁོར་ལོ་ལྔ་ཡི་ཚུལ་གྱིས་གནས་ཡོད། རྩ་དབུ་མ་དེ་དབུས་དང་གཡས་ན་རོ་མ་དང་། གཡོན་ན་རྐྱང་མ་གསུམ། འཁོར་ལོ་ལྔ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ཁ་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་བའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ལྔའམ་བདུན་དུ་དབྱེ་ན། སྦར་བྱ་མེ་ཡི་འཁོར་ལོ། སྦར་བྱེད་རླུང་གི་འཁོར་ལོ་གཉིས་བསྣན་པས་བདུན་ནམ། རྫོགས་པ་ཆེན་པོའི་ལུགས་ལྟར། སྤྱི་བོར་རྣམ་བཀོད་ཀྱི་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ། མགྲིན་པ་རོ་རྣམས་འདུས་པ་ན་རྩ་འདབ་བཅུ་དྲུག སྙིང་ཁ་དྲན་པ་རྣམ་བཀོད་ན་རྩ་འདབ་བརྒྱད། ལྟེ་བ་སྐྱེད་བྱེད་ཀྱི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་པོ་རྣམས་ཁ་ཡས་མར་དུ་བསྟན་པ་ཡིན་པས་རྡོ་རྗེའི་ལུས་ཞེས་གྲགས་པ་དེ་ལ་གནས་པ་རྩ། རྩ་དེ་ལ་རྒྱུ་བ་རླུང་ཡིན། རླུང་གི་ངོ་བོ་འབྱུང་བ་ལྔའི་རླུང་དེ་ཡང་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་ལས། དང་པོ་རྩ་བའི་རླུང་ལྔ་ནི། སྲོག་འཛིན། གྱེན་རྒྱུ། ཐུར་སེལ། མེ་མཉམ། ཁྱབ་བྱེད་ཀྱི་རླུང་ལྔའོ། །ཡན་ལག་གི་རླུང་ལྔ་ནི། དབང་པོ་གཟུགས་ཅན་ལྔ་ལ་རྒྱུ་བའི་རླུང་ཡིན། དེ་ཡང་རྒྱུ་བའི་བྱེ་བྲག་གིས་དབྱེ་ན། མི་རང་བཞིན་གྱི་དར་བབ་འབྱུང་བ་རྣལ་དུ་གནས་པ་ཞིག་ལ་ཉིན་ཞག་ཕྲུག་ཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཕྱིའི་འགྱུ་བའི་རླུང་ཡིན་ལ། ནང་ནས་རྩ་ཕྲན་གྱི་ཡན་ལག་ཏུ་རྒྱུ་བའི་རླུང་ནི་ཆིག་འབུམ་ཉི་ཁྲི་དྲུག་བརྒྱ་རྒྱུ་བས་དེ་ནི་གཡོ་བ་རླུང་ཡིན། མདོར་ན་འགྲོ་འོང་ལས་ཀྱི་རླུང་རང་སར་དག་ནས་ཀུན་རྟོག་ཉོན་མོངས་པའི་རླུང་རང་དྭངས་ལ་སོང་དུས་རིག་པ་ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་བ་ཡིན། ཐིག་ལེ་ལ་ཡང་གནས་པ་གཞི་ཡི་ཐིག་ལེ། ལུས་གནས་རྩ་ཡི་ཐིག་ལེ། ཀུན་རྫོབ་རྒྱུ་ཡི་ཐིག་ལེ། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ། རང་བྱུང་འབྲས་བུའི་ཐིག་ལེ་སོགས་ཀྱི་དབྱེ་བ་ཡོད། རླུང་དེ་ལ་ཐིག་ལེ་བརྟེན་པ་སྟེ་བཀོད་པ་བྱང་ཆུབ་ཀྱི་སེམས་ཐིག་ལེ་དཀར་དམར་གཉིས་བརྟེན་པས་རྩ་ཐམས་ཅད་ལ་ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིན་ཁྱབ་པ་ཡིན། གནས་ལུགས་རྡོ་རྗེའི་སྐྱབས་འགྲོའི་ཡུལ། རྟེན་རྩ་ཐིག་རླུང་གསུམ་ལ་བརྟེན་པ་བྱང་ཆུབ་ཀྱི་སེམས་དེ་ཡིན་ལ། དེ་ལ་གཅིག་ཏུ་བསྡུས་ན་མདོ་ལྟར་ན་བདེ་བར་གཤེགས་པའི་སྙིང་པོ། སྔགས་ལྟར་ན་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག གཉིས་སུ་དབྱེ་ན་ཀ་དག་སྟོང་པའི་ཡེ་ཤེས་དང་། ལྷུན་གྲུབ་སྣང་བའི་ཡེ་ཤེས་གཉིས། གསུམ་དུ་དབྱེ་ན། ངོ་བོ་སྟོང་པའི་ཡེ་ཤེས། རང་བཞིན་གསལ་བའི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་ལ་སོགས་པའི་དབྱེ་བ་ཡོད། དེ་ལྟ་བུའི་མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ནི་སྐྱབས་ཡུལ་དེ་དག་གི་ཐུགས་རྒྱུད་ལ་བཞུགས་པའི་ཡེ་ཤེས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་རྣམ་གསུམ་དབྱེར་མེད་ཆེན་པོ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ཐག་གཅོད་པའམ་ལ་བཟླ་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་ཡིན། དེ་ལྟར་ཐུན་མོང་དང་ཐུན་མིན་སོགས་སྐྱབས་སུ་འགྲོ་བའི་གོ་དོན་གྱི་ཚུལ་ཐམས་ཅད་ཡིད་ལ་ངེས་པར་བྱས་ནས་འདིར་སྐྱབས་སུ་འགྲོ་བ་དངོས་ཀྱི་སྐབས་སུ་ཉམས་སུ་ལེན་ཅིང་སྦྱོར་བ་ལག་ལེན་དུ་འདེབས་པ་ལ། ཐུན་དང་ཐུན་མཚམས་གཉིས། ཐུན་ལའང་། ཉིན་ཐུན་སྔ་ཕྱི་དྲོ་གཉིས་དང་། མཚན་ཐུན་སྲོད་དང་ཐོ་རངས་གཉིས་ཏེ་ཐུན་བཞི། གུང་གཉིས་བསྣན་ན་དྲུག་ཏུ་འགྱུར་བ་སོགས་ཡིན། ཐུན་སྡོམ་ལུགས་གོང་དུ་བློ་ལྡོག་རྣམ་བཞིའི་ཁྲིད་ཀྱི་འགོ་ནས་བཤད་པ་ལྟར་ཡིན་ཡང་སླར་ཡང་དེ་རིང་དྲན་གསོས་སུ་ཞུས་ན། ཐུན་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ། དང་པོ་ལ། ལུས་གནད། ངག་གནད། སེམས་གནད། གསོལ་བ་འདེབས་པ་དང་བཞི་པོ་འདིཐུན་ཐམས་ཅད་ལ་འགྲོ་དགོས། ལུས་གནད་རྣམ་སྣང་ཆོས་བདུན་ནམ་གྲོལ་ལམ་གྱི་ཆོས་བདུན་ལྷོད་ཆ་ཅན་ནམ། སྐྱིལ་ཀྲུང་དྲང་པོ་བཅའ། ངག་གནད་རླུང་རོ་བསལ། སེམས་ཀྱི་གནད་ལ་ཀུན་སློང་བཅོས་དགོས། གསོལ་བ་འདེབས་པ་ནི་བླ་མའི་རྣམ་པ་བསྒྱུར་ན་ཡང་རུང་། མ་བསྒྱུར་ཡང་ཆོག སྤྱི་བོར་པདྨ་འདབ་མ་འབུམ་ཕྲག་བརྡལ་ཞིང་ཟེའུ་འབྲུ་དམར་སེར་གྱེས་པའི་དབུས་སུ་ཟླ་བའི་གདན་གྱི་སྟེང་དུ་སེང་ཁྲི་དར་ཟབ་འབོལ་བརྩེགས་ཀྱི་གདན་ལ་རབ་བྱུང་ངམ་སྔགས་པ་གང་ཡིན་ན་དེའི་རྣམ་པར་བསྒོམས་ལ། སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་དུང་དུང་བས་འདོད་པའི་དོན་ལ་གསོལ་བ་འདེབས་དགོས་ཤིང་། ཐུན་མོང་ཐུན་མིན་གང་བསྒོམ་པའི་སྐབས་སུ་བླ་མའི་ཐུགས་རྒྱུད་ཀྱི་དེ་དང་དེའི་ཡོན་ཏན་རྣམས་རང་རྒྱུད་ལ་སྐྱེ་བའི་གསོལ་འདེབས་བྱས་ནས། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསྒོམས་ནས་མཉམ་པར་བཞག་སྟེ་ཐུགས་ཡིད་བསྲེ་བ་ནི་ཐུན་ཀུན་ལ་འགྲེ་ཤེས་དགོས། དེ་ནས་ཐུན་གྱི་དངོས་གཞི་ལ་སྐྱབས་འགྲོའི་ཚོགས་ཞིང་གསལ་འདེབས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྫོགས་སྨིན་སྦྱངས་གསུམ་ལས། འདི་ཞིང་སྦྱང་བ་ཡིན་པས། རང་ཉིད་འདུག་པའི་ས་ཕྱོགས་འདི་དག་ཐམས་ཅད་མ་དག་པ་ས་རྡོ་རི་བྲག་མ་ཡིན་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་འོད་ཟེར་བརྒྱ་ཕྲག་འཕྲོས་པ་མཛེས་ཤིང་ཡིད་དུ་འོང་བ་མེ་ལོང་གི་ངོས་དང་དར་གྱི་འབོལ་གདན་ལྟར་རེག་བྱ་འཇམ་པ། མཐའ་གྲུ་ཆེ་ཞིང་རྒྱ་ཤིན་ཏུ་ཡངས་པ། གཙང་ཞིང་དྲི་མ་མེད་པ། ལ་ལུང་དང་འབར་འབུར་གཤང་གཤོང་གི་རྣམ་པ་མེད་པ་ས་གཞི་ཁོད་སྙོམས་པ། དེའི་དབུས་རང་གི་མདུན་ཐད་དུ་རྒྱང་རིང་ཙམ་གྱི་དབུས་སུ་དཔག་བསམ་གྱི་སྡོང་པོ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཡལ་ག་ལྔ་པ། ནོར་བུའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལོ་འདབ་མཛེས་པ་དང་རང་བྱུང་བཅུད་དུ་སྨིན་པའི་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ཕྱོགས་ཀུན་ཏུ་རྒྱས་པས་ཤར་ལྷོ་ནུབ་བྱང་མཚམས་དང་བཅས་པའི་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པ། ཡལ་འདབ་ཐམས་ཅད་ལ་རིན་པོ་ཆེའི་དྲིལ་བུ་དང་གཡེལ་ཁ་སོགས་འཕྱངས་འཕྲུལ་སྣ་ཚོགས་པས་བརྒྱན་པ། དེ་ལྟ་བུའི་ཡལ་ག་ལྔ་བ་དེའི་དབུས་ཀྱི་ཡལ་ག་ཅུང་ཟད་མཐོ་བའི་སྟེང་དུ་མི་འཇིགས་པ་མཚོན་བྱེད་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དར་ཟབ་འབོལ་གདན་བརྩེགས་པའི་སྟེང་དུ་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་སྣ་ཚོགས་པདྨ་དང་ཐབས་ཤེས་ཟུང་འབྲེལ་མཚོན་བྱེད་དུ་ཉི་མ་ཟླ་བའི་གདན་ལ་ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། བླ་མ་མི་རུ་བཟུང་བའི་ལོག་ལྟ་སྤོང་ཕྱིར་རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་སྡིགས་པའི་ཚུལ་དུ་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་དཔག་བསམ་ལྗོན་ཤིང་གི་ཁ་རྒྱན་དང་བཅས་པ་འཛིན་པ། སྐུ་ལ་ཟ་ཧོར་རྒྱལ་པོའི་ཆས་ཟ་འོག་གི་བེར་སྨུག་དང་ཆོས་གོས་དམར་པོ་གསེར་གྱི་རི་མོ་ཅན་དང་སྔགས་ཀྱི་ཕོད་ཀ་མཐིང་ག་མནབས་པ། དབུ་ལ་པད་ཞུ་གསོལ་བ། ཡུམ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མ་སྐུ་མདོག་དཀར་མོ་ཕྱག་གཡས་ན་གྲི་གུག་དང་གཡོན་ན་ཐོད་པ་འཛིན་པ་དང་འཁྲིལ་ཐབས་སུ་མཉམ་པར་སྦྱོར་བ། དེ་ལྟ་བུ་ཞིག་རང་གི་མདུན་གྱི་ནམ་མཁར་ཞལ་རང་ལ་ཕྱོགས་པའི་ཚུལ་གྱིས་བཞུགས་པར་བསྒོམ། དེའི་སྤྱི་བོ་ན་འོད་ལྔའི་ཐིག་ལེ་ཟླུམ་སྐོར་གྱི་ནང་དུ་བརྒྱུད་པའི་བླ་མ་ཐམས་ཅད་ཐོ་བརྩེགས་ཀྱི་ཚུལ་དུ་གསལ་གདབ་དགོས་པ་ལ། རྒྱུད་སྡེ་སྤྱིའི་བརྒྱུད་པའི་བླ་མ་གྲངས་ལས་འདས་ཀྱང་། ཁྱད་པར་རྫོགས་ཆེན་སྙིང་ཐིག་རྩ་བའི་བརྒྱུད་པ། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། གུ་རུ་ཤྲཱི་སེཾ་ཧ། མཁས་པ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་དྲི་མེད་བཤེས་གཉེན། ཨོ་རྒྱན་པདྨ་འབྱུང་གནས། རྗེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། འབངས་ལོ་ཆེན་བེེ་རོ་ཙ་ན། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏེ་ཐུགས་སྲས་རྗེ་འབངས་གྲོགས་གསུམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ་རྣམས་རང་རང་གི་རྒྱན་དང་ཆ་ལུགས་རྫོགས་པ། གོང་མའི་བཞུགས་གདན་ལ་འོག་མའི་དབུ་མ་རེག་ཙམ་དུ་ཐོ་བརྩེགས་སུ་བཞུགས་པར་བསྒོམ། ཁྲིའི་མཐའ་སྐོར་དུ་རང་ལ་དབང་ཐོབ་པའི་བླ་མ་རྣམས་བསྒོམ། དེ་དག་ཐམས་ཅད་ཀྱང་ཡེ་ཤེས་ལྔ་ཡི་རང་མདངས་མཁྱེན་བརྩེ་ནུས་པའི་འོད་ཟེར་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པར་བསྒོམ། དེའི་མཐའ་སྐོར་དུ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་དང་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་གསལ་གདབ། མདུན་གྱི་ཡལ་གའི་སྟེང་དུ་བཅོལ་ལྡན་འདས་མཉམ་མེད་རྒྱལ་བ་ཤཱཀྱ་ཐུབ་པ་ལ་བསྐལ་པ་བཟང་པོའི་རྫོགས་པའི་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བསྐོར་བ། སངས་རྒྱས་དེ་ཐམས་ཅད་ཀྱང་མཆོག་གི་སྤྲུལ་སྐུ་ཆགས་བྲལ་ཚངས་པར་སྤྱོད་པ་རབ་ཏུ་བྱུང་བའི་ཆ་བྱད་ཅན། དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཞབས་ཐམས་ཅད་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མདོག་ཐམས་ཅད་དཀར་སེར་དམར་ལྗང་མཐིང་ག སྐུ་ལ་འོད་དང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོ་བར་གསལ་གདབ། གཡས་ཀྱི་ཡལ་གའི་སྟེང་དུ་འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས་ཏེ་རྒྱལ་སྲས་རིགས་གསུམ་མགོན་པོ་གཙོ་བོར་གྱུར་པ་ད་དུང་ས་ཡི་སྙིང་པོ་དང་སྒྲིབ་པ་རྣམ་སེལ་ལ་སོགས་པའི་ཉེ་བའི་སྲས་ཆེན་བརྒྱད་ལ་འཁོར་བྱང་སེམས་འཕགས་པའི་དགེ་འདུན་གྱིས་བསྐོར་བ། དེ་དག་ཐམས་ཅད་ཀྱང་སྐུ་མདོག་དཀར་སེར་དམར་ལྗང་མཐིང་ག ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་། ཞབས་ཐམས་ཅད་འགྲོ་དོན་ལ་སྐྱོ་དུབ་མེད་པར་མཉམ་པའི་སྟབས་ཀྱིས་བཞེངས་པ། གཡོན་གྱི་ཡལ་གར་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་དང་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་མོའུ་འགལ་གྱི་བུ་སྟེ་ཉན་ཐོས་མཆོག་ཟུང་གཉིས་ལ་འཁོར་ཉན་ཐོས་དང་རང་རྒྱལ་གྱི་འཕགས་པའི་དགེ་འདུན་གྱིས་བསྐོར་བ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ། སྐུ་ལ་བླ་གོས་མཐང་གོས་སྣམ་སྦྱར་ཤམ་ཐབས་ཏེ་ཆོས་གོས་རྣམ་གསུམ་གསོལ་བ། ལར་ད་ལྟའི་ཤམ་ཐབས་ལ་མཚོན་ན་གླེགས་བུ་ཅན་ངེས་པར་དགོས་ཏེ། གླེགས་བུ་མེད་ན་སྐྱ་སེར་ཐུན་མོང་གི་སྨད་དཀྲིས་སམ་ཡུལ་ཁ་གཞན་གྱི་བུད་མེད་ཀྱི་གོས་ཡིན་པས་མི་འོས། ཕྱག་ན་འཁར་གསིལ་དང་ལྷུང་བཟེད་སོགས་བསྣམས་པ། ཞབས་ཐམས་ཅད་བཞེངས་པའི་སྟབས་ཀྱིས་བཞུགས་པར་གསལ་གདབ། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན། འོད་ཀྱི་དྲྭ་མིག་གི་ཀློང་ན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིས་སྟེང་མ་བྱས་ནས་ཐམས་ཅད་ཀྱང་གདོང་དར་རང་ལ་བསྟན་ཏེ་ཁྲ་ཆེམ་མེ་བཞུགས་ཤིང་། གསུང་རབ་གླེགས་བམ་དེ་དག་ལས་ཨཱ་ལི་དང་ཀཱ་ལིའི་རང་སྒྲ་བར་མེད་དུ་སྒྲོགས་པ། དེ་དག་གི་བར་མཚམས་ཐམས་ཅད་ན་ཡེ་ཤེས་དང་ལས་ལས་གྲུབ་པའི་དཔལ་མགོན་ཆོས་སྐྱོང་སྲུང་མ་ཕོ་རྒྱུད་ཐམས་ཅད་ཞལ་ཕྱིར་ཕྱོགས་ནས་རང་གི་དམ་ཆོས་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་སྲུང་ཞིང་ཕྱིའི་དགྲ་བགེགས་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་མཛད་པ། ཆོས་སྐྱོང་སྲུང་མ་མོ་རྒྱུད་ཐམས་ཅད་ཞལ་ནང་དུ་ཕྱོགས་ནས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་མཛད་པ་དང་། དེ་དག་གི་མཐའ་སྐོར་དུ་ནོར་ལྷ་གཏེར་བདག་ལ་སོགས་པ་མདོར་ན་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ་ལ་བཟང་ངན་དང་མཆོག་དམན་མེད་པར་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་གཙོ་འཁོར་ཐ་མི་དད་པའི་རང་བཞིན་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ལ་རྗེས་སུ་བརྩེ་ཞིང་། མི་ལས་འདས་པའི་སྤྱན་གྱིས་གཟིགས། མི་ལས་འདས་པའི་སྙན་གྱིས་གསན། མི་ལས་འདས་པའི་ཐུགས་ཀྱིས་དགོངས་ཏེ་བདག་ཅག་གི་འདྲེན་པའི་དེད་དཔོན་ཆེན་པོ་གཅིག་ཏུ་བཞུགས་པར་བསམ། སྐྱབས་བྱའི་སེམས་ཅན་ནི། རང་གི་གཡས་སུ་སྐྱེ་བ་ད་རེས་ཀྱི་ཕ། གཡོན་དུ་མ། མདུན་དུ་གང་རང་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས་གཟུགས་ཅན་གཟུགས་མེད་དེ་གཉིས་ཀྱིས་ཐོག་དྲངས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་མཆོག་དམན་ཐམས་ཅད་ས་གཞིའི་ངོས་ན་ཁྲོམ་ཆེན་པོ་ལྟར་འགྲོ་བ་ཐ་དད་པ་ཐམས་ཅད་སྐབས་འདིར་རྣམ་པ་མིའི་ཚོགས་པ་བསྒོམས་ནས་ཐལ་མོ་སྦྱར་ཏེ། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་གུས་པའི་སྒོ་ནས་ཕྱག་འཚལ། ངག་གུས་པའི་སྒོ་ནས་སྐྱབས་འགྲོ་འདོན། ཡིད་གུས་པའི་སྒོ་ནས་སྙིང་ཁོང་རུས་པའི་གཏིང་ནས་ཉི་མ་དེ་རིང་ནས་བཟུང་སྟེ་མཐར་ཐུག་སངས་རྒྱས་མ་ཐོབ་ཀྱི་བར་དུ་མཐོ་སངས་རྒྱས་ཀྱི་ས་རུ་གཏོང་ངམ། དམའ་ངན་སོང་གི་གནས་སུ་གཏོང་ངམ། སྐྱིད་དམ་སྡུག་གམ་བློ་ལེགས་རུང་ཉེས་རུང་། ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་། བླ་མ་དང་དཀོན་མཆོག་རིན་པོ་ཆེ་ཁྱེད་གཅིག་བསྙེན་ཁྱེད་གཅིག་བསྒྲུབ་པ་ཡིན། ཁྱེད་མ་གཏོགས་སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན། རེ་ས་དང་སྐྱབས་གནས་གཞན་ན་མེད་པས། དུས་དེ་རིང་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་བློ་གཏད་དང་ཡིད་ཆེས་ཁྱེད་ལ་བཅོལ། བློ་ཕ་ལ་མི་འདྲི། གྲོས་མ་ལ་མི་བྱེད། ཐག་རང་གིས་མི་བཅད། བླ་མ་དང་དཀོན་མཆོག་རིན་པོ་ཆེ་ཁྱེད་ལ་བསྟེན། ཁྱེད་ལ་འབུལ། ཁྱེད་ཅིག་བསྒྲུབ། ཁྱེད་ཅིག་བསྙེན། ཁྱེད་ལས་གཞན་པའི་སྐྱབས་དང་རེ་ས་མེད་དོ་སྙམ་པའི་གདུང་བ་དྲག་པོས། རང་ཉིད་ཀྱིས་དབུ་མཛད་བྱས་ནས་སེམས་ཅན་ཐམས་ཅད་དང་མཉམ་དུ་སྐྱབས་འགྲོའི་ཚིག་འདོན་པའི་མོས་པ་བྱེད་བཞིན། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ། །རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཞེས་པའི་སྐྱབས་འགྲོའི་ཚིག་བཞི་འདི་འདོན་ཤེས་པ་ཙམ་གྱིས་མི་འོང་ནང་གི་དོན་ཤེས་དགོས་པས། ཐུན་མོང་ཐེག་པའི་ལུགས་ལ། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་ལ་སྟོན་པ་དང་། ལུང་དང་རྟོགས་པའི་བདག་ཉིད་ཅན་ཆོས་ལ་ལམ་དང་། རིག་གྲོལ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་མོས་ཏེ་དཀོན་མཆོག་གསུམ་ལ་ལམ་གྱི་སྐྱེལ་མ་ལྟ་བུར་སྐྱབས་སུ་འགྲོ་བ་ནི་རྒྱུ་ཡི་སྐྱབས་འགྲོ་དང་། མ་འོངས་པ་ན་རང་རྒྱུད་ལ་དེ་གསུམ་དངོས་སུ་སྒྲུབ་པར་འདོད་པས་སྐྱབས་སུ་འགྲོ་བ་ནི་འབྲས་བུའི་སྐྱབས་འགྲོ་དང་། ཐུན་མོང་མ་ཡིན་པ་གསང་སྔགས་སྤྱིའི་ཚུལ་གྱི་སྐྱབས་སུ་འགྲོ་ནི། སྤངས་རྟོགས་མཐར་ཕྱིན་པ་བདེ་བར་གཤེགས་པའི་ངོ་བོ་ལས་ཕྱེ་བའི་བྱིན་རླབས་ཀྱི་རྩ་བ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བླ་མ་ལ་སྒོ་གསུམ་འབུལ། དངོས་གྲུབ་ཀྱི་རྩ་བ་ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་བཞིན་དུ་གཟུགས་སྐུ་ཞི་ཁྲོ་རབ་འབྱམས་སུ་ཤར་བའི་ཡི་དམ་ལ་བསྟེན། བར་ཆད་སེལ་བའི་རྩ་བ་ཆོས་ཉིད་སྐྱེ་བ་མེད་པའི་ནམ་མཁའ་ལ་འགག་མེད་ཐུགས་རྗེའི་ཤུགས་ཀྱིས་འགྲོ་བའི་ཡེ་ཤེས་མཁའ་འགྲོ་ལ་གྲོགས་ཀྱི་ཚུལ་དུ་བྱས་ནས་དེ་ལྟ་བུའི་རྩ་བ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཁྱད་པར་དུ་ཐབས་མཆོག་རྡོ་རྗེ་སྙིང་པོའི་ལུགས་ཀྱི་སྐྱབས་འགྲོ་ནི། སྐུ་བསྒྲུབ་པར་བྱ་བའི་རྟེན་རྩ་ཡི་དྭངས་མ་ཆེན་པོ་སྤྲུལ་སྐུར་བརྟེན། གསུང་བསྒྲུབ་པར་བྱ་བའི་རྟེན་མི་ཤིག་རླུང་ལྔ་ལོངས་སྐུར་སྦྱོང་། ཐུགས་བསྒྲུབ་པར་བྱ་བའི་རྟེན་ཐིག་ལེའི་རང་བཞིན་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་འགྲོ་བ་དང་། དེ་ཡང་གཞི་རྩ་རླུང་ཐིག་ལེའི་གནས་ཚུལ་ལྟར་ལམ་ཉམས་སུ་བླངས་པས་འབྲས་བུ་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པའོ། །མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ནི། སྐྱབས་ཡུལ་དེ་དག་གི་ཐུགས་རྒྱུད་ལ་བཞུགས་པའི་གཉིས་མེད་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ངོ་བོ་གདོད་མའི་སྟོང་ཆེན་གྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟབ་མོ། རང་བཞིན་གསལ་བ་ལྷུན་གྱིས་གྲུབ་པའི་རང་བྱུང་གི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་མ་འགགས་འཛིན་བྲལ་རྣམ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེན་པོ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ལ་བཟླ་བའི་ཚུལ་གྱིས། དུས་བླ་མེད་བྱང་ཆུབ་སྙིང་པོའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །བྱང་ཆུབ་ནི། མི་གནས་པའི་མྱང་འདས་དང་། སྙིང་པོ་ནི། བྱང་ཆུབ་རྣམས་ཀྱི་དམ་པ་དང་། སྐྱབས་སུ་མཆི་ཞེས་པ་ནི་སྙིང་པོ་བྱང་ཆུབ་དེ་ཉིད་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ཟེར་བའི་དོན་ཡིན། སྐྱབས་འགྲོའི་རྒྱུ་ནི། འཇིགས་པ་དང་། དད་པ་དང་། སྙིང་རྗེ་ཆེན་པོའི་བསམ་པ་གསུམ་དང་ལྡན་པ་ཞིག་ཡིན་པས་གལ་ཆེ། གང་ལ་འཇིགས་པའི་ཡུལ་སྤྱིར་འཁོར་བའི་སྡུག་བསྔལ་མཐའ་དག་དང་། དེའི་རྩ་བ་སྐྱེ་འཆི་གཉིས། དེ་གཉིས་ཀྱི་རྒྱུ་ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་དང་། སྙིང་རྗེ་དང་བྲལ་བའི་སྟོང་པ་ཉིད་འབའ་ཞིག་ལ་གོམས་པས། སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེ་ཚད་མེད་པ་ལས་ཉམས་པའི་ཞི་བ་ཕྱོགས་གཅིག་པ་ཆད་པའི་མྱང་འདས་ཀྱི་གཡང་ས་མི་ཟད་པ་དང་། གནས་སྐབས་ལམ་གྱི་མི་མཐུན་ཕྱོགས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་མཐའ་དག་དང་བཅས་གསུམ་པོ་དེ་ལ་དགྲ་ལྟ་བུ་དང་། གཡང་ས་ལྟ་བུ་དང་། དུག་ལྟ་བུའི་འདུ་ཤེས་ཉེ་བར་བཞག་དགོས། སྐྱབས་སུ་འགྲོ་བའི་ངོ་བོ་ནི་ཁས་ལེན་པའི་དོན་ཅན་ཡིན་པས། རྫོགས་པའི་སངས་རྒྱས་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་དེ་གནས་སྐབས་སུ། སྟོན་པར་ཁས་བླངས་ཏེ་སྟོན་པ་འདི་ལས་གཞན་དུ་མི་བསྟེན་པར་དམ་བཅའ་བ་རྒྱུའི་སྐྱབས་འགྲོ། སྟོན་པ་དེ་ཉིད་མཐར་ཐུག་གི་བསྒྲུབ་བྱར་ཁས་བླངས་ཏེ་འབྲས་བུ་དེ་ལས་གཞན་དོན་དུ་མི་གཉེར་བར་དམ་བཅའ་བ་དེ་ཉིད་འབྲས་བུའི་སྐྱབས་འགྲོ་ཡིན། དེས་མཚོན་ཏེ། ལུང་རྟོགས་ཀྱིས་བསྡུས་པའི་དམ་པའི་ཆོས་དང་། འཕགས་པའི་དགེ་འདུན་གཉིས་ཀྱང་གནས་སྐབས་སུ་ལམ་དང་གྲོགས་སུ་ཁས་བླངས་ཏེ་དེ་དང་དེ་ལས་གཞན་པའི་ལམ་དང་གྲོགས་ལ་མི་བསྟེན་པར་དམ་བཅའ་བ་རྒྱུའི་སྐྱབས་འགྲོ་དང་། དེ་གཉིས་མཐར་ཐུག་རང་རྒྱུད་ལ་བསྒྲུབ་བྱར་ཁས་བླངས་ཏེ་རྟོགས་པ་དམ་པའི་ཆོས་རང་གི་ཁོང་དུ་ཆུད་པར་བྱས་ནས། རྒྱུ་མཐུན་ལུང་གི་ཆོས་ཀྱི་འཁོར་ལོ་གཞན་རྒྱུད་ལ་བསྐོར་ཏེ་འཕགས་པའི་ཚོགས་རྣམ་པར་བཞག་ནས་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པར་དམ་བཅའ་བ་ནི་འབྲས་བུའི་སྐྱབས་འགྲོ་ཡིན་པར་ཤེས་པར་བྱ་དགོས་སོ། །དེ་ཡང་ཐུན་རེ་ལ་ཅི་ནུས་སུ་བསགས་ཤིང་ཐ་ནའང་ཆོས་བརྒྱུད་འདིའི་འབུམ་ལྔ་གསོག་སྐབས་ཐོག་མར་སྐྱབས་འགྲོ་འབུམ་ཕྲག་གཅིག་མ་ཐུབ་ཀྱི་བར་དུ། ཐུན་དུ་བཅད་ནས་གྲངས་འགྲོ་ངེས་བྱེད་དགོས་པ་དེ་འབུམ་ལྔའི་ནང་གི་དང་པོ་ཡིན་པ་དང་། དེ་ཡང་སྐྱབས་འགྲོ་དང་སྦྲགས་ནས་ཕྱག་འཚལ་ཡང་འགལ་བ་མེད། མཚན་ཉིད་དང་ལྡན་པ་ཞིག་དགོས་ན་འོག་བླ་མའི་རྣལ་འབྱོར་གྱི་སྐབས་སུ་ཡན་ལག་བདུན་པའི་ཕྱག་འཚལ་དང་བསྟུན་ནས་བྱེད་ན་དོན་ལ་གནས་ཤིང་སྲོལ་དང་མཐུན་པས་དེ་ལྟར་བྱེད་དགོས། རྒྱུན་དུ་ཡང་སྐྱབས་འགྲོ་ལ་ཡི་དམ་དུ་བྱ། དེ་ལྟར་སྐྱབས་སུ་འགྲོ་བའི་ཚེ་རང་གི་ཕ་མ་གཡས་གཡོན་དུ་བསྒོམ་ཞིང་དགྲ་བགེགས་གཉིས་མདུན་དུ་བསྒོམ་སྟེ། ཚེ་འདིའི་ཕ་མ་ལས་ཀྱང་ཚེ་འདིའི་དགྲ་བགེགས་གལ་ཆེ་བར་བསྒོམ་དགོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། རང་རེ་ཐེག་པ་ཆེན་པོའི་སྒོར་ཞུགས་པའི་གང་ཟག་རྣམས་ནི། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཡིད་འོང་གི་བྱམས་པ་དང་བརྩེ་བའི་སྙིང་རྗེ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་ཕྱོགས་རིས་མེད་པར་སྙོམས་པར་བསྒོམ་དགོས་ཤིང་། ཁྱད་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས། དགེ་བའི་རྩ་བ་གང་བསགས་ཐམས་ཅད་ཆུད་མི་ཟ་ཞིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཆེད་དུ་བཟོད་པ་བསྒོམ་པ་གཙོ་བོར་བྱ་དགོས་ལ། བཟོད་པ་དེ་ཡང་། ཞེ་སྡང་སྐྱེ་ཡུལ་མེད་ན་བཟོད་པ་སུ་ལ་བསྒོམ། །ཟེར་བ་ལྟར་དགྲ་བགེགས་གཉིས་ཀྱིས་མི་འདོད་པ་དང་གནོད་པ་བྱས་པ་ལ་བརྟེན་ནས་བཟོད་པའི་དཀའ་ཐུབ་སྐྱེ་བ་ཡིན་པས་ཕ་མ་ལས་ཀྱང་དགྲ་བགེགས་གཉིས་བཀའ་དྲིན་ཆེ་བར་བསྒོམ་དགོས་པ་དང་། ལེགས་པར་བརྟགས་ན་ཆོས་ཕྱོགས་ནས་ཕ་མ་ལས་ཀྱང་དགྲ་བགེགས་གཉིས་དྲིན་དུ་ཆེ་བ་ཡིན་ཏེ། ཕ་མས་ནི་བཟང་སེམས་བྱས་ཀྱང་ངན་སེམས་སུ་འགྱུར་བ་ཡིན་ཏེ་འཇིག་རྟེན་ཚེ་འདི་སྒྲུབ་པའི་གཡོ་ཐབས་ཐམས་ཅད་བསླབས་ནས་ཕྱི་མ་ངན་སོང་གི་གཏིང་ནས་མི་ཐར་བ་ཞིག་གི་རྒྱུ་བྱེད་པ་ཡིན་པས་དེ་ཙམ་དྲིན་དུ་མི་ཆེ་ལ། དགྲ་བགེགས་གཉིས་ནི་དེ་བས་དྲིན་ཆེ་བ་ཡིན་ཏེ་དགྲས་རང་ལ་ལོག་སྒྲུབ་བྱེད་པའི་སྒོ་ནས་དགྲ་དེ་ཉིད་བཟོད་པ་སྒོམ་པའི་རྟེན་དུ་འགྱུར་བ་དང་། རྒྱུ་ནོར་འཕྲོག་བཅོམ་རྐུ་བ་ལ་སོགས་པ་བྱས་པའི་དགྲ་བོ་ནི་རང་ཉིད་གཏན་དུ་འཁོར་བ་ནས་མི་ཐར་བའི་འཆིང་ཐགསྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་ནོར་རྫས་ལོངས་སྤྱོད་སོགས་དང་དབང་མེད་དུ་འབྲལ་བར་བྱེད་པས་དྲིན་ཆེ། རིག་འཛིན་འཇིགས་མེད་གླིང་པས། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །གཏམ་མ་ཉེས་ཁ་ཡོག་དགེ་སྐུལ་གྱི་ལྕག་འདེབས། །འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས། །ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད། །ཞེས་གསུངས་པ་ལྟར་ཡིན། དངོས་མེད་ཀྱི་གདོན་བགེགས་ཀྱང་བཟོད་པ་སྒོམ་པའི་ཡུལ་དུ་འགྱུར་བ་དང་། དེ་དག་གིས་ན་ཚ་དང་སྡུག་བསྔལ་བཏང་བ་ལ་བསྟེན་ནས་རང་གི་སྔར་བྱས་ཀྱི་སྡིག་པ་མང་པོ་བྱང་བ་དང་། དེ་ཡང་ཁྱད་པར་རྗེ་བཙུན་མི་ལ་ལྟ་བུ་ཡང་གཉེན་ཉེ་དགྲ་རུ་ལངས་ནས་ཨ་ཁུ་དང་ཨ་ནེས་ནོར་རྫས་ལོངས་སྤྱོད་ཐམས་ཅད་འཕྲོག་པའི་རྐྱེན་གྱིས་ཆོས་དང་མཇལ་བ་དང་། དགེ་སློང་དཔལ་མོ་ལྟ་བུ་ཀླུ་གདོན་གྱིས་ཉེན་ནས་སྤྱན་རས་གཟིགས་བསྒྲུབས་པས་མཆོག་གི་དངོས་གྲུབ་ཐོབ་པ་སོགས་དགྲ་བགེགས་གཉིས་ཀྱིས་ཆོས་དང་མཇལ་བའི་རྒྱུ་རྐྱེན་བྱེད་པས་ཀྱང་དྲིན་ཆེ་བ་ཡིན་ཏེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞལ་ནས། འཚེ་བས་ཉེན་ནས་ཆོས་དང་འཕྲད་པ་དེ། །ཐར་ལམ་རྙེད་པས་གནོད་བྱེད་བཀའ་དྲིན་ཆེ། །སྡུག་བསྔལ་ཡིད་བྱུང་ཆོས་དང་འཕྲད་པ་དེ། །གཏན་བདེ་རྙེད་པས་སྡུག་བསྔལ་བཀའ་དྲིན་ཆེ། །མི་མིན་གནོད་པས་ཆོས་དང་འཕྲད་པ་དེ། །འཇིགས་མེད་རྙེད་པས་འདྲེ་གདོན་བཀའ་དྲིན་ཆེ། །མི་སོགས་སྡང་བས་ཆོས་དང་འཕྲད་པ་དེ། །ཕན་བདེ་རྙེད་པས་སྡང་བྱེད་བཀའ་དྲིན་ཆེ། །རྐྱེན་ངན་དྲག་པོས་ཆོས་དང་འཕྲད་པ་དེ། །འགྱུར་མེད་ལམ་རྙེད་རྐྱེན་ངན་བཀའ་དྲིན་ཆེ། །གཞན་གྱིས་བསྐུལ་བས་ཆོས་དང་འཕྲད་པ་དེ། །སྙིང་པོའི་དོན་རྙེད་སྐུལ་མཁན་བཀའ་དྲིན་ཆེ། མཉམ་དུ་དྲིན་གཟོ་དགེ་བ་དེ་ལ་བསྔོ། །ཞེས་གསུངས་པ་ལྟར་ཡིན་པས། དགྲ་བགེགས་དེ་གཉིས་ཚེ་འདིར་བཀའ་དྲིན་ཆེ་བ་དང་དེ་དག་ཚེ་རབས་སྔ་མའི་ཕ་མའང་ཡིན་པས་གལ་ཆེ་བ་ཡིན་ནོ། །མཐར་ཐུན་བསྡུ་བའི་ཚེ་རང་གིས་དད་པ་དང་མོས་གུས་དུང་དུང་བ་བྱས་པའི་རྐྱེན་གྱིས་སྐྱབས་ཡུལ་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་རང་གཞན་སེམས་ཅན་ཐམས་ཅད་ཉོན་མོངས་ཤེས་བྱ་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་དག་རིགས་ཁམས་བདེ་གཤེགས་སྙིང་པོ་གནས་གྱུར་ནས་ཡེ་ཤེས་མངོན་དུ་བྱས་ལ། མཐར་ཐམས་ཅད་བྱ་ཁྱུ་འུར་རྡོས་དཀྲོགས་པ་ལྟར་འུར་དིར་གྱིས་འཕུར་ཏེ་སྐྱབས་ཡུལ་ལྷ་ཚོགས་རྣམས་ལ་སྐྱབས་འགྲོའི་སྐབས་ཡར་ཐིམ་དགོས་པ་ཡིན། སྐྱབས་ཡུལ་ལྷ་ཚོགས་རྣམས་ཀྱང་མཐའ་ནས་རིམ་བཞིན་འོད་དུ་ཞུ་ནས་དབུས་ཀྱི་བླ་མ་སྐྱབས་གསུམ་ཀུན་འདུས་ལ་ཐིམ། སྤྱི་བོའི་ཐོ་བརྩེགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་མར་བླ་མ་ལ་ཐིམ་སྟེ་ཞབས་གདན་ཁྲི་དང་དབུ་ནས་རིམ་གྱིས་བསྡུས་ནས་ཐུགས་ཀའི་ཐད་དུ་ཡལ་བ་བསམ་པའི་ངང་ལ་མཉམ་པར་བཞག མཐར་ཐུག་བླ་མ་ཡང་འོད་དུ་ཞུ་ནས་འོད་དུ་ཡལ་ཏེ་ཆོས་སྐུ་སྤྲོས་བྲལ་གདོད་མའི་ངང་ལ་སེམས་རྣམ་རྟོག་གི་འཕྲོ་འདུ་དུས་གསུམ་གྱི་འཁྲུལ་བ་དང་བྲལ་བར་རང་བབས་ཅི་གནས་སུ་བཞག མ་ཧཱ་ཡོ་གའི་དཀྱིལ་ཆོག་གི་བསྡུ་ལྡང་ལྟར། མི་དམིགས་པའི་ངང་ལ་མཉམ་པར་བཞག དེ་ལས་ལྡང་བའི་ཚེ་སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས་ཀྱི་ངོ་བོ་སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་བར་ཤར་བའི་གསལ་སྣང་དང་མ་བྲལ་བའི་ངང་ནས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་བ་འབྱམས་ཀླས་ཤིང་། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །ཞེས་ཟེར་ནས་གྲོལ་བ་ལྟར་ཡིན། སྨིན་གླིང་གཏེར་ཆེན་དགོངས་པ་རྫོགས་སྐབས་ཚིགས་བཞི་འདི་ལན་གཅིག་གསུངས་ནས་དགོངས་པ་ཆོས་དབྱིངས་སུ་བསྡུས་སོང་བ་རེད། དེ་ལྟ་བུའི་རྫོགས་རིམ་བསྡུ་ལྡང་དང་འདྲ་བ་དེ་ལས་ལྡང་བའི་ཚེ་ན་སྣང་སྲིད་ཐམས་ཅད་སྐྱབས་ཡུལ་གྱི་ལྷ་ཚོགས་ཀྱི་སྐུ་རུ་བཀྲ་ལམ་མེར་གསལ་ལ་དགེ་བ་མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་བསྔོ་ཞིང་། དགེ་བ་འདི་ཡིས་མྱུར་དུ་བདག །དཀོན་མཆོག་གསུམ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད། ཐུན་མཚམས་འགྲོ་འདུག་སོགས་དུས་དང་རྣམ་པ་ཐམས་ཅད་དུ་སེམས་དྲན་པ་དང་ཤེས་བཞིན་ངང་སྐྱབས་ཡུལ་གྱི་ལྷ་ཚོགས་དེ་དག་གི་གསལ་སྣང་དང་མ་བྲལ་བའི་ངང་ནས་སྐྱབས་ཡུལ་གྱི་ལྷ་ཚོགས་དེ་དག་འགྲོ་བའི་ཚེ་རང་ཉིད་ཀྱི་ཕྲག་པ་གཡས་ཀྱི་ནམ་མཁར་བསྒོམ། དེ་བསྐོར་བ་བྱེད་པའི་གནས་ཡིན། འདུག་པའི་ཚེ་སྤྱི་བོའི་གཙུག་གི་ནམ་མཁའ་ལ་བསྒོམ། དེ་དད་ཅིང་གུས་པའི་སྒོ་ནས་གསོལ་བ་འདེབས་པའི་རྟེན་ཡིན། ཟ་འཐུང་གི་ཚེ་མགྲིན་པའི་དབུས་སུ་བསྒོམ། དེ་ཅི་ཟ་ཅི་འཐུང་གི་རོ་བཅུད་ཀྱི་ཕུད་མཆོད་ས་ཡིན། ཉལ་བའི་ཚེ་རང་གི་སྙིང་གི་དབུས་སུ་པདྨ་འདབ་བརྒྱད་ནང་བསྒོམ། དེ་དྲན་རིག་འཁྲུལ་པ་འོད་གསལ་དུ་སྦ་བའི་གནད་ཡིན་པས། དེ་ལྟར་ཟ་ཉལ་འགྲོ་འཆག་སོགས་སྤྱོད་ལམ་ཐམས་ཅད་དུ་སྐྱབས་ཡུལ་ལྷ་ཚོགས་ཀྱི་གསལ་སྣང་དང་མ་བྲལ་བའི་ངང་ནས། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཡིད་ཁྱེད་ཤེས་ཀྱི་དད་པས་བློ་སྙིང་བཀལ་ཏེ་སྐྱབས་འགྲོ་ཁོ་ན་ལ་བརྩོན་པར་བྱའོ། །ཡང་ཐུན་རྗེས་མ་ལ་འཇུག་དགོས་པས་ཐུན་གྱི་སྦྱོར་བ་སྣབས་འབུད། གདོང་ཕྱི། སྒོ་ཕྱི་ནང་ཐམས་ཅད་ལེགས་པར་བཅད། མདོར་ན་བྱ་བ་ཕྲན་ཚེགས་ཐམས་ཅད་བྱས་ནས་ཐུན་ཕེད་ནས་རྒྱུག་མི་དགོས་པ་ཞིག་བྱ། དེ་ནས་ཐུན་མཚམས་ཀྱི་རྟོག་ཉོབ་ཐམས་ཅད་མཚམས་བཅད་ནས། ད་ནི་ཐུན་འདིའི་ནང་ངས་སེམས་ཉོན་མོངས་འཁྲུལ་བའི་དབང་དུ་མི་གཏོང་ཞིང་ཡང་དག་པ་ཞིག་བསྒོམ་དགོས་བསམ་རྒྱུའི་དམ་བཅའ་བརྟན་པོར་བྱ། དེ་ནས་སེམས་འདས་པའི་རྣམ་རྟོག་གི་རྗེས་སུ་མི་འབྲང་། མ་འོངས་པའི་རྣམ་རྟོག་གི་མདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་མཐུད་པར་ཅི་གནས་སུ་བཞག དེ་ནི་བསྐྱེད་རྫོགས་ཀྱི་སྐབས་ལྟ་བུ་ལ་མཚོན་ན་བགེགས་བསྐྲད་ནས་བསྲུང་འཁོར་བསྒོམ་པ་ལྟ་བུ་ཡིན། དེ་ནས་ལུས་གནད་སོགས་འདྲ། སྐྱབས་འགྲོ་སོགས་ཐུན་གྱི་དངོས་གཞི་ལ་འཇུག མཐར་ཐུན་བསྡུ་བའི་རིམ་པ་གོང་དུ་བཤད་པ་ལྟར་བྱ། ཐུན་དེའི་རྗེས་ལ། སྔར་གྱི་དམ་བཅའ་དེ་དང་ལྡན་མི་ལྡན་རང་གིས་རང་ལ་བརྟགས་ཤིང་དཔྱད་ནས། ལེགས་ན་ང་རྒྱལ་བཀྱག ཉེས་ན་གཟེངས་སུ་བསྟོད་དེ་ཐུན་རྗེས་མར་གཟབ་རྒྱུར་དམ་བཅའ། དེ་ནི་ཐུན་ཞིག་མ་བཅད་ན་མ་བཅད་ནི་རེད་མ་གཏོགས་ཐུན་ཞིག་བཅད་ནས་བཟུང་སྦྱོར་དངོས་རྗེས་གསུམ་པོ་ཐམས་ཅད་ཡང་དག་པ་ཞིག་ཚང་དགོས་པ་ཡིན་ནོ། །དེ་ནས་ནངས་མོ་ལྡང་བའི་ཚེ་རང་གི་ཡི་དམ་གྱི་ལྷ་གང་ཡིན་པ་དེའི་ང་རྒྱལ་གྱིས་ལྡང་བའི་ཚེ། ནམ་མཁའ་བར་སྣང་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་ཀྱིས་ཅང་ཏེའུ་དང་དྲིལ་བུའི་སྒྲ་སྒྲོགས་པ་དང་། ཞལ་ནས་ཨཱ་ལི་དང་ཀཱ་ལིའི་རང་སྒྲ་སྒྲོགས་པའི་སྟོབས་ཀྱིས་གཉིད་སད་པར་བསམ་ཞིང་། ཐུན་གྱི་སྔོན་འགྲོ་སོགས་ལ་འཇུག་དགོས་པ་སྔར་ལྟར་རོ།།

༼༣བསླབ་བྱ་དང་ཕན་ཡོན་བསྟན་པ་ལ་གསུམ།

གསུམ་པ་བསླབ་བྱ་དང་ཕན་ཡོན་བསྟན་པ་ལ། དང་པོ་བསླབ་བྱ་ལ། སྤང་བྱའམ་དགག་བྱ་གསུམ་དང་། བསྒྲུབ་བྱ་གསུམ་དང་། ཆ་མཐུན་གསུམ་ཡོད་པ་ལས།

༡༽སྤང་བྱ་གསུམ།

དང་པོ་སྤང་བྱ་གསུམ་ནི། མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ནས་འཁོར་བར་འཁོར་བའི་ལྷ་ལ་ཕྱག་མི་འཚལ་ཞེས་བྱ་སྟེ། རྟག་ཆད་དུ་ལྟ་བའི་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའི་ལྷ་དབང་ཕྱུག་དང་ཁྱབ་འཇུག་དང་ཚངས་པ་ལ་སོགས་རང་ཉིད་འཁོར་བའི་སྡུག་བསྔལ་ལས་མ་གྲོལ་བ་རྣམས་དང་། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་གསུངས་པ་ལྟར། གཞན་ཡང་ཡུལ་ལྷ་དང་གཞི་བདག་ལ་སོགས་པ་འཇིག་རྟེན་གྱི་ལྷ་འདྲེ་མཐུ་བོ་ཆེ་རྣམས་ལ་ཚེ་ཕྱི་མའི་གཏན་གྱི་སྐྱབས་གནས་སུ་བཟུང་ནས་ཕྱག་དང་མཆོད་པ་ལ་སོགས་པ་མི་བྱ། དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་གསུངས་ན། དམ་པའི་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་ནས་སེམས་ཅན་གྱི་རིགས་སུ་གྱུར་བ་ཐམས་ཅད་ལ་འཚེ་བའམ་གནོད་པ་སྤངས་ཞེས་གསུངས་ཏེ། སེམས་ཅན་གཞན་ལ་གནོད་ཅིང་འཚེ་བའི་བྱ་བ་དངོས་སུ་བྱེད་པ་ལྟ་ཅི་རྨི་ལམ་ཙམ་དུ་ཡང་མི་བྱ་བར་དམ་བཅས་ཏེ་འབད་པ་དང་བརྩོན་པ་དྲག་པོས་ཅི་ནུས་སུ་བསྲུང་། དགེ་འདུན་ལའང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་ལྟར། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བླངས་ཟིན་ནས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་ཞེས་གསུངས་ཏེ། རྒྱལ་བའི་བསྟན་པ་དང་སྟོན་པ་རྫོགས་པའི་སངས་རྒྱས་ལ་མི་དད་པའི་བསྟན་པ་འདི་ལས་ཕྱི་རོལ་ཏུ་གྱུར་བའི་མུ་སྟེགས་པའི་རིགས་དང་མཐུན་པར་མི་འགྲོགས། འོན་ཀྱང་མུ་སྟེགས་ཅན་དངོས་བོད་ན་མེད་ཀྱང་། སྡིག་ཅན་གྱི་གྲོགས་རྒྱུ་འབྲས་ལ་སྐུར་བ་འདེབས་ཤིང་རང་གི་བླ་མ་དང་རང་མཐུན་གྱི་ཆོས་ལ་གཤེ་ཞིང་སྨོད་པ་དང་སྤྱིར་གསང་སྔགས་ཟབ་མོའི་ཆོས་ལ་སྐུར་པ་འདེབས་པ་ལ་སོགས་མུ་སྟེགས་པ་དང་འདྲ་བ་གཞན་དང་མི་འགྲོགས།

༢༽བསྒྲུབ་བྱ་གསུམ།

བསྒྲུབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་དཀོན་མཆོག་གི་སྐུའི་རྟེན་རིས་སུ་བྲིས་པ་འབུར་དུ་དོད་པའི་ཆག་དུམ་ཡན་ཆད་གུས་པས་མཆོད། སྤྱི་བོས་བཏེག་གཙང་སར་བཞགམདོ་སྡེ་པདྨ་དཀར་པོ་ལས། སྐུ་གཟུགས་རྣམ་པ་མང་པོ་དེ་སྤྲུལ་ནས། །འགྲོ་བ་དགེ་ལ་སྦྱོར་བའི་དོན་བྱེད་དོ། །ཞེ་གསུངས་པ་ལྟར། །སངས་རྒྱས་ཀྱི་སྐུ་བརྙན་བཟང་ངན་ལ་མ་ལྟོས་པ་ཐམས་ཅད་ལ་སངས་རྒྱས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྐྱེད་དེ་དད་པ་དང་དག་སྣང་བྱ། སྙན་གུང་རྒྱན་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་གསུངས་པ་ལྟར། ཆོས་ལ་སྐྱབས་སུ་སོང་ནས་ཆོས་དཀོན་མཆོག་གི་རྟེན་གསུང་རབ་ཡི་གེའི་རས་མ་ན་གཅིག་ཡན་ཆད་ལ་གུས་པ་བསྐྱེད། བོད་ཡིག་ནི་མཚོན་པ་ཙམ་ལས་དམ་པའི་ཆོས་བརྗོད་བྱ་བྱས་པའི་ཡིག་རིགས་ཐམས་ཅད་ལའང་གོ་དགོས། སྤྱི་བོས་མཆོད་དེ་གསུང་རབ་ཡི་གེའི་རྣམ་པ་ཅན་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག ཡང་ཇི་སྐད་དུ། མ་འོངས་ཐུབ་པའི་བསྟན་པ་ནུབ་པའི་ཚེ། །དམར་དང་སེར་པོ་གོས་ཀྱི་རས་མ་ཀུན། །ལྷ་རྣམས་ཀྱིས་བསྡུས་དད་པའི་རྟེན་དུ་ཁྱེར། །རི་རབ་རྩེ་རུ་མཆོད་རྟེན་བྱེད་པར་གསུངས། །ཞེས་པ་ལྟར། དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་དཀོན་མཆོག་གི་ན་བཟའི་རིགས་ཀྱི་རྟེན་ལྷན་པ་དམར་སེར་ཡན་ཆད་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་གུས་པས་མཆོད། སྤྱི་བོས་བཏེག གཙང་སར་བཞག་དད་པ་དང་དག་སྣང་བྱ།

༣༽ཆ་མཐུན་གསུམ།

ཆ་མཐུན་གསུམ་ནི། ད་ལྟ་རང་ལ་བླང་དོར་གྱི་གནས་དམ་པའི་ཆོས་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་ལ། སངས་རྒྱས་དཀོན་ཅོག་དངོས་ཀྱི་འདུ་ཤེས་བཞག་ནས་ཐ་ན་མ་གུས་པའི་སྒོ་ནས་སྐུའི་གྲིབ་མ་ཙམ་ལ་ཡང་མི་འགོང་བར་རང་ནུས་གང་ཡོད་ཀྱིས་མཉེས་པ་གསུམ་གྱི་སྒོ་ནས་ཞབས་ཏོག་དང་བསྙེན་བཀུར་ལ་འབད། མ་ཟད་བླ་མ་དམ་པ་དེས་བཀའ་ཇི་ལྟར་སྩལ་བའི་གསུང་ཅི་བྱུང་བ་རྣམས་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་ཅི་གསུངས་ཚད་མར་འཛིན་ཏེ་དང་དུ་བླང་ཞིང་བླ་མ་དམ་པ་དེའི་གསུང་གི་ཟུར་ཙམ་ཡང་མི་བཅག བླ་མའི་སྐུ་འཁོར་དང་སློབ་མ་རང་གི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ་སྒོ་ལུས་ངག་ཡིད་གསུམ་གུས་པས་བསྟེན་ཅིང་ཐུགས་མི་མཉེས་པ་སྐད་ཅིག་མ་ཙམ་ཡང་མི་བྱ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་འདིར་སྐྱབས་ཡུལ་གྱི་གཙོ་བོ་བླ་མ་ཡིན་པས། བླ་མའི་ཐུགས་ཡེ་ཤེས་ཆེན་པོ་ཡིན་པས་དེའི་རྣམ་འགྱུར་སྐུ་ལྟར་ཤར་བ་དགེ་འདུན། གསུང་ལྟར་གྲགས་པ་དམ་ཆོས། ཐུགས་ལྟར་འཕྲོ་བ་སངས་རྒྱས་ཏེ། ཆོས་སྐུའི་རྣམ་འགྱུར་གཟུགས་སྐུ་དང་། གཟུགས་སྐུའི་ངོ་བོ་ཆོས་སྐུ་ཡིན་ལ་དེ་ཡང་དབྱེར་མི་ཕྱེད་པ་ཟུང་འཇུག་རྡོ་རྗེ་འཆང་ཡིན། སྨིན་གྲོལ་གྱི་གདམས་པ་སྦྱིན་པའི་བླ་མ་དེའི་ཐུགས་སངས་རྒྱས་དང་། བླ་མས་གསུངས་པའི་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་སྨིན་གྲོལ་གཉིས་པོ་དམ་པའི་ཆོས་དང་། དེ་ཉམས་སུ་ལེན་པའི་གང་ཟག་ཀྱང་བླ་མ་དེ་ཉིད་ཡིན་པས་རིག་འཛིན་ནང་གི་དགེ་འདུན་ཡིན་ལ། དེས་ན་རྩ་བ་གསུམ་པོ་དཀོན་མཆོག་གསུམ་གྱི་རང་བཞིན་དུ་འདུ་ལ། དཀོན་མཆོག་གསུམ་པོ་དེ་ཡང་བླ་མ་གཅིག་ལ་འདུས་པས། དབྱེ་ན་སྐྱབས་གནས་དགུ་ཕྲུགས་སུ་དབྱེ་རུང་མོད་ཀྱང་། ཚུར་བསྡུ་ན་བླ་མ་གཅིག་པུ་ཉིད་ལ་འདུ་བ་ཡིན། དེས་ན་བླ་མ་དེ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ཤེས་པར་བྱས་ནས། ཅི་མཛད་ལེགས་མཐོང་དང་། བློ་གཏད་ཁྱེད་ཤེས་ཀྱི་སྒོ་ནས་བསྟེན་ཅིང་རྟག་ཏུ་གསོལ་འདེབས་ལ་འབད། གལ་ཏེ་རང་གི་སྒོ་གསུམ་གྱི་སྤྱོད་པས་ཐུགས་རྒྱུད་དཀྲུགས་ནས་ཐུགས་སུན་ཕྱུངས་ན་སྐྱབས་ཡུལ་ཐམས་ཅད་སྤངས་པར་འགྲོ་བས་སྙིང་རུས་དང་ཞེ་བཅད་དྲག་པོས་བླ་མ་མཉེས་པའི་ཐབས་ལ་དུས་དང་རྣམ་པ་ཐམས་ཅད་དུ་འབད་པར་བྱ། སྤྱིར་སྐྱིད་ན་དཀོན་མཆོག་གི་ཐུགས་རྗེ་དང་སྡུག་ན་ཚེ་སྔོན་གྱི་ལས་འབྲས་ཡིན་པར་ཤེས་པ་དང་། ལེགས་པ་དང་ཉེས་པ་དང་ན་ཚ་དང་སྡུག་བསྔལ་ལ་སོགས་པ་ཅི་བྱུང་ཡང་བློ་བླ་མ་དཀོན་མཆོག་ཁོ་ན་ལ་གཏད། སྐྱིད་ན་དཀོན་མཆོག་གི་ཐུགས་རྗེར་ཤེས་པར་བྱ་དགོས་ཏེ། མི་ཚེ་གཅིག་ལ་སྐྱབས་འགྲོ་འདི་གཅིག་པུའི་ཉམས་ལེན་མཐར་ཕྱིན་པར་གྱིས་དང་ཆོག་རེད། མི་ཞིག་ཡིན་ནས་བཟུང་མི་ཚེ་གཅིག་པོ་འདི་ལ་ཡང་ན་སྐྱིད། ཡང་ན་སྡུག དེ་གཉིས་གང་རུང་ལས་གཞན་འོང་རྒྱུ་མེད། སྡུག་ན་སྡུག་དེ་ལ་རྒྱུ་འབྲས་གཉིས་ཡོད། སྡིག་གི་འབྲས་བུ་དཔེར་ན་ནད་ཀྱིས་མནར་བ་དང་། གདོན་གྱིས་ཟིན་པ་དང་། དགྲ་ཡིས་འཚེ་བ་སོགས་མི་འདོད་པ་བྱུང་ན་ང་ལ་འདི་འདྲ་བ་འོང་མ་ཐང་བ་མི་བསམ་པར། འདི་ཡང་དཀོན་མཆོག་གི་ཐུགས་རྗེས་བདག་གི་ལས་ངན་འཛད་པའི་ཐབས་སུ་གནང་བ་ཡིན་ཏེ། སྐྱེ་བ་ཕྱི་མ་ལ་མྱོང་འགྱུར་གྱི་ལས་ཡོད་པ་ད་ལྟ་བདག་གིས་མྱོང་ནས་འཛད་པ་ཡིན་པས་ང་རེ་དགའ་སྙམ་དུ་བསམ་ཞིང་དགའ་བ་བསྒོམ་དགོས། སྡུག་བསྔལ་གྱི་རྒྱུ་ཆགས་སོགས་ཉོན་མོངས་པའི་རྟོག་པ་བྱུང་བའི་ཚེ་འདི་ཡང་དཀོན་མཆོག་གི་ཐུགས་རྗེས་བདག་གི་རྒྱུད་ལ་དེ་ལྟ་བུའི་ཉེས་པའི་རྒྱུ་ཡོད་དོ་ཟེར་བྱ་གཏོང་བ་ཡིན་པས་དཀོན་མཆོག་གི་ཐུགས་རྗེ་ཡིན་བསམ་ཞིང་། དེ་ལ་དགའ་བར་བལྟ། དགོས་པར་བལྟ། མེད་ཐབས་མེད་པར་བལྟ་ཞིང་། བདག་གི་རྒྱུད་ལ་མི་དགེ་བའི་བསམ་སྦྱོར་འདི་མི་འབྱུང་བ་ཞིག་དཀོན་མཆོག་གསུམ་ཁྱེད་ཀྱི་ཐུགས་རྗེ་མ་ཆུང་བསམས་ནས་དགའ་བ་བསྒོམ་དགོས་སོ། །དེས་ན་འཇིག་རྟེན་འདིའི་བདེ་བ་དང་དགེ་བའི་དངོས་པོ་ཐ་ན་ཚ་བའི་དུས་སེར་བུའི་ངད་ཕྲ་མོ་ཙམ་ལྡང་བ་ཚུན་ཆད་སངས་རྒྱས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཡིན་པར་གསུངས་ཤིང་། དེ་བཞིན་དུ་སེམས་ལ་དགེ་བའི་རྣམ་རྟོག་སྐད་ཅིག་མ་ཞིག་སྐྱེས་པ་ཡང་སངས་རྒྱས་ཀྱི་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་མཐུ་ཁོ་ན་ཡིན་ཏེ། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་གསུངས། དེ་ལྟ་བུའི་རྟོག་པ་བཟང་པོ་དེ་གོང་ནས་གོང་དུ་འཕེལ་ཐབས་སུ་བླ་མ་དང་དཀོན་མཆོག་ལ་གསོལ་བ་འདེབས་དགོས། ཟས་གོས་ཡོ་བྱད་ཕུན་སུམ་ཚོགས་པའི་སྐྱིད་པོ་བྱུང་ན་ཡང་དཀོན་མཆོག་གི་ཐུགས་རྗེས་ཡིན་པར་ཤེས་ནས་མཆོད་པ་འབུལ་དགོས། ཁྱད་པར་དུ་དགེ་འདུན་པ་ལ་མཆོད་པ་འབུལ་ན་དཀོན་མཆོག་གསུམ་པོ་མཆོད་པའི་བསོད་ནམས་ཐོབ་པ་རེད། ཕལ་བའི་བླ་མ་གཅིག་ལ་རྒྱུ་ནོར་ཆེན་པོ་ཞིག་ཕུལ་བ་ལས་དགེ་འདུན་པ་སྤྱི་ལ་འབུལ་ན་བསོད་ནམས་ཆེ་བ་རེད། དགེ་འདུན་འདུས་པ་ནི་བྱིན་རླབས་ལྷག་པར་ཆེ་བ་ཡིན་པས་ཚང་མའི་བསོད་ནམས་བསགས་པའི་ཞིང་དགེ་འདུན་པ་མཆོག་ཡིན། དེ་ལས་ཀྱང་ཁྱད་པར་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ཉིད་དཀོན་མཆོག་བཞི་པ་ཡིན་པས་མཆོད་ན་བསོད་ནམས་ཚད་མེད་པ་ཡོད། དེས་ན་ཕན་པ་དང་བདེ་བའི་དངོས་པོ་ཅི་ཡོད་པ་ཐམས་ཅད་སངས་རྒྱས་ཀྱི་ཐུགས་རྗེ་ལས་བྱུང་བ་ཡིན་པར་ཤེས་པར་བྱ་ཞིང་། ན་ཚ་དང་སྡུག་བསྔལ་གདོན་བགེགས་ཀྱི་བར་ཆད་ལ་སོགས་པ་མི་འདོད་པ་གང་དང་ཇི་ལྟ་བུ་བྱུང་ཡང་། དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་གཙོ་བོར་བྱེད་པ་མ་གཏོགས་ན་ཚ་དང་གདོན་བགེགས་སེལ་བའི་ཐབས་དཀོན་མཆོག་སྤངས་ནས་གཞན་ལ་བློ་མི་གཏོད། གལ་ཏེ་སྨན་དཔྱད་དང་གཏོ་བཅོས་སོགས་བྱེད་དགོས་བྱུང་ན་ཡང་། ཕན་པའི་དངོས་པོ་དེ་དག་ཀྱང་དཀོན་མཆོག་གསུམ་གྱི་ཕྲིན་ལས་སུ་ཤེས་པས་ཉམས་སུ་བླང་། རང་རེ་ལ་ནད་དྲག་པོ་ཕོག་སྟེ་སྨན་པ་ལྟ་བུར་བསྟེན་དགོས་བྱུང་ནའང་སྨན་པ་དེ་སངས་རྒྱས་སྨན་བླ་དང་སྨན་དང་སྨན་བཅོས་བྱེད་པ་རྣམས་སངས་རྒྱས་སྨན་བླའི་ཕྲིན་ལས་སུ་ཤེས་ན་དེ་བས་ཀྱང་ཕན་ཡོན་ཆེ། གང་དང་ཅི་སྣང་བ་ཐམས་ཅད་དཀོན་མཆོག་གསུམ་གྱི་རྣམ་རོལ་དུ་ཤེས་པས་དད་པ་དང་དག་སྣང་སྦྱང་། རང་ཉིད་ས་ཕྱོགས་གཞན་དུ་དོན་གཉེར་ལ་སོགས་པར་འགྲོ་བའི་དུས་ཀྱང་། གར་འགྲོ་བའི་ཕྱོགས་ཀྱི་སངས་རྒྱས་དང་དཀོན་མཆོག་ལ་ཕྱག་འཚལ་ཏེ་ཕྱོགས་བཅུའི་མུན་སེལ་རེ་ཡང་བཏོན་ནས་འགྲོ། འགྲོ་འདུག་སོགས་དུས་དང་རྣམ་པ་ཐམས་ཅད་དུ་སྙིང་ཐིག་གཞུང་གི་སྐྱབས་འགྲོ་དཀོན་མཆོག་གསུམ་དངོས་སོགས་སམ། ཡང་ན་ཐེག་པ་སྤྱིའི་སྐྱབས་འགྲོ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་མཆིའོ། །ཞེས་སྐྱབས་འགྲོ་བཞི་སྐོར་དུ་གྲགས་པ་འདི་དག་ལ་ཡི་དམ་རྒྱུན་འདོན་དུ་བྱ། མི་གཞན་ལ་ཡང་སྐྱབས་སུ་འགྲོ་བའི་བསྔགས་པ། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་། །ཞེས་པ་སོགས་ལུང་དོན་དང་སྦྲགས་ནས་ཕན་ཡོན་བརྗོད་ཅིང་སྐྱབས་འགྲོ་ལ་བཀོད་དེ་རང་གཞན་ཐམས་ཅད་ཀྱི་འདི་ཕྱིའི་བློ་གཏད་དཀོན་མཆོག་གསུམ་ལ་བཅའ་ཞིང་སྐྱབས་འགྲོར་འབད། ཉལ་བའི་ཚེ་སྔར་བཤད་པ་ལྟར་ཚོགས་ཞིང་ལྷ་ཚོགས་སྙིང་དབུས་སུ་གསལ་བཏབ་སྟེ། དེ་ལ་སེམས་གཏད་ནས་གཉིད་དུ་འཇུག་པའམ། དེ་ལྟར་མི་ནུས་ན་བླ་མ་དང་དཀོན་མཆོག་ཐམས་ཅད་བདག་ལ་ཐུགས་རྗེ་དང་བརྩེ་བས་ཉེ་བར་དགོངས་ཏེ་འདྲེན་པའི་དེད་དཔོན་དུ་བདག་གི་སྔས་མགོ་ན་མངོན་སུམ་དུ་བཞུགས་ཡོད་སྙམ་དུ་དད་པ་དང་དག་སྣང་བྱ་ཞིང་དཀོན་མཆོག་རྗེས་སུ་དྲན་པ་དང་མ་བྲལ་བར་ཉལ་ཕྱག་གང་མང་འཚལ་ནས་ཉལ། བཟའ་བཏུང་བྱེད་པའི་ཚེ་ཡང་དཀོན་མཆོག་གསུམ་མགྲིན་པར་གསལ་བཏབ་སྟེ་བཟའ་བཏུང་གི་རོས་མཆོད་པའམ། དེ་ལྟར་མ་ནུས་ན་ཅི་ཟ་ཅི་འཐུང་ཐམས་ཅད་ཀྱི་ཕུད་ནས་དཀོན་མཆོག་གསུམ་མཆོད་ཅིག་སྙམ་དུ་མོས་པ་དང་འདོན་པ་བྱ། རང་ལ་གོས་གསར་པ་ལྟ་བུ་གྱོན་རྒྱུ་ཡོད་ན་ཡང་དང་པོ་རང་གིས་མ་གྱོན་པའི་གོང་དུ་ཡིད་ཀྱིས་དཀོན་མཆོག་གསུམ་མཆོད་སྙམ་དུ་ནམ་མཁའ་ལ་དེང་ཙམ་བྱ། དེ་ནས་དཀོན་མཆོད་གསུམ་གྱིས་རང་ལ་ཕྱིར་གནང་བ་ཡིན་སྙམ་དུ་རང་གིས་བགོ། ཕྱི་རོལ་ཡུལ་གྱི་རྣམ་པ་ལ་ཡང་དཔེར་ན་མེ་ཏོག་གི་སྐྱེད་མོས་ཚལ་དང་། ཆུ་ཀླུང་དྭངས་ཤིང་རྙོག་པ་མེད་པར། ཁང་བཟང་དང་། ནགས་ཚལ་ཉམས་དགའ་བ། ནོར་དང་ལོངས་སྤྱོད་རྒྱ་ཆེན་པོ། སྐྱེས་པ་དང་བུད་མེད་མཛེས་ཤིང་རྒྱན་གྱིས་བརྒྱན་པ་ལ་སོགས་པ། མདོར་ན་རང་གི་ཡིད་དགའ་ཞིང་ཆགས་པར་བྱེད་པའི་དངོས་པོ་ཅི་དང་ཅི་མཐོང་ཡང་དངོས་པོ་དེས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་མཆོད་སྙམ་དུ་མོས་པ་བྱ། ཆུ་ལ་གཅུ་བའི་ཚེ་ཡང་དང་པོ་དཀོན་མཆོག་གསུམ་ལ་མཆོད་ཁ་འཕངས་ནས་རྗེས་སུ་རང་གི་སྣོད་དུ་གཅུ། རང་ལ་ཚེ་འདིའི་བདེ་སྐྱིད་སྙན་གྲགས་རྙེད་པ་ལ་སོགས་པ་འདོད་ཅིང་ཡིད་དུ་འོང་བ་དགའ་བའི་དངོས་པོ་ཅི་བྱུང་ཡང་དཀོན་མཆོག་གི་ཐུགས་རྗེ་ཡིན། དཀོན་མཆོག་གསུམ་པོ་རང་མཆོད་སྙམ་དུ་མོས་གུས་དང་དག་སྣང་བྱ། རང་གི་ཕྱག་དང་མཆོད་པ་ལྷ་བསྒོམ་སྔགས་བཟླས་ལ་སོགས་དགེ་བའི་རྩ་བ་གང་འགྲུབ་ཐམས་ཅད་ཀྱང་དཀོན་མཆོག་གསུམ་ལ་མཆོད་པར་འབུལ་ཞིང་སེམས་ཅན་གྱི་དོན་དུ་བསྔོ་བ་བྱ། ཚེས་བཅོ་ལྔ་ཟླ་བ་ཉ་གང་བའི་དུས་དང་། གནམ་སྟོང་དང་ཉིན་མཚན་དུས་དྲུག་ལ་སོགས་པར་དཀོན་མཆོག་གི་མཆོད་པ་ཅི་ནུས་སུ་བྱ་ཞིང་། རྒྱུན་དུ་དཀོན་མཆོག་གསུམ་གྱི་དུས་མཆོད་མི་བཅག དུས་དང་རྣམ་པ་ཐམས་ཅད་དུ་སྐྱིད་སྡུག་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཁོ་ན་མི་བརྗེད་པར་བྱ། དེ་ལྟར་བྱས་པས་རྨི་ལམ་དུ་འཇིགས་སྐྲག་ལ་སོགས་སྐྱེས་པའི་ཚེ་སྐྱབས་འགྲོ་བྱེད་པ་བྱུང་ན་རྨི་ལམ་དང་བར་དོར་ཡང་ཕྱོགས་འདྲ་བས་དེ་ལྟར་དུ་འབྱུང་བ་ཡིན་པས་དེ་ལྟ་བུར་མ་བྱུང་གི་བར་དུ་འབད་དགོས། མདོར་ན་བློ་གཏད་དཀོན་མཆོག་གསུམ་ཁོ་ན་ལ་བཅོལ་ནས། འཆི་བ་སྲོག་ལ་བབས་ཀྱང་སྐྱབས་སུ་འགྲོ་བའི་དམ་བཅའ་མི་གཏོང་བ་ཞིག་དགོས་ཏེ། སྔོན་རྒྱ་གར་དུ་ནང་པའི་ཆོས་པ་དགེ་བསྙེན་ཞིག་མུ་སྟེགས་པ་རྣམས་ཀྱིས་བཟུང་ནས་ཁྱོད་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་གཏོང་ན་མི་གསོད། དེ་མི་གཏོང་ན་ཁྱོད་གསོད་པ་ཡིན་ཟེར་བ་ལ། ངས་ཚིག་ཙམ་དུ་ནི་དཀོན་མཆོག་གི་སྐྱབས་འགྲོ་གཏོང་། སྙིང་ཐག་པ་ནས་ནི་མི་གཏོང་ཟེར་བས་དགེ་བསྙེན་མུ་སྟེགས་པ་རྣམས་ཀྱིས་བསད་པ་ཡིན་ཏེ། དེ་ལྟ་བུ་ཞིག་ཅིས་ཀྱང་དགོས་པ་ཡིན། དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་སྤངས་ན་ལྟར་སྣང་དུ་ཆོས་ཟབ་ཟབ་མོ་ཇི་ལྟ་བུ་ཞིག་ཉམས་སུ་བླངས་ཀྱང་ནང་པའི་ཁྱུར་མི་ཚུད་དེ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཟེར་བ་ཡིན། མི་དགེ་བའི་ལས་ལ་འཛེམ་བག་བྱ་བ་དང་། ལྷ་དང་རྩ་རླུང་སོགས་བསྒོམས་པས་ཐུན་མོང་གི་དངོས་གྲུབ་ཐོབ་པ་མུ་སྟེགས་པ་རྣམས་ལ་ཡང་ཡོད་ཀྱང་། དཀོན་མཆོག་གི་སྐྱབས་འགྲོ་མི་ཤེས་པས་ཐར་པའི་ལམ་དང་བྲལ་ཞིང་གཏན་དུ་འཁོར་བ་ལས་མི་ཐར་བ་ཡིན། ཇོ་བོ་རྗེ་ཨ་ཏི་ཤ་ཡང་མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་ལ་མི་མཁྱེན་པ་དང་མི་གཟིགས་པ་ཅུང་ཟད་མེད་ཀྱང་། དེ་དག་ཀུན་ལས་ཀྱང་ཐོག་མར་སྐྱབས་འགྲོ་ཁོ་ན་གནད་དུ་ཆེ་བར་དགོངས་ནས་འཁོར་འདུས་པ་ཐམས་ཅད་ལ་སྐྱབས་འགྲོ་ཁོ་ན་གསུངས་པས་སྐྱབས་འགྲོའི་པཎྜི་ཏ་ཞེས་གྲགས། དེས་ན་ཐར་བ་དམ་པའི་ལམ་དུ་ཞུགས་ཤིང་ནང་པ་སངས་རྒྱས་པའི་ཁྱུར་ཚུད་པ་ཞིག་ཡིན་ཕྱིན་ཆད་སྐྱབས་འགྲོ་དང་སྐྱབས་འགྲོའི་བསླབ་བྱ་སྲོག་ལ་བབས་ཀྱང་མི་འདོར་བར་ཉམས་སུ་བླང་དགོས་ཏེ། མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །འཕགས་པའི་དགེ་འདུན་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོགས་གསུངས་པ་ལྟར་རོ། །ད་ལྟ་རང་རེ་སྐྱ་སེར་སུ་ཡིན་ཡང་དཀོན་མཆོག་གསུམ་གྱི་རྗེས་འཇུག་ཏུ་རློམ་པ་རྣམས་ཀྱང་། དཀོན་མཆོག་གི་རྟེན་སྐུ་གཟུགས་དང་གསུང་རབ་ལ་སོགས་པ་རྣམས་ལ་གུས་པ་ཅུང་ཟད་ཀྱང་མེད་པས་སངས་རྒྱས་ཀྱི་སྐུ་གཟུགས་དང་གསུང་རབ་ཀྱི་གླེགས་བམ་སོགས་ལ་ནོར་རྫས་ཀྱི་འདུ་ཤེས་བཞག་ནས་ཚོང་བྱེད་པ་དང་། གཏའ་མར་འཇོག་པ་སོགས་བྱེད་པ་ནི། དཀོན་མཆོག་གསུམ་གྱི་སྐུ་གླུད་ལ་ཟ་བ་ཞེས་བྱ་སྟེ་ཉེས་པ་ཤིན་ཏུ་ལྕི། གཞན་ཡང་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་པ་དང་འབུར་དུ་ཡོད་པ་སོགས་ལ་ཐིག་ཚད་སོགས་ཀྱིས་གཞལ་ནས་བཟོ་བཅོས་བྱེད་པའི་སྐབས་སུ་མིན་པར། དུས་གཞན་དུ་མི་མཛེས་པའི་ཆ་ནས་གླེངས་ཏེ་སྐྱོན་རྟོག་སོགས་བྱས་ན་ཉེས་པ་ཤིན་ཏུ་ལྕི་བས་དེ་ལྟར་སྐུ་གཟུགས་ལ་སྨད་པ་སོགས་མ་གུས་པའི་སྤྱོད་པ་མི་བྱ། གསུང་རབ་ཡི་གེའི་གླེགས་བམ་ལ་སོགས་པ་ཡང་ས་རྗེན་པར་འཇོག་པ་དང་། དམའ་སར་བཞག་ནས་འགོམ་ཡུག་སོགས་བྱེད་པ་དང་། ཡིག་ལྡེབ་སྒྱུར་བའི་ཚེ་མཛུབ་མོ་མཆིལ་མ་དང་བཅས་པས་རེག་པ་སོགས་མ་གུས་པའི་སྤྱོད་ལམ་ཡིན་ཏེ་མིའི་ངོ་ལ་མཆིལ་མ་བྱུག་ན་ཅི་འདྲ་དེས་ན་དེ་ལྟར་བྱེད་པ་ཐམས་ཅད་ཉེས་པ་ལྷག་པར་ལྕི་བས་འཛོམས་ན་དྲི་བཟང་མ་འཛོམ་ན་ཆུ་གཙང་བཞག་ནས་མཛུབ་མོས་ཡི་གེ་བསྒྱུར་བར་བྱ་སྟེ། བཅོམ་ལྡན་འདས་ཀྱིས། ལྔ་བརྒྱའི་ཐ་མར་གྱུར་བ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་གསུངས་ཤིང་། འཇིག་རྟེན་པའི་ཁ་སྐད་ལ་ཡང་། བཀའ་ཐོག་ཏུ་སྐུ་མ་འཇོག་ཟེར་བ་ལྟར། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་ཐམས་ཅད་ལས་ཀྱང་། གསུང་རྟེན་ནི་བླང་དོར་གྱི་གནས་སྟོན་པ་དང་། བསྟན་པའི་རྒྱུན་འཛིན་པ་སོགས་ཀྱིས་སངས་རྒྱས་དངོས་དང་ཁྱད་པར་ཅུང་ཟད་ཀྱང་མེད་ཅིང་རྟེན་གསུམ་ཐམས་ཅད་ལས་ཀྱང་ཁྱད་པར་དུ་འཕགས་པར་གསུངས་པ་ཡིན། སྐུ་རྟེན་རྣམས་ཀྱིས་བརྗོད་མེད་ཀྱི་ཆོས་གསུངས་པ་ཡོད་ཀྱང་གོ་དཀའ། དེར་མ་ཟད་ད་ལྟ་ཕལ་ཆེར་གྱིས་རྡོ་རྗེ་དང་དྲིལ་བུ་ནི་རང་བཞིན་ཉེར་སྤྱད་ལྟ་བུ་ལས་དཀོན་མཆོག་གི་རྟེན་ཡིན་སྙམ་བ་མི་བྱེད་ཀྱང་། རྡོ་རྗེས་ནི་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ལྔ་ལ་སོགས་པ་མཚོན་ཞིང་། དྲིལ་བུས་ཀྱང་ཞལ་གྱི་རྣམ་པ་ཡོད་པ་རྒྱུད་སྡེ་འོག་མ་ལས་རྣམ་པར་སྣང་མཛད་དང་། གོང་མ་རྣམས་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་བཤད་པས་སྐུའི་རྣམ་པ་དང་། ཡུམ་བརྒྱད་ཀྱི་ས་བོན་དངོས་སུ་ཡི་གེའི་རྣམ་པ་དང་། གཞན་ཡང་སངས་རྒྱས་ཀྱི་གསུང་ཆོས་ཀྱི་སྒྲ་དབྱངས་དྲིལ་བུས་མཚོན་པར་བྱེད་པ་ཡིན་པས་སྐུ་གསུང་ཐུགས་རྟེན་གསུམ་ཀའི་མཚན་ཉིད་ཚང་བ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་རྡོར་དྲིལ་ལ་ཚང་ཞིང་དམ་ཚིག་གི་རྫས་ཐུན་མོང་མ་ཡིན་པ་ཡིན་པས་ན། དེ་ལ་བརྙས་བཅོས་བྱས་ན་ཉེས་པ་ལྕི་ཞིང་དུས་རྟག་ཏུ་བཀུར་སྟིའི་སྒོ་ནས་ཞབས་ཏོག་བྱེད་དགོས་པ་ཡིན་ནོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ཡང་། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བོའི་ཕ་རོལ་འགྲོ། །ཞེས་གསུངས་པ་ལྟར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་འདི་ནི་དཀར་པོ་དགེ་བའི་ཆོས་ཐམས་ཅད་ཀྱི་གཞི་རྟེན་དཔེར་ན་ས་གཞི་ལྟ་བུ་ཡིན་ཏེ། གང་གིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཙམ་གྱིས་ཐར་པའི་ས་བོན་རང་རྒྱུད་ལ་འདེབས་ཐུབ་པ་དང་། མི་དགེ་བའི་ཚོགས་དང་མི་མཛའ་ཞིང་དེ་ལས་རིང་དུ་བྱེད་པ་དང་། དགེ་བ་གོང་ནས་གོང་དུ་འཕེལ་བ་དང་། སོར་བྱང་སྔགས་ཀྱི་སྡོམ་པ་ཀུན་ཀྱི་རྟེན་གཞིར་འགྱུར་ཞིང་། ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་བ་དང་། གནས་སྐབས་སུ་ཡང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་སྲུང་ཞིང་སྨོན་ལམ་བཏབ་པ་ཡིད་བཞིན་དུ་བསམ་པའི་དོན་ཐམས་ཅད་འགྲུབ་པ་དང་། རྟག་ཏུ་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ཞིང་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པ་དང་། ཚེ་འདི་དང་ཕྱི་མར་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར་སོ་ཐར་གྱི་དགེ་སློང་དགེ་ཚུལ་དགེ་བསྙེན་ལ་སོགས་རབ་བྱུང་དང་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་ཐམས་ཅད་ཀྱི་ཡང་རྟེན་དུ་སྐྱབས་འགྲོ་མེད་ཐབས་མེད་ཅིང་། དེ་ལས་གཞན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ལེན་པ་ལའང་སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཟུང་དགོས་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་བ་སོགས་ཐམས་ཅད་ཀྱི་སྔོན་དུ་སྐྱབས་སུ་འགྲོ་བ་མཚན་ཉིད་ཚང་བ་འགྲོ་དགོས་ཤིང་། ཐ་ན་ཉིན་གཅིག་གི་གསོ་སྦྱོང་ཙམ་ལེན་པའི་སྔོན་དུའང་སྐྱབས་འགྲོ་མེད་ཐབས་མེད་པས་སྡོམ་པ་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་སྐྱབས་འགྲོ་བྱེད་པ་ཡིན། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས་དེ་ལ་དད་པས་སྐྱབས་སུ་འགྲོ་པ་ལྟ་ཅི་ཐ་ན་སངས་རྒྱས་ཞེས་བྱ་བའི་སྒྲ་ཙམ་སེམས་ཅན་གང་ཡང་རུང་བ་ཞིག་གི་རྣ་བར་ཐོས་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་གང་རིགས་ལ་བཟང་པོས་འབྲེལ་པ་ཅུང་ཟད་ཙམ་བྱས་པ་ལའང་རྒྱུད་ལ་ཐར་པའི་ས་བོན་ཐེབས་ནས་མཐར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། སྔོན་ཕག་གཅིག་ཁྱིས་དེད་ནས་མཆོད་རྟེན་ཞིག་ཡོད་པ་ལ་བསྐོར་བ་བྱས་ནས་བྲོས་པས་ཕག་དེའི་རྒྱུད་ལ་ཐར་པའི་ས་བོན་ཐེབས་པར་འདུལ་བ་ལས་གསུངས་པ་དང་། གཞན་ཡང་སཱཙྪ་གཅིག་གིས་མི་གསུམ་སངས་རྒྱས་ཟེར་བ་ཡིན་ཏེ། སྔོན་ལམ་ཀ་ཞིག་ན་སཱཙྪ་ཞིག་ཡོད་པ་མི་གཞན་ཞིག་གིས་མཐོང་སྟེ་སཱཙྪ་འདི་འདི་ལྟར་བཞག་ན་ཆར་པས་མྱུར་དུ་འཇིག་པས་མི་འཇིག་པར་བྱའོ་སྙམ་ནས་དྲུང་དེ་ན་ལྷམ་ཁྲད་དོར་བ་ཞིག་ཡོད་པ་བཀབ་ནས་བཞག ཡང་མི་གཞན་ཞིག་གིས་ལྷམ་ཁྲད་ཤིན་ཏུ་མི་གཙང་བ་འདི་སཱཙྪའི་སྟེང་དུ་བཀབ་པ་མ་ལེགས་སོ་སྙམ་ནས་བསལ་ཏེ་ཕྱིར་དོར་བ་ཡིན་པས། ལྷམ་བགེབས་པ་པོ་དང་འདོར་བ་པོ་གཉིས་ཀས་བསམ་པ་བཟང་པོའི་འབྲས་བུས་ཕྱི་མ་རྒྱལ་སྲིད་ཐོབ་པ་ཡིན་ཏེ། ཇི་སྐད་དུ། བསམ་པ་བཟང་པོས་མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང་། །གཞན་གྱིས་དེ་ཉིད་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །ཞེས་གསུངས། དེས་ན་དང་པོ་སཱཙྪ་འདེབས་པ་པོ་དང་། བར་དུ་ལྷམ་འགེབས་པ་པོ་དང་། ཐ་མ་དེ་བསལ་བ་པོ་གསུམ་ཀ་ཡང་གནས་སྐབས་སུ་རྒྱལ་སྲིད་སོགས་མངོན་མཐོ་ལྷ་མིའི་བདེ་འབྲས་ཐོབ་ཅིང་མཐར་ཐུག་ངེས་པར་ལེགས་པ་ཐར་པའི་ས་བོན་ཐེབས་ཏེ་རིམ་གྱིས་འཚང་རྒྱ་བའང་ཡིན་ནོ། །དཀོན་མཆོག་ལ་སྐྱབས་སུ་སོང་ན་མི་དགེ་བའི་ཚོགས་ལས་ཐག་རིང་དུ་བྱེད་པ་ཡང་ཡིན་ཏེ། གང་ཟག་སུ་ཞིག་གིས་སྙིང་ཐག་པ་ནས་དད་གུས་དྲག་པོའི་སྒོ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཚེ་རབས་སྔར་བྱས་ཀྱི་ལས་མི་དགེ་བ་ཡང་སྲབ་པ་དང་ཟད་བར་འགྱུར་ཞིང་། མ་འོངས་ཕྱིན་ཆད་ཀྱང་དཀོན་མཆོག་གི་ཐུགས་རྗེས་གང་ཟག་དེའི་རྒྱུད་བྱིན་གྱིས་བརླབས་ནས་སྣང་བ་ཐམས་ཅད་དགེ་བར་འགྱུར་བས་མི་དགེ་བའི་ལས་མི་བྱེད་པ་ཡང་ཡིན་ཏེ། སྔོན་རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་ནས་མཚམས་མེད་པའི་ལས་བྱས་པ་ཡང་དཀོན་མཆོག་ལ་སྐྱབས་སུ་སོང་བས་དམྱལ་བ་ཞག་བདུན་མྱོངས་ནས་ཐར་བར་གསུངས་པ་དང་། ལྷས་བྱིན་མཚམས་མེད་པའི་ལས་དགྲ་བཅོམ་མ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་གསུམ་བྱས་པས་གསོན་བཞིན་དུ་དམྱལ་བའི་མེས་སྲེག་པའི་ཚེ་སངས་རྒྱས་ཀྱི་གསུངས་ལ་ཡིད་ཆེས་ནས། ངས་ད་ནི་རུས་པའི་གཏིང་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་པས་རང་སངས་རྒྱས་རུས་པ་ཅན་ཞེས་བྱ་བར་འགྱུར་བར་གསུངས་བ་ལྟ་བུ་ཡིན་ཏེ། འདི་ལྟར་ལྷས་བྱིན་གྱིས་མ་སྐྱེས་དགྲར་ངས་ཁྱོད་རྒྱལ་སྲིད་ལ་བསྐོས་ཟིན་གྱིས། ཁྱོད་ཀྱིས་སངས་རྒྱས་ལ་ང་བསྐོས་ཤིག་བྱས་པས། མ་སྐྱེས་དགྲས་ཁྱོད་སངས་རྒྱས་ལ་ཇི་ལྟར་བསྐོ། ལར་སངས་རྒྱས་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་ཡིན་ན་ཁྱོད་ལ་མི་སྣང་བྱས་པས། དེ་དག་མགར་བ་བཀུག་ནས་བྱེད་པས་ཆོག་ཟེར་ནས། གསེར་མགར་བཀུག་ནསགསེར་བཞུས་ཏེ་བྱུགས་པས་ལུས་ལ་སྡུག་བསྔལ་བ་དང་། དེ་བཞིན་ལྕགས་མགར་གྱིས་འཁོར་ལོ་བསྲེགས་ཏེ་ལྷས་བྱིན་ལ་བརྒྱབ་པས་ཀྱང་ཚ་བའི་སྡུག་བསྔལ་བར་གྱུར། དེ་ནས་ལྷས་བྱིན་གྱིས་མ་སྐྱེས་དགྲ་དང་བཅས་ཏེ་ཐུབ་པ་ཆེན་པོ་གསོད་པར་བརྩམས། སྒྱོགས་ཀྱི་འཕྲུལ་འཁོར་མཁན་ལ་མུ་ཏིག་གི་དོ་ཤལ་སྲང་སྟོང་རི་བ་བྱིན་ཅིང་མི་སྟོང་ཕྲག་གཅིག་ལ་གླ་བྱིན་ནས། བྱ་རྒོད་ཕུང་རིའི་སྟོན་པ་བཞུགས་པའི་ཐད་དྲང་བར་ཁོས་སྒྱོགས་བཅས་ཤིང་གཡས་གཡོན་གྱི་ལམ་བོར་མི་ཉིས་བརྒྱ་ལྔ་བཅུ་རེ་བཞག གོའུ་ཏ་མ་སྒྱོགས་ཀྱིས་བསད་པར་མ་ནུས་ན་སུའི་སར་བྱུང་ཡང་སོད་ཅིག་ཅེས་བསྒོས་པས་སྒྱོགས་ཀྱི་མི་ལྔ་བརྒྱ་བོས་འདི་སུ་ལ་འཕེན་དགོས་བྱས་པས། གོའུ་ཏ་མ་ལ་འཕེན་དགོས་ཟེར་བ་ཐོས་པས། མི་ལྔ་བརྒྱ་འཕྲུལ་འཁོར་མཁན་པོ་དང་བཅས་དེ་བས་ཤི་བ་དགའ་སྙམ་བྲོས་པ་སྟོན་པས་ལམ་ངན་པར་རྫུ་འཕྲུལ་གྱིས་ཐེམ་སྐས་སྤྲུལ་ནས་བྲོས་ཏེ་དེ་དག་སྟོན་པའི་སྤྱན་སྔར་སླེབས་ཆོས་བསྟན་པས་བདེན་པ་མཐོང་ནས་མཐར་ཐུག་གི་འབྲས་བུ་ཐོབ། ལྷས་བྱིན་གྱིས་སླར་ལྟ་བར་ཕྱིན་པས་དེ་དག་སྟོན་པའི་དྲུང་དུ་ཆོས་ཉན་པ་མཐོང་། མི་ལྔ་བརྒྱ་པོ་ཡང་གཞན་དུ་སོང་། ལྷས་བྱིན་རང་ཉིད་ཀྱིས་སྒྱོགས་དྲངས་ཏེ་རྡོ་ཆེན་མི་བཟད་པ་འཕངས་པས་ལག་ན་རྡོ་རྗེས་སྒྱོགས་རྡོར་རྡོ་རྗེ་བསྣུན་པས་ཕྱེ་མར་ཞིག དེའི་དུམ་ཆེ་བ་ཞིག་ལྷུང་དུ་ཉེ་བ་ལ་གནོད་སྦྱིན་ཀུམྦྷི་རས་འཛིན་རྒྱུ་ཡིན་ཡང་རྡོ་ཕྱེ་དེ་ཕོག་པས་དུས་ལས་འདས་ཏེ་ལྷར་སྐྱེས་སྟོན་པའི་དྲུང་དུ་འོངས་ཆོས་ཉན་པས་བདེན་པ་མཐོང་། རྡོ་དེའི་དུམ་བུ་ཕྲ་མོ་ཞིག་སྟོན་པའི་ཞབས་ལ་ཕོག་སྟེ་སྐུ་མཚལ་ཡང་བྱུང་། དེ་ནས་བསྙུན་བརྟག་པའི་ཆེད་སྨན་པ་འཚོ་བྱེད་གཞོན་ནུ། སྟོན་པའི་སྐུ་དྲུང་དུ་འོང་ཞིང་འདི་ལ་ཕན་པའི་སྨན་ཙན་དན་ས་མཆོག་བྱ་བ་ཡོད་པས་དེ་དགོས་ཀྱང་མི་རྙེད་ཅེས་ཟེར། ཚོང་དཔོན་ཞིག་གིས་ཙན་དན་ས་མཆོག་ཁོ་བོ་ལ་ཡོད་རུང་མ་སྐྱེས་དགྲས་བདག་གི་སྲོག་ལ་གནོད་པ་བྱེད་སྲིད་ཀྱང་བཟོད་ཅེས་ཟེར་ནས་སྟོན་པ་ལ་ཕུལ་བ་བཞེས་ཤིང་། མ་འོངས་པ་ན་ཚོང་དཔོན་དེ་སངས་རྒྱས་ཙན་དན་ཞེས་བྱ་བར་འགྱུར་བར་ལུང་བསྟན། ཙན་དན་སྐུ་ལ་བྱུག་ཀྱང་ད་དུང་སྐུ་མཚལ་མ་ཆད། བུད་མེད་བུ་དང་པོ་བཙས་པའི་འོ་མས་ཕན་ཞེས་པ་བུད་མེད་འོ་མ་ཉུང་བ་རང་གི་བུ་ཡང་མི་ངོམས་པ་ཞིག་གིས་ཐོས་པ་འོ་མ་ཕུལ་ན་རང་གི་བུ་འཆི་ཞིང་རང་ཉིད་ལ་རྒྱལ་པོའི་ཆད་པ་འོང་བར་ཤེས་ཀྱང་ཕུལ་བས་དེ་སངས་རྒྱས་འོ་བྱིན་ཞེས་པར་ལུང་བསྟན་ཅིང་ད་དུང་སྐུ་མཚལ་མ་ཆད་པའི་ཚུལ་བསྟན་པ་འོད་སྲུང་སྟོབས་བཅུ་བས་བདེན་པ་གསོལ་བ་སྟོན་པས་གནང་སྟེ་ཚིགས་བཅད་གསུངས་མ་ཐག་སྐུ་མཚལ་ཆད། དེ་ལྟར་སྟོན་པའི་སྐུ་མཚལ་ཕྱུང་བ་དང་། གླང་ཆེན་སྨྱོན་པ་ནོར་སྐྱོང་བཏང་བ་དང་། དགེ་འདུན་གྱི་དབྱེན་དང་། དགྲ་བཅོམ་མ་ཨུཏྤལ་ལའི་མདོག་ཅན་བཀྲོངས་པ་སོགས་མཚམས་མེད་པའི་ལས་རིགས་ཀྱིས་བསྡུ་ན་གསུམ་མམ་གྲངས་ཙམ་དབྱེ་ན་བཞི་བགྱིས་པ། ཕྱི་མའི་རྣམ་སྨིན་ལ་འཇིགས་ཏེ། མུ་སྟེགས་སྟོན་པ་སྡེ་དྲུག་གི་ཐད་དུ་སོང་ནས་དྲིས་པ་ན། དེ་དག་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པའི་ལྟ་བ་ངན་པ་བསྟན་པས། ལྷས་བྱིན་དེ་ལ་ཡིད་ཆེས་ཏེ་དགེ་བའི་རྩ་བ་བཅད་དོ། །ཕྱིས་སུ་ཤཱཀྱ་རྣམས་ཀྱིས་ལྷས་བྱིན་ལ་སྟོན་པར་བཟོད་པ་གསོལ་ཅིག་ཅེས་བསྐུལ་བས་ལྷས་བྱིན་གྱིས་བེའུའི་ལྟེ་བ་ཞེས་པའི་རེག་དུག་གིས་སེན་མོ་བཀང་སྟེ། གོ་ཏ་མས་བཟོད་པར་བྱས་ན་ལེགས་མ་བྱས་ན་དུག་ཞབས་ལ་བསྐུའོ་སྙམ་དྲུང་དུ་སོང་བཟོད་པར་གསོལ་བས་སྟོན་པས་མཁྱེན་ཏེ་ཞབས་ཀྱི་པུས་མོའི་ལྷ་ང་མན་ཤེལ་དུ་སྤྲུལ། ཁོ་དེར་ཞབས་ལ་འདུད་པ་ལྟར་བྱས་སེན་མོ་བཏབ་པ་ཆག་སྟེ་དུག་ཀྱང་སར་ལྷུང་པས་སྐྱེངས་ཏེ། ཁྱོད་ཀྱིས་གང་དག་སངས་རྒྱས་ལ་སྐྱབས་སུ་སོང་བ་ན་ངན་འགྲོར་མི་འགྲོའོ་ཞེས་ན་བདག་ཁྱེད་ལ་སྐྱབས་སུ་སོང་བས་ངན་འགྲོ་སོང་ན་རྫུན་ནོ་ཟེར། དེ་ནས་གོམས་པ་བོར་ཕྱིར་སོང་བ་ན་སའི་གསེབ་ནས་དམྱལ་བའི་མེ་ཅུང་ཟད་ཐོན་པ་རྐང་པ་ལ་རེག་པས་ཚའོ་ཤིན་ཏུ་ཚའོ་ཞེས་བརྒྱུགས་པས་སའི་མཐོངས་བྱེ་ནས་ལུས་དེར་ཚུད་དེ། མནར་མེད་ཀྱི་མེས་ལུས་ཤིན་ཏུ་ཚིག་སྟེ་ངུ་བཞིན་ཀུན་དགའ་བོ་ལ་བོས་ནས། བདག་རུས་པའི་གཏིང་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཟེར། ལུས་དེ་དམྱལ་བར་སོང་མནར་མེད་དུ་གནས་ནས། སྡུག་བསྔལ་སྤྱིར་མྱོང་བ་མ་ཟད་ལྕགས་ཀྱི་རི་མེ་འབར་བའི་བར་དུ་བཙིར་བ་དང་། སོག་ལེ་སོ་གཉིས་པས་དྲ་བ་སོགས་ལྷག་ཏུ་སྡུག་བསྔལ་མང་པོ་མྱོངས། རུས་པའི་གཏིང་ནས་སྐྱབས་སུ་མཆིའོ་ཞེས་བརྗོད་པས་མ་འོངས་པ་ན་རང་སངས་རྒྱས་རུས་པ་ཅན་དུ་འགྱུར་བར་ལུང་བསྟན་ཏོ། །དེས་ན་ད་ལྟ་རང་རེ་རྣམས་བླ་མ་དགེ་བའི་བཤེས་གཉེན་གྱི་དྲིན་ལས་དམ་པའི་ཆོས་ཡང་དག་པ་ཐོས་ཏེ། དགེ་བའི་ལས་སྒྲུབ་བློ་དང་། མི་དགེ་བ་སྤོང་བློ་ཅུང་ཟད་ཙམ་རེ་སྐྱེས་པའི་སྐབས་འདིར། སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་འབད་ན་རྒྱུད་བྱིན་གྱིས་བརླབས་ཏེ། དད་པ་དང་དག་སྣང་། ངེས་འབྱུང་དང་སྐྱོ་ཤས། རྒྱུ་འབྲས་ལ་ཡིད་ཆེས་ལ་སོགས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་འཕེལ་དུ་འགྱུར་ཞིང་། དེ་ལྟར་མ་ཡིན་པར་བླ་མ་དང་དཀོན་མཆོག་ལ་སྐྱབས་འགྲོ་དང་གསོལ་བ་འདེབས་པ་བཏང་སྙོམས་སུ་ལུས་ནས་རྒྱུན་དུ་མ་བྱས་ན། ད་ལྟ་འཕྲལ་དུ་ངེས་འབྱུང་དང་སྐྱོ་ཤས་སོགས་རང་རྒྱུད་ཅི་ཙམ་བཟང་བར་ཡོད་ཀྱང་། སྣང་བ་བྲིད་མཁས། རིག་པ་ཅོལ་ཆུང་། རྣམ་རྟོག་བསླུ་སྐྱེན་པས་ད་ལྟ་དགེ་བར་ཡོད་འཕྲོ་ལ་ཡང་། མི་དགེ་བར་འགྱུར་འགྲོ་བ་ལ་ཚེགས་མེད་པས། འདོད་ལྷའི་ཉག་ཕྲན་གྱི་མདེའུ་སྣེ་རྣོ་བ་དང་། སྡིག་པའི་གྲོགས་པོ་བསླུ་ཐབས་མཁས་པ་དང་། ཅོལ་ཆུང་གི་རྣམ་པར་རྟོག་པ་འདི་འདྲིད་སླ་བས་གཡོན་ཅན་བདུད་ཀྱི་ལས་ཀྱིས་གླགས་རྙེད་པ་ཡིན་པས་ཕྱིན་ཆད་ཀྱི་མི་དགེ་བ་རྒྱུན་གཅོད་པ་དང་བར་ཆད་སེལ་བ་ཡང་སྐྱབས་འགྲོ་ལས་ལྷག་པ་མེད་པར་ཤེས་པར་བྱའོ། །གཞན་ཡང་། སྒྲུབ་པ་བརྩོན་འགྲུས་ཅན་ལ་བདུད་རྣམས་ལྷག་པར་སྡང་། །ཞེས་དང་། ཆོས་ཟབ་ཙ་ན་ནག་པོའི་བདུད་ཀྱང་ཟབ། །ཅེས་གསུངས་པ་ལྟར། ད་ལྟ་དུས་སྙིགས་མར་ཐུག་པས་ཟབ་མོའི་དོན་བསྒོམ་པ་དང་། དགེ་བ་རླབས་པོ་ཆེ་བྱེད་པ་རྣམས་ལ། འཇིག་རྟེན་ཚེ་འདིའི་བསླུ་བྲིད་དང་། གཉེན་གྲོགས་ཀྱིས་བཤོལ་འདེབས། ན་ཚ་དང་གདོན་བགེགས་ཀྱི་འགལ་རྐྱེན། རང་གི་ཡིད་ལ་ཐེ་ཚོམ་དང་རྣམ་རྟོག་ལ་སོགས་ཆོས་ཀྱི་བར་ཆད་ནི་ཅིར་ཡང་བརྫུ་ཞིང་དགེ་བའི་ཚོགས་འཇོམས་པ་ཡིན་པས། དེ་དག་གི་གཉེན་པོ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་སོགས་སྙིང་ཐག་པ་ནས་འབད་ན། ཆོས་ཀྱི་བར་ཆད་ཐམས་ཅད་མཐུན་རྐྱེན་དུ་འཆར་ཞིང་དགེ་བ་གོང་ནས་གོང་འཕེལ་དུ་འགྱུར། དེར་མ་ཟད་ད་ལྟའི་དུས་སུ་དུད་ནག་པ་རྣམས་ནས་ཀྱང་ལོ་གཅིག་གི་བར་དུ་ན་ཚ་དང་གོད་ཁ་སོགས་མི་འབྱུང་བའི་སྲུང་བ་བྱེད་པ་ཡིན་ཟེར་ནས་དབང་ལུང་དང་གཞི་བསྙེན་སོགས་གང་ཡང་མེད་པའི་བླ་མ་དཔོན་གཡོག་ཁ་ཤས་བོས་ཏེ། ཞེས་ལར་ལས་བཞིའི་ཕྲིན་ལས་ཤིག་བསྒྲུབ་དགོས་ན། གཞི་བསྙེན་ཙམ་རེ་མ་སོང་ཐབས་མེད། ཇི་ལྟར་ཞན་ཡང་ལས་རུང་ཙམ་རེ་འགྲུབ་མེད་ན་འདོན་པ་བྱེད་པ་གཟུགས་བརྙན་ཙམ་ཞིག་རེད། དཔེར་རི་མོ་བྲིས་པའི་མར་མེས་མུན་པ་མི་སེལ་བ་དང་མཚུངས། བསྙེན་པའི་གྲངས་ཙམ་གལ་ཏེ་ཡོད་ཀྱང་མི་ཕན་ཏེ། རྫས་སྔགས་ཏིང་ངེ་འཛིན་གསུམ་གྱི་ནང་ནས་ཏིང་འཛིན་གཙོ་ཆེ་བས་ལྟ་དགོངས་ཏིང་ངེ་འཛིན་དང་ལྡན་པ་ཞིག་མིན་ན་ཤིན་ཏུ་དཀའ། གཟེར་བཞིའི་གནད་དང་མ་ལྡན་ན་སྒྲུབ་པ་ལམ་དུ་འགྲོ་བའང་དཀའ་ནི་རེད། དེ་ཡང་གཟེར་བཞི་ནི། ཏིང་འཛིན་ལྷ་ཡི་གཟེར། སྙིང་པོ་སྔགས་ཀྱི་གཟེར། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར་དང་ལྡན་པའི་གཟེར་བཞིའི་གནད་དང་མ་ལྡན་ན་ལྷ་སྒོམ་སྔགས་བཟླ་བ་ཡང་རང་ག་ཡིན། གསང་སྔགས་དྲག་སྒྲུབ་ཀྱི་དཀྱིལ་འཁོར་ཞིག་ཞལ་ཕྱེ། བསྐྱེད་རྫོགས་དང་བཟླས་བརྗོད་གང་ཡང་མེད་པའི་མིག་ཕོར་ཁོག་ཙམ་རེ་བསྒྲད་ནས་ཟན་གོང་གི་ལིངྒ་ཞིག་གི་སྟེང་དུ་ཞེ་སྡང་བཟོད་དཀའ་བ་བསྐྱེད་དེ། སྣང་སེམས་དབྱེར་མེད་རྟོགས་པའི་ཉམས་ལེན་ཞིག་མེད་ན། །སོད་སོད་ཁུག་ཁུག་ཙམ་གྱིས་དགྲ་བགེགས་ནི་མི་སྒྲོལ། །བསམ་ངན་ཞེ་སྡང་འབར་བའི་ཚིག་རྩུབ་ཀྱི་བྷྱོ་བཟློག །ཟན་གོང་གྲིས་བཏུབ་བྱེད་པའི་བསྒྲལ་ལས་དེས་ཅི་བྱ། །གསུངས་པ་ལྟར། ཁུག་ཁུགསོད་སོད། ཡ་ཡ། རྒྱོབ་རྒྱོབ་ཟེར་ཞིང་རྣ་བས་ཐོས་ཙ་ན་སྣང་བ་རྩུབ་རེག་ལ་འོང་བ་ཞིག་བཏོན་ནས་ཤ་ཁྲག་གི་དམར་མཆོད་ཁོ་ན་བྱེད་འདུག་སྟེ། དེ་ལྟ་བུ་དེ་ལེགས་པར་བརྟགས་ན། རྗེ་བཙུན་མི་ལས། ཡེ་ཤེས་པའི་ལྷ་འཇིག་རྟེན་པའི་སྲུང་སྐྱོབ་ལ་སྤྱན་འདྲེན་པ་དེ་རྒྱལ་པོ་ཁྲི་ཐོག་ནས་ཕབས་ཏེ་ཕྱགས་དར་གྱི་ལས་བཅོལ་བ་དང་འདྲ་གསུངས་པ་དང་། རྗེ་དམ་པ་སངས་རྒྱས་ཀྱིས། གསང་སྔགས་ཀྱི་དཀྱིལ་འཁོར་གྲོང་པའི་ར་ཚང་དུ་བཞེངས་ནས་གཉེན་པོ་ཡིན་པ་སྐད། ཅེས་གསུངས་པ་ལྟར་གསང་སྔགས་བོན་དུ་གྱེར་བའི་ཉེས་པ་འགོ་ཞིང་། བསྒྲལ་ལས་བྱེད་པ་དེ་ཡང་རང་འདོད་ཀྱི་འཁྲི་བ་མེད་པའི་གང་ཟག་གིས། བསྟན་འགྲོའི་དོན་རླབས་པོ་ཆེ་བསྒྲུབ་པའི་ཕྱིར་དུ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་ལ་སྨད་པ། དགེ་འདུན་གྱི་དཀོར་འཕྲོག་པ། ཐེགས་ཆེན་གྱི་ཆོས་ལ་སྨད་པ། བླ་མའི་སྐུ་ལ་བསྡོ་བ། རྡོ་རྗེའི་སྤུན་གྲོགས་སུན་འབྱིན་པ། སྒྲུབ་པ་ལ་བར་ཆད་བྱེད་པ། བརྩེ་བའི་སྙིང་རྗེ་མེད་པ། དམ་ཚིག་དང་སྡོམ་པ་བྲལ་བ། ལས་འབྲས་ལ་ལོག་པར་ལྟ་བ་སྟེ། དེ་ལྟ་བུའི་ཞིང་བཅུ་ཚང་བའི་དགྲ་བགེགས་སྒྲོལ་བ་ལ་གནང་བ་ཡིན་གྱི། གཉེན་རང་དང་དགྲ་ལ་གཞན་གྱི་ཕྱོགས་སུ་ཞེན་པ་དང་བཅས་པས་ཞེ་སྡང་རང་མཚན་པས་བསྒྲལ་ལས་བྱས་ན་ཕ་རོལ་བསྒྲལ་བར་མི་ནུས་ཤིང་ངན་སེམས་ཀྱི་དབང་གིས་རང་ཉིད་དམྱལ་བར་སྐྱེ་བའི་རྒྱུ་བྱེད་པ་དང་། བསྐྱེད་རྫོགས་དང་དམ་ཚིག་མེད་པར་ཤ་ཁྲག་གི་དམར་མཆོད་ཁོ་ན་བྱས་པས་ཡེ་ཤེས་པའི་ལྷ་དང་ཆོས་སྐྱོང་བའི་སྲུང་མ་མི་འགྲུབ་ཅིང་རྒྱང་རིང་དུ་ཕྱེ། ནག་ཕྱོགས་པའི་ལྷ་འདྲེ་རྣམས་འདུས་ནས་དེའི་མཆོད་པ་དང་གཏོར་མ་སོགས་ལ་ལོངས་སྤྱོད་དེ། འཕྲལ་དུ་ཕན་པ་ལྟར་བྱེད་ཀྱང་ཕུགས་སུ་མི་འདོད་པ་དུ་མ་སྦྱིན་པ་ཡིན་པས་དེ་བས་བློ་གཏད་དཀོན་མཆོག་ལ་བཅོལ། ཐོབ་དང་གོ་སའི་མིང་གྲགས་མེད་ཀྱང་ཐུགས་རྒྱུད་ཞི་ཞིང་དུལ་བའི་བླ་མ་དང་སེར་མོ་བ་དགེ་ཚུལ་སློང་ཚད་ལྡན་འགའ་བོས་ནས་སྐྱབས་འགྲོ་འབུམ་ཐེར་རེ་བསགས་བཅུག་ན་ཁྱིམ་ཚང་གི་སྲུང་བ་ལ་ཡང་དེ་ལས་ལྷག་པ་མེད་དེ་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད། ཚེ་འདིར་འཕྲལ་རྐྱེན་མི་འདོད་པ་ཐམས་ཅད་མི་འབྱུང་ཞིང་ཡིད་འདོད་དགུའི་བསམ་པ་ཐམས་ཅད་ངང་གིས་འགྲུབ། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་སྲུང་ཞིང་ནག་ཕྱོགས་ཀྱི་གདོན་བགེགས་རྣམས་རྒྱུད་ལ་ཉེ་མི་ནུས་པ་ཡིན་ཏེ། སྔོན་རྐུན་པོ་བྱེད་པའི་མི་ཞིག་གཞན་གྱིས་བཟུང་ནས། སངས་རྒྱས་ལ་སྐྱབས་སུ་མཆིའོ་སོགས་སྐྱབས་འགྲོ་ཚར་རེ་དང་སྦྲགས་ནས་དབྱུག་པས་ན་ངེས་པ་རེ་བརྒྱབས་ནས་མངགས་བཏང་བས། སྐྱབས་འགྲོའི་ཚིག་དེ་རྣམས་ན་ཚའི་ཟུག་རྔུ་དང་དབྱེར་མེད་དུ་ཡིད་ལ་ལྷང་ལྷང་གསལ་བཞིན་ཟམ་པ་ཞིག་གི་སྣ་འོག་ཏུ་ཉལ་ནས་བསྡད་པས། ཟམ་ཐོག་ན་ཚུར་ལྷ་འདྲེ་མང་པོ་འོང་བ་རྣམས་འདི་ན་དཀོན་མཆོག་ལ་སྐྱབས་འགྲོ་བྱེད་པ་ཞིག་འདུག་ཟེར་ནས་ཆོ་དིར་གྱིས་བྲོས་སོང་གསུངས། འདིའི་གཏམ་རྒྱུད་འདི་ནི། གནའ་སྔོན་ཆད་རྒན་ཞུགས་བླུན་པོ་གཅིག་ལ། སྦྱིན་བདག་མོ་ཞིག་དད་དེ་རས་ཡུག་ཅིག་ཕུལ་ནས་ཆོས་ཞུས། དེས་དེ་ལ་ཆོས་བཤད་རྒྱུ་མ་རྙེད་ནས་ཡི་མུག་སྟེ། མི་ཤེས་པ་ང་སྡུག་བསྔལ་ལོ། །མི་ཤེས་པ་ང་སྡུག་བསྔལ་ལོ། །མི་ཤེས་པ་ང་སྡུག་བསྔལ་ལོ། །ཞེས་ཡང་ཡང་བཟླས་པས། དེར་སྦྱིན་བདག་མོས་ལེགས་པར་གོ་སྟེ། རྒྱུ་མི་ཤེས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་གོ་ནས་དེའི་དོན་བསྒོམས་ནས་རྟོགས་ཏེ་བདེན་པ་མཐོང་སྟེ་འབྲས་བུ་ཐོབ་སོང་བ་རེད། རྒན་ཞུགས་དེ་ལ་གནས་ཀྱི་སློབ་དཔོན་གྱིས། ཁྱོད་ཀྱིས་འཁོར་བའི་སེམས་ཅན་གཅིག་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་སོང་བས་ཤིན་ཏུ་ལེགས་ཞེས་བསྔགས་བརྗོད་མཛད་དོ། །རས་ཕུལ་ཚུལ་རྐུན་པོ་ཞིག་གིས་མཐོང་བས། རྐུན་པོ་དེས་བསམ་པར་བླུན་པོ་འདི་ལས་རས་དེ་བརྐུ་ཐུབ་ན་རྐུ། འཕྲོག་ཐུབ་ན་འཕྲོག་དགོས་སྙམ་དུ་བསམས་ནས་ཕྱི་བཞིན་འབྲངས་སོ། །རྒན་ཞུགས་ཁང་པའི་ནང་ཕྱིན་པ་དང་། རྐུན་མས་རས་ང་ལ་བྱིན་ཅིག་ཟེར། རྒན་ཞུགས་ཀྱིས་ང་སྐྲག་པས་ཕྱིར་འོང་མི་ཕོད། ཁང་པའི་རྒྱ་སྐར་ནས་ལོངས་ཤིག་སྨྲས། རྐུན་མས་ཆོག་ཟེར་ནས་ལག་པ་གཅིག་གིས་བླངས་པས། རྒན་ཞུགས་ཀྱིས་ཁོ་བོ་ལ་ཡང་སྦྱིན་བདག་གིས་ལག་པ་གཉིས་ཀས་བྱིན་པས། ཁྱོད་ཀྱིས་ཀྱང་ལག་པ་གཉིས་ཀས་ལོངས་ཤིག་སྨྲས། རྐུན་མས་ལག་པ་གཉིས་ཀ་བརྐྱངས་པ་ན། རྒན་ཞུགས་ཀྱིས་ཐ་གུས་ལག་པ་གཉིས་བཀྱིགས་ནས་ཀ་བ་ལ་བཏགས། དེ་ནས་རྒན་ཞུགས་ཕྱིར་བྱུང་སྟེ། ད་ཁྱོད་ཀྱིས་སྐྱབས་འགྲོ་འདོན་པའི་ལད་མོ་གྱིས་ཞེས་བསྒྲགས་ནས་དཀོན་མཆོག་གསུམ་གྱི་སྐྱབས་འགྲོ་རེ་ལ་དབྱུག་པ་ན་ངེས་པ་རེ་བརྒྱབ་སྟེ་བརྡུངས་བརྡུངས་ནས་རྐུན་མ་བཏང་། རྐུན་པོ་འཐེང་ཞོར་བྲོས་ཞོར་ཨ་ར་ར་ཨ་ན་ན་ཟེར་བཞིན་ཆུ་འགྲམ་ཞིག་ཏུ་ཕྱིན་པ་དང་། མགྲོན་པོ་ཞིག་གིས་ཁྱོད་ཅི་སྟེ་འཐེང་ཞེས་དྲིས། ཁོ་བོ་རྐུན་མར་སོང་ན། རྒན་ཞུགས་བླུན་པོས་བཟུང་སྟེ་སྐྱབས་འགྲོ་རེ་དང་དབྱུག་པ་རེ་བསྡེབས་ནས་བརྡུང་བྱུང་། སངས་རྒྱས་ནི་མངོན་ཤེས་མངའ་བས་སྐྱབས་འགྲོ་གསུམ་དུ་བསྡུས་ཡོད་ཁི། གལ་ཏེ་སྐྱབས་འགྲོ་བཞི་པ་ཞིག་སྲིད་ན་ཁོ་བོ་གདོན་མི་ཟ་བར་སྲོག་དང་བྲལ་ཟེར་ནས། སངས་རྒྱས་ལ་དད་བཞིན་དུ་ཟམ་པ་གཅིག་གི་འོག་ཏུ་བསྡད་པས། དེའི་ཚེ་མི་མ་ཡིན་པ་དཔག་ཏུ་མེད་པས་ཟམ་པ་ལ་འགྲོ་བར་བརྩམས་པ་ན་འགྲོ་མ་ནུས་པའི་ཚུལ་གྱི་ལོ་རྒྱུས་ཡིན་ནོ། །དེས་ན་སྙིང་ཐག་པ་ནས་དཀོན་མཆོག་ལ་སྐྱབས་སུ་སོང་ན་ཚེ་འདིའི་གནོད་པ་སེལ་བ་ལ་དེ་ལས་ལྷག་པ་མེད་ཅིང་། ཕྱི་མ་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ཡང་ཐོབ་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་གསུངས། གཞན་ཡང་ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བོའི་ཕ་རོལ་འགྲོ། །ཞེས་སོགས་གསུངས་པ་ལྟར་འཇིག་རྟེན་ལས་འདས་པ་སྐྱེ་འཆིའི་འཇིགས་པ་ཐམས་ཅད་ལས་ཕ་རོལ་ཏུ་སྒྲོལ་ཐུབ་པ་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་པས་ན་ཆོས་ཐམས་ཅད་ཀྱི་རྟེན་གཞི་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ། སྐྱབས་སུ་འགྲོ་བའི་གནས་འདི་ལ་ནན་ཏན་དུ་བྱ་དགོས་སོ། །ཕན་ཡོན་འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་རྣམ་པ་གཉིས་གསུངས་ཏེ། གནས་སྐབས་ཀྱི་ཕན་ཡོན་ཚེ་འདིའི་ནད་གདོན་ལ་སོགས་པའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་པ་དང་། ཕྱི་མར་མངོན་མཐོའི་བདེ་བ་ཐོབ། མཐར་ཐུག་སངས་རྒྱས་ལ་སྐྱབས་སུ་སོང་བས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ། ཆོས་ལ་སྐྱབས་སུ་སོང་བས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནུས། དགེ་འདུན་ལ་སྐྱབས་སུ་སོང་བས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་འཁོར་བསྡུ་བ་ལ་སོགས་པའི་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དེ་འདྲ་ཡོད་དོ། །སྐྱབས་གནས་དཀོན་མཆོག་གསུམ་པོ་སྦྱོར་བས་བརྟེན་ཀྱང་བསམ་པ་སྙིང་ནས་ཕྱིར་མི་ལྡོག་པའི་དད་པ་དང་ལྡན་པའི་ཡིད་ཆེས་དམན་པ་དང་། ལམ་ཚུལ་ཁྲིམས་དང་ཏིང་འཛིན་དང་ཤེས་རབ་སྟེ་བསླབ་པ་གསུམ་ནོད་ཀྱང་སོར་བྱང་སྔགས་གསུམ་གྱི་བསྲུང་སྡོམ་ལམ་ཁའི་རྡོ་བཞིན་དུ་ཡལ་བར་བོར། བདག་དང་བདག་འདྲ་སྙིང་མེད་དུས་སྙིགས་མའི་སེམས་ཅན་རྣམས། ཕྱིར་མི་ལྡོག་པའི་དད་པ་བརྟན་པོ་ཞིག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་མཐའ་བསྡུས་ཏེ་ལམ་ཐམས་ཅད་ཀྱི་རྨང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་དོ།། །།ཞེས་གསུངས་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་། །

ན༽ཉིན་བཅུ་གཉིས་པར་༼ཨ༽སེམས་བསྐྱེད་ཀྱི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽མཚམས་སྦྱོར་གྱི་གདམས་ངག

འོ་སྐོལ་རྣམས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ཡ་ཀི་སྲིད་པའི་རྩེ་མོ་མན་ཆད་ནས་མ་ཀི་མནར་མེད་ཀྱི་དམྱལ་ཁམས་ཡན་ཆད། འགྲོ་བ་རིགས་དྲུག་ཏུ་ཁ་བརྒྱུད་དེ་སྐྱེ་ཤི་གཉིས་ཀའི་འཕྲང་ལ་བཅར། སྡུག་བསྔལ་གསུམ་གྱི་ཚང་རྡོལ་ནས་ལུས་འདི་བླངས་དང་འདི་མ་བླངས་བསམ་པ་ཅི་ཡོད། ས་ཐུ་བ་ཙམ་ཞིག་གི་སྟེང་ནས་སྐྱེ་གྲངས་ཤི་གྲངས་གཉིས་བརྩིས་ན་བགྲང་གིས་མི་ལངས་ཏེ། སེམས་ཅན་རེ་རེའི་ངོས་ནས་བསམ་ན་ཤི་བའི་ཤ་རུས་ཐམས་ཅད་སྤུངས་ཡོད་ན་རིའི་རྒྱལ་པོ་རི་རབ་བས་ཀྱང་མཐོ་བ་ཞིག་དང་། ངུས་པའི་མཆི་མ་ཐམས་ཅད་བསགས་ཡོད་ན་རྒྱ་མཚོ་ཆེན་པོ་བཞི་ལས་ཀྱང་མང་བ་ཞིག་ཡིན་པ་ནི། རྒྱལ་བ་བདེན་པར་སྨྲ་བའི་བཀའ་ཚད་མ། བླ་མ་དམ་པའི་ལུང་ཚད་མ། ད་ལྟར་སྐྱེ་ཤི་དང་སྡུག་བསྔལ་མྱོང་བཞིན་པའི་མཐོང་ཆོས་མངོན་སུམ་ཚད་མ་འདིས་ཀྱང་དཔོག་ཐུབ་པ་ཞིག་ཡིན། འོན་ཀྱང་ད་རེས། མེད་པའི་ཚད་ཀྱིས་བསོད་ནམས། །ཐལ་ཕུང་མགོ་ཡི་མེ་

ཏོག །ཟེར་བ་ལྟར་ཆོས་ས་ཆོས་ཡུལ་ལ་སྐྱེས་ཏེ། ཆོས་ཐོས་པའི་སྐལ་བ་དང་ལྡན། ཆོས་མཐུན་གྱི་གྲོགས་དང་མཉམ་དུ་འགྲོགས་ནས། ཆོས་ར་གཅིག་གི་ནང་དུ་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ལ་ལོངས་སུ་སྤྱོད་དུ་ཡོད་པའི་སྐལ་བ་བཟང་པོ་འདི་ཐོབ་པ་ཡིན་པས། རང་ངོས་ནས་བཤད་ན་སྐལ་བ་རེ་བཟང་གི་བསམ་ནི་ཡིན། འདི་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་བྱུང་བ་ཞིག་ཡིན་པས་ད་རེས་ཀྱི་ལུས་རྟེན་འདིའི་སྟེང་ནས། གྲལ་འདྲ་འདྲའི་ནང་གི་སྟོན་སྐལ་ཆད་ན་མི་ཕན་པས། ཆོས་རྣམ་པར་དག་པ་ཞིག་རང་གིས་བསྒྲུབས་ནས། དྲིན་ཕ་མའི་དྲིན་ལེན་སོད་ཅིང་། ཚེ་རབས་གྲངས་མེད་ཀྱི་སྡིག་སྒྲིབ་དག་པ་དང་། ཕྱི་མར་རང་གཞན་གཉིས་ཀ་སྡུག་བསྔལ་ཅན་གྱི་འཁོར་བ་དང་ངན་འགྲོའི་གནས་ལས་དུས་གཏན་དུ་ཐར་བའི་ཐབས་ཤིག་ལ་ཁ་བཤད་ཙམ་མ་ཡིན་པར་སྙིང་ནས་བསམ་དགོས། རང་གིས་རང་ལ་འདང་ཞིག་བརྒྱབ་ན་ད་རེས་དལ་འབྱོར་ཆོས་ལྡན་ཞིག་ཐོབ་ཀྱང་ཡུན་རིང་མི་བརྟན་པར་མྱུར་དུ་བསྐྱུར་བར་ངེས། ལུས་རྟེན་འདི་བརྗེས་སོང་དུས་ཚེ་འདིའི་ཕ་མས་གཙོས་བྱས་པའི་གཉེན་ཉེ་སྙིང་དང་འདྲ་བ་འདི་རྣམས་དང་གཏན་དུ་བྲལ་ནས། སྐྱེ་བ་རྗེས་མ་ལ་ལུས་རྟེན་གཞན་ཞིག་བླངས་སྐབས་གཉེན་ཉེ་འདི་རྣམས་གར་ཡོད་ཙམ་ཡང་མི་ཤེས། གལ་ཏེ་རང་ཉིད་དེ་དུས་མི་ལུས་ཤིག་བླངས་ཡོད་ན་ཕ་མ་གཉེན་ཉེ་གཞན་ཞིག་ཡིན་ངེས་པས། སྐྱེ་བ་རེ་ལ་ཕ་མ་རེ་རེ་ཡོད་ཕྱིར་སྐྱེ་ལུས་བགྲང་གིས་མི་ལངས་པ་ཡིན། དེས་ན་དེ་དག་གི་ཚུལ་ལ་ཡང་དང་ཡང་དུ་བསམས་ན། སྐྱེ་བའི་ཡ་མཐའ་ཐུག་མེད་དུ་གྲུབ་པས་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་རིགས་པས་གྲུབ་པའི་ངེས་པ་ཞིག་འོང་། སེམས་ཅན་དེ་ཐམས་ཅད་པོ་བདེ་བ་འདོད་མཉམ་དང་སྡུག་བསྔལ་མི་འདོད་མཉམ་པ་ཤ་སྟག་ཡིན་ཡང་། བདེ་བའི་རྒྱུ་སྒྲུབ་མི་ཤེས་ནས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་སྒྲུབ། དེས་ན་འཁོར་ངན་སྡུག་བསྔལ་གྱི་གནས་འདི་ལས་ཐར་བའི་དུས་མེད་པར་ཉེས་ཅན་བཙོན་དོང་དུ་ཚུད་པ་ལྟ་བུ་འདི་འདྲ་ཞིག་ཏུ་གྱུར་ཡོད་ན། ད་རེས་ངས་མ་རྒན་སེམས་ཅན་དེ་དག་ཐམས་ཅད་བདེ་བ་ལ་འགོད་དགོས་བསམ་པའི་བསམ་པ་བཟང་པོས་ཀུན་ནས་བསླང་པའི་སྙིང་རྗེ་ལ་བསླབས་ཏེ། དེས་དྲངས་པའི་བྱང་ཆུབ་སེམས་ཀྱི་ཀུན་སློང་དོན་གཉིས་སམ་ཟུར་གཉིས་ཚང་བའི་སྒོ་ནས་ཆོས་ཉན་དགོས་ལ། དེ་ཡང་དམ་པ་གསུམ་དང་མི་འབྲལ་བར་བྱེད་པ་ནི་གལ་ཤིན་ཏུ་ཆེ། ཐར་མེད་འཁོར་བའི་ཆོས་ལ་སྐྱོ་ཤས་དང་ངེས་འབྱུང་ཞིག་སྐྱེས་ནས་བློ་ཁ་དམ་པའི་ཆོས་ལ་ཕྱོགས་མཁན་ཞིག་ཡིན་ཚེ། དུས་དང་གནས་སྐབས་ཐམས་ཅད་དུ་རང་རྒྱུད་ལ་འཕྲལ་དང་འཕྲལ་དུ་བརྟགས་ནས། སེམས་ལ་དགེ་མི་དགེའི་རྣམ་རྟོག་གང་སྐྱེས་ཐམས་ཅད་དྲན་པ་དང་ཤེས་བཞིན་གྱིས་ངོས་ཟིན་པར་བྱས་ནས། མི་དགེ་བའི་རྣམ་རྟོག་རེ་སྐྱེས་ན་དེ་མ་ཐག་ཉེས་དམིགས་དྲན་ནས་གདོང་ཟློག་བྱེད་དགོས། གལ་ཏེ་ཉོན་མོངས་པའི་དབང་གིས་སྡིག་པའི་ལས་སྒྲུབ་ཤོར་ན་མི་ཚེ་སྐྱོན་ཅན་དུ་དུས་ནམ་འགྱུར་དང་གང་ཟག་སུ་འགྱུར་ཆ་མེད། དེས་ན་གནས་སྐབས་མཁས་པ་དང་བླ་ཆེན་དང་མི་ཆེན་གྱི་གོ་ས་དང་མིང་བཟང་མ་ཐོབ་ཀྱང་དཀོན་མཆོག་གསུམ་ལ་དད་པ་བརྟན་པོ་ཡོད་ཅིང་གཞན་ལ་ཕན་སེམས་བསམ་པ་བཟང་པོ་རེ་རྒྱུན་དུ་རྒྱུད་ལ་ཡོད་ཅིང་མཐུན་པར་གྱུར་པའི་ཡུལ་ལ་གནས་པ་དང་སྐྱེས་བུ་དམ་པ་ལ་བསྟེན་པ་ཞིག་ཡིན་ན་ཐར་བའི་ལམ་སྣེ་རང་ལག་རེད། ཚེ་འདི་བས་ཕྱི་མ་ཡུན་རིང་བས་ཚེ་འདིའི་ཆེ་འདོད་གྲགས་འདོད་སོགས་དང་ཚེ་ཕྱི་མའི་བདེ་སྐྱིད་གཉི་ག་བརྗེ་མི་ཉན། འདུན་མ་གཏན་ལེགས་དང་གཏན་ཉེས་ཞེས་པ་ནི་གཅིག་ན་ཚེ་འདི་དང་དེའི་ནང་ནས་ཚེ་མཇུག་འདི་ལ་ཐུག་ཡོད་པས་རང་རྒྱུད་ཉོན་མོངས་པ་རྣམས་དམ་པའི་ཆོས་ཀྱིས་ཨེ་ཐུལ་བལྟ་རྒྱུ་འདི་གནད་ཆེན་པོ་ཡིན། ཡར་འགྲོ་མར་འགྲོའི་ས་མཚམས་ཀྱི་ལམ་སྣེ་གདམ་རྒྱུ་ནི་མ་ཤི་ཚེ་འདིའི་སྐབས་ཡིན་གྱི། རོ་མགོ་ནས་ཡར་འགྲོ་མར་འགྲོའི་ས་མཚམས་རེད་ཟེར་དུས་ཕྱི་སོང་བ་རེད། ཐ་ན་དགེ་བ་རྒྱ་ཆེན་པོ་ཞིག་མ་འགྲུབ་རུང་སྡིག་ལས་ཚབ་ཆེན་ཞིག་མ་བསགས། ཆོས་ལ་དད་པ་མ་ལོག་ནས་ཆོས་སྒྲུབ་འདོད་ཞེ་ལ་ཡོད་ཀྱང་། ཆོས་དངོས་སུ་ལག་ཏུ་ལེན་རྒྱུའི་བསམ་པའི་ཐོག་ཏུ་མི་ཁེལ་འདུག་རྒྱུ་འདི་ཅི་ལ་ཐུག་པ་རེད་ཟེར་ན། བློ་ཐག་གདིང་ནས་ཆོད་ངེས་ཤེས་སྙིང་ནས་སྐྱེས་མེད་པའི་རྟགས་རེད། དེས་ན་བློ་ཐག་རང་གིས་བཅད་ནས་མཚན་ལྡན་བླ་མ་མ་གཏོགས་གཞན་སུ་ཡི་ཁ་ལ་མི་ཉན་པ་སྨྱོན་པ་འུར་ལངས་པ་ལྟ་བུ་ཞིག་དགོས། འོན་ཀྱང་བློ་ལྡོག་རྣམ་བཞིས་རང་རྒྱུད་གྱོང་པོ་ལེགས་པར་ཐུལ་ནས་འཁོར་བའི་བྱ་བཞག་ཐམས་ཅད་ལ་སྙིང་པོ་མེད་པར་ཤེས་པ། དཔེར་ན་འཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟ་བུའི་ཞེན་ལོག་གཏིང་ནས་སྐྱེས་མེད་ན་གློ་བུར་གྱི་ངེས་འབྱུང་སད་སུད་ལ་བརྟེན་ནས་བྱ་བྲལ་བྱེད་སྔ་བྱས་ཀྱང་། ཀོ་གྱོང་མཉེ་ངན་ཤོར་བ་ལྟར། བྱ་བྲལ་བྱ་བྱེད་མང་བ། གླང་མཇུག་སྐར་ཁུང་ཐོགས་པའི་དཔེ་ཡོད། ཡང་ངེས་འབྱུང་སྤུ་སུད་མས་དུས་མ་རན་གོང་ལ་རི་ཁྲོད་མཐོ་སར་སྙེགས་མདོག་བྱེད་ཀྱང་། ཉིན་གཅིག་རྟོགས་ལྡན་རྒས་ཁར་བཟའ་གཡོག་དང་། སྒོམ་ཆེན་ཕྱིར་ལྡོག་གིས་ལྷམ་ཀྲད་མཆིལ་རྡོག་ཟེར་བའི་དཔེ་ལྟར་ལས་མཐའ་ལོག་པའི་མཚོན་གཞི་ཡང་མང་པོ་ཡོད། མདོར་ན་དང་པོ་བློ་ལྡོག་རྣམ་བཞིས་རྒྱུད་ལེགས་པོ་ཞིག་སྦྱངས་ནས་ངེས་འབྱུང་དང་སྐྱོ་ཤེས་ཞེན་ལོག་དང་མོས་གུས་འགྱུར་བར་མེད་པར་སྙིང་ཐག་པ་ནས་རང་གིས་རང་ལ་ཡིད་ཆེས་གཏིང་ཚུགས་པ་ཞིག་རྒྱུད་ལ་སྐྱེས་ཏེ། གོང་དཔོན་པོའི་ཁ་ལ་མི་ཉན། འོག་སྡེ་བའི་མྱི་ཁར་མི་ཉུག དགྲ་འདུལ་འཕྲོ་དང་གཉེན་སྐྱོང་འཕྲོ་རུ་བསྐྱུར་ནས་རང་ཐག་རང་གིས་བཅད། སྣ་ཐག་མགོ་ལ་དཀྲིས་ནས་རི་དྭགས་སྙི་ནས་ཤོར་འདྲས། བསམ་རྒྱུ་བླ་མ་དང་དྲན་རྒྱུ་ཆོས་དང་སྡོད་གནས་དབེན་པ་མིན་མེད་པ་ཞིག་བྱེད་ནུས་ན་ལས་ཀ་ཐམས་ཅད་ཀྱི་ནང་གི་མཆོག་ཡིན། དེ་ལྟར་བྱས་ཚེ་མཐུན་རྐྱེན་ལྷ་དང་མིས་སྦྱར་བས་ཆོས་པ་མུ་གེས་ཤི་བའི་དཔེ་མེད། ལར་ཆོས་ཕྱིར་དཀའ་བ་སྤྱད་ནས་ཤི་ཐུབ་ན་བུ་དཔའ་བོའི་ནང་གི་ཡང་རབ་རེད། ལུས་ངག་གཉིས་པོ་གཡོག་པོ་དང་འདྲ་བ་ཡིན་པས་གོ་ཆེན་པོ་མི་ཆོད་ཀྱང་སེམས་རྒྱལ་པོ་འདྲ་བ་ཆོས་ལ་ཕྱོགས་ནས་ཡང་དག་པར་བསྒྲུབ་དགོས། སྤྱིར་འཇིག་རྟེན་གྱི་བྱ་བ་ཙམ་ལ་ཡང་མྱི་དྲ་མ་ཞིག་མེད་ན་མི་འགྲུབ་ན། ཆོས་སྒྲུབ་པ་ལ་དེ་ལས་ཀྱང་བུ་བཟང་སྙིང་སྟོབས་ཅན་བསམ་ཚར་ནས་ཕྱིར་ལྡོག་མེད་པ་ཞིག་ཡིན་ན་ཆོས་འགྲུབ་སྲིད། དེས་ན་ཆོས་སྒྲུབ་པའི་ཆ་རྐྱེན་ཚང་བའི་སྐབས་སུ་བློ་ཐག་རང་གིས་བཅད་ནས་ཆོས་མགོ་རྔ་ཚང་བ་ཞིག་སྒྲུབ་དགོས། སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་པོ་འདི་ཆོས་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན་ལ། སྐྱབས་སེམས་གཉིས་ཀྱི་སྡོམ་པ་དེ་ཡང་བླངས་པ་ཙམ་གྱིས་མི་ཆོག་པར་བསྲུང་བྱ་སྡོང་པོ་ལྟ་བུ་དེ་སྲུང་དགོས། བསྲུང་སྡོམ་སྡོང་པོ་ལྟ་བུ་དེ་མེད་ན་ལྟ་སྤྱོད་མེ་ཏོག་ལྟ་བུའི་དེ་མི་སྐྱེ། དེ་མ་སྐྱེས་ན་བསྐྱེད་རྫོགས་འབྲས་བུ་ལྟ་བུའི་ཆོས་དེ་མི་སྨིན་པ་ཡིན་པས་ལམ་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ་སེམས་བསྐྱེད་འདི་གཉིས་ལ་ཐུག་ཡོད་པས་ཤིན་ཏུ་ནན་ཏན་བྱེད་དགོས། འདི་གཉིས་ནི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་དྲིལ་དྲིལ་བ་ཡིན་ཞིང་། ཐེག་པ་རིམ་པ་དགུའི་རྩ་བའང་ཡིན་པ་རེད། སྐྱབས་སེམས་གཉིས་དང་མ་འབྲེལ་བའི་ཆོས་ཐམས་ཅད་ཤི་བའི་རོ་དང་འདྲ་བ་ཡིན་གསུངས་ཡོད། མདོར་ན་དཀོན་མཆོག་གསུམ་ལ་ཡིད་ཁྱེད་ཤེས་ཀྱི་དད་པས་བློ་གཏད། སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་ཤེས་ནས་གནས་སྐབས་ཀྱི་ཕན་པ་དང་། མཐར་ཐུག་གི་བདེ་བ་སངས་རྒྱས་ཀྱི་ས་ལ་བཀོད་འདོད་ཀྱི་བློ་དང་མི་འབྲལ་བ་འདི་སྐྱབས་འགྲོ་སེམས་བསྐྱེད་གཉིས་ཀྱི་ནང་དོན་དངོས་ཡིན། དེས་ན་སྐྱབས་འགྲོ་སེམས་བསྐྱེད་ལ་སྦྱོང་བའི་སྐབས་སུ་ཚིག་གི་སྤུ་ལ་མི་འཇུ་བ་དོན་གྱི་རྐང་པ་ནས་བཟུང་སྟེ། རང་གི་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་དགོས་གསུངས་པ་རེད། ཉམས་སུ་ལེན་པར་བྱེད་པ་ལ་ཐུན་སྡོམ་རྒྱུ་གནད་ཆེའོ། །དེ་ཡང་ཐུན་སྡོམ་པ་སོགས་ཆོས་སྒྲུབ་པ་རྣམས་ལ་ངོ་ཚ་མི་དགོས་ཏེ། གཞན་དུ་མནའ་ཟ་ཁྲེལ་འགམ་རྒྱུ་འབྲས་སྣོག་པ་སོགས་ལ་ངོ་མ་ཚ་ན། རང་གཞན་གཉིས་ཀའི་དོན་དུ་དམ་པའི་ཆོས་སྒྲུབ་པ་ལ་ངོ་ཚ་དགོས་དོན་མེད་ལ། དེ་བས་ཆོས་མེད་གཅེར་བུ་ལག་སྟོང་ཤི་ཁར་བྲང་ལག་འཐབ་དུས། ངོ་ཚ་ནི་སྡུག་ནི་གཉི་ག ཡི་མུག་ནི་ཞིག་དང་སུམ་འཛོམས་རེད་འོང་བས། ཐོག་མར་བློ་ལྡོག་རྣམ་བཞིས་རྒྱུད་ལེགས་པོ་སྦྱངས། དེ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ལ་གོ་བ་བཟང་པོ་ཞིག་སྐྱེས་པ་དང་ཚད་མེད་བཞིས་རང་གི་རྒྱུད་སྦྱངས་ནས་སྐྱབས་སེམས་གཉིས་ཀྱི་སྡོམ་པ་ལེན་དགོས། གཞན་ཡང་ཚོགས་བསགས་སྒྲིབ་སྦྱོང་ལ་བརྟེན་ཏེ་བླ་མའི་རྣལ་འབྱོར་དང་འཕོ་ལུང་ལ་སོགས་པ་མྱུར་ལམ་ཁྱད་པར་ཅན་གྱིས་རང་གཞན་གཉིས་ཀྱི་དོན་སྒྲུབས་དང་། སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་ཏེ། །ཟེར་བ་ལྟར་བྱ་ངང་པའི་རྒྱལ་པོ་པདྨའི་མཚོ་ནས་པདྨའི་མཚོ་གཞན་དུ་འགྲོ་བ་ལྟ་བུ་ཞིག་རེད་རྒྱུར། མ་མཐོང་རྒྱང་གི་གཏམ་རྒྱུད་དང་ནམ་མཁའི་འཇའ་ལྟ་བུ་མ་ཡིན་པར་ལག་ལ་ལེན་ཐུབ་པ་ནི་ནམ་ཡང་བསླུ་བ་མེད། དེས་ན་ཆོས་སྒྲུབ་པ་ལ་བརྩོན་འགྲུས་སྲོག་དང་བསྡོས་ནས་ཉམས་ལེན་རྒྱུན་མ་ཆད་པར་བྱེད་རྒྱུ་གལ་ཤིན་ཏུ་ཆེ་བ་ཡིན་ནོ། །ད་ལྟ་སྐབས་སུ་བབས་པ་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། ཐུན་མིན་ནང་གི་སྔོན་འགྲོའི་དང་པོ་ལམ་ཐམས་ཅད་ཀྱི་རྨང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་གོང་དུ་སོང་ནས། དེ་རིང་གཉིས་པ་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དངོས་འཆད་པ་ཡིན་ལ། དམིགས་པ་མེད་པའི་ཤེས་རབ་ཆེན་པོས་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་མངོན་དུ་མཛད་དེ་ཡེ་ནས་རྫོགས་སངས་རྒྱས་ཟིན་ཀྱང་། ཐབས་བརྩེ་བར་སྙིང་རྗེ་ཆེན་པོས་འཁོར་བའི་སེམས་ཅན་ཀུན་ཡལ་བར་མི་འདོར་ཞིང་གཞན་དོན་རླབས་ཆེན་དང་དུ་བླངས་པར་མཛད་ནས། ཐབས་ལ་མཁས་པས་འཁོར་འདས་དབྱེར་མེད་རོ་མཉམ་ཆེན་པོ་རྟོགས་པ། མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ་ཞེས་ཕྱག་འཚལ་སྔོན་དུ་གསུངས་ནས། སྤྱིར་ཐེག་ཆེན་ལམ་གྱི་རྩ་བ་གཅིག་པུ་གང་ཡིན་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཉིད་ཡིན། དེ་ལ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་ཡོད། ལས་དང་པོ་བས་ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་ཟིན་ན་ཐེག་པ་ཆེ་ཆུང་གི་ཆོས་གང་བསྒྲུབས་ཀྱང་ཐེག་ཆེན་གྱི་ཆོས་སུ་འགྲོ་བ་ཡིན། དཔེར་ན་སོར་སྡོམ་ལྟ་བུ་ཞུ་བའི་སྐབས་ལ་མཚོན་ན། ཆོ་ག་ཐེག་དམན་གྱི་ལུགས་ཡིན་ཡང་བསམ་པ་སེམས་བསྐྱེད་ཀྱིས་ཟིན་ན་ཐེག་ཆེན་སོ་ཐར་དུ་འགྱུར་བ་ལྟ་བུ་ཡིན། དེས་ན་ལས་དང་པོ་བ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཙོ་ཆེ་ཞིང་ལྟ་བ་གྲོགས་ལ་ཡོད་དགོས་པས་ཐོག་མར་བསམ་པ་བཟང་པོ་ཞིག་ཡོད་དགོས་པ་གལ་ཤིན་ཏུ་ཆེ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཞེས་གསུངས་པ་ལྟར་ཟིན་བྲིས་ལས། བསམ་པ་བཟང་ན་ས་བཟང་པོ་ས་བཅུ། ལམ་བཟང་པོ་ལམ་ལྔ། བསམ་པ་ངན་ན་ས་ངན་པ་ཁམས་གསུམ་ས་དགུ། ལམ་ངན་པ་ལམ་རྒྱུད་ལྔའི་འགྲོ་བ་ལ་འགྲོ་གསུངས། ལས་དང་པོ་བ་ལ་ལྟ་སྒོམ་གཉིས་ལས་ཀྱང་དང་པོ་བསམ་པ་བཟང་པོ་ཞིག་ཡོད་པ་གལ་ཆེ། དེ་དང་བྲལ་ན་སྟོང་ཉིད་ཉི་ཚེ་བ་ཞིག་རྟོགས་ཀྱང་ཕན་པ་མེད་དེ། སྟོང་ཉིད་ཉན་ཐོས་རྣམས་ཀྱིས་བསྒོམས། །དེ་ཡི་འབྲས་བུ་འགོགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ངེས་དོན་མཐར་ཐུག་གི་སྐྱེལ་སོ་ལ་དོན་དམ་བྱང་ཆུབ་སེམས་ཀྱིས་མཐར་ཐུག་གི་འབྲས་བུ་ཐོབ་དགོས་ཀྱང་། ལམ་ལ་སློབ་པའི་གང་ཟག་གིས་ཐོག་མར་བསམ་པ་བཟང་པོ་ཞིག་གིས་འགོ་བརྩམས་ནས་ཚད་མེད་བཞིས་བློ་སྦྱངས་ཏེ་རིམ་གྱིས་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེ་བའི་ཐབས་ལ་འབད་དགོས། གཉིས་པ་ཐེག་ཆེན་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ལ་གསུམ། བྱང་ཆུབ་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེད་པར་བྱེད་པ་ཚད་མེད་བཞིས་བློ་སྦྱོང་བ། སྐྱེས་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་བྱེད་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། སྨོན་འཇུག་གི་བསླབ་བྱ་བཟུང་བའོ།།

༼༡ཚད་མེད་བཞིའི་བློ་སྦྱོང་བ།

དང་པོ་ཚད་མེད་བཞིའི་བློ་སྦྱོང་བ་ལ། སྤྱིར་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བཞི་ལས། སེམས་ཅན་ཐམས་ཅད་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་འདོད་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་བདེ་དང་མི་འབྲལ་བར་འདོད་པ་དགའ་བ་ཡིན། སེམས་ཅན་ཐམས་ཅད་ཆགས་སྡང་གཉིས་དང་བྲལ་བ་འདོད་པ་བཏང་སྙོམས་ཡིན་ཏེ། བྱམས་པས་ས་གཞི་སྙིང་རྗེའི་མེ་ཏོག་བཀྲམ། །དགའ་བས་གྲིབ་བསིལ་བཏང་སྙོམས་ཆུ་གཙང་གིས། །འགྲོ་ལ་ཕན་ཕྱིར་རང་གི་སེམས་སྦྱོང་ངོ་། །ཞེས་གསུངས་པ་ལྟར་གཞུང་བཤད་པའི་གོ་རིམ། ཐོག་མར་བྱམས་པ་ནས་སྨོས་ཀྱང་། འདིར་མན་ངག་གི་ལུགས་ལྟར་ཉམས་སུ་བླངས་ནས་རིམ་པ་བཞིན་བློ་སྦྱོང་བའི་ཚེ། དང་པོ་བཏང་སྙོམས་ནས་མ་སྦྱངས་ན། བྱམས་པ་དང་སྙིང་རྗེ་སོགས་བསྒོམ་ཡང་ཚད་མེད་མ་ཡིན་པར་དམིགས་རྣམ་ཁོལ་བུ་བ་ཕྱོགས་རིས་ཅན་དུ་ཤོར་ནས་རྣམ་པར་དག་པ་ཞིག་མི་འོང་བ་ཡིན་པས། དེས་ན་དང་པོ་བཏང་སྙོམས་ནས་བློ་སྦྱོང་བ་ཡིན། སེམས་ཅན་ཆགས་སྡང་གཉིས་དང་བྲལ་བར་འདོད་པ་བཏང་སྙོམས་ཀྱི་ངོ་བོ་ཡིན། དེ་ལའང་དམིགས་བཅས་ཀྱི་ཚད་མེད་དང་དམིགས་མེད་ཀྱི་ཚད་མེད་གཉིས་ཡོད། དམིགས་བཅས་ཀྱི་ཚད་མེད་སྒོམ་དུས་དམིགས་རྣམ་སྤྲད་ནས་སྒོམ་དགོས། དམིགས་རྣམ་གྱི་དོན་ནི་དམིགས་པ་ཡུལ་དང་རྣམ་པ་བློ་གཉིས་ཀྱི་ཐོག་ནས་གསུངས། བཏང་སྙོམས་ཀྱི་དམིགས་ཡུལ་ནི། རང་རྒྱུད་ཀྱི་ཆགས་སྡང་གཉིས་དང་གཞན་རྒྱུད་ཀྱི་ཆགས་སྡང་གཉིས་ཡིན། རྣམ་པ་བློ་ནི་དེ་གཉིས་ཀ་སྙོམས་པར་འདོད་པ་ཞིག་ཡིན། ཆགས་སྡང་གི་བློ་ཞི་ནས་ཕན་འདོགས་པར་འདོད་པ་ཡིན། དམིགས་མེད་ནི། ལས་དང་པོ་བས་སྒྱུ་མ་དང་རྨི་ལམ་ལྟ་བུ་བློ་སྦྱངས་ནས་བསྒོམ་དགོས། རྟོགས་པ་མཆོག་ལྡན་ཞིག་ཡིན་ན། རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །ཅེས་གསུངས་པ་ལྟར་མཉམ་བཞག་དེའི་རྩལ་ཚད་མེད་བཞི་བསྒོམ་པ་ཡིན་ནོ།།

༡༽བཏང་སྙོམས་ཚད་མེད།

བཏང་སྙོམས་ཞེས་བྱ་བ་ནི། དགྲ་ལ་ཞེ་སྡང་མི་བྱེད་པར་ཆགས་སྡང་གི་སེམས་བཏང་། གཉེན་ལ་དགའ་གདུང་མི་བྱེད་པར་དགའ་གདུང་གི་སེམས་བཏང་། སེམས་ཅན་ཐམས་ཅད་ལ་ཕྱོགས་དང་རིས་སུ་ཆད་པའི་ཉེ་རིང་དང་དགའ་སྡུག་གི་ཆགས་སྡང་མེད་པར་ཐམས་ཅད་སྙོམས་པ་ལ་བཏང་སྙོམས་ཞེས་བྱ། ད་ལྟ་སོ་སོའི་སྐྱེ་བོའི་གནས་སྐབས་ན་རང་ཉིད་ཀྱི་ཕ་མ་དང་གཉེན་འདུན་ལ་སོགས་རང་ཕྱོགས་ལ་ཤིན་ཏུ་ཆགས་ཤིང་དགའ་གདུང་ཡོད་པ་དང་། དགྲ་དང་དགྲ་དེའི་ཕྱོགས་སུ་གཏོགས་པ་རྣམས་ལ་སྡང་ཞེན་མི་བཟད་པར་བྱེད་པ་འདི་ཡང་ཞིབ་ཏུ་མ་བརྟགས་པའི་སྐྱོན་ཡིན། འདི་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱི་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་སྣང་དང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པའི་ཁྱབ་ཡོད། ལས་སྣང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་འདི་དག་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མ་དང་གཉེན་བཤེས་ལ་སོགས་པ་མ་བྱས་པ་གཅིག་ཀྱང་མེད། དེའི་ནང་ནས་སྙིང་ཉེ་བའི་ད་ལྟའི་མ་འདི་བཞིན་ཚེ་རབས་སྔ་མ་རྣམས་སུ་ད་ལྟའི་དགྲ་འདི་རྣམས་ཀྱིས་ཀྱང་རང་གི་གཉེན་བྱས་ནས་བརྩེ་བས་འགྲོགས། ཕན་ཚུན་མཐུན་པས་བསྐྱངས། ཕན་བཏགས་པ་ཡང་བསམ་གྱིས་མི་ཁྱབ། ད་ལྟ་ཕ་མ་དང་གཉེན་ཉེ་རིང་དུ་བརྩི་བ་འདི་རྣམས་ཀྱང་ཚེ་རབས་སྔ་མ་ལ་རང་གི་དགྲར་གྱུར་ཏེ་ནོར་དང་སྲོག་འཕྲོག་པ་དང་མགོ་དང་ཡན་ལག་བཅད་པ་ལ་སོགས་གྲངས་ཀྱིས་མི་ཆོད་པ་ཡིན་པས་ན་འདི་དག་གིས་གནོད་པ་བྱས་པ་ཡང་དུ་མ་ཡོད་པ་སྔར་བཤད་པ་ལྟར། འཕགས་པ་ཀ་ཏྱཱ་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག །ལས་ངན་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་པ་ལྟར་དང་། དེར་མ་ཟད་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་ཞེས་བྱ་བ་དགུང་ལོ་བཅུ་བདུན་ལོན་པ་ཞིག་འདས་སྐབས། ཆོས་རྒྱལ་གྱིས་སློབ་དཔོན་རིན་པོ་ཆེ་ལ་ཞུས་ཏེ། བདག་གི་སྲས་མོ་ལྷ་ལྕམ་འདི་ལས་དག་པ་ཞིག་ཀྱང་ཡིན་པ་འདྲ་སྟེ། བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བུ་མོར་སྐྱེས། ཁྱེད་ལོ་པཎ་སངས་རྒྱས་དངོས་ལྟ་བུ་འདི་ཙམ་གྱི་ཞལ་མཇལ་བ་ཡིན། འོན་ཀྱང་ལས་མ་དག་པ་ཞིག་ཀྱང་འདྲ་སྟེ་ཚེ་ཐུང་ངུ་འདི་ལྟ་བུ་འབྱུང་བ་འདི་རྒྱུ་མཚན་ཇི་ལྟར་ལགས། ཞུས་པས། སློབ་དཔོན་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་གྱི་ཞལ་ནས་ཁྱེད་ཀྱི་སྲས་མོ་ལྷ་ལྕམ་འདི་ལས་དག་པས་ཁྱེད་ཀྱི་སྲས་མོར་སྐྱེས་པ་ཅི་ཡང་མིན། སྔོན་པདྨ་འབྱུང་གནས་བདག་དང་ཆོས་རྒྱལ་ཆེན་པོ་ཁྱེད་རང་དང་། མཁན་ཆེན་བོ་དྷི་ས་ཏྭ་རྣམས་རྟ་རྫི་ཁྱི་རྫི་ཕག་རྫིས་བཤོས་པའི་རིགས་ངན་གྱི་བུ་གསུམ་དུ་སྐྱེས་ནས། འོ་ཅག་མཉམ་དུ་བལ་ཡུལ་གྱི་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་བཞེངས་པའི་སྐབས་སུ་ལྷ་ལྕམ་འདི་སྦྲང་བུ་ཏྲེ་མ་ཞིག་གི་ལུས་བླངས་ནས་ཡོད་པས། རྒྱལ་པོ་ཉིད་ཀྱི་རྩེའུ་ཆུང་སྟེ་སྒྲོག་རུས་ནས་གྱེན་དུ་སོར་བཞི་གཞལ་བའི་གནས་སུ་རྣ་ཤལ་གྱི་རྗེས་སུ་འབྲངས་པའི་གཏར་རྩ་ལ་ཟོས་པའི་ཚེ། རྒྱལ་པོས་དྲན་མེད་དུ་ཕྱག་གིས་བྱབས་པས་སྦྲང་བུ་ཤི་བར་གྱུར་པ་དེའི་ཚེ་སྲོག་གི་ལན་ཆགས་ཀྱིས་ཁྱེད་ཀྱི་སྲས་མོ་སྐྱེས་པ་ཡིན་གསུངས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཀྱི་སྤྲུལ་པ་ལ་ཡང་དེ་ལྟ་བུའི་ལན་ཆགས་ཀྱི་བུ་རྒྱུད་ཡོད་ན་སོ་སོའི་སྐྱེ་བོ་ལས་ཉོན་གྱིས་འཕངས་པ་གཞན་ལ་ལྟ་ཡང་ཅི་སྨོས། དེས་ན་ད་ལྟ་རང་རེ་ཕ་མ་དང་བུ་རྒྱུད་དུ་འབྲེལ། གཞན་དང་མི་འདྲ་བའི་བརྩེ་གདུང་དང་སྙིང་ཉེ་བའི་འདུན་པ་བསམ་གྱིས་མི་ཁྱབ་པ་བྱེད། ཕ་མ་དང་གཉེན་གྲོགས་སོགས་དེ་དག་ལ་སྡུག་བསྔལ་དང་མི་འདོད་པ་བྱུང་ན་རང་ལ་བྱུང་བ་ལས་ཀྱང་ཐུ་བའི་མྱ་ངན་དང་སྡུག་བསྔལ་འབྱུང་བ་རྣམས་ཀྱང་། སྐྱེ་བའི་ཚེ་རབས་སྔོན་མ་ལ་གཅིག་གིས་གཅིག་ལ་གནོད་པ་བསྐྱལ་བའི་ལས་ཀྱི་ལན་ཆགས་འཁོར་བ་ཤ་སྟག་ཡིན་པ་གདོན་མི་ཟ། ད་ལྟ་རང་གི་ཞེ་སྡང་གི་ཡུལ་དགྲ་རུ་གྱུར་པ་འདི་རྣམས་ཀྱང་ཚེ་རབས་སྔ་མ་རྣམས་སུ་ཕ་མ་དང་གཉེན་ཉེ་མ་བྱས་པ་ནི་སུ་ཡང་མེད། ད་ལྟ་ཡང་དགྲ་ལ་དགྲར་བཟུང་ཡང་། གཟུར་བ་སོགས་ཀྱིས་མཁོན་པ་བསྡུམས་ནས་གཉེན་དུ་སྦྲེལ་བའམ། ཡང་ན་ནོར་དང་ཚིག་གིས་ཤད་སྦྱངས་ཏེ་ཕན་ཚུན་ནང་འགྲིགས་ཏེ་མཐུན་པོ་འོང་སྲིད་པས་དེས་རང་ལ་མཐའ་གཅིག་ཏུ་གནོད་པ་བྱེད་པའི་ངེས་པའང་མེད་དེ། རང་གིས་ཕར་དགྲར་བཟུང་ཡང་དེས་ཚུར་ལ་དགྲར་མི་འཛིན་པ་དང་། དགྲར་འཛིན་ཀྱང་གནོད་པ་སྐྱེལ་མི་ནུས་པ་ཡང་ཡོད་ལ། འཕྲལ་དུ་གནོད་པ་བསྐྱལ་ཡང་དེའི་རྒྱུས་དཔའ་ཁ་དང་རྒྱལ་ཁ་སོགས་ཐོབ་ནས་རང་གི་ཚེ་འདིའི་སྙན་གྲགས་འཕེལ་བ་དང་། དགྲས་གནོད་པ་བྱས་པའི་རྐྱེན་གྱི་ངེས་པར་འབྱུང་བའི་བློ་སྐྱེས་ཏེ། དམ་པའི་ཆོས་དང་མཇལ་བ་སོགས་མཐར་ཐུག་རང་གི་ཕན་བདེའི་རྒྱུར་འགྱུར་བ་ཡང་ཡོད། རང་གི་ཐབས་ཀྱིས་དེའི་ཡིད་དང་བསྟུན་ནས་འཇམ་པོའི་ཚིག་གིས་ཤད་སྤྱངས་ཏེ་མཐུན་པར་བྱས་ན། དགྲ་ཡིན་ཡང་གཉེན་དུ་འགྱུར་བ་ལ་ཡང་ཚེགས་མེད། དེ་བཞིན་དུ་ད་ལྟ་གཉེན་དུ་བཟུང་བ་རྣམས་ཀྱང་བུ་ཚས་ཕ་མ་བསླུས་པ་དང་གསོད་པ་སོགས་བྱེད་པ་ཡང་ཡོད་ཅིང་། རང་དང་མི་མཐུན་པའི་འགལ་ཟླ་རྣམས་དང་བསྡོངས་ནས། དེའི་ཕྱོགས་བཟུང་སྟེ་ནོར་འཕྲོག་རྩོད་པ་འགྱེད་པ་སོགས་དུ་མ་ཡོད་པ་དང་། གལ་ཏེ་མཐུན་པ་ལྟར་ཡོད་ན་ནི། དེ་ལ་སྡུག་བསྔལ་དང་མི་འདོད་པ་སོགས་བྱུང་ན་རང་ལ་བྱུང་བ་ལས་ཀྱང་ཐུ་བའི་སྡུག་བསྔལ་མྱོང་བ་དང་། གཉེན་དང་བུ་ཚ་ལ་སོགས་པ་དེ་དག་གི་ཆེད་དུ་སྡིག་རླབས་པོ་ཆེ་བསགས་ནས་ཕྱི་མ་དམྱལ་བར་འཕེན་པ་དང་། རང་གི་ཆོས་ཡང་དག་པ་ཞིག་བསྒྲུབ་པར་འདོད་ཀྱང་དེ་དག་གིས་བཤོལ་འདེབས་པ་དང་། ཕ་མ་དང་བུ་བརྒྱུད་སོགས་བློས་མ་ཐོང་བས་ཆོས་ཕྱི་བཤོལ་དུ་ལུས་ནས་བསྒྲུབ་ལོང་མི་འབྱུང་བ་སོགས་དགྲ་ལས་ཀྱང་ཐུ་བའི་གནོད་པ་སྐྱེལ་བ་ཡིན། དེ་བཞིན་དུ་སྐྱེ་བ་ཕྱི་མ་ཕན་ཆད་ལ་ཡང་ད་ལྟ་རང་གིས་དགྲར་འཛིན་པ་འདི་དག་རང་གི་བུ་རྒྱུད་དུ་སྐྱེ་བ་དང་། གཉེན་རྣམས་དགྲར་སྐྱེ་བ་སོགས་ངེས་པ་མེད། དེས་ན་དགྲ་གཉེན་གྱི་སྣང་བ་སྐད་ཅིག་མ་འདི་ལ་བདེན་པར་བཟུང་ནས་ཆགས་སྡང་གིས་ལས་ངན་བསགས། རང་ཉིད་ངན་སོང་གི་གཏིང་རྡོ་བྱེད་པ་ཞིག་བྱས་པ་ལ་དགོས་པ་ཅི་ཡོད། དེས་ན་རང་གིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕ་མ་དང་བུ་ཚའི་འདུ་ཤེས་ཉེ་བར་བཞག་སྟེ། སྔོན་གྱི་དམ་པ་གོང་མའི་རྣམ་ཐར་བཞིན་དགྲ་གཉེན་མཉམ་པ་ཉིད་དུ་བལྟ་བར་བྱའོ་སྙམ་དུ་བསམ་ཞིང་། ཞེས་ཚད་མེད་བཞི་འདི་སྒོམ་པའི་སྐབས་སུ་སྒོམ་ཚུལ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀ་བྱེད་དགོས། བྱམས་པ་དང་བྱམས་པའི་ཏིང་ངེ་འཛིན། སྙིང་རྗེ་དང་སྙིང་རྗེའི་ཏིང་ངེ་འཛིན། དགའ་བ་དང་དགའ་བའི་ཏིང་ངེ་འཛིན། བཏང་སྙོམས་དང་བཏང་སྙོམས་ཀྱི་ཏིང་ངེ་འཛིན་རྣམས་དཔྱད་འཇོག་གཉིས་ཀྱི་སྒོ་ནས་བསྒོམ་དགོས། འདིའི་སྒོམ་འདི་ཞི་ལྷག་གཉིས་ཀྱི་ནང་ནས་གཙོ་ཆེར་ཞི་གནས་ཟེར་དགོས། སྒོམ་ལུགས་དེ་ལ་ཡང་གཞུང་དང་མན་ངག་གི་ལུགས་གཉིས་ཡོད་ན་འདི་ནི་མན་ངག་ལྟར་སྒོམ་པ་ཡིན། དངོས་གཞི་བསྒོམ་པའི་སྐབས་སུ་རང་གི་གཡས་སུ་དགྲ་དང་། གཡོན་དུ་གཉེན་བསམས་ནས་དང་པོ་དགྲ་གཉེན་གཉིས་ལ་ཆགས་སྡང་སློང་ངེས་པ་རེ་བྱས་ཏེ། དེ་ནས་དུས་གསུམ་ལ་བསམ་ནས་དགྲ་གཉེན་ངེས་པ་མེད་ཚུལ་ལ་བློ་སྦྱོང་། དེ་ཡང་དང་པོ་རང་གི་ཡིད་ལ་ཤིན་ཏུ་མི་དགའ་ཞིང་ཁོང་ཁྲོ་དང་ཞེ་སྡང་དྲག་པོ་སྐྱེ་བའི་ཡུལ་རྣམས་ལ་ཐབས་དང་རྣམ་པ་དུ་མའི་སྒོ་ནས་ཁོང་ཁྲོ་དང་ཞེ་སྡང་མི་སྐྱེ་བའི་ཚུལ་ལ་བློ་སྦྱངས་ནས། དེ་དག་རང་བཞིན་གྱི་མི་ཕན་གནོད་གང་ཡང་མེད་པའི་བར་མ་རྣམས་དང་འདྲ་ཞིང་སྙོམས་པར་བྱ། དེ་ནས་བར་མ་རྣམས་ཀྱང་ཚེ་རབས་ཐོག་མ་མེད་པའི་དུས་ནས་རང་གི་ཕ་མ་དང་གཉེན་ཚན་བྱས་པ་ལ་གྲངས་ཀྱིས་མི་ཆོད་པ་སོགས་ལ་བསམས་ནས། ད་ལྟ་སྐྱེ་བ་འདིའི་ཕ་མ་གཉེན་ཚན་དངོས་དང་འདྲ་བར་བརྩེ་གདུང་གི་བློ་མ་སྐྱེས་བར་དུ་བློ་སྦྱང་ཞིང་རིམ་གྱིས་བསྒོམ། མཐར་དགྲ་གཉེན་བར་མ་གསུམ་གང་རུང་དུ་སྣང་བའི་སེམས་ཅན་ཐམས་ཅད་རང་གི་ཚེ་འདིའི་ཕ་མ་དང་ཁྱད་མེད་དུ་སྙིང་རྗེའི་བློ་མ་སྐྱེས་བར་དུ་བསྒོམ། དེ་ལྟར་མ་བྱུང་ན་ད་ལྟའི་གཉེན་ཡང་སྔོན་ཆད་ཀྱི་དགྲ་རེད། ད་ལྟའི་དགྲ་ཡང་སྔོན་ཆད་ཀྱི་གཉེན་རེད་འདུག་པས་གཉེན་གྱིས་ཀྱང་ཕན་གནོད་གཉིས་ཀ་བྱས་དགྲས་ཀྱང་ཕན་གནོད་གཉིས་ཀ་བྱས་པས་དགྲ་ལ་གནོད་མི་སྐྱེལ། གཉེན་ལ་ཕན་མི་བཏགས་བསམ་ནས་རང་བཞིན་དུ་དགྲ་གཉེན་གང་ལ་ཡང་སྙིང་རྗེ་དང་ཞེ་སྡང་སོགས་མི་སྐྱེ་བར་སྙོམས་པ་ཙམ་བྱུང་ཡང་། དེ་ནི་ཕན་མེད་གནོད་མེད་གཏི་མུག་བཏང་སྙོམས་པ་ཞེས་བྱ་སྟེ་བཏང་སྙོམས་ཚད་མེད་པའི་གོ་མི་ཆོད་ཀྱང་དང་པོ་འདི་ལྟ་བུ་ལ་བརྟེན་ནས་བཏང་སྙོམས་ཚད་མེད་སྐྱེ་དགོས་པ་ཞིག་ཀྱང་ཡིན་པས་འདི་ཡང་བསྒོམ་དགོས། དེས་ན་བཏང་སྙོམས་ཚད་མེད་པ་དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུ་ཞེས་བྱ་བ། དཔེར་ན་དྲང་སྲོང་རྣམས་ཀྱིས་མགྲོན་ནམ་སྟོན་མོ་འགྱེད་པའི་ཚེ། ཡུལ་མཐོ་དམན་དྲག་ཞན་བཟང་ངན་རབ་འབྲིང་ཐམས་ཅད་ལ་ཁྱད་མེད་པར་འགྱེད་པ་དང་མཚུངས་པར། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོའི་ཡུལ་དུ་མཉམ་ཞིང་སྙོམས་པ་ཞིག་དགོས་པ་ཡིན་པས། དེ་ལྟར་མ་བྱུང་གི་བར་དུ་ཡང་ཡང་བློ་སྦྱོང་། དེ་འདྲ་འོང་བར་བྱེད་པ་ལ་སེམས་ཅན་ཐམས་ཅད་མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་རྣམས་ལ་བསྒོམས་ནས་ཡང་དག་པ་སྐྱེས་ཚེ་སེམས་ཐང་ཆད་དེ་འཕྲོ་མི་འདོད་པའི་ཚེ་འཇོག་སྒོམ་བྱེད་ཅིང་། འདས་པའི་རྗེས་མི་འབྲང་། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་མཐུད་ཅིང་བཅས་བཅོས་མི་བྱེད་པར་ཅི་ནུས་སུ་བཞག་པ་ལ་བཏང་སྙོམས་ཀྱི་ཏེང་ངེ་འཛིན་ཟེར། ཡང་འཕྲོ་ན་དཔྱད་པ་བྱེད། དེ་ལྟར་དཔྱད་འཇོག་རེ་མོས་བྱས་ནས་ཞི་གནས་བསྒོམ་དགོས་པ་ཡིན། ཐུན་དང་ཐུན་མཚམས་ཐམས་ཅད་ལ་སེམས་ཅན་ཆགས་སྡང་རྩོད་པ་ཅན་རྣམས་ལ་དམིགས་ནས་འདི་དག་གི་ཆགས་སྡང་གཉིས་པོ་དུས་དང་རྣམ་པ་ཐམས་ཅད་དུ་བྲལ་བ་གྱུར་ཅིག་སྙམ་པ་སྨོན་པ་དང་འབྲེལ་བ། བྲལ་ན་ཅི་མ་རུང་སྙམ་པ་འདུན་པ་དང་འབྲེལ་བ། བྲལ་བ་ཞིག་ངས་བྱ་སྙམ་པ་དམ་བཅའ་དང་འབྲེལ་བ། དེ་ལྟར་འགྲུབ་པར་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་དང་འབྲེལ་བ་བཞི་ལྡན་གྱི་ཐོག་ནས་ཐུན་ནང་མ་ཟད་ཐུན་མཚམས་སུའང་ཡང་དང་ཡང་དུ་བསྒོམ་དགོས། ཐུན་ནང་སྒོམ་ཐུན་མཚམས་རལ་ན་ལྕགས་མེ་ནང་དམར་འབར་བ་ཡིན་ཡང་ཕྱིར་ཕྱུང་ཚེ་འགྱུར་བ་ལྟར་ཡིན་པས། ཐུན་དང་ཐུན་མཚམས་ཐམས་ཅད་དུ་སེམས་ཅན་ཆགས་སྡང་ཅན་ཀུན་ལ་རང་གི་ཕ་མའི་ཡུལ་དུ་སྙོམས་པར་བསྒོམ་དགོས་པ་འདི་ནི་གནད་ཤིན་ཏུ་ཆེའོ།།

༢༽བྱམས་པ་ཚད་མེད།

དེ་ནས་བྱམས་པ་བསྒོམ་པ་ནི། དེ་ལྟར་བཏང་སྙོམས་ཚད་མེད་པ་བསྒོམས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཕ་མ་དང་མཉམ་པ་བྱམས་པ་ཆེན་པོའི་ཡུལ་དུ་སྙོམས་པར་བྱས་པ་དེ་དག་ཐམས་ཅད་ལ་དམིགས་ནས། ཐུན་གྱི་མགོར་ཁོལ་བུ་ཁོལ་བུ་བསྒོམས་ནས་མཇུག་ཏུ་སེམས་ཅན་ཐམས་ཅད་ལ་བསྒོམས་ཏེ་རིམ་བཞིན་སྦྱོང་དགོས། དང་པོ་རང་གི་རྩ་བའི་མ་དེ་མདུན་དུ་དམིགས་རྟེན་བྱས་ནས་དེ་ལ་མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་ཀྱི་སྒོ་ནས་ད་ལྟ་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་སྤྱོད་བཞིན་པ་དེ་དམིགས་པ་ཡུལ་དུ་བྱས། རྣམ་པ་བློ་ནི་འདི་སྐྱེ་དང་ཚེ་རབས་ཐམས་ཅད་དུ་བདེ་བའི་རྒྱུ་དད་པ་དང་ངེས་འབྱུང་དང་བྱང་ཆུབ་སེམས་རིན་པོ་ཆེ་རྣམ་པ་གསུམ་དང་ལྡན་པར་གྱུར་ཅིག ལྡན་ན་ཅི་མ་རུང་། ལྡན་པ་ཞིག་ངས་བྱ། དེ་ལྟར་ལྡན་པ་ཞིག་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གསོལ་བ་འདེབས་དགོས། བདེ་བའི་འབྲས་བུ་མངོན་མཐོ་ནས་ངེས་ལེགས་མཆོག་གི་བར་གྱི་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག་སོགས་སྔར་ལྟར་འབྲེལ་བ་བཞི་ལྡན་བསྒོམ། དཔེར་ན་བུ་ཚ་ཆུང་ངུ་ཕ་མས་སྐྱོང་བ་ན། བུ་དེས་ཚུར་ལ་ཁ་ལན་ལག་ལན་སོགས་ཀྱིས་ལོགས་སྒྲུབ་ཅི་དང་ཅི་བྱས་པ་དང་དེའི་ཆེད་དུ་རང་གི་དཀའ་ཚེགས་ཐམས་ཅད་ཁྱད་དུ་བསད་དེ། བུ་དེ་སེམས་བདེ་ཐབས་ལུས་སྐྱིད་ཐབས་གོས་ཀྱིས་འཇམ་ཐབས་སོགས་མདོར་ན་བུ་དེ་ཁོ་ན་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བརྩོན་པ་ལྟར་དུ། སེམས་ཅན་དེ་དག་ཚེ་འདི་དང་ཕྱི་མར་བདེ་བ་དང་ལེགས་པའི་ཐབས་སྣ་ཚོགས་ལ་རང་གི་ལུས་ངག་ཡིད་གསུམ་གྱི་འབད་པ་འདོན། སེམས་ཅན་དེ་དག་ཐམས་ཅད་ཀྱང་རང་བདེ་ན་སྐྱིད་ན་སྙམ་དུ་རང་གི་བདེ་སྐྱིད་ཁོ་ན་དོན་དུ་གཉེར་བ་ལས། མི་བདེ་བ་དང་སྡུག་བསྔལ་འདོད་པ་ནི་སུ་ཡང་མེད། འོན་ཀྱང་བདེ་བའི་རྒྱུ་དད་དང་ངེས་འབྱུང་བྱང་སེམས་ལ་སོགས་པ་དགེ་བ་ནི་སྒྲུབ་མི་ཤེས་པར། ལུས་ངག་ཡིད་ཀྱི་མི་དགེ་བ་བཅུ་ལ་ལོངས་སྤྱོད་པས་སེམས་ཀྱི་ཞེ་འདོད་དང་ལག་གི་ལག་ལེན་གཉི་ག་ཕྱིན་ཅི་ལོག་ཏུ་གྱུར་ནས་འདོད་པ་ཐ་ན་ཉིན་གཅིག་གི་ཉི་མ་དྲོ་པོ་འདེ་རྒྱུ་དང་ཇ་ཞིམ་པོ་ཕོར་གང་འཐུང་རྒྱུའི་བདེ་བ་ཙམ་ཡན་ཆད་འདོད་ཀྱང་འོང་བ་སྡུག་བསྔལ་ཁོ་ན་འོང་བའི་སེམས་ཅན་འདི་ཐམས་ཅད། རང་རང་སོ་སོའི་འདོད་པ་ལྟར་བདེ་བ་དང་སྐྱིད་པ་ཁོ་ན་བྱུང་ན་ཅི་མ་རུང་སྙམ་དུ་འབྲེལ་བ་བཞི་ལྡན་གྱི་སྒོ་ནས་ཡང་དང་ཡང་དུ་བསྒོམ་ཞིང་། མཐར་རང་ལ་བདེ་བ་འདོད་པ་ཇི་ལྟ་བ་སེམས་ཅན་ཐམས་ཅད་ལ་ཡང་བདེ་བ་ཁོ་ན་འདོད་པར་རང་དང་ཁྱད་མེད་དུ་མ་བྱུང་གི་བར་དུ་བསྒོམ། དེ་བཞིན་དུ་མདོ་སྡེ་དག་ལས། བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཞེས་གསུངས་པ་ལྟར། ཁ་ཡིས་ཚིག་བཤད་ཀྱང་། ལག་གིས་བྱ་བ་བྱེད་ཀྱང་། སེམས་ཅན་གཞན་ལ་གནོད་པ་མེད་པར་དྲངས་ཤིང་བྱམས་པའི་ཚུལ་ཁོ་ན་བྱ། སྤྱོད་འཇུག་ལས། མིག་གིས་སེམས་ཅན་ལྟ་ན་ཡང་། །འདི་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །ཞེས་གསུངས་པ་ལྟར་ཐ་ན་མིག་གིས་མི་དང་དུད་འགྲོ་ལ་སོགས་སེམས་ཅན་གཞན་ལ་ལྟ་ན་ཡང་། འཛུམ་ཞིང་ཡིད་དུ་འོང་བའི་ཚུལ་གྱིས་ལྟ་བ་ལས། སྡང་མིག་སོགས་ཁྲོ་བའི་ཚུལ་གྱིས་མི་བལྟ་སྟེ། སྔོན་མི་དཔོན་བཙན་པོ་གཞན་ལ་མིག་ལོག་ཁོ་ན་ལྟ་བ་ཞིག་ཡོད་པ། ཕྱིས་དུད་གཅིག་གི་མ་སྒྱེད་འོག་ཏུ་ལྷག་མ་ཟ་བའི་ཡི་དྭགས་སུ་སྐྱེས་པ་དང་། འཕགས་པའི་གང་ཟག་ཁྱད་པར་ཅན་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ལ་མིག་ལོག་བལྟས་པས། དམྱལ་བར་སྐྱེས་པར་གསུངས་པ་སོགས་ཡོད་པས། ལུས་ཀྱི་སྤྱོད་ལམ་ཐམས་ཅད་ཀྱང་འཇམ་ཞིང་ཡིད་དུ་འོང་བའི་སྒོ་ནས་གཞན་ལ་མི་གནོད་ཅིང་ཕ་ཁུ་རྒན་རབས་ནས་དམན་དང་སྤྲང་པོ་ཐ་ན་སྒོ་ཟོག་ཁྱི་ལྡོམ་ཚུན་ཆད་ལ་བརྡུང་རྡེག་སོགས་སྤངས་ནས་ཕན་གདགས་པ་ལྷུར་ལེན་དགོས། ངག་གིས་ཚིག་གཅིག་སྨྲ་ཡང་། དེ་གཞན་ལ་ཁྱད་གསོད་སུན་འབྱིན་ཟུར་ཟ་སོགས་ཚིག་རྩུབ་དང་མི་སྙན་པ་བརྗོད་པ་སོགས་མི་བྱ་བར། བདེན་པ་དང་སྙན་པར་སྨྲ། ཡིད་ཀྱི་སྒོ་ནས་ཀྱང་གཞན་ལ་ཕན་པའི་སེམས་བཟང་པོར་བྱས་ན། དེའི་བཟང་ལན་འོང་དུ་རེ་བ་དང་། སྤྱོད་ལམ་དང་ངག་འཇམ་སྨྲ་བ་སོགས་ཀྱིས། གཞན་གྱི་རང་ལ་བྱང་ཆུབ་སེམས་དཔར་མཐོང་ཐབས་ཀྱི་ཚུལ་འཆོས་བྱེད་པ་སོགས་མ་ཡིན་པར། སྙིང་ཐག་པ་ནས་གཞན་ལ་ཕན་པར་འདོད་པ་དང་། བདེ་བ་འདོད་པའི་ཀུན་སློང་ཁོ་ནས་བྱ། བདག་སྐྱེ་བ་ནས་སྐྱེ་བ། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་སེམས་ཅན་གཞན་གྱི་ཐ་ན་བ་སྤུའི་ཁུང་བུ་གཅིག་ཙམ་ལ་གནོད་པ་བྱེད་པར་མ་གྱུར་ཅིག་ཟེར་སྨོན་ལམ་གདབ། བདག་གིས་ཚེ་རབས་ཐམས་ཅད་དུ་སེམས་ཅན་གཞན་ལ་ཕན་འདོགས་པར་གྱུར་ཅིག་སྙམ་དུ་ཡང་ནས་ཡང་དུ་སྨོན་ལམ་གདབ། ཁྱད་པར་རང་ལ་བསྟེན་པའི་དུད་འགྲོ་རྟ་ཟོག་སོགས་དང་འཁོར་གཡོག་ཐ་ན་སྒོ་ཁྱི་ཡན་ཆད་ལ་བརྡུང་རྡེག་དང་བཀོལ་སྤྱོད་ཀྱིས་ཧ་ཅང་མནར་བ་སོགས་མི་བྱ་བར། དུས་དང་རྣམ་པ་ཐམས་ཅད་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱམས་པར་བྱ། ད་ལྟ་བྲན་ཁོལ་དང་སྒོ་ཁྱི་སོགས་སུ་སྐྱེས་ནས་ཐམས་ཅད་ཀྱིས་བརྙས་བཅོས་དང་སྡང་བ་སོགས་བྱེད་པ་འདི་རྣམས་ཀྱང་སྐྱེ་བ་སྔོན་མའི་དུས་སྐབས་སུ་རང་ཉིད་དབང་ཡོད་རེར་སྐྱེས་སྐབས་གཞན་ལ་ཁྱད་གསོད་དང་། བརྙས་བཅོས་སོགས་བྱས་པའི་ལས་འབྲས་སྨིན་པ་དང་ལས་ཀྱི་ལན་ཆགས་འཁོར་བ་ཡིན། ད་ལྟ་རང་ལ་ཐོབ་ཐང་དང་ལོངས་སྤྱོད་ཅུང་ཟད་ཙམ་རེ་ཡོད་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་བརྙས་པར་བྱས་ན། སྐྱེ་བ་ཕྱི་མ་ལ་དེའི་ལན་ཆགས་འཁོར་ནས་རང་ཡང་གཞན་གྱི་བྲན་ཁོལ་སོགས་བྱེད་དགོས་པར་འགྱུར་བ་ཡིན་པས་རང་ལས་དམན་པ་རྣམས་ལ་ལྷག་པར་ཡང་བྱམས་པར་བྱ། ཁྱད་པར་དུ་རང་གི་ཕ་མ་དང་གཞན་ཡུན་རིང་གི་ནད་པ་སོགས་ལ་སྒོ་གསུམ་གྱིས་ཕན་པར་བྱས་ཚད་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས། ཐག་རིང་གི་མགྲོན་པོ། ཡུན་རིང་གི་ནད་པ། ཕ་མ་རྒས་འཁོགས་སོགས་ལ་བྱམས་པར་བྱས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་པ་དང་འདྲ་བར་གསུངས། ཇི་སྐད་དུ། ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་གསུངས། ཁྱད་པར་ཕ་མ་ནི་བུ་ལ་ལྷག་པར་བརྩེ་ཞིང་དྲིན་ཆེ་བས་རྒས་པའི་དུས་ཕ་མའི་ཞེ་གཅོད་ཅིང་སེམས་དཀྲུག་པ་ནི་སྡིག་པ་ལྷག་པར་དུ་ལྕི་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་ཡུམ་གྱི་དྲིན་ལན་བསབ་པའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་བྱོན་ནས་ཆོས་གསུངས། བུས་ཕྲག་པ་གཡས་གཡོན་གཉིས་སུ་ཕ་མ་གཉིས་ཁུར་ཏེ་ས་ཆེན་པོ་ལ་བསྐོར་བ་བྱེད་པ་ཙམ་གྱི་ཞབས་ཏོག་བསྒྲུབས་ཀྱང་ཕ་མའི་དྲིན་ལན་མི་འཁོར་ཞིང་ཕ་མ་དམ་པའི་ཆོས་ལ་བཙུད་ན་དྲིན་ལན་འཁོར་བར་གསུངས་པས། དུས་རྟག་ཏུ་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕ་མའི་ཞབས་ཏོག་བསྒྲུབ། ཁྱད་པར་དུ་བློ་ཆོས་ལ་འགྱུར་བའི་ཐབས་ལ་འབད། གཞན་ཡང་ཨོ་རྒྱན་ཆེན་པོས། རྒས་པ་ཡི་མུག་མ་འཇུག་བཀུར་སྟིས་སྐྱོངས། །ཞེས་གསུངས་པ་ལྟར། རང་ལས་རྒན་པ་ཐམས་ཅད་ལ་ལུས་ངག་གི་བྱམས་པ་བྱེད་ཅིང་ཡིད་ལ་ཅི་འཐད་ཀྱིས་སྐྱོངས། ལར་དེང་སང་རང་རེ་རྣམས་ནས་འབུ་ཚང་ལྟ་བུའི་འཁོར་བ་འདིའི་འདུག་ཆུས་སྒྲུབ་པ་ལ་སེམས་ཅན་ལ་གནོད་མི་བྱེད་པའི་ཐབས་མི་འདུག་ཟེར་ཀྱང་ཐབས་ཡོད་དེ། སྔོན་ལི་ཡུལ་དུ་དགེ་ཚུལ་གཉིས་ཀྱིས་འཕགས་པ་འཇམ་དཔལ་བསྒྲུབས་པས། འཇམ་དཔལ་གྱི་ཞལ་མཇལ་ཏེ། ང་དང་ཁྱེད་གཉིས་ལ་ལས་འབྲེལ་མེད། ཁྱེད་གཉིས་ཀྱི་ཚེ་རབས་ལས་ཀྱི་ལྷ་སྐལ་ནི་འཕགས་པ་སྤྱན་རས་གཟིགས་ཡིན། སྤྱན་རས་གཟིགས་དེ་ད་ལྟ་བོད་ན་རྒྱལ་པོ་བྱེད་ཅིང་བཞུགས་ཡོད་པས་དེར་སོང་ཞིག་གསུངས། ཁོང་གཉིས་བོད་དུ་འོང་བས་ལྷ་སའི་ལྕགས་རིའི་རྒྱབ་ན། མི་མང་པོ་བསད་པ་དང་མིག་བཏོན་པ་དང་བཙོན་དུ་བཟུང་བ་མཐོང་ནས་མི་འདི་རྣམས་ཅི་ཡིན་དྲིས་པས། རྒྱལ་པོས་ཆད་པ་བཅད་པ་ཡིན་ཟེར། རྒྱལ་པོ་དེ་སྤྱན་རས་གཟིགས་ཡིན་ན་སྙིང་རྗེའི་རང་བཞིན་ཅན་ཡིན་པས་འདི་འདྲ་མི་བྱེད་པས་དེ་མིན་པར་འདུག ངེད་གཉིས་ལ་ཡང་ཆད་པ་གཅོད་ལས་ཆེ་བས་བྲོས་པ་དྲག་སྙམ། ཁོང་གཉིས་བྲོས་འོང་བ་རྒྱལ་པོས་མཁྱེན་ནས་འབོད་མི་བཏང་ནས་མདུན་དུ་བོས། ཁྱེད་གཉིས་འཇིགས་མི་དགོས། བོད་དམུ་རྒོད་ཀྱི་སེམས་ཅན་གདུལ་དཀའ་བས་དྲག་པོས་ལས་ཀྱིས་ངས་ཆད་པས་བཅད་པའི་མི་བསད་པ་དང་གཏུབ་པ་སོགས་སྤྲུལ་པ་བྱས་པ་ཡིན་གྱི། དངོས་སུ་ང་རང་གིས་སེམས་ཅན་གཅིག་གི་བ་སྤུའི་ཁུང་བུ་ཙམ་ལ་ཡང་གནོད་པ་བསྐྱལ་བ་མེད་གསུངས། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཁོང་བོད་ཁ་བ་ཅན་གྱི་རྒྱལ་སྲིད་སྐྱོང་ཞིང་ཕྱོགས་ཀྱི་རྒྱལ་པོ་སྡེ་བཞི་མངའ་འོག་ཏུ་བསྡུས། མཐའ་ཡི་དམག་དཔུང་ཐམས་ཅད་བཏུལ་ཏེ་ཕྱོགས་ཀྱི་སོ་ཁ་བསྲུངས། དགྲ་འདུལ་གཉེན་སྐྱོང་གི་མཛད་པ་རྒྱ་ཆེན་པོ་དེ་ལྟ་བུ་མཛད་དགོས་ཀྱང་དོན་དུ་སེམས་ཅན་གཅིག་གི་བ་སྤུའི་ཁུང་བུ་ལ་ཡང་གནོད་པ་མ་བསྐྱལ་ན། ད་ལྟ་རང་རེའི་དགོན་གཞི་དང་ཁྱིམ་གྱི་གཞིས་ངན་འབུ་ཚང་ལྟ་བུ་འདི་འཛིན་པ་ལ་སེམས་ཅན་ལ་གནོད་པ་མ་བསྐྱལ་བའི་ཐབས་མེད་པ་ག་ལ་ཡིན། རང་འདོད་ཁོ་ནས་སེམས་ཅན་གཞན་ལ་གནོད་པ་བསྐྱལ་བས་གནོད་ལན་རང་ལ་འཁོར་ནས་ཚེ་འདི་དང་ཕྱི་མར་སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་པའི་རྒྱུ་རང་གིས་བྱེད་པ་ལས། གནོད་པ་བྱས་པས་ཚེ་འདི་ཙམ་དུ་ཡང་ཕན་པ་མི་འགྲུབ་སྟེ། དགྲ་ལན་ལ་དགྲ་ཡོད། གྱོད་ལན་ལ་གྱོད་ཡོད། མི་བསད་པ་ལ་སྟོང་དང་། རྐུ་བྱས་པ་ལ་འཇལ་སྤྲོད་པ་སོགས་རང་གི་ནོར་དང་ལོངས་སྤྱོད་ཆུད་གཟན་པ་མ་གཏོགས། གཞན་གནོད་བྱས་པའི་ལས་དེ་དག་ལ་བརྟེན་ནས་ལོངས་སྤྱོད་འགྲུབ་པ་ནི་སུ་ཡང་མི་འདུག་པའི་ཕྱིར་རོ། །དེས་ན་བྱམས་པ་ཚད་མེད་པ་བྱ་མས་བྱེའུ་གསོ་བ་ལྟ་བུ་ཞེས་བྱ་སྟེ། བྱ་མས་བྱེའུ་གསོ་ཚེ། དང་པོ་ཚང་འཇམ་ཞིང་བདེ་བར་བཅས་དེ་ནས་ཀྱང་གཤོག་པས་བཀབ། ལུས་ཀྱི་དྲོད་ལ་བཅར། སྤྱོད་ལམ་ཐམས་ཅད་འཇམ་པོའི་སྒོ་ནས་བྱེའུ་དེ་འཕུར་ཐུབ་མ་སོང་གི་བར་དུ་སྐྱོང་བ་དང་འདྲ་བར། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱམས་པར་བྱ་བ་ལ་བསླབ་པར་བྱའོ། །དེ་ལྟར་ཐུན་གྱི་མཇུག་ཏུ་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་དམིགས་མེད་ཀྱི་ངེས་ཤེས་དྲངས། ཐུན་མཚམས་རྣམས་སུ་ཡང་བྱམས་པ་དེ་དང་མི་འབྲལ་བར་བྱ་བ་གནད་དུ་ཆེ་བ་ཡིན་ནོ།།

༣༽སྙིང་རྗེ་ཚད་མེད།

དེ་ནས་སྙིང་རྗེ་བསྒོམ་པ་ནི། ཇོ་བོ་རྗེ་དང་དཔལ་སྤྲུལ་རིན་པོ་ཆེའི་ལུགས་ལ་དམིགས་རྟེན་གཙོ་བོ་ཚེ་འདིའི་རྩ་བའི་མ་ནས་བསྒོམ་པ་དང་། རིག་འཛིན་འཇིགས་གླིང་གིས་ཤན་པའི་མདུན་སར་བཤའ་ལུག་སོགས་གསོད་དུ་ཉེ་བའི་སེམས་ཅན་ཞིག་ལ་བསྒོམ་པར་གསུངས། གང་ལྟར་སྒོམ་ཡང་ཆོག གསོད་ལ་ཉེ་བའི་འཇིགས་སྐྲག་དང་སྡུག་བསྔལ་དྲག་པོས་མནར་བའི་སེམས་ཅན་གང་རུང་ཞིག་ལ་དམིགས་ནས་དེ་སྡུག་བསྔལ་གྱི་གནས་དེ་དང་བྲལ་བར་འདོད་པ་སྙིང་རྗེ་ཡིན། མི་གང་ཞིག་ནག་ཅན་བཙོན་དོང་དུ་བཅུག་པ་དེ་ཉིད་མཐར་གསོད་དུ་ཉེ་བའམ། ཤན་པའི་མདུན་སར་ཁྲིད་པའི་བཤའ་ལུག་སོགས་དུད་འགྲོ་འཆི་ཁ་མ་ལྟ་བུའི་སེམས་ཅན་སྡུག་བསྔལ་དྲག་པོས་གདུང་བ་ཞིག་བློ་ཡུལ་དུ་བསམས་ལ། དེ་ལ་བརྩེ་བའི་ཡུལ་མ་དང་བུའི་འདུ་ཤེས་བསྐྱེད། ཅེས་གསུངས་པས། དཔེར་ན་ནག་ཅན་གྱི་བཙོན་པ་ཞིག་རྒྱལ་པོས་གསོད་སར་ཁྲིད་པའམ། བཤའ་ལུག་ཤན་པས་བཟུང་སྟེ་བཀྱིག་བཞིན་པ་སོགས་ལ་བལྟས་ནས། སེམས་ཅན་གཞན་བཤའ་ལུག་སོགས་དེ་དང་དེ་ཡིན་སྙམ་པའི་བློ་དེ་བོར་ནས། དེ་ང་རང་ཡིན་ན་ཇི་ལྟར་བྱེད་སྙམ་དུ་ཕ་རོལ་སྡུག་བསྔལ་མྱོང་བའི་སེམས་ཅན་དེ་ལ་རང་ཉིད་ཡིན་པའི་བློ་བཞག ད་ཅི་བྱེད་བྲོས་ས་དང་གབ་ས་ནི་མེད་སྐྱབས་དང་སྐྱོབ་པ་ནི་མེད། འབྲོས་ནི་མི་ནུས། འཕུར་ནི་མི་ཤེས། ཤེད་དང་དཔུང་གིས་རྒོལ་ནི་མི་ཐུབ། ད་ལྟ་སྐད་ཅིག་མ་འདིའི་བར་ལ་ཚེ་འདིའི་སྣང་བ་ཐམས་ཅད་དང་འབྲལ། ཐ་ན་གཅེས་པར་བསྐྱངས་པའི་ལུས་ཀྱང་ཤུལ་དུ་བཞག་ནས། ཚེ་ཕྱི་མའི་ལམ་པོ་ཆེར་ད་ལྟ་ཉིད་དུ་འགྲོ་དགོས་པ་འདི་ཡ་རེ་ང་ཡིད་རེ་སྐྱོ་སྙམ་པ་ལ་སོགས་དེ་དག་གི་སྡུག་བསྔལ་རང་ཐོག་ཏུ་བླངས་ནས་བློ་སྦྱང་། ཡང་ན་བཤའ་ལུག་གསོད་སར་ཁྲིད་པ་ལྟ་བུ་ལ་དངོས་སུ་བལྟས་ནས། འདི་ངའི་ཨ་མ་རྒན་མོ་དེ་ཡིན་ན་ཇི་ལྟར་བྱེད་སྙམ་དུ་བཤའ་ལུག་དེ་ལ་ལུག་ཡིན་པའི་བློ་དེ་བོར་ནས། སྙིང་ཐག་པ་ནས་རང་གི་ཚེ་འདིའི་རྩ་བའི་མ་རྒན་དེ་ཡིན་པར་བསྒོམ། ངའི་མ་རྒན་མོ་དེ་ཉེས་པ་ཅུང་ཟད་ཀྱང་མེད་པར་གཞན་གྱིས་འདི་ལྟར་གསོད་ན་ད་ཅི་བྱེད། ངའི་མ་རྒན་ད་ལྟ་གསོད་སར་ཁྲིད་པ་འདི་ལ་སྡུག་བསྔལ་ཅི་ལྟ་བུ་ཞིག་ཡོད་སྙམ་དུ་སྙིང་ཐག་པ་ནས་རང་རྒྱུད་ལ་བླང་།དེ་མ་རྒན་མོ་དེ་འཕྲལ་དུ་ཤན་པས་གསོད་པའི་སྡུག་བསྔལ་ལས་ཐར་འདོད་དང་སྙིང་བརྩེ་དུང་དུང་པ་སྐྱེས་ཙ་ན་འདི་སྙམ་དུ། ད་ལྟ་སྡུག་བསྔལ་མྱོང་བའི་སེམས་ཅན་འདི་རང་གི་ད་ལྟའི་ཕ་མ་མིན་ཡང་། སྐྱེ་བ་ནས་ཚེ་རབས་ཀྱི་ཕ་མ་ནི་ངེས་པར་ཡིན། ཕ་མར་གྱུར་ནས་ད་ལྟའི་ཕ་མ་བཞིན་དུ་དྲིན་ཆེན་པོས་བསྐྱངས་པ་ཤ་སྟག་ཡིན་པས་ད་ལྟའི་ཕ་མ་དང་ཁྱད་ཅི་ཡང་མི་འདུག འདི་ལྟ་བུའི་སྡུག་བསྔལ་དྲག་པོས་མནར་བའི་ཕ་མ་འདི་སྙིང་རེ་རྗེ། འདི་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་སྐད་ཅིག་ཉིད་དུ་སྡུག་བསྔལ་འདི་ལས་ཐར་ན་ཅི་མ་རུང་སྙམ་དུ་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་མཆི་མ་ཐོན་ཐོན་དུ་བསྒོམ། དེར་སྙིང་རྗེ་སྐྱེ་བར་འདུག་ན། སྡུག་བསྔལ་འདི་ལྟ་བུ་མྱོང་བ་ནི། རྒྱུ་གང་ལས་བྱུང་ན་སྔོན་མི་དགེ་བ་བྱས་པའི་ལས་འབྲས་ཡིན། ད་ལྟ་མི་དགེ་བའི་ལས་ལ་སྤྱོད་པ་རྣམས་ཀྱང་ཕྱི་ནས་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་ངེས་པས་སྙིང་རེ་རྗེ་སྙམ་དུ། སྲོག་གཅོད་བྱེད་པ་སོགས་སྡུག་བསྔལ་གྱི་རྒྱུ་བསྒྲུབ་པ་རྣམས་ལ་དམིགས་ནས་སྙིང་རྗེ་སྒོམ། དེ་ནས་དམྱལ་བ་དང་ཡི་དྭགས་སོགས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ལ་དམིགས་ནས། དེ་དག་རང་ཡིན་པ་དང་། ཕ་མ་ཡིན་པ་སོགས་ཀྱི་བློ་རིམ་པ་བཞིན་དུ་བཞག་སྟེ། ཡང་སྙིང་རྗེ་བསྒོམ་པ་ལ་འབད། མཐར་ཁམས་གསུམ་གྱི་སེམས་ཅན་འདི་ཐམས་ཅད། ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ཅིང་། སེམས་ཅན་གྱིས་གར་ཁྱབ་ལས་ངན་དང་སྡུག་བསྔལ་གྱིས་ཁྱབ་པས། ལས་ངན་དང་སྡུག་བསྔལ་ཁོ་ན་ལ་སྤྱོད་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། འདི་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ནས། གཏན་གྱི་བདེ་བ་རྫོགས་བའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་སྙམ་དུ་སྙིང་ཐག་པ་ནས་བསྒོམ། ཚད་མེད་ཅེས་པའི་དོན་ནི། དམིགས་པའི་ཡུལ་ཚད་མེད་པ། རྣམ་པའི་བློ་ཚད་མེད་པ། དེའི་འབྲས་བུ་ཚད་མེད་པ་ཞིག་ལ་གོ་དགོས། འོན་ཀྱང་སྤྱི་འབྱམས་གོ་ཡུལ་དུ་མི་ཤོར་བར་གནད་ལ་ཁེལ་བའི་ཕྱིར། དང་པོ་ཁོལ་བུ་ཁོལ་བུ་རང་གི་རྩ་བའི་མ་ལྟ་བུ་ནས་བསྒོམ་པའམ། རང་གི་ད་ལྟའི་དགྲ་ནས་བསྒོམ་པ་ལྟ་བུ་དེ་དག་ནི་མན་ངག་གི་ལུགས་ཡིན། དེས་ན་དེ་ལྟར་སྙིང་རྗེ་བསྒོམ་པ་དེ་ཡང་དང་པོའི་གནས་སྐབས་སུ་སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་གང་རུང་རེ་རེ་དམིགས་ཡུལ་དུ་བྱས་ནས་དེ་ཁོ་ན་ལ་བསྒོམ། དེ་ནས་རིམ་པ་བཞིན་དུ་བློ་སྦྱང་སྟེ། མཐར་སེམས་ཅན་ཐམས་ཅད་ལ་སྤྱི་ཁྱབ་ཏུ་བསྒོམ་པ་སོགས་མ་བྱས་ན། སྙིང་རྗེ་བསྒོམ་པ་དེ་ཡང་སྤྱི་འབྱམས་གོ་ཡུལ་ལྟ་བུར་ཤོར་ནས་གནད་དུ་ཁེལ་བ་ཇི་བཞིན་པ་མི་འོང་། ཁྱད་པར་རང་ལ་བསྟེན་པའི་ཕྱུགས་ལུག་དང་ཁྱེར་རྟ་སོགས་ཀྱི་སྡུག་བསྔལ་དང་དཀའ་ལས་ལ་བལྟས་ནས་སྙིང་རྗེ་བསྒོམ། དེ་ཡང་ད་ལྟ་རང་རེ་རྣམས་ནས་རང་གི་སྒོ་ཕྱུགས་ཀྱི་དུད་འགྲོ་རྣམས་ལ་སྣ་འབིགས་པ་དང་། བྱ་གཅོད་པ། སྤུ་བཏོག་པ། གསོན་ཁྲག་འབྱིན་པ་སོགས་མ་ཤི་དམྱལ་བ་དང་འདྲ་བའི་སྡུག་བསྔལ་དུ་མ་གཏད་ནས། དེ་དག་ལ་སྡུག་བསྔལ་ཡོད་སྙམ་པའི་སྣང་བ་ཙམ་ཡང་མི་བྱེད་པར་འདུག་པ་འདི། ལེགས་པར་བརྟགས་ན་སྙིང་རྗེ་མ་བསྒོམས་པའི་སྐྱོན་ཡིན་ཏེ། དེ་རྣམས་ཀྱང་སྲོག་ཆགས་དབུགས་ཅན་ཡིན་གྱི་ས་རྡོ་ལྟ་བུ་མ་ཡིན་པས་སྡུག་བསྔལ་ཡོད་ངེས་ཏེ། ལེགས་པར་བརྟགས་ན་ད་ལྟ་རང་གི་སྐྲ་ཉག་མ་གཅིག་འཐེན་ནས་བཏོག་ན་ཨ་ཚ་ཚ་ཟེར་ཞིང་བཟོད་མི་ནུས་པ་ལྟ་བུའི་ཟུག་རྔུ་ཡོད། དེ་བཞིན་དུ་གནག་ཕྱུགས་རྣམས་ལུས་ཀྱི་རྩིད་པ་ཅི་ཡོད་ཐམས་ཅད་གཅུས་ཕུར་བརྒྱབ་ནས་ཤེད་ཀྱིས་འཐེན། ཤུལ་དམར་རྗེན་དུ་ཕུད། སྤུ་ཉག་མ་རེ་རེའི་ཤུལ་ནས་ཁྲག་ཐིགས་པ་རེ་འབབས། ཕྱུགས་ཟོག་དེ་དག་གིས་ན་ཚ་དང་སྡུག་བསྔལ་མ་བཟོད་པར་འཁུན་བུ་བྱེད་ཀྱང་དེ་ལ་སྡུག་བསྔལ་ཡོད་སྙམ་པ་མི་བྱེད་པར། རང་གི་ལག་ངོར་ཆུ་བུར་དུ་སོང་བ་ལ་མི་བཟོད་བ་སྐྱེ། དེ་བཞིན་དུ་རྟ་ཁལ་སོགས་བཞོན་ནས་འགྲོ་བའི་ཚེ་ཡང་རང་གི་འཕོང་ན་ནས་སྒ་ཐོག་ཏུ་སྡོད་མི་ནུས་པར་བཟུར་ཏེ་སྡོད་དགོས་སྐབས་ཀྱང་། རྟ་ཁལ་དེ་ལ་ནི་དཀའ་ལས་སམ་སྡུག་བསྔལ་ཅུང་ཟད་ཀྱང་ཡོད་སྙམ་པ་མི་བྱེད། ཅིས་ཀྱང་འགྲོ་མི་ནུས་པར་ཧུ་ཐུག་གོམ་རྡུགས་པའི་སྐབས་སུ། ད་རུང་ཡང་འདིས་ངན་གཤིས་བྱས་ནས་མི་འགྲོ་བ་ཡིན་སྙམ་སྟེ། ཞེ་སྡང་ལངས་ནས་རྟ་གཡག་གང་ཡིན་ལ་རྡེག་བཙོག་བྱེད་པ་ལས་དེ་ལ་ཤ་ཚ་སྐད་ཅིག་ཀྱང་མི་སྐྱེ། ཁྱད་པར་བཤའ་ལུག་སོགས་གསོད་པའི་སྐབས། དང་པོ་མང་པོའི་ཁྱུ་ནས་བཟུང་བའི་ཚེ། དེ་ལ་འཇིགས་སྐྲག་གི་སྣང་བ་བསམ་གྱིས་མི་ཁྱབ་པ་ཡོད་པས། དང་པོ་གང་དུ་བཟུང་ས་དེར་ཤ་ལ་ཁྲག་ཚོམ་འབྱུང་། དེ་རྗེས་ལུས་གནམ་ས་བསྒྱུར་ཡན་ལག་འབྲེང་བས་བཀྱིག མཆུ་ཐ་གུས་དཀྲིས། དབུགས་ཕྱི་ནང་གི་རྒྱུ་འགྲུལ་བཅད་དེ་གནད་གཅོད་ཀྱི་སྡུག་བསྔལ་དོས་དྲག་པོ་མྱོང་བའི་སྐབས་སུ་ཡང་ད་དུང་ཅུང་ཟད་འཆི་བ་འགོར་ན་ཤན་པ་ལས་ངན་ཕལ་ཆེར་ཞེ་སྡང་ལངས་ནས་སེམས་ཅན་འདི་ལ་འཆི་རྒྱུ་མི་འདུག་ཟེར་ཏེ་བརྡུང་རྡེག་སོགས་བྱེད། ཤི་མ་ཐག་སེམས་ཅན་དེ་དང་དེའི་པགས་པ་བཤུས་ནང་ལྟོ་རྒྱུ་མ་སོགས་ཕྱིར་ཕྱུང་། དེ་མ་ཐག་གནག་ཕྱུགས་གཞན་ཞིག་ལ་ཁོང་ཁྲག་བཏོན་ཏེ། དེ་ཡང་ལུས་གོམ་ཚུགས་མི་ཐུབ་པར་འཁྱོར་རོ་རོ་འགྲོ་བ་ཞིག་བྱས། ཤི་ཤ་དང་གསོན་ཁྲག་གཉིས་བསྲེས་ནས་སྔར་བསད་པ་དེའི་ནང་ལྟོ་གཡོས་ནས་ཟ་ཕོད་པ་འདི་ལས་ཀྱི་སྲིན་པོ་དངོས་སུ་འདུག ད་ལེགས་པར་བསམ་ན་དུད་འགྲོ་དེ་དག་རྣམས་ཀྱི་སྡུག་བསྔལ་ལ་བལྟས་ནས། དེ་རང་ཡིན་པར་བསྒོམས་ན་ཅི་འདྲ་ཞིག་འདུག རང་གི་མཆུ་ལག་པས་བཀབ་ནས་དབུགས་བགགས་ཏེ་ཅུང་ཟད་སྡོད་དང་། དེ་ལ་ན་ཚ་དང་འཇིགས་སྐྲག་ཅི་ལྟ་བུ་ཞིག་འདུག དེ་ལྟར་ལེགས་པར་བརྟགས་ནས་དེ་ལྟ་བུའི་སྡུག་བསྔལ་དྲག་པོ་ལ་བར་མེད་དུ་ཁོར་མོར་སྤྱོད་པའི་སེམས་ཅན་དེ་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་སྡུག་བསྔལ་གྱི་རྣམ་གྲངས་དེ་དག་ལས་སྐྱོབ་པའི་ནུས་པ་ད་ལྟ་བདག་ལ་ཡོད་ན་ཅི་མ་རུང་སྙམ་དུ་ཡང་དང་ཡང་དུ་བསྒོམ། ཁྱད་པར་བྱམས་པ་དང་སྙིང་རྗེའི་མངའ་བདག་བླ་མ་སེར་མོ་བ་རྣམས་ཡིན་དགོས་པ་ལས། བླ་མ་དང་སེར་མོ་བ་རྣམས་ལ་བྱམས་པ་དང་སྙིང་རྗེ་སྤུ་ཙམ་ཡང་མེད་པར་སེམས་ཅན་སྡུག་ལ་གཏད་པ་ཁྱིམ་པ་མི་ནག་པ་རྣམས་ལས་ཀྱང་ཐུ་བ་འདི་སངས་རྒྱས་ཀྱི་བསྟན་པ་མཐའ་ལ་ཐུག་སྟེ། ཤ་ཟ་དང་སྲིན་པོ་མཆོད་གནས་སུ་བྱེད་པའི་སྐབས་ལ་བབས་པ་ཡིན། སྔོན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ་རབ་ཏུ་བྱུང་། འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་པ་ཐམས་ཅད་ལྷུང་བཟེད་དང་འཁར་གསིལ་བསྣམས་ཏེ་ཞབས་ཐང་དུ་བསོད་སྙོམས་ལ་ཕེབས་པ་ལས། རྟ་ཁལ་དང་དྲེའུ་སོགས་ཡོད་པ་ལྟ་ཅི། བཅོམ་ལྡན་འདས་ཉིད་ལ་ཆིབས་པ་ཞིག་ཀྱང་ཆིབས་རྒྱུ་མེད་པ་དེ། སེམས་ཅན་སྡུག་ལ་གཏད་པ་སངས་རྒྱས་པའི་ཆོས་ལུགས་མིན་པར་དགོངས་ནས་མ་ཆིབས་པ་ཡིན་གྱི། བཅོམ་ལྡན་འདས་ཐབས་རྡུགས་ནས་རྟ་རྒན་ཞིག་ཆིབས་རྒྱུ་མ་རྙེད་པ་ག་ལ་ཡིན། ད་ལྟ་རང་རེའི་སེར་མོ་བ་རྣམས་གྲོང་ཆོག་སོགས་ལ་འབྱོན་སྐབས་གཡག་རྒན་རེའི་སྣ་ཨ་ལུང་དུ་ཕུག་ནས་དེར་རྔ་མའི་ཐག་པ་རྩུབ་ངེས་པ་རེ་དྲངས། དེའི་རྒྱབ་ཏུ་བཞོན་ནས་ཕྱག་གཉིས་ཀྱིས་ཤེད་ཕྱུང་སྟེ་ཐག་པ་འཐེན་རེས་ཀྱིས་སྣ་ནང་དུ་དྲུད་པས་གཡག་རྒན་སྣའི་ན་ཚ་མ་བཟོད་པར་སྐོར་ལིང་བྱེད་པ་ན་ཤེད་ཕྱུང་སྟེ་ལྕག་རྒྱུན་གྱིས་བྲབ། དེར་འཕོངས་ལ་ལྕག་གིས་བྲབས་པའི་ན་ཚ་མ་བཟོད་པར་རྒྱུག་ཙ་ན་ཡང་སྣ་ནས་འཐེན། ཡང་སྣའི་ན་ཚ་མ་བཟོད་པར་བསྡད་ཙ་ན་ལྕག་གིས་བྲབ། དེ་གཉིས་རེས་མོས་ཀྱིས་སོང་སོང་བས་ལུས་ངལ་དུབ་དང་སྡུག་བསྔལ་དུ་གྱུར། སྤུ་ཉག་མ་རེ་ནས་རྔུལ་ཆུ་ཐིགས་པ་རེ་འབབས། ལྕེ་དོས་ཕྱར་ཙམ་དྲུད་དེ་འགྲོ་མི་ནུས་པར་དབུགས་ཧར་སྒྲ་འདོན་པའི་ཚེ། ད་དུང་ཡང་འདི་ལེགས་པར་མི་འགྲོ་བ་ཅི་ཡིན་ན་སྙམ་ཞེ་སྡང་ལངས་ནས་ལྕག་ཡུ་དབྱུག་པ་དེས་འཕོངས་ལ་བྲབ། དེ་ཡང་ཞེ་སྡང་གིས་ཤེད་ཕྱུང་ཆེས་བས་དབྱུག་པ་དེ་དུམ་བུ་གཉིས་བྱས། ཆག་འཕྲོ་དེ་སྐེད་གསེབ་དུ་དྲངས། རྡོ་མདུང་ཞིག་བླངས། སྒ་ཐོག་ནས་ཕྱིར་ལ་འཁོར་ཏེ་གཡག་རྒན་གྱི་ཚང་ར་ལ་བརྡུང་གྱིན་འགྲོ་བ་དེ་སྙིང་རྗེ་ཅུང་ཟད་ཀྱང་རྒྱུད་ལ་མ་སྐྱེས་པས་ལན། ད་དེ་ཙ་ན་གཡག་རྒན་དེ་ལ་རང་ཉིད་ཡིན་པའི་བློ་ཞིག་བཞག རང་གི་རྒྱབ་ཏུ་མི་ཐེག་པའི་ཁུར་ཆེན་པོ་ཞིག་བསྐུར། སྣ་ཐག་པས་དྲངས་འཕོངས་ལྕག་གིས་བྲབ། རྩིབ་མ་ཡོབ་ཆེན་གྱིས་བཅོམ་པས་མདུན་རྒྱབ་དང་གཡས་གཡོན་ཐམས་ཅད་ན་ཟུག་ཚ་ཟུག་གི་ངང་ལ་སྐད་ཅིག་ཙམ་ཡང་ངལ་གསོ་ལོང་མེད་པར་གྱེན་མཐོན་པོ་ལ་ཡར་འཛེགས། ཐུར་གཟར་མོ་ལ་མར་བབས། ཆུ་ཆེན་པོ་ལ་འབོག ཐང་ཆེན་པོ་ལ་བགྲོད། ཟས་ཁམ་གཅིག་ཀྱང་ཟ་ལོང་མེད་པར་ད་ནངས་ནམ་ལངས་ནས་དོ་དགོང་ཉི་མ་དམར་ཐག་མ་ཆད་བར་མི་འདོད་བཞིན་དུ་འགྲོ་དགོས་བྱུང་ན། དེ་ལ་དཀའ་ཚེགས་དང་ངལ་དུབ་ཅི་ལྟ་བུ་ཞིག་ཡོད། ན་ཚ་དང་བཀྲེས་སྐོམ་ཅི་ལྟ་བུ་ཞིག་མྱོང་སྙམ་ནས་སྡུག་བསྔལ་རང་ཐོག་ཏུ་བླངས་ན། སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་ཞིག་མི་སྐྱེས་བའི་ཐབས་མེད། དེ་བཞིན་དུ་སྤྱིར་བླ་མ་དང་སེར་མོ་བ་ཞེས་བྱ་བ་རིས་མེད་པའི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་སྐྱོབ་པ་མགོན་དང་དཔུང་གཉེན་ཡིན་དགོས་པ་ལ། རང་ལ་བཟའ་བཏུང་དང་འབུལ་བ་བྱེད་པའི་ཡོན་བདག་དེ་རང་ཕྱོགས་སུ་བཟུང་ནས་དེ་ལ་སྲུངས་ཤིག་དང་སྐྱོབས་ཤིག་ཟེར་ཞིང་དབང་སྐུར་དང་བྱིན་རླབས་བྱེད། ལས་ངན་གྱི་རྒྱུས་འཕངས་པས་ལུས་ངན་བླངས་བའི་ཡི་དྭགས་དང་འབྱུང་པོ་གནོད་བྱེད་ཀྱི་འདྲེ་དེ་གཞན་ཕྱོགས་སུ་བཟུང་། དེ་ལ་ཞེ་སྡང་སྐྱེས་ཏེ་སོད་སོད་དང་རྒྱོབ་རྒྱོབ་ཟེར་ནས་བརྡུང་རྡེག་གི་སྟངས་ཀ་བྱེད། ལྷ་འདྲེ་གནོད་བྱེད་དེ་གསོད་རྒྱུ་དང་བརྡུང་རྒྱུ་ཞིག་ཏུ་འཛིན་བ་དེ་ཡང་རང་རྒྱུད་ཆགས་སྡང་གི་དབང་དུ་ཤོར་ནས་བཏང་སྙོམས་ཚད་མེད་དང་མཉམ་པའི་སྙིང་རྗེ་ཆེན་པོ་མ་སྐྱེས་པས་ལན། དེ་ལེགས་པར་བརྟགས་ན་ཡོན་བདག་ལས་ཀྱང་གནོད་བྱེད་དེ་སྙིང་རྗེ་བའི་ཡུལ་དུ་གྱུར་བ་སྟེ། གནོད་བྱེད་ཀྱི་ལྷ་འདྲེ་དེ་ལས་ངན་གྱི་རྒྱུས་འཕངས། ལུས་ངན་ཡི་དྭགས་སུ་སྐྱེས་པས། དུས་རྒྱུན་མྱོང་བ་རྒྱུ་མཐུན་གྱི་ལས་ཀྱི་དབང་གིས་ན་ཚ་དང་འཇིགས་སྐྲག་གི་སྣང་བ་དཔག་ཏུ་མེད་པ་མྱོང་། རྟག་ཏུ་བཀྲེས་སྐོམ་དང་ངལ་དུབ་ཁོ་ན་ལ་སྤྱོད། སྣང་བ་ཐམས་ཅད་དོགས་པར་འཆར་རྒྱུད་ཞེ་སྡང་དང་གདུག་རྩུབ་ཆེ་བས་ཤི་མ་ཐག་དམྱལ་བར་འགྲོ་བ་མང་བས་དེ་ལས་སྙིང་རྗེ་བ་སུ་ཡོད། ཡོན་བདག་དེ་ལ་ན་ཚ་དང་ཟུག་རྔུ་སྐྱེས་ཀྱང་དེས་སྔར་གྱི་ལས་ངན་འཛད་པ་མ་གཏོགས་ལས་ངན་མི་སོག གནོད་བྱེད་དེས་བསམ་ངན་གྱིས་གཞན་ལ་གནོད་པ་བྱས་པས་ལས་ངན་གྱི་རྒྱུ་དེ་ཡིས་དབང་གིས་ངན་སོང་གི་གཏིང་དུ་འཕེན་པ་ཡིན། དེས་ན་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་དྲག་ཤུལ་དང་མངོན་སྤྱོད་ཀྱི་ལས་ཀྱིས་ལྷ་འདྲེ་མ་རུངས་བ་བསྐྲད་པ་དང་བསྡིགས་པ་སོགས་གསུངས་པ་དེ་ཡང་། ལྷ་འདྲེ་དེ་ཁོ་རང་སྙིང་རྗེ་བས། དཔེར་ན་བྱིས་པ་ཆུང་ངུ་ཉན་དུ་མ་བཏུབ་པ་ལ་མས་བསམ་བཟང་གི་ཐོག་བརྡུང་རྡེག་ཅུང་ཟད་བྱེད་པ་ལྟ་བུ་དང་། སྡིག་པ་དང་མི་དགེ་བ་ཁོ་ན་ལ་ལོངས་སྦྱོད་པའི་སེམས་ཅན་དེ་ལས་ངན་གྱི་རྒྱུན་བཅད་ནས་རྣམ་ཤེས་དག་པའི་ཞིང་དུ་འཕེན་ནུས་ན་བསྒྲལ་ལས་བྱེད་པ་སོགས་གནང་བ་ཡིན་གྱི། ཡོན་བདག་དང་གྲྭ་འཁོར་སོགས་རང་ཕྱོགས་སུ་བཟུང་ནས་དེ་ལ་ཆགས། ལྷ་འདྲེ་དང་གནོད་བྱེད་དེ་གཞན་ཕྱོགས་སུ་བཟུང་ནས་དེ་ལ་སྡང་། ཆགས་སྡང་གི་དབང་གིས་རང་ཕྱོགས་སྲུང་བ་དང་གཞན་ཕྱོགས་བརྡུང་བའི་ཐབས་དེ་འདྲ་བ་རྒྱལ་བས་གསུངས་པ་ག་ལ་ཡིན། དེ་ལྟ་བུའི་ཆགས་སྡང་གི་བློ་དང་ལྡན་ཕྱིན་ཆད་ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ལ་མངོན་ཤེས་ཕྲ་མོ་ཡོད་པས། དེ་དག་བསྐྲད་པ་དང་བརྡུངས་པ་སོགས་བྱས་ཀྱང་ཉན་དུ་མི་བཏུབ་ཅིང་སླར་རང་ལ་གནོད་པ་བྱེད་པ་ཡིན། ཆགས་སྡང་གི་བློ་ཅན་ལྟ་ཅི། ལྷ་འདྲེ་རང་རྒྱུད་དུ་བཟུང་ནས་སོང་ན་དགའ་བ་ཙམ་གྱི་བློ་ཡོད་ཀྱང་ལྷ་འདྲེ་མི་ཐུལ་བ། སྔོན་རྗེ་བཙུན་མི་ལ་མཆོང་ལུང་ཁྱུང་གི་རྫོང་ན་བཞུགས་སྐབས། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀས་ཆོ་འཕྲུལ་བྱུང་སྟེ། ཨ་ཙ་ར་མིག་ཕོར་ཁོག་ཙམ་བསྒྲད་པ་ལྔ་གཟིམ་ཁང་དུ་འདུག་པ། བླ་མ་དང་ཡི་དམ་ལ་གསོལ་བ་བཏབ་རུང་མ་སོང་། ཡི་དམ་གྱི་བསྐྱེད་རིམ་བསྒོམས་ནས་དྲག་སྔགས་བཟླས་ཀྱང་འགྲོར་མ་འདོད་པའི་ཚེ། ང་ལ་ལྷོ་བྲག་མར་པས། སྣང་སྲིད་སེམས་སུ་ངོ་སྤྲད་ཅིང་། སེམས་ཉིད་འོད་གསལ་སྟོང་པར་ངོ་སྤྲད་པ་ཡིན་པས། གདོན་བགེགས་ཕྱི་རོལ་དུ་བཟུང་ནས་སོང་ན་དགའ་བ་འདི་བྱེད་དོན་མི་འདུག་དགོངས་ཏེ། ལྷ་འདྲེ་རང་སྣང་དུ་ཤེས་པའི་ལྟ་བའི་ངར་གདེངས་སྐྱེས་ནས་ནང་དུ་འཚངས་ཀྱིས་བྱོན་པས། ཁོང་རྣམས་སྐྲག་ནས་མིག་རིག་རིག་བྱེད་ཅིང་མི་སྣང་བར་གྱུར། དེ་བཞིན་དུ་བྲག་སྲིན་མོའི་གླུ་ལས་ཀྱང་། ལར་བག་ཆགས་བདུད་འདི་སེམས་ལས་བྱུང་། །སེམས་ཀྱི་དེ་ཉིད་མ་ཤེས་ན། །ཁྱོད་སོང་ཞིག་བྱས་པས་ང་མི་འགྲོ། །རང་སེམས་སྟོང་པར་མ་རྟོགས་ན། །འདྲེ་ང་ཡིས་མི་ཚད་གཞན་ཡང་ཡོད། །རང་སེམས་རང་གིས་ངོ་ཤེས་ན། །མི་མཐུན་རྐྱེན་རྣམས་གྲོགས་སུ་འཆར། །ང་བྲག་སྲིན་མོ་ཡང་འབངས་སུ་མཆི། །ཞེས་པ་ལྟར། ལྷ་འདྲེ་རང་སེམས་སུ་ཤེས་པའི་ལྟ་བའི་གདེངས་དང་མ་ལྡན་ན། ཞེ་སྡང་གིས་ལྷ་འདྲེ་འདུལ་ག་ལ་ནུས། དེ་བཞིན་དུ་སྦྱིན་བདག་གི་ཁྱིམ་དུ་འབྱོན་སྐབས་ཀྱང་ཡོན་བདག་དེས་བཤས་ལུག་ཅི་ཙམ་ཞིག་བསད་ནས་དྲངས་ཀྱང་ཐུགས་ལ་དོགས་པ་ཙམ་ཡང་མེད་པར་དགྱེས་བཞིན་དུ་གསོལ། ཁྱད་པར་སྲུང་བ་དང་གསོལ་མཆོད་སོགས་བྱེད་པའི་སྐབས་སུ་རྫས་ཤ་གཙང་མ་ཞིག་དགོས་ཟེར་ནས། ད་ལྟ་འཕྲལ་དུ་བསད་པའི་ཤ་ཚིལ་ཁྲག་ཙ་རེ་རླངས་པ་ཕལ་ལེ་བ་དེ་ལ་གཙང་མར་འཛིན་ཞིང་། དེ་དག་གིས་གཏོར་མ་དང་མཆོད་རྫས་ཐམས་ཅད་བརྒྱན་ཏེ་རྔམ་རྔམ་དང་རྫིག་རྫིག་བྱེད་པ་དེ་དག་བོན་དང་མུ་སྟེགས་པ་ལྟ་བུ་ཞིག་གི་ཆོས་ལུགས་ཡིན་ན་མ་གཏོགས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་མིན། ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་ན་ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤང་དགོས་རྒྱུ་ཡིན་པ་ལ། གང་དུ་འགྲོ་ཡང་དེར་སེམས་ཅན་རེའི་སྲོག་ལ་འཚེ་བ་བྱེད་ནས་བསད་དེ། ཤ་ཁྲག་ལ་ལོངས་སྤྱོད་ན་སྐྱབས་འགྲོའི་བསླབ་བྱ་དང་ཅིའི་ཕྱིར་མི་འགལ། ཁྱད་པར་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་ལུགས་ལ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་སྐྱོབ་པ་བྱེད་དགོས་རྒྱུ་ལ། གང་བསྐྱབ་པར་བྱ་རྒྱུའི་སེམས་ཅན་ལས་ངན་དེ་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་པར། བསྐྱབ་བྱ་སེམས་ཅན་དེ་བསད་ནས་ཤ་ཁྲག་གཡོས་སུ་བྱས། སྐྱོབ་པ་པོ་བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་བཞག་ཙ་ན་དགྱེས་བཞིན་དུ་རྐན་སྒྲ་ཐག་གེ་གསོལ་འགྲོ་ན་དེ་ལས་ཐུ་བ་དང་སྡུག་པ་ཅི་ཡོད། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་རྣམས་ལས། ཤ་ཁྲག་མཆོད་པ་གཞུང་བཞིན་མ་ཚོགས་ཏེ། །སིཾ་ཧ་ཕྲ་མེན་ཐུགས་དང་ཅི་འགལ་བ། །ཡུལ་གྱི་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ། །ཞེས་གསུངས་ཏེ། ཤ་ཁྲག་གི་མཆོད་པ་གཞུང་བཞིན་དུ་ཚོགས་པ་ཞེས་བྱ་བ་དེ། གསང་སྔགས་ཀྱི་རྒྱུད་སྡེའི་གཞུང་ནས་བཤད་པ་བཞིན་དུ་ཚོགས་དགོས་པ་ལ་ཟེར་བ་ཡིན། གསང་སྔགས་ཀྱི་གཞུང་ནས་ཇི་ལྟར་བཤད་ན། ཤ་ལྔ་བདུད་རྩི་རྣམ་པ་ལྔ། །བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས། །ཞེས་བྱ་སྟེ། གསང་སྔགས་ཀྱི་དམ་རྫས་སུ་འོས་པའི་ཤ་ལྔ་པོ། མི་ཤ་དང་། རྟ་ཤ་དང་། ཁྱི་ཤ་དང་། གླང་པོ་ཆེའི་ཤ་ལ་སོགས་པ་ཁ་ཟས་ཀྱི་ཆེད་དུ་གསོད་པར་མི་འགྱུར་བའི་སྡིག་མེད་ཀྱི་ཤ་ལྔ་པོ་ཚོགས་རྫས་སུ་བཤམས་པ་ལ་ཤ་ཁྲག་མཆོད་པ་གཞུང་བཞིན་དུ་ཚོགས་པ་ཡིན་གསུངས་ཀྱི། དེ་ལྟར་མ་ཡིན་པར་གཙང་དམེའི་གཉིས་རྟོག་གིས་བཅིངས་ནས། མི་ཤ་དང་། ཁྱི་ཤ་སོགས་ལ་མི་གཙང་བ་དང་དམན་པར་འཛིན་ཞིང་ཁ་ཟས་ཀྱི་ཆེད་དུ་འཕྲལ་ལ་བསད་པའི་ཤ་ཞིམ་པ་དང་ཚོ་བ་ལ་གཙང་མར་འཛིན་ན། དང་དུ་བླང་བའི་དམ་ཚིག་ལྔ། །གཙང་དམེར་བལྟས་དང་བག་མེད་སྤྱད། །ཅེས་བྱ་བའི་གཙང་དམེར་ལྟ་བ་ཡིན་པས་དང་དུ་བླང་བའི་དམ་ཚིག་དང་འགལ། རུང་བའི་ཤ་ལྔ་པོ་ཡིན་ཡང་ཁ་ཟས་བདུད་རྩིར་སྒྱུར་ནུས་པ་དང་། དབེན་པར་དངོས་གྲུབ་སྒྲུབ་པའི་ཚེ་མ་ཡིན་པར། ཤའི་རོ་ལ་སྲེད་པས་གྲོང་ཡུལ་དུ་བག་མེད་དུ་ཟོས་ན། དང་བླང་གི་དམ་ཚིག་བག་མེད་དུ་སྤྱད་པ་ཞེས་བྱ་སྟེ། དེ་ལ་ཡང་འགལ། དེས་ན་རྫས་ཤ་གཙང་མ་ཞེས་བྱ་བ་དེ་ཡང་ཁ་ཟས་ཀྱི་དོན་དུ་བསད་པ་མ་ཡིན་ཞིང་། རང་གི་ལས་ཀྱིས་ཤི་བའི་ཤ་ཞེས་སེམས་ཅན་རང་གི་ལས་ཀྱི་དབང་གིས་རྒས་ནས་ཚེ་ཟད་པའམ། ནད་ཀྱིས་ཤི་བ་ལ་སོགས་པའི་ཤ་ལ་ཟེར་བ་ཡིན། དེ་ལྟར་མ་ཡིན་པར་འཕྲལ་དུ་བསད་པའི་ཤ་ཁྲག་དྲོན་མོ་དཀྱིལ་འཁོར་དུ་བཞག་ན་ལྷ་ཡེ་ཤེས་པ་ཐམས་ཅད་བརྒྱལ་འགྲོ་བར་མཉམ་མེད་དྭགས་པོ་རིན་པོ་ཆེས་གསུངས། གཞན་ཡང་ལྷ་ཡེ་ཤེས་པ་སྤྱན་དྲངས་ནས། བསད་པའི་ཤ་ཁྲག་གིས་མཆོད་ན་མ་སྔོན་དུ་བུ་བཤས་པ་དང་འདྲ་ཞེས་གསུངས་ཏེ། དཔེར་ན་མ་མགྲོན་དུ་བོས་ནས་དེའི་སྔོན་དུ་བུ་བསད་པའི་ཤ་བཞགས་ན་མ་དེ་དགའམ་མི་དགའ། དེ་བཞིན་དུ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་བཞིན་དུ་བརྩེ་བས་དགོངས་ཏེ་བཞུགས་པ་ལ། ལས་ངན་གྱི་གཞན་དབང་དུ་གྱུར་པའི་དུད་འགྲོ་བསམ་མེད་ཅིག་བསད་ནས་ཤ་ཁྲག་གི་མཆོད་པ་བྱས་པས་རྒྱལ་བ་དགྱེས་པའི་ཐབས་མེད་དེ། རྒྱལ་སྲས་ཞི་བ་ལྷས། གང་ཞིག་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་ཀྱིས་ཡིད་བདེར་མི་འགྱུར་ལྟར། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས། དེས་ན་བསད་པའི་ཤ་ཁྲག་ཁོ་ན་ལ་ལོངས་སྤྱོད་བཞིན་ཤ་མཆོད་དང་ཁྲག་མཆོད་བྱས་ཏེ་སྲུང་མ་གསོལ་མཆོད་སོགས་བྱས་ཚེ། ལྷ་ཡེ་ཤེས་པ་རྣམས་དང་། རྒྱལ་བསྟན་སྲུང་བའི་ཆོས་སྐྱོང་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་པས། དེ་དག་གིས་ཤན་པའི་འདུན་ས་ལྟ་བུས་སེམས་ཅན་བསད་པའི་མཆོད་རྫས་ལ་བཞེས་པ་ལྟ་ཅི། དེའི་ཕྱོགས་ཙམ་དུ་ཉེ་མི་ནུས། ནག་ཕྱོགས་ཀྱི་ལྷ་འདྲེ་མཐུ་བོ་ཆེ་བསད་པའི་ཤ་དྲོན་མོ་དང་། ཁྲག་དྲོན་མོ་ལ་དགའ་བ། སེམས་ཅན་ལ་གནོད་པའི་ལས་ལ་རྟག་པར་བརྩོན་པ་དེ་དག་དེར་འདུས་ནས་དེའི་ཤ་ཁྲག་གི་མཆོད་པ་བྱས་པ་ལ་ལོངས་སྤྱད་དེ། གནས་སྐབས་སུ་དམར་ཆོག་བྱེད་པ་དེའི་རྗེས་སུ་འབྲང་ཞིང་མཐུན་རྐྱེན་ཕྲན་བུ་རེ་སྒྲུབ། རྟག་པར་སེམས་ཅན་ལ་གནོད་པ་འབའ་ཞིག་བྱེད་པས། ན་ཚ་དང་ཡེ་འདྲོག་གློ་བུར་དུ་གཏོང་ཞིང་དེར་ཡང་དམར་ཆོག་བྱེད་པ་དེ་འོང་ནས་ཤ་མཆོད་དང་ཁྲག་མཆོད་བྱས་པས་ནག་ཕྱོགས་ཀྱི་ལྷ་འདྲེ་དང་དམར་ཆོག་མཁན་གཉིས་བསྡོངས་པས་རེ་ཞིག་ཕན་པ་ལྟར་བྱེད། ཁོང་གཉིས་གཅིག་གྲོགས་གཅིག་གིས་བྱེད་དེ་རྟག་ཏུ་འབྲལ་བ་མེད་པར་ཤ་ཟ་སོ་ལ་ཆས་པ་ལྟར། ཟ་རློམ། འཆའ་རློམ། རྙེད་རློམ་ཁོ་ནས་རྒྱུ། དམར་ཆོག་མཁན་པོ་དེ་ཡང་ལྷ་འདྲེ་མ་རུངས་པ་དེ་དག་གིས་རྒྱུད་བརླམས་པས་སྔར་ངེས་འབྱུང་དང་སྐྱོ་ཤས། དད་པ་དང་དག་སྣང་། ཆོས་ཀྱི་སྣང་བ་ཡོད་པ་དེ་དག་ཐམས་ཅད་འགྲིབ་ཅིང་མེད་པར་གྱུར་ཏེ། སངས་རྒྱས་ནམ་མཁར་འཕུར་ཡང་དད་པ་མེད་པ་དང་།སེམས་ཅན་རྒྱུ་མ་ལུག་ཀྱང་སྙིང་རྗེ་མེད་པར་ལས་ཀྱི་སྲིན་པོ་དམག་ལ་ཆས་པ་ལྟར།གདོང་དམར་ཕྱུར་རེ།ཤེས་པ་ཁྲོ་ལིང་ངེ་། རྒྱུད་རྩུབ་ཧྲག་གེ།རྟག་ཏུ་གཟེར་གུར་རེ་བ་ཞིག་བྱས། ལྷ་འདྲེའི་སྡོང་གྲོགས་བྱས་པས་ངག་ནུས་དང་བྱིན་རླབས་ཡོད་པའི་སྙེམས་པ་དང་ང་རྒྱལ་འཆང་ཞིང་། ཤི་མ་ཐག་དམྱལ་བར་རྡོ་འཕངས་པ་ལྟར་འགྲོ་བའམ། ཡང་ན་ལས་ངན་གྱི་ཁ་ཅུང་ཟད་མ་གང་བས། ལྷ་འདྲེ་མ་རུངས་པའི་འཁོར་དུ་སྐྱེས་ཏེ་སེམས་ཅན་གྱི་སྲོག་ལ་དབང་བའམ། ཡང་ན་ཁྲ་དང་སྤྱང་ཀི་ལ་སོགས་པ་སེམས་ཅན་གྱི་སྲོག་གཅོད་ལ་དགའ་བར་སྐྱེ་བར་འགྱུར་པ་ཡིན། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་རྒྱལ་པོའི་སྐུའི་རིམ་གྲོར། བོན་པོ་རྣམས་ཀྱིས་ཤ་མཆོད་དང་ཁྲག་མཆོད་བྱས་པའི་ཚེ། ཨོ་རྒྱན་སངས་རྒྱས་གཉིས་པ། པཎ་ཆེན་བི་མ་མི་ཏྲ། མཁན་ཆེན་བྱང་ཆུབ་སེམས་དཔའ་ལ་སོགས་ལོ་པཎ་རྣམས་ཀྱིས་བོན་པོའི་ཡས་ལ་གཟིགས་ནས་ཐུགས་ཤིན་ཏུ་མ་དགའ་སྟེ། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འོང་། །ཆོས་ལུགས་གཅིག་ལ་བྱེད་ལུགས་གཉིས་མི་འབྱུང་། །ཆོས་ཀྱི་ཁྲིམས་དང་མི་མཐུན་བོན་ལུགས་འདི། །སྡིག་པ་ཕལ་གྱི་ཐུན་མོངས་མ་ཡིན་པས། །འདི་འདྲ་བྱེད་བཅུག་ངེད་རྣམས་རང་ཡུལ་འགྲོ། །ཞེས་གསུངས་ཤིང་པཎྜི་ཏ་ཐམས་ཅད་གྲོས་མེད་པར་ཐུགས་བློ་གཅིག་ཏུ་གྱུར་ཏེ། རྒྱལ་པོས་ཆོས་གསུང་བར་ཞུས་ཀྱང་ཆོས་མི་གསུངས་བཞེས་པ་དྲངས་ཀྱང་མི་བཞེས་པར་བཞུགས་པ་ཡིན། ད་ལྟ་རང་རེ་སྔོན་གྱི་པཎ་གྲུབ་བྱང་ཆུབ་སེམས་དཔའ་དེ་དག་གི་རྗེས་འཇུག་ཡིན་པར་རློམ་ཞིང་། གསང་སྔགས་ཀྱི་ཆོ་ག་ཟབ་མོ་ཐམས་ཅད་བོན་དུ་གྱེར་ཏེ་སེམས་ཅན་ལ་གནོད་པ་བྱས་ན། བསྟན་པའི་བླ་བཙོང་དཀོན་མཆོག་གི་རྐང་འདྲེན། རང་གཞན་དམྱལ་བར་འཕེན་པ་ཡིན་པས། དུས་རྟག་ཏུ་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན། སེམས་ཅན་ཐམས་ཅད་ལ་ཕན་ཅི་ཐོགས་བྱེད་ཅིང་བྱམས་པ་དང་སྙིང་རྗེ་གཉིས་པོ་འདི་ཁོ་ན་རྒྱུད་ལ་སྐྱེ་ངེས་ཀྱི་བར་དུ་ཆིག་སྒྲིལ་དུ་འབད་ན་ཁ་ཏོན་དང་དགེ་སྦྱོང་། སེམས་ཅན་གྱི་འགྲོ་དོན་སོགས་གཡེར་པོ་ཆེའི་ཆོས་ཤིག་མ་འགྲུབ་ཀྱང་རུང་སྟེ། ཆོས་ཡང་དག་བར་སྡུད་པའི་མདོ་ལས། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། ཆོས་གཅིག་ལ་བསླབ་པར་བགྱིའོ། །དེ་གང་ཞེ་ན་སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཡོད་པ་ལྟར་འགྱུར་རོ། །ཞེས་གསུངས། སྔོན་དགེ་བཤེས་སྟོན་པའི་དྲུང་དུ་སྐུ་མཆེད་གསུམ་དང་ཁམས་ལུང་པའི་སློབ་མ་ཡིན་པའི་བཙུན་པ་ཞིག་མཇལ་དུ་བྱུང་བ་ལ། སྐུ་མཆེད་གསུམ་ནི། འབྲོམ་སྟོན་པ་ལ་སློབ་མའི་སྲས་ཀྱི་ཐུ་བོ་འཇམ་དབྱངས་ཀྱི་སྤྲུལ་པ་པུ་ཏོ་བ་རིན་ཆེན་དཔལ་དང་། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཕུ་ཆུང་བ་གཞོན་ནུ་བསྟན་པའི་རྒྱལ་མཚན་དང་། ཕྱག་ན་རྡོ་རྗེའི་སྤྲུལ་པ་སྤྱན་སྔ་བ་ཚུལ་ཁྲིམས་འབར་ཟེར་བ་གསུམ་ཡོད། དེ་གསུམ་འབྲོམ་སྟོན་པ་དང་ཚེ་རབས་མང་པོར་འབྲལ་མ་མྱོངས་པའི་ཡབ་སྲས་ཡིན། འབྲོམ་སྟོན་པས་པུ་ཏོ་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་གིས་དགེ་འདུན་བརྒྱ་ཕྲག་མང་པོ་ལ་ཆོས་གསུང་གི་གདའ་ཞུས་པས། ངོ་མཚར་ཆེ། དེ་ཡང་ཆོས་ཕྱོགས་ཀྱི་བྱ་བ་གཅིག་ཡིན་གསུངས། དགེ་བཤེས་ཕུ་ཆུང་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། རང་གཞན་གྱི་ཡོ་བྱད་མང་པོས་རྟེན་གསུམ་འབའ་ཞིག་བཞེངས་ཤིང་གདའ་ཞུས་པས་སྔར་བཞིན་གསུངས། དགོན་པ་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་སྒོམ་འབའ་ཞིག་མཛད་ཀྱིན་གདའ་ཞུས་པས། སྔར་བཞིན་གསུངས། ཁམས་པ་ལུང་པ་ཁོང་ཅི་མཛད་ཀྱི་གདའ་གསུངས་པས། ཁོང་གྲོག་ཁ་རེ་རུ་བཞུགས། དབུ་བཏུམས་ཏེ་བཤུམ་པ་འབའ་ཞིག་མཛད་ཅིང་གདའ་ཞུས་པས། སྟོན་པས་དབུ་ཞྭ་ཕུད། ཐུགས་ཀར་ཐལ་མོ་སྦྱར། སྤྱན་ཆབ་མང་པོ་ཕྱུང་ནས་ཤིན་ཏུ་ངོ་མཚར་ཆེ། ཆོས་བྱ་བ་ཁོང་གིས་བྱས་པ་ཡིན། འདིའི་ཡོན་ཏན་མང་པོ་བཤད་རྒྱུ་ཡོད་དེ། ད་ལྟ་བཤད་ན་ཁོང་མི་མཉེས་པར་འདུག་གསུངས། ཁམས་པ་ལུང་པ་ཁོང་དབུ་བཏུམས་ནས་བཤུམས་པ་འབའ་ཞིག་མཛད་པའི་ཚེ། འཁོར་བ་ན་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་ལ་དགོངས་ནས་སྙིང་རྗེ་ཁོ་ན་བསྒོམས་ཏེ་བཤུམ་པ་ཡིན། དེ་བཞིན་དུ་བྱམས་པ་དང་སྙིང་རྗེ་གཉིས་པོ་འདི་གལ་ཆེ་བའི་རྒྱུ་མཚན་མང་པོ་སྤྱན་སྔ་བས་གསུངས་བའི་ཚེ། གླང་ཐང་པས་ཕྱག་མཛད་དེ། བདག་དུས་འདི་ནས་བཟུང་སྟེ་བྱམས་སྙིང་རྗེ་འབའ་ཞིག་སྒོམ་པར་ཞུ་ཞུས་པས། དགེ་བའི་བཤེས་གཉེན་པས་དབུ་ཞྭ་ཕུད། ཤིན་ཏུ་ཡང་ཆ་བཟང་ལགས་ཞེས་ལན་གསུམ་གསུངས། རང་རྒྱུད་ཀྱི་སྡིག་སྒྲིབ་སྦྱོང་བ་ལ་ཡང་སྙིང་རྗེ་ལས་ལྷག་པ་མེད་དེ། སྔོན་རྒྱ་གར་དུ་དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་བས་ནུབ་པ་ན། ཞེས་པའི་དོན་ནཱ་ལེནྡྲར་གཎྜི་བརྡུང་བའི་སྒྲ་ལ་ཕཊ་ཊཱ་ཡ་ཞེས་པའི་སྒྲར་བྱུང་། མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ནང་པའི་གཎྜིའི་སྒྲ་ལ། འགེམས་ཞེས་པ་ཞིག་སྣང་སྟེ་འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ། །ཞེས་ཟེར། དེ་བྲམ་ཟེ་སྒྲ་མཁན་རྣམས་ཀྱིས་བརྟགས་པས་མུ་སྟེགས་ངན་པ་རྣམས་ཀྱི་ཀླད་པ་འགེམས་ཞེས་བྱ་བའི་སྒྲར་འདུག་གོ། ལྷ་དང་ཀླུ་དང་དྲང་སྲོང་གིས་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྟེ་འདི་བརྡུང་བས། །མུ་སྟེགས་འཆལ་བ་རྣམས་ཀྱི་ཀླད་པ་འགེམས། །ཞེས་བྱུང་བར་གྲགས་ལ། དེར་བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ལ་སོགས་པ་མུ་སྟེགས་རྣམས་ཀྱིས་དམག་བྱས་ཏེ། ཡུལ་དབུས་ནས་ཛ་ལནྡྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་མེ་ལ་བསྲེགས་པ་སོགས་བྱས་ནས། ཕྱིས་དཔལ་ནཱ་ལེནྡྲར་རྒྱལ་པོའི་བློན་པོ་ཀ་ཀུ་ཏ་སེངྷ་ཞེས་བྱ་བས་ལྷ་ཁང་ཞིག་བཞེངས་པའི་ཚེ། སྐྱེ་བོ་ཐམས་ཅད་ལ་སྟོན་མོ་ཆེར་བྱས་པ་ལས། མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་མུ་ཏོ་བ་གཉིས་སློང་དུ་ཡོང་བ་ལས། དགེ་ཚུལ་གཏུམ་པོ་རྣམས་ཀྱིས་ཁྲུས་ཁུ་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར། ཁྱི་གཏུམ་པོ་དག་རྦད་པས། དེ་གཉིས་ཤིན་ཏུ་ཁྲོས་ཏེ། གཅིག་གིས་འཚོ་བ་སྦྱར་ཞིང་། གཅིག་ཤོས་ཀྱིས་ཉི་མ་སྒྲུབ་པར་དམ་བཅས་ནས། སའི་དོང་གཏིང་རིང་པོར་ཞུགས་ཏེ། ལོ་དགུའི་བར་དུ་བསྒྲུབས་ཀྱང་མ་འགྲུབ་ནས་ཕྱིར་འགྲོ་བར་བརྩམས་པས། གྲོགས་པོ་ན་རེ། ཁྱོད་ཀྱིས་སྔགས་གྲུབ་བམ་ཟེར་རོ། །མ་འགྲུབ་བྱས་པ་ན། དེ་ན་རེ། ཕྱོགས་ཐམས་ཅད་དུ་མུ་གེ་ཉམ་ང་བས་ཁྱབ་པ་ལ་ངས་དཀའ་བ་འདི་སྙེད་ཀྱིས་འཚོ་བ་སྦྱར་ན། ཁྱེད་སྔགས་མ་གྲུབ་པར་ཕྱིར་ནམ་བྱུང་བའི་ཚེ། མགོ་དྲུང་ནས་གཅོད་དོ་བྱས་ནས། ཆུ་གྲི་རྣོན་པོ་བསྲེལ་བས། དེ་འཇིགས་ཏེ་སླར་ཡང་ལོ་གསུམ་བསྒྲུབ་བོ། །དེ་ལྟར་ལོ་བཅུ་གཉིས་ན་གྲུབ་ནས། དེས་སྦྱིན་སྲེག་བྱས་ཏེ་སྦྱིན་སྲེག་གི་ཐལ་བ་ལ་སྔགས་བཟླས་ཏེ་གཏོར་བ་ཙམ་གྱིས་མེ་རང་འབར་དུ་བྱུང་བ་དང་། གཙུག་ལག་ཁང་ལ་བལྟས་པས་མིག་ལས་མེ་བྱུང་སྟེ་ལྷ་ཁང་བརྒྱད་ཅུ་རྩ་བཞི་རྣམས་ཚིག་ནས་མངོན་པའི་སྡེ་སྣོད་མང་པོ་ཡང་བསྲེགས་སོ། །དེའི་ཚེ་བྲམ་ཟེའི་དགེ་སློང་མ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བས་བདག་བུད་མེད་དུ་གྱུར་པ། སྐྱེ་བ་དམན་པས་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་མི་ནུས་པས་སྐྱེས་པ་དང་འགྲོགས་ཏེ་བུ་བསྐྱེད་ལ། དམ་པའི་ཆོས་མངོན་པ་དར་དུ་གཞུག་གོ་དགོངས་ནས། གསུངས་ན་དེའི་རྨི་ལམ་དུ་ཚུལ་ཁྲིམས་བསྲུང་བ་བས་ཁྱིམ་ཐབས་བྱས་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་ལ་ཕན་པ་གཅིག་ཡོང་ཞེས་ཐོས་ནས། རྒྱལ་རིགས་ཤིག་དང་འདུས་པ་ལས་འཕགས་པ་ཐོགས་མེད་དང་། བྲམ་ཟེ་ཞིག་དང་འདུས་པས་དབྱིག་གཉེན་འཁྲུངས། སྲས་གཉིས་ཀ་ཆེར་སྐྱེས་ནས་ཕའི་ལས་དྲི་བ་ལ་མ་ན་རེ། ཁྱེད་གཉིས་ཕའི་ལས་ཀྱི་དོན་དུ་བསྐྱེད་པ་མ་ཡིན་གྱི། སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བའི་དོན་དུ་བསྐྱེད་པ་ཡིན་པས་ཆོས་སློབ་ལ། དམ་པའི་ཆོས་མངོན་པའི་བསྟན་པ་དར་བ་ཞིག་གྱིས་ཤིག་ཟེར་བས། དབྱིག་གཉེན་ཁ་ཆེའི་འདུས་བཟང་གི་དྲུང་དུ་མངོན་པ་སློབ་པ་ལ་སོང་ནས་། ཐེག་ཆུང་གི་མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཛོད་ཆེན་མོ་ལ་སོགས་པ་ལེགས་པར་བསླབ་སྟེ། བསྟན་བཅོས་མཛོད་རྩ་འགྲེལ་ལ་སོགས་པ་མཛད་པའོ། །ཐོགས་མེད་ཀྱིས་རི་བོ་བྱ་རྐང་ཅན་དུ་ཕྱིན་ནས་རྒྱལ་བ་བྱམས་པའི་ཞལ་མཇལ་ཏེ་གདམས་ངག་ཞུས་ཆོག་པ་བྱ་དགོངས་ནས་བྱམས་པ་བསྒྲུབ། ལོ་དྲུག་གི་བར་དུ་དཀའ་བ་སྤྱད་དེ་བསྒོམས་པས་རྨི་ལམ་བཟང་པོ་ཙམ་ཡང་མ་བྱུང་། དེར་ཁོང་གིས་ད་མི་འགྲུབ་པ་ཡིན་པ་འདྲ་དགོངས་ཡི་ཆད་དེ་བྱོན་པས། ལམ་ཀ་ཞིག་ན་མི་ཞིག་གིས་ལྕགས་ཀྱི་སྡོང་པོ་ཆེན་པོ་ཞིག་རས་འཇམ་པོས་ཕྱི་གྱིན་འདུག ཁྱོད་ཀྱིས་འདི་འདི་ལྟར་ཕྱིས་ནས་ཅི་བྱེད་པ་ཡིན་དྲིས་པས། ང་ལ་ཁབ་མེད་པས། ངས་འདི་ཟད་ནས་ཁབ་ཅིག་བྱེད་འདོད་པ་ཡིན་ཟེར། ཁོང་གི་ཐུགས་དགོངས་ལ་ལྕགས་སྡོང་པོ་ཆེན་པོ་འདི་རས་འཇམ་པོ་འདིས་ཕྱིས་པས་ཟད་ནས་ཁབ་ཏུ་གྱུར་པའི་དུས་མི་འོང་། བརྒྱ་ལ་འོང་ཡང་དེའི་ཚེ་ཁོ་ག་ལ་ཡོད། འཇིག་རྟེན་པ་རྣམས་དོན་མེད་པའི་ལས་ཀ་ཁབ་གཅིག་གི་དོན་ལ་འདི་ཙམ་དཀའ་ལས་བྱེད་པ་ལ་བལྟས་ན། ངས་དམ་པའི་ཆོས་བསྒྲུབ་པ་ལ་སྙིང་རུས་ཡེ་མ་ནུས་པར་འདུག་དགོངས་ཕྱིར་ལོག་ནས་བྱོན་ཏེ། སླར་ཡང་ལོ་གསུམ་གྱི་བར་དུ་བསྒྲུབས་ཀྱང་རྟགས་ཙམ་ཡང་མ་བྱུང་། ད་ནི་ངེས་པར་མི་འགྲུབ་པ་འདྲ་དགོངས་ནས་བྱོན་པས། ཡང་ལམ་ཁ་ཞིག་ན་བྲག་རི་ཆེན་པོ་དགུང་ལ་རེག་པ་ཞིག་གི་དྲུང་ན་མི་ཞིག་གིས་བྱ་སྒྲོ་ཞིག་ཆུ་ནང་དུ་ཤན་ནས་བྲག་དེ་ལ་བྱབ་ཅིང་འདུག ཁྱོད་ཅི་བྱེད་པ་ཡིན་དྲིས་པས། འདིའི་བྲག་འདི་མཐོ་ཆེས་ནས་ང་རང་གི་ཁང་པ་བྲག་འདིའི་ནུབ་ན་ཡོད་པའི་སྟེང་དུ་ཉི་མ་མི་འཆར་བར་འདུག་པས། བྲག་འདི་ཟད་ནས་མེད་པར་བྱེད་པ་ཡིན་ཟེར། ཁོང་གི་ཐུགས་ལ་ཡང་སྔར་ལྟར་འདི་འདྲ་བྱེད་པ་ལ་བསམ་ན་ངས་སྙིང་རུས་ཡེ་མ་ནུས་པར་འདུག་དགོངས་ནས་སླར་ལོག་སྟེ་ལོ་གསུམ་དུ་བསྒྲུབས་ཀྱང་རྨི་ལམ་བཟང་པོ་ཙམ་ཡང་མ་བྱུང་བས་ཁོང་ཡི་ཆད་དེ་ད་ནི་ཅིས་ཀྱང་མི་འགྲུབ་པར་འདུག་དགོངས་བྱོན་འོངས་པས། ལམ་ཁ་ཞིག་ན་ཁྱི་མོ་རྐང་པ་གཉིས་ཞ་བ་ཞིག་ཁོག་སྨད་ཐམས་ཅད་འབུས་གཡེངས་རུང་ད་དུང་གཞན་ལ་ཞེ་སྡང་སྐྱེས་ནས་ཁོག་སྟོད་ཁོང་གི་སྟེང་དུ་ཟུག་ཅིང་ཁོག་སྨད་དྲུད་ནས་འཛིན་དུ་འོང་བ་ལྟར་བྱེད་པ་ལ། ཁོང་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་ཞིག་སྐྱེས། སྐུ་ལུས་ཀྱི་ཤ་བཅད་དེ་བྱིན་ནས་ཁོག་སྨད་ཀྱི་འབུ་བསལ་བར་འདོད་པ་ལ་ཕྱག་གིས་བསལ་ན་འབུ་བསད་ཀྱིས་དོགས། འབུ་འདི་རྣམས་ལྕེས་བླངས་ཏེ་བསལ་དགོས་དགོངས་ཀྱང་ཁྱིའི་ལུས་ཐམས་ཅད་རུལ་བ་དང་རྣག་གིས་གང་བས་མཐོང་བཞིན་དུ་ལྕེས་རེག་མ་ནུས་ཏེ་སྤྱན་བཙུམ་ནས་ལྗགས་བརྐྱངས་པས། ལྗགས་ཁྱི་རོ་ལ་མ་ཐུག་པར་ས་ལ་ཐུག་སོང་། སྤྱན་ཡར་ཕྱེས་ནས་བལྟས་པས་ཁྱི་རོ་མི་སྣང་བར་རྗེ་བཙུན་བྱམས་པ་འོད་ཀོར་རེ་བཞུགས་འདུག ཐུགས་རྗེ་རེ་ཆུང་དེ་ཙམ་དུ་ཞལ་མི་སྟོན་པ་ཞུས་པས། ངས་ཁྱོད་ལ་ཞལ་མ་བསྟན་པ་མིན། ང་དང་ཁྱོད་ལ་འབྲལ་བ་མེད་ཀྱང་། ཁྱོད་སྡིག་སྒྲིབ་ཆེས་པས་མ་མཐོང་བ་ཡིན། ཁྱོད་ཀྱི་ལོ་བཅུ་གཉིས་སུ་སྒྲུབ་པ་བྱས་པས་སྡིག་སྒྲིབ་ཅུང་སྲབ་པས་ཁྱི་མོ་རུ་མཐོང་ཞིང་། ད་ལྟ་སྙིང་རྗེ་ཆེན་པོ་གློ་བུར་དུ་སྐྱེས་པས་སྒྲིབ་པ་ལྷག་མ་མེད་པར་དག་སྟེ་ང་རང་དངོས་སུ་མཐོང་བ་ཡིན། དེ་ཡིད་མི་ཆེས་ན་ང་རང་ཕྲག་པར་ཐོགས་ལ་མི་ཐམས་ཅད་ལ་སྟོན་དང་ཤེས་འོང་གསུངས། ཐོགས་མེད་ཀྱིས་བྱམས་པ་ཕྲག་པ་གཡས་སུ་ཐོགས་ཏེ། ཚོང་འདུས་སུ་ཕྱིན་ནས་མི་ཐམས་ཅད་ལ་ངའི་ཕྲག་པ་ན་ཅི་འདུག་གསུངས་པས། ཐམས་ཅད་ཀྱིས་ཅི་ཡང་མི་འདུག་ཟེར། ཅུང་ཟད་བག་ཆགས་སྲབ་པའི་རྒན་མོ་ཞིག་གིས་ཁྱོད་ཀྱི་ཕྲག་པ་ན་ཁྱི་རོ་རུལ་པ་ཞིག་འདུག་ཟེར། དེར་ཐོགས་མེད་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་པའམ་མགོན་པོ་བྱམས་པས་དགའ་ལྡན་ལྷ་ཡུལ་དུ་ཁྲིད་དེ་བྱམས་ཆོས་སྡེ་ལྔ་དང་། མངོན་པ་སྟོང་ཕྲག་བརྒྱ་བ་ལ་སོགས་ཐེག་ཆེན་ཤིན་ཏུ་རྒྱས་པའི་སྡེ་སྣོད་རྣམས་བསྟན་ཅིང་། ཐོགས་མེད་ཀྱིས་གསན་ནས་སླར་མི་ཡུལ་དུ་བྱོན་ཏེ་དེའི་དོན་རྒྱ་ཆེན་སྟོན་པ་ས་སྡེ་ལྔ་དང་། བསྡུས་ཏེ་བསྟན་པ་ཐེག་པ་ཐུན་མོང་བའི་སྡོམ་མངོན་པ་ཀུན་ལས་བཏུས་པ་དང་། ཐེག་ཆེན་ཐུན་མོང་མིན་པའི་སྡོམ་ཐེག་བསྡུས་ལ་སོགས་མཛད་དེ། འཛམ་བུའི་གླིང་དུ་སྤྱིར་ཐེག་པ་ཆེན་པོའི་བསྟན་པ་དང་ཁྱད་པར་བྱམས་པའི་ཆོས་སྡེ་ལྔ་དང་བཅས་པ་དར་བར་མཛད་པ་ཡིན། དེས་ན་སྡིག་པ་སྦྱོང་བ་ལ་ཡང་སྙིང་རྗེ་ལས་ལྷག་པའི་ཆོས་མེད་ཅིང་། བྱང་ཆུབ་ཀྱི་སེམས་ཐུན་མོང་མ་ཡིན་བ་རྒྱུད་ལ་སྐྱེ་བའི་རྒྱུ་མ་ནོར་བ་ཡིན་པས་ཐབས་དུ་མའི་སྒོ་ནས་སྙིང་རྗེ་འདི་བསྒོམ་པ་ལ་འབད་དགོས། དེ་ལྟར་སྙིང་རྗེ་བསྒོམ་པ་དེ་ཡང་མ་ལག་རྡུམ་མའི་བུ་ཆུས་ཁུར་བ་ལྟ་བུ་ཞེས་བྱ་སྟེ། མ་ལག་པ་མེད་པ་ཞིག་གི་བུ་ཆུས་ཁྱེར་སོང་ན། བུ་ལ་སྙིང་བརྩེ་བའི་སྡུག་བསྔལ་དྲག་པོ་ཤས་མི་བཟོད་པ་སྐྱེ། རང་ལ་ལག་པ་མེད་པས་ཆུ་ནང་ནས་འདོན་ནི་མི་ནུས། ད་ཅི་དྲག་ན་སྙམ་དུ་ཐབས་ཁོ་ན་སེམས་ཤིང་སྙིང་ནས་མི་བཟོད་པར་འོ་དོད་འབོད་ཅིང་རྒྱུག་པ་དང་འདྲ་བར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཆུ་བོས་ཁྱེར། འཁོར་བའི་རྒྱ་མཚོར་བྱིང་བ་ལ་ཤས་མི་བཟོད་པའི་སྙིང་རྗེ་སྐྱེ་ཡང་རང་ལ་དེ་དག་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་མེད་པས། ད་ཅི་བྱེད་སྙམ་དུ་སྙིང་ཐག་པ་ནས་བླ་མ་དང་དཀོན་མཆོག་ལ་གསོལ་བ་འདེབས་ཤིང་སྙིང་རྗེ་བསྒོམ་པར་བྱའོ། །སྙིང་རྗེ་ཚད་མེད་བསྒོམ་སྐབས་དམིགས་ཡུལ་རང་གི་རྩ་བའི་མའམ། བཤའ་ལུག་ལྟ་བུའི་སེམས་ཅན་གཞན་ཤན་པའི་མདུན་སར་ཁྲིད་དེ་ད་ལྟ་ཉིད་དུ་གསོད་རན་པ་སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན་བྲོས་ས་དང་གབ་ས་མེད་པའི་སེམས་ཅན་ཁོལ་བུ་ཁོལ་བུ་བ་ཞིག་ལ་བསྒོམ། དེ་ནས་རིམ་གྱིས་རིམ་གྱིས་མཐར་སེམས་ཅན་ཐམས་ཅད་ཀྱི་བར་བསྒོམ་དགོས། དང་པོ་ནས་རྒྱ་ཆེན་པོ་ཞིག་ལ་དམིགས་པ་གཏད་ན་གོང་བཤད་ལྟར་སྤྱི་འབྱམས་གོ་ཡུལ་དུ་ཤོར་བའི་ཉེན་ཡོད་པས་དེ་ལྟར་བྱ། གང་ལྟར་ཡང་མ་རྒན་འདི་སྔོན་ཆད་ཐོག་མེད་ནས་མ་བྱས་པའི་གྲངས་ས་ཆེན་པོའི་རྡུལ་ལས་མང་བའི་ཚུལ་ཤེས་པ་ནི་མར་ཤེས་པ་ཡིན་ལ། ཚེ་རབས་མང་པོར་མ་བྱས་པའི་སྐབས་སུ་དང་པོ་ལུས་སྲོག་བསྐྱེད་པའི་དྲིན། བར་དུ་གསོ་སྐྱོང་བྱེད་པའི་དྲིན། ཐ་མར་ཆོས་དང་མཇལ་བའི་དྲིན་ལ་སོགས་པ་སེམས་ཐོག་ལ་དྲངས་ཏེ་དྲིན་ཅན་ཡིན་པ་ཤེས་པ་དེ་དྲིན་དྲན་པ་ཡིན། མ་དྲིན་མོ་ཆེ་འདིས་འདོད་རྒྱུ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་སྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུར་ངམ་ངམ་ཤུགས་ཤུགས་ཀྱིས་ཞུགས་པ་སྟེ། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར་དུ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་བས། སྡུག་བསྔལ་གྱི་བདེན་པས་དངོས་སུ་གནོད་ཅིང་ཀུན་འབྱུང་གི་བདེན་པས་བརྒྱུད་ནས་གནོད་པ་སྟེ་ཚེ་འདིའི་སྡུག་བསྔལ་གྱིས་སྐྱེལ་མ་བྱས། ཕྱི་མའི་སྡུག་བསྔལ་གྱིས་བསུ་མ་བྱས། བར་དོའི་སྡུག་བསྔལ་གྱིས་མཚམས་སྦྱོར་བའི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་ལྡན་པ་དེ་ལ་ཤ་ཚ་སྙིང་རྗེ་བསམ་པ་དེ་སྙིང་རྗེའི་དམིགས་པ་ཡིན། དེའི་སྐབས་སུ་བློའི་རྣམ་པ་དྲིན་གཟོ་འདོད་ཀྱི་སེམས་ཁྱད་པར་ཅན་གྱིས་སྡུག་བསྔལ་གྱི་འབྲས་བུ་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྨོན་པ་དང་འབྲེལ་བ། བྲལ་ན་ཅི་མ་རུང་སྙམ་པའི་འདུན་པ་དང་འབྲེལ་བ། བྲལ་བ་ཞིག་ངས་བྱའོ་སྙམ་དམ་བཅའ་དང་འབྲེལ་བ། སྡུག་བསྔལ་དེ་དང་བྲལ་བ་ཞིག་སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་རིན་པོ་ཆེ་ཁྱེད་ཀྱིས་ཐུགས་རྗེ་དང་ནུས་པ་མ་ཆུང་སྙམ་པ་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་གྱིས་བློའི་རྣམ་པས་དམིགས་རྣམ་སྤྲད་དགོས། དེ་ལྟར་དཔྱད་འཇོག་སྤེལ་མ་བྱས་ཏེ། མཐར་ཕ་དང་སྲིང་མོ་གཉེན་ཚན་ཕུ་ནུ་སོགས་ནས་རིམ་གྱིས་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དུས་རྟག་ཏུ་སྡུག་བསྔལ་གྱིས་གདུང་བ་རྣམས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་གྱུར་ཅིག བྲལ་ན་ཅི་མ་རུང་། བྲལ་བ་ཞིག་ངས་བྱ། བྲལ་བར་བླ་མ་དཀོན་མཆོག་གིས་ཐུགས་རྗེ་མ་ཆུང་ཞེས་གསོལ་བ་འདེབས་པ་དང་། འཁོར་གསུམ་པོ་སྣང་ལ་རང་བཞིན་མ་གྲུབ་པའི་ངེས་ཤེས་དྲངས་ཏེ། ཐུན་མཚམས་རྣམས་སུ་སེམས་ཅན་ཀུན་ལ་སྙིང་རྗེ་བསྒོམ་པ་སྟེ་ཚད་མེད་བཞི་པོ་རེ་རེ་བཞིན་དུ་རང་ཐོག་ལ་ལེན་ཅིང་ཐུན་བཅད་ནས་བསྒོམ་དགོས་པ་རེད། དེ་ཡང་དཔྱད་འཇོག་སྤེལ་མ་བྱེད། ཐུན་མཚམས་སུ་ཡང་དམིགས་མེད་ཀྱི་ལྟ་བས་རྩིས་ཟིན་པ་སོགས་ཉམས་ལེན་གྱི་གནད་དང་མ་བྲལ་བ་དགོས། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆགས་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །ཅེས་གསུངས་པ་ལྟར་དོན་གཉིས་འགྲུབ་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་དགོས། བྱང་ཆུབ་སེམས་དེ་ཉིད་སྙིང་རྗེས་དྲངས་དགོས་པས། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བའི་ཐབས་ཚད་མེད་བཞིས་བློ་སྦྱོང་བ་འདི་ཡིན་པས་ལེགས་པར་སྦྱངས་ནས་མི་ཉམས་པ་གོང་ནས་གོང་དུ་འཕེལ་བའི་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དངོས་དང་། དེའི་བསླབ་བྱ་ལ་བསླབ་པ་སོགས་ཡིན་ནོ། །མང་དུ་བཤད་ན་ཚད་མེད་བཞི། འབྲིང་དུ་བསྡུས་ན་བྱམས་སྙིང་རྗེ་གཉིས། གཅིག་ཏུ་དྲིལ་ན་སྙིང་རྗེ་ཉག་མ་གཅིག་པོ་འདི་ཐོག་མཐའ་བར་གསུམ་མི་འབྲལ་ཞིང་བསྒོམ་དགོས་པ་གལ་ཤིན་ཏུ་ཆེའོ།།

༤༽དགའ་བ་ཚད་མེད།

དེ་ནས་དགའ་བ་བསྒོམ་པ་ནི། སྐྱེ་བོ་གང་ཞིག་རིགས་རུས་སྟོབས་འབྱོར་མངའ་ཐང་དང་ལྡན་བ་ལ་སོགས་མཐོ་རིས་ཀྱི་ཡུལ་ན་ད་ལྟ་ལུས་བདེ་ཞིང་སེམས་སྐྱིད་པ། ཚེ་རིང་བ། འཁོར་མང་བ། ལོངས་སྤྱོད་དང་ལྡན་པ་ཞིག་དམིགས་ཡུལ་དུ་བསམས་ནས། རྣམ་པའི་བློ་དེ་ལ་ཁོ་ལས་ང་ལྷག་ན་ཨང་བསམ་པའི་འགྲན་སེམས་དང་ཕྲག་དོག་མེད་པར། སྐྱེ་བོ་བདེ་བ་དང་ལྡན་པ་འདི་ད་རུང་འདི་བས་ཀྱང་བདེ་ཞིང་སྐྱིད་པའི་མངོན་མཐོ་ལྷ་མིའི་དཔལ་ཡོན་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པས་འབྱོར་ཞིང་། འདི་ལ་དགྲ་དང་ནད་སོགས་ཀྱིས་འཚེ་བ་མེད་པ། ཤེས་རབ་ཆེ་བ་ལ་སོགས་ནང་གི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་དུ་མས་འབྱོར་པར་ཤོག་ཅིག སེམས་ཅན་གཞན་རྣམས་ཀྱང་འདི་ལྟ་བུའི་གོ་འཕང་ལ་གནས་ན་ང་རེ་དགའ་སྙམ་དུ་ཡང་དང་ཡང་དུ་དགའ་བ་བསྒོམ། དེ་ཡང་ལས་དང་པོ་བས་གང་ལ་དགའ་བ་སྐྱེ་སླ་བའི་ཡུལ་རང་གི་རྩ་བའི་མ་ལྟ་བུ་ཞིག་ལ་མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་ཀྱི་བསམ་པ་དང་། དེ་ཐོག་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་གཉིས་བསྒོམ། དེ་ནས་མ་དེ་ལ་ད་ལྟ་ཟས་གོས་ལོངས་སྤྱོད་མངའ་ཐང་འབྱོར་བ་ནད་མེད་གཟུགས་བཟང་ལ་སོགས་པ། བདེ་ཞིང་སྐྱིད་པ་ཅུང་ཟད་རེ་ཡོད་པའི་ཚུལ་ལ་དམིགས་ནས། མ་རྒན་ལ་འབྱོར་བ་ཕུན་སུམ་ཚོགས་པ་ཡོད་པ་དེ་ལ་དགའ་བར་བལྟ་དགོས་པ་བལྟ་མེད་ཐབས་མེད་པ་བལྟ། མདོར་ན་མ་རྒན་གྱི་སྐྱིད་ཀྱི་འབྲས་བུ་དང་། དེའི་རྒྱུ་དགེ་བའི་དངོས་པོ་ཡོད་པ་རྣམས་མི་ཉམས་གོང་ནས་གོང་དུ་འཕེལ་ཞིང་བདེ་བ་རྒྱུ་འབྲས་གཉིས་པོ་དེ་དང་མི་འབྲལ་བ་ཞིག་ཅི་མ་རུང་། མི་འབྲལ་བར་གྱུར་ཅིག མི་འབྲལ་བར་བདག་གིས་བྱ། དེ་ལྟར་མི་འབྲལ་བར་བླ་མ་དཀོན་མཆོག་མཁྱེན་སྙམ་པའི་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་དང་། བདེ་བའི་རྒྱུ་འབྲས་དེ་གོང་ནས་གོང་དུ་འཕེལ་ཏེ་གནས་སྐབས་མངོན་མཐོ། མཐར་ཐུག་ངེས་ལེགས་ཀྱི་བར་དུ་འཕེལ་བར་གྱུར་ཅིག་སོགས་འབྲེལ་བ་གསུམ་ལྡན་ནམ་བཞི་ལྡན་གྱི་ཐོག་ནས་དཔྱད་འཇོག་སྤེལ་མ་བྱེད་དགོས། འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས་ཏེ་ཐུན་མཚམས་ལ་སོགས་པ་དུས་དང་རྣམ་པ་ཐམས་ཅད་དུ་སེམས་ཅན་བདེ་སྐྱིད་ཅན་རྣམས་ལ་ཕྲག་དོགས་མི་བྱེད་པར་དགའ་བ་བསྒོམ། སེམས་ཅན་ཐམས་ཅད་མ་ཡིན་པ་ཤེས་ཟིན་ནས། མ་ལ་བདེ་སྐྱིད་བདེ་བའི་དངོས་པོ་ཚོགས་ན་བུས་ཕྲག་དོག་བྱེད་མི་སྲིད་པ་ལྟ་བུ་ཞིག་མ་བྱུང་གི་བར་དུ་བསྒོམ། མ་ལ་དགའ་བ་དེ་རྒྱུད་ལ་སྐྱེས་ནས་དེ་ནས་ཉེ་བ་དང་མཛའ་བཤེས་ལ་སོགས་པ་ལ་ཡོན་ཏན་དང་བདེ་སྐྱིད་ཡོད་པ་ལ་དམིགས་ནས་དགའ་བ་བསྒོམ། དེ་རྒྱུད་ལ་སྐྱེས་ནས་བར་མ་རྣམས་ལ་བསྒོམ། དེ་དག་ཀྱང་རང་ཉིད་ཀྱི་མ་ཡིན་པར་གོམས་ནས་ད་ལྟའི་མ་དང་ཁྱད་མེད་པར་བྱུང་བའི་དུས་སུ། དེ་ནས་རང་ལ་གནོད་བྱེད་ཀྱི་དགྲ་དང་ཁྱད་པར་ཕྲག་དོག་གི་གནས་སུ་གྱུར་པ་ཐམས་ཅད་ལ། གཞན་སྐྱིད་ན་མི་དགའ་སྡུག་ན་དགའ་བའི་གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པའི་བློ་ངན་ཕྲག་དོག་འགྲན་སེམས་ཀྱི་རྩ་བ་དྲུངས་ནས་ཕྱུང་སྟེ། གཞན་བདེ་བ་དང་ལྡན་པའི་ཆ་ཐམས་ཅད་ལ་དགའ་བ་དམིགས་བཅས་ཁྱད་པར་ཅན་དུ་བསྒོམ་ཞིང་མཐར་འདས་པའི་རྣམ་རྟོག་གི་རྗེས་མི་འབྲང་། མ་འོངས་པའི་རྣམ་རྟོག་གིས་མདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་འཐུད་པར་ཅི་གནས་སུ་དམིགས་པ་མེད་པའི་ངང་ལ་བཞག དེ་ལྟ་བུའི་དཔྱད་འཇོག་སྤེལ་མ་བྱ། དེ་ཡང་དགའ་བ་ནི་ཕྲག་དོག་མེད་པའི་བློ་ཡིན་པས་དཔྱད་འཇོག་སོགས་ཐབས་སྣ་ཚོགས་པས་བློ་སྦྱངས་ཏེ་ཕྲག་དོག་གི་བློ་ངན་འདི་རྒྱུད་ལ་མི་སྐྱེ་བའི་ཐབས་ལ་འབད་དགོས། ཁྱད་པར་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོག་མ་ཉིད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སེམས་ཅན་དེ་དག་ཐམས་ཅད་གཏན་དུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དང་། འཕྲལ་དུ་བདེ་བ་མངོན་མཐོ་ལྷ་མིའི་གོ་འཕང་ལ་བཀོད་དགོས་རྒྱུའི་འོས་འགན་ཡིན་པ་ལ། སེམས་ཅན་རང་རང་གི་སྔར་བསགས་བསོད་ནམས་ཀྱི་ལས་དབང་གིས་ཡོན་ཏན་ནམ་འབྱོར་པ་ཕྲ་མོ་རེ་ཐོབ་པ་ལ། མི་དགའ་བའི་བློ་ངན་སྐྱེ་བའི་ཐབས་ཅི་ལ་ཡོད། འོན་ཀྱང་རང་རྒྱུད་ཀྱི་ཉོན་མོངས་པ་ཕྲག་དོག་གིས་བསླད་ཕྱིན་ཆད་གཞན་གྱི་ཡོན་ཏན་མི་མཐོང་ཞིང་། རང་གི་སྡིག་ཚབས་པོ་ཆེ་གསོག་པ་ཡིན་ཏེ། སྔོན་རྗེ་བཙུན་མི་ལ་སྐུ་བསོད་དང་ཕྲིན་ལས་རྒྱས་པའི་སྐབས། མཚན་ཉིད་ཀྱི་སྟོན་པ་དར་བློ་ཞེས་བྱ་བ་རྗེ་བཙུན་གྱི་སྐུ་བསོད་ལ་ཕྲག་དོག་སྐྱེས་ནས་རྒོལ་དུ་བྱུང་བ་ལ། ཞེས་པའི་དོན། ལོ་སྟོན་དགེ་འདུན་འབུམ་དང་། ར་སྟོན་དར་མ་བློ་གྲོས་སོགས་ཀྱིས་གྲོས་ལ། མི་ལ་རས་པ་ས་མ་ཕུད་ན་ཡུལ་འདིར་འོ་སྐོལ་གྱི་བསྟན་པ་མི་དར་བས། སྟོན་པ་སྒྲ་ཚད་ལུང་རིགས་ལ་མཁས་པ་གསུམ་སོང་ལ་སུན་དབྱུངས་ཤོག་ཅིག་ཅེས་སྨྲས་པ་ལྟར་སྟོན་པ་གསུམ་སོང་ཡང་རྒོལ་མ་ནུས་པའི་མཐར་རང་དབང་མེད་པར་དད་པ་སྐྱེས་ཏེ་རྗེ་བཙུན་གྱི་སློབ་མར་གྱུར་ཏེ། སྟོན་སྒོམ་གངས་ཀྱི་སེང་གེ་འདྲ་བའི་རྟོགས་ལྡན་གསུམ་བྱུང་བ་ཡིན་ནོ། །ནམ་ཞིག་གི་ཚེ་སྟོན་ཆེན་ཞིག་བྱེད་པའི་སར་རྗེ་བཙུན་དཔོན་སློབ་དང་། ལོ་སྟོན་དང་དར་བློ་ཀུན་སྤྱན་དྲངས་པར། རྗེ་བཙུན་ལ་ལོ་སྟོན་ན་རེ། རྣལ་འབྱོར་པ་ཚད་མའི་གྲུབ་མཐའ་ཞིག་ཞོག་ཟེར་བས་རྗེ་བཙུན་གྱིས། བླ་མ་ཚད་མ་ལ་གདམས་ངག་ཚད་མ་ཞུས། སྙིང་རུས་ཚད་མས་རི་ཁྲོད་ཚད་མར་བསྒོམ་པས་རང་རྒྱུད་ལ་དྲོད་རྟགས་ཚད་མ་སྐྱེས། ཡོན་བདག་ཚད་མས་མཆོད་གནས་ཚད་མར་ཁུར། ཁྱོད་ལོ་འདོད་ཀྱི་སྟོན་པ་ཚད་མས་ཕྲག་དོག་ཚད་མ་སྐྱེས། དམྱལ་བ་ཚད་མར་སྡུག་བསྔལ་ཚད་མ་མྱོང་དགོས་ཞེས་མགུར་གསུངས། དེ་ནས་རྗེ་བཙུན་ལ། དར་བློས། འགལ་རྟགས་དང་འབྲེལ་རྟགས། སྣང་ལ་མ་ངེས་པའི་རྟགས་ཀྱི་གྲུབ་མཐའ་ཞོག་ཟེར་བྱུང་བས། རྗེ་བཙུན་གྱི་ཞལ་ནས། སྟོན་པའི་ཤེས་རྒྱུད་དམ་པའི་ཆོས་དང་འགལ་བ་དེ་འགལ་རྟགས་ཡིན། འགལ་རྟགས་དེ་ཀ་ཉོན་མོངས་པ་དང་འབྲེལ་བ་དེ་འབྲེལ་རྟགས་ཡིན་ཞིང་། ཆོས་པའི་གཟུགས་བརྙན་དུ་སྣང་ལ། འགལ་འབྲེལ་གཉིས་ཀའི་རྟགས་ཚང་བ་དེ་སྣང་ལ་མ་ངེས་པའི་རྟགས་ཡིན་ནོ་གསུངས་པས། ལོ་སྟོན་མགོ་གོས་ཀྱིས་བཏུམས་ནས་དགོད་ཅིང་འདུག ཕྱིས་སུ་རྗེ་བཙུན་ལ་དབང་དང་གདམས་པ་ཞུས་ནས་རྟོགས་པ་ངོ་འཕྲོད་དེ་སྟོན་སྒོམ་གངས་ཀྱི་སེང་གེ་འདྲ་བ་ཉེ་བའི་སྲས་གཅིག་བྱུང་བ་ཡིན་ནོ། །སྟོན་པ་དར་བློ་ལ་རྗེ་བཙུན་གྱིས་མངོན་མཁྱེན་དང་རྫུ་འཕྲུལ་ཅི་ཙམ་ཞིག་བསྟན་ཀྱང་ཡིད་མི་ཆེས་ཤིང་ལོག་ལྟ་དང་སྐུར་འདེབས་ཁོ་ན་བྱེད་པས་ཕྱིས་གདོན་ཆེན་པོ་ཞིག་ཏུ་སྐྱེས་པའི་ལོ་རྒྱུས་ཡོད་པ་དང་། ཡང་དགེ་བཤེས་རྩག་ཕུ་བ་ཞེས་བྱ་བའི་མཚན་ཉིད་པ་ཞིག་གིས་རྗེ་བཙུན་ལ་དུག་དྲངས་པ་སོགས་ཀྱང་གཞན་གྱི་ཕུན་ཚོགས་ལ་སྡང་བའི་ཉོན་མོངས་པ་ཕྲག་དོག་ཁོ་ནའི་དབང་གིས་ཡིན། དེས་ན་ཕྲག་དོག་ཅན་གྱི་གང་ཟག་དེ་ལ། ཇི་ལྟར་བྱས་ཀྱང་རེད་དུས་མེད་དེ། སངས་རྒྱས་དངོས་སུ་བྱོན་ཀྱང་འདྲེན་མི་ནུས་ཏེ་རང་རྒྱུད་ཕྲག་དོག་གིས་བསླད་པས་གཞན་གྱི་ཡོན་ཏན་མི་མཐོང་། ཡོན་ཏན་མ་མཐོང་བས་ཅི་ལྟ་བུའི་གང་ཟག་ཁྱད་པར་འཕགས་པ་ཞིག་ཡིན་ཡང་དེ་ལ་དད་པ་སྤུ་ཙམ་ཡང་མི་སྐྱེ། དད་པ་དང་མོས་གུས་མ་སྐྱེས་པས་ཐུགས་རྗེ་དང་བྱིན་རླབས་ཀྱི་སྣོད་དུ་མི་རུང་སྟེ། ལྷས་བྱིན་དང་ལེགས་སྐར་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་གཅུང་ཡིན་པས་ཀྱང་མ་ཕན་མཉམ་འགྲོགས་ཀྱི་བདུད་ཞུགས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ལ་ཁོང་གཉིས་ཕྲག་དོག་གིས་རྒྱུད་འཁྲུགས་ཏེ། བཅོམ་ལྡན་འདས་ལ་དད་པ་ཅུང་ཟད་སྐྱེར་མ་འདོད་པས་ཚེ་གཅིག་ཏུ་སྟོན་པའི་དྲུང་ན་གནས་ཀྱང་སྟོན་པས་འདུལ་བའི་ཐབས་མེད་པ་ཡིན། དེར་མ་ཟད་གཞན་ལེགས་ན་མི་དགའ་ཉེས་ན་དགའ་བ་ལ་སོགས་བསམ་པ་ངན་པ་ཁོ་ན་བཟུང་བས་ཕ་རོལ་པོ་དེ་ལ་ཅུང་ཟད་ཀྱང་མི་གནོད་ཀྱང་ཕྲག་དོག་བྱེད་མཁན་རང་གི་སྡིག་ཚབས་པོ་ཆེ་སོག་པ་ཡིན་ཏེ། སྔོན་དགེ་བཤེས་ཆེ་རབ་གཉིས་གཅིག་གིས་གཅིག་གོང་ལ་ཤོར་དོག་གི་འགྲན་ཟླ་ཡོད་པ་ལ། གཅིག་ལ་བུད་མེད་ཡོད་ཟེར་བ་གཅིག་གིས་ཐོས་པས། ཉེ་གནས་ལ་ཇ་ཞིམ་པོ་ཞིག་སྐོལ་ཅིག གཏམ་སྙན་ཐོས་ཟེར། ཇ་བསྐོལ་ནས་དྲངས་ཏེ་གཏམ་སྙན་ཅི་གསན་ཞུས་པས། རང་རེའི་འགྲན་ཟླ་དེ་ལ་བུད་མེད་བྱུང་ཟེར་ལོ། དེ་ཀུན་སྤངས་གྲགས་རྒྱལ་གྱིས་གསན་པས། ཞལ་ནག་ཏིང་སོང་ནས་དེ་གཉིས་སྡིག་པ་གང་ཆེའམ། གསུངས་ཟེར། དེ་ལྟར་ཕྲག་དོག་དང་འགྲན་སེམས་སོགས་རྟག་ཏུ་ཡིད་ལ་སྒོམ་པ་དེ་རང་ལ་མི་ཕན་གཞན་ལ་མི་གནོད། དོན་མེད་དུ་རང་གིས་སྡིག་སོག་པའི་འབྲས་བུ་སྡུག་བསྔལ་ཡིན་པས་དེ་ལྟ་བུའི་བསམ་པ་ངན་པ་དེ་སྤངས་ཏེ་དུས་རྟག་ཏུ་གཞན་ལ་རིགས་མཐོ་བ་དང་གཟུགས་མཛེས་པ་དང་ནོར་མང་བ་དང་ཐོས་པ་ཆེ་བ་ལ་སོགས་ཡོན་ཏན་དང་མཐུན་རྐྱེན་ཅི་ཙམ་འབྱོར་པ་ལ་སྙིང་ཐག་པ་ནས་དེ་ལ་ཕྲག་དོག་མེད་པར་དགའ་བ་བསྒོམ་ཞིང་། འདི་ལ་འདི་ལྟ་བུའི་ཡོན་ཏན་དང་འབྱོར་པ་སོགས་ཡོད་པར་ང་རེ་དགའ། ད་དུང་འདི་ལ་འདི་དག་ལས་ལྷག་པའི་སྟོབས་དང་འབྱོར་པ་ཐོས་པ་ཡོན་ཏན་ལ་སོགས་པའི་དཔལ་གྱིས་འབྱོར་ཞིང་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སྨོན་ལམ་དང་འབྲེལ་བ། དེ་ལྟར་གྱུར་ན་ཅི་མ་རུང་སྙམ་དུ་འདུན་པ་དང་འབྲེལ་བ། དེ་ལྟར་འགྱུར་བ་ཞིག་ངས་བྱ་སྙམ་པ་དམ་བཅའ་དང་འབྲེལ་བ། དེ་ལྟར་འགྱུར་བར་བླ་མ་དཀོན་མཆོག་གི་ཐུགས་རྗེ་མ་ཆུང་བསམས་ཏེ་སྙིང་ཐག་པ་ནས་བསྒོམ། དགའ་བ་ཚད་མེད་པ་རྔ་མོས་རྔེའུ་སྟོར་ནས་རྙེད་པ་ལྟ་བུ་ཞེས་བྱ་སྟེ། རྔ་མོ་དེ་སེམས་ཅན་གཞན་ལས་ཀྱང་བུ་ལ་ལྷག་པར་བརྩེ་བ་ཡིན་པས། དེའི་རྔེའུ་དེ་སྟོར་ན་སེམས་ཅན་གཞན་དང་མི་འདྲ་བ་དེ་ཙམ་གྱི་མྱ་ངན་ཆེ་ཞིང་། གལ་ཏེ་ཚུར་རྙེད་ན་བསམ་གྱིས་མི་ཁྱབ་པའི་དགའ་བ་སྐྱེ་བ་དེ་ལྟ་བུར་བསླབ་བོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་སམ་ཚད་མེད་པ་བཞི་པོ་དེ་དག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མཚན་ཉིད་པ་རང་རྒྱུད་ལ་སྐྱེ་བའི་རྒྱུ་མ་ནོར་བ་ཡིན་པས། ཅི་ནས་ཀྱང་ཚད་མེད་བཞི་འདི་རང་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ་དགོས། དེ་ལྟར་ཚད་མེད་པ་བཞི་པོ་དེ་ཡང་དོན་ཚུར་བསྡུས་ཏེ་གོ་སླ་བར་བྱས་ན། བསམ་པ་བཟང་པོ་ཞིག་ལ་འདུ་བ་ཡིན་པས་དུས་དང་རྣམ་པ་ཐམས་ཅད་དུ་བསམ་པ་བཟང་པོ་ཁོ་ན་ལ་བསླབ་དགོས། སྔོན་ཇོ་བོ་རྗེ་ལྷ་གཅིག་ཕྱག་བསྙུང་བ་ལ་འབྲོམ་སྟོན་གྱི་པང་དུ་བཞག་ནས་འདི་ལ་ཁྱོད་ཀྱིས་བྱིན་རླབས་ཤིག་གྱིས་དང་། ཁྱོད་ལ་བསམ་པ་བཟང་པོ་ཡོད་པ་ཡིན་གསུངས། ཇོ་བོ་རྗེས་རྒྱུན་དུ་བསམ་པ་བཟང་པོ་ཁོ་ན་གཙིགས་སུ་མཛད། ཁམས་བདེ་བྱེད་པ་ལ་ཡང་བསམ་པ་བཟང་པོ་བྱུང་ངམ་གསུངས། ཞལ་ཏ་སློབ་སྟོན་མཛད་བ་ཐམས་ཅད་ལ་ཡང་བསམ་པ་བཟང་པོ་གྱིས་ཨང་གསུངས་པ་ཡིན། བསམ་པ་བཟང་ངན་འདིའི་དབང་གིས་ལས་དཀར་ནག་ཕྱེ་བ་དང་ལས་དེའི་སྟོབས་ཆེ་ཆུང་ཐམས་ཅད་ཀྱང་བསྒྱུར་འགྲོ་བ་ཡིན། བསམ་པ་བཟང་ན་ལུས་ངག་གི་ལས་གང་བྱས་དགེ་བར་འགྱུར་བ་ཡིན་ཏེ། སྔར་སཱཙྪའི་སྟེང་དུ་ལྷམ་ཀྲད་བཞག་པའི་ལོ་རྒྱུས་ལྟ་བུ་དང་། བསམ་པ་ངན་ན་རྣམ་པ་དགེ་བ་ལྟར་སྣང་བ་རྣམས་ཀྱང་དོན་དུ་མི་དགེ་བར་འགྱུར་བས། དུས་དང་རྣམ་པ་ཐམས་ཅད་དུ་བསམ་པ་བཟང་པོ་ལ་བསླབ་དགོས་ཏེ། ཇི་སྐད་དུ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་གསུངས། བསམ་པ་བཟང་ན་ས་དང་ལམ་ཡང་ཇི་ལྟར་བཟང་ན། སྔོན་རྒན་མོ་མ་བུ་གཉིས་ལག་སྦྲེལ་བྱས་ནས་ཆུ་ཆེན་པོ་ཞིག་ལ་འབོག་པས། མ་བུ་གཉིས་ཀ་ཆུས་ཁྱེར་སོང་། མས་བསམ་པ་ལ་བུ་མོ་འདི་ཆུས་མི་ཁྱེར་བ་ཞིག་བྱུང་ན་ང་རང་ཆུས་ཁྱེར་ཀྱང་ཁྱེར་སྙམ། བུ་མོས་བསམ་པ་ལ། ཨ་མ་ཆུས་མ་ཁྱེར་ན་ང་རང་ཁྱེར་ཀྱང་ཁྱེར་སྙམ། གཉིས་ཀས་གཅིག་གིས་གཅིག་ལ་བསམ་པ་བཟང་པོ་བྱེད་བཞིན། ཆུ་ནང་དུ་ཤི་བས་ཤི་མ་ཐག་གཉིས་ཀ་བསམ་པ་བཟང་པོས་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ཡིན། ཡང་སྔོན་བྱ་ས་ཀོ་ཁར། ཞེས་པའི་དོན། ཡུལ་ཡར་ཀླུང་གི་ས་ཆའི་སྨད་ཞིག་ན་བྱའི་རྒྱལ་པོ་གཤོག་བཟང་དང་འདབ་བཟང་གཉིས་ཀྱི་རིགས་ལས་འཆེད་པའི་བྱ་ས་ཁྲི་དཔོན་ཞེས་པའི་སྡེ་བ་ཞིག་ཆགས་པར་བཤད། བྱ་ཆོས་ཀྱི་ཀ་བ་དང་། གཅུང་ཐོད་པ་གཡུའི་སྨིན་མ་ཅན་ཏེ་སྐུ་མཆེད་གཉིས་འཁྲུངས་པ་སོགས་ཀྱི་ས་དེ་ཡིན། ཀོ་ཁར་ནི་གྲུ་ཁར། ཞེས་པའི་དོན་ཡིན་པས་དེའི་གྲུ་ཞིག་གི་ནང་དུ་བཙུན་པ་དྲུག་བང་ཆེན་པ་ཞིག་དང་བདུན་ཞུགས་ནས་ཕྱིན་པས། གྲུ་བཏང་ནས་ཆུའི་བཞི་ཆ་ཙམ་སོང་བ་དང་གྲུ་པ་ན་རེ་གྲུ་ལྕི་འདུག་པས་ཆུ་རྐྱལ་ཤེས་པ་ཞིག་ཡོད་ན་བོབ་ཡང་ན་ང་ཆུ་ནང་དུ་འབབ་པ་ཡིན་པས་ཁྱེད་ཚོའི་གཅིག་གིས་སྐྱ་བ་ཟུང་ཟེར་བ་ལ། ཐམས་ཅད་ཀྱིས་ཆུ་ལ་རྐྱལ་བ་དང་། སྐྱ་བ་འཛིན་པ་གཉིས་ཀ་མི་ཤེས་པར་འདུག་པས། བང་ཕྱིན་པས་ཐམས་ཅད་འཆི་བ་བས་ང་གཅིག་པུ་ཤི་བ་དྲག་ཟེར་ནས་ཆུ་ལ་མཆོངས་པས། དེ་མ་ཐག་འཇའ་ཟུག་མེ་ཏོག་གི་ཆར་བབས། ངོ་མཚར་བའི་ལྟས་དང་བཅས་ཏེ་རྐྱལ་མི་ཤེས་ཀྱང་ཆུའི་ཕ་རི་ལ་སླེབ་ནས་མ་ཤི་བ་ཡིན། མི་དེ་སྔོན་དམ་པའི་ཆོས་བྱས་པ་ཞིག་མིན་ཡང་འཕྲལ་དུ་བསམ་པ་བཟང་པོ་གཅིག་སྐྱེས་པ་ལ་ཡང་དེ་ལྟ་བུའི་ཕན་ཡོན་ཡོད་པ་ཡིན། བསམ་པ་ངན་ན་ས་དང་ལམ་ཡང་ཇི་ལྟར་ངན་ན། སྔོན་སྦྲང་པོ་ཞིག་རྒྱ་སྒོའི་འགགས་སུ་ཉལ་ནས་རྒྱལ་པོ་འདི་མགོ་ཆད་ནས་ཤི་སྟེ་ང་རང་རྒྱལ་པོ་བྱས་ན་ཇི་མ་རུང་སྙམ་པ་ཡང་དང་ཡང་དུ་བློ་ལ་སྐྱེས། ནངས་པར་གཉིད་དུ་ཤོར་ནས་ཉལ་ཡོད་བའི་ཚེ་རྒྱལ་པོ་ཤིང་རྟ་ལ་བཞོན་ནས་ཕེབས་འོང་བས་ཤིང་རྟའི་འཁོར་ལོས་ཁོའི་རྐེ་ལ་བརྒྱབ་སྟེ་བསམ་པ་ངན་པའི་རྣམ་སྨིན་འཕྲལ་དུ་སྨིན་ནས་མགོ་བཅད་པ་ཡིན། ལར་རང་གིས་ཆོས་ཞུས་པའི་དོན་པོ་དུས་དང་རྣམ་པ་ཐམས་ཅད་དུ་མི་བརྗེད་པའི་དྲན་པ་དང་མ་ཡེངས་པའི་ཤེས་བཞིན་གྱིས་བཟུང་ནས་རང་རྒྱུད་ལ་བརྟག་དཔྱད་མ་བྱས་ན་དོན་མེད་དུ་ཆགས་སྡང་གི་བློ་དྲག་པོ་སྐྱེས་ནས་ལས་ངན་ཚབས་པོ་ཆེ་དོན་མེད་དུ་སོག་འགྲོ་བ་ལ་ཚེགས་མེད་པ་ཡིན། སྤྲང་རྒན་དེ་ཡང་འགྲུབ་མི་སྲིད་པའི་བསམ་བློ་ངན་པ་དེ་ལྟ་བུ་ཞིག་སྐྱེས་པས་འབྲས་བུ་འཕྲལ་དུ་སྨིན་པ་ཡིན་ཏེ། རྒྱལ་པོ་བསོད་ནམས་ཅན་ཕོ་བྲང་གི་དབུས་ན་རིན་པོ་ཆེའི་ཁྲི་ལ་བདེ་སྐྱིད་དང་ལྡན་པར་གཟིམས་ནས་བཞུགས་ཡོད་པའི་དབུ་ཆད་དོན་ཀྱང་མེད། གལ་ཏེ་ཆད་ནས་རྒྱལ་པོ་གྲོང་སོང་ཡང་རྒྱལ་པོའི་སྲས་ཀྱིས་རྒྱལ་སྲིད་མི་བྱེད། ཕྱི་ནང་གི་བློན་པོ་སྟག་གཟིག་དོམ་དྲེད་ལྟ་བུ་ཡོད་པ་དེ་དག་གིས་རྒྱལ་ས་མི་འཛིན་པར། སྤྲང་རྒན་ཁོ་སེར་ཁ་སེ་རྒྱལ་ས་ལ་འགོད་དོན་ཅི་ལ་ཡོད། དེས་ན་རང་རྒྱུད་ལ་ལེགས་པར་མ་བརྟགས་ན། དོན་མེད་དུ་དེ་ལྟ་བུའི་བསམ་པ་ངན་པ་ཡང་སྐྱེ་སྲིད་པ་ཡིན་པས། དགེ་བཤེས་ཤ་བོ་པའི་ཞལ་ནས། འཁོར་བའི་སྡུག་བསྔལ་མང་པོ་མྱོང་བའི་རྐྱེན་བྱེད་པ་ཡིན་པས་ན། སྲིད་པ་མང་པོ་འཕེལ་གྱི་ཡིད་ཀྱིས་རྒྱལ་སྲིད་མ་སྐྱོངས། །ཞེས་གསུངས། ཁྱད་པར་ངན་སེམས་དང་བཅས་པས་འདི་བྱ་འདི་བྱེད་བསམ་རྒྱུའི་སྤྲང་པོས་ཉལ་བསམ་བཏང་ནས། །རྒྱ་ར་རྟས་བཀང་རྒྱུ་དེ་འདྲ་བསམ་མི་ཉན། གཞན་ཡང་སྔོན་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་སྦྱིན་བདག་ཅིག་གི་ཁྱིམ་དུ་བསོད་སྙོམས་ལ་སྤྱན་དྲངས་པའི་ཚེ། སློང་མོ་བ་རྒྱལ་རིགས་ཀྱི་ཁྱེའུ་ཞིག་དང་། བྲམ་ཟེའི་ཁྱེའུ་ཞིག་སྟེ་གཉིས་ཡོད་པ། བྲམ་ཟེའི་རིགས་ཀྱི་ཁྱེའུ་དེས་སངས་རྒྱས་འཁོར་བཅས་ཀྱིས་བསོད་སྙོམས་མ་བཞེས་གོང་བསླངས་པས་ཅི་ཡང་མ་རྙེད། རྒྱལ་རིགས་ཀྱི་ཁྱེའུ་དེས་བཞེས་པ་ཟིན་ནས་བསླངས་པས་ལྷུང་བཟེད་ཀྱི་ལྷག་མ་ཁ་ཟས་བཟང་པོ་མང་པོ་རྙེད། དེ་གཉིས་ཕྱི་དྲོ་ལམ་བར་ཞིག་ཏུ་གཏམ་བྱས་པས། རྒྱལ་རིགས་ཀྱི་ཁྱེའུ་དེ་ན་རེ། གལ་ཏེ་ང་ལ་ནོར་དང་ལོངས་སྤྱོད་ཞིག་ཡོད་ན་ངས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཇི་སྲིད་འཚོ་བའི་བར་དུ་ན་བཟའ་དང་། བསོད་སྙོམས་ཀྱིས་མཆོད་དེ། ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས་བསྙེན་བཀུར་བགྱིད་དོ་ཟེར། བྲམ་ཟེའི་ཁྱེའུ་ན་རེ། གལ་ཏེ་ང་ལ་དབང་ཞིག་ཡོད་ནས་ཡུལ་གྱི་རྒྱལ་པོ་ཡིན་ན་ངས་དགེ་སྦྱོང་མགོ་རེག་དེ་འཁོར་དང་བཅས་པའི་མགོ་དྲུངས་ནས་བཅད་དོ་ཟེར། དེར་རྒྱལ་རིགས་ཀྱི་ཁྱེའུ་དེ་ཡུལ་གཞན་ཏུ་ཕྱིན་ནས་ཤིང་སྡོང་ཆེན་པོ་ཞིག་གི་གྲིབ་མ་ལ་བསྡད་པས། ཤིང་གཞན་གྱི་གྲིབ་མ་ཡོལ་ནས་སོང་ཡང་ཁྱེའུ་ཡོད་པའི་གྲིབ་མ་དེ་ཉི་མ་ཡོལ་ཡང་གྲིབ་མ་མ་ཡོལ་བར་བསྡད། ཡུལ་དེའི་རྒྱལ་པོ་ཤི་ནས་སྲས་མེད་པས། མི་བསོད་ནམས་དང་དབང་ཐང་གང་ཆེ་བ་དེ་རྒྱལ་པོ་བྱེད་དོ་ཟེར་ནས་ཐམས་ཅད་ཀྱིས་བཙལ་བས། ཁྱེའུ་དེ་གུང་ཡོལ་ཀྱང་གྲིབ་མས་མ་བཏང་བར་གཉིད་ལོག་པ་མཐོང་བས་བསླངས་ནས་རྒྱལ་སྲིད་ལ་བཀོད། ཕྱིས་ཁོ་རང་གི་འདོད་པ་ལྟར་སངས་རྒྱས་འཁོར་བཅས་ལ་ཡང་མཆོད་པ་ཡིན། བྲམ་ཟེའི་ཁྱེའུ་དེ་ལམ་འགགས་ཤིག་ཏུ་ཉལ་བསྡད་པས། ཤིང་རྟ་འཁྱམས་པས་རྐེ་ལ་ཕོག་སྟེ་མགོ་བཅད་པའི་ལོ་རྒྱུས་ཀྱང་ཡོད། དེས་ན་རྟག་ཏུ་གཞན་ལ་ཕན་སེམས་བསམ་པ་བཟང་པོ་ཁོ་ན་ལ་བསླབས་ན་ཚེ་འདིར་ཡང་རང་ཉིད་ཀྱི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་སྲུང་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ། ཅི་བྱས་དགེ་བར་འགྱུར་ཞིང་འཆི་ཁ་གནད་གཅོད་མི་འབྱུང་། ཕྱི་མ་ལྷ་དང་མི་ཡི་གོ་འཕང་ཐོབ་ཅིང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་འགྱུར་བ་ཡིན་པས། ཙབ་ཙོབ་ཏུ་རང་རྒྱུད་ལ་མི་རྟོག་པར་ཕྱག་དང་བསྐོར་བ་ཁ་ཏོན་དང་བཟླས་བརྗོད་སོགས་དགེ་བ་རྒྱ་ཆེན་པོ་བྱེད་ཁུལ་ལས། རྟག་ཏུ་རང་གི་རྒྱུད་ལ་བརྟགས་ནས་བསམ་པ་བཟང་པོ་ལ་བསླབ་པ་གལ་ཆེའོ།། །།ཞེས་གསུངས་ནས་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་། །

པ༽ཉིན་བཅུ་གསུམ་པར་སེམས་བསྐྱེད་པའི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽མཚམས་སྦྱོར་གྱི་གདམས་ངག

ནམ་མཁའི་མཐའ་ལ་ཐུག་པ་མེད་ཅིང་ཟད་པ་མེད་པ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ལ་ཡང་ཐུག་པ་དང་ཟད་པ་མེད་པ་ཞིག་ཡིན། དེ་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་སྣང་སྡུག་བསྔལ་གྱིས་ཁྱབ་སྟེ། འཁོར་བ་ཐོག་མེད་ནས་མཐའ་མེད་ཀྱི་བར་དུ་སྡུག་བསྔལ་གསུམ་གྱིས་མནར་བའི་སེམས་ཅན་འདི་དག་གི་སྡུག་བསྔལ་ལ་ཡང་ཚད་བཟུང་དུ་མེད། དེ་ལྟར་སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་འདི་དག་ཐམས་ཅད་ནི། བདག་ཅག་གི་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ཕ་མ་བསམ་གྱིས་མི་ཁྱབ་པ་བྱས་མ་མྱོང་བ་མེད་པས་དྲིན་ཆེན་ཤ་སྟག་ཡིན་ན། ད་ལྟ་ཕ་མ་སེམས་ཅན་དེ་དག་གིས་ངན་སོང་དམྱལ་བའི་སྡུག་བསྔལ་ལ་སོགས་པ་སྐད་ཅིག་རེ་རེར་མྱོང་བ་ཙམ་གྱི་སྡུག་བསྔལ་ཡང་རང་གི་ལུས་ཐོག་འདིས་མྱོང་དགོས་ན་བཟོད་པ་མ་ཡིན། ད་ལྟ་རང་

ཉིད་མཐོ་རིས་མི་ཡི་ལུས་རྟེན་འདིའི་ཐོག་ཏུ་ཚ་རེག་དང་གྲང་རེག ལྟོགས་སྐོམ་དང་ན་ཚ་སོགས་ཕྲན་བུ་ཙམ་རེ་བྱུང་ཡང་སྡུག་བསྔལ་ཆེ་སྣང་ཤར་བ་དང་། ཡིད་མི་བདེ་བའི་སྡུག་བསྔལ་ཆུང་ངུ་ལ་ཡང་སྡུག་བསྔལ་ཆེན་པོར་རློམ། དེས་ན་ལུས་ཀྱིས་ལྟ་ཅི་སེམས་ཀྱིས་ཀྱང་བཟོད་པ་མི་ནུས་པའི་དམྱལ་བ་དང་ཡི་དྭགས་སོགས་ཀྱི་སྡུག་བསྔལ་དང་ཚེ་ཚད་མི་ལུས་ཐོག་ནས་བརྩིས་ན་བགྲང་དཀའ་བ། བསྐལ་ཆེན་གྲངས་མེད་མང་པོར་སྡུག་བསྔལ་དེ་འདྲ་མྱོང་དགོས་བྱུང་ན་ཇི་ལྟར་བཟོད། ངན་འགྲོར་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སྐྱེ་བ་སྔོན་མའི་ཕ་མ་ཤ་སྟག་ཡིན་ངེས་པས་མ་ཚད། ཚེ་འདིའི་ཕ་མ་ཉེ་འབྲེལ་འཇིག་རྟེན་ཕྱི་མའི་ལམ་ཆེན་དུ་ཤོར་སོང་ཚོད་ཐམས་ཅད་ཀྱང་ད་ལྟ་གནས་རིས་གང་དུ་སྐྱེས་ཡོད་སུས་ཤེས། དེས་ན་དེ་དག་གིས་ད་ལྟ་དམྱལ་བ་ལ་སོགས་པའི་ངན་སོང་གི་སྡུག་བསྔལ་མྱོང་བཞིན་ཡོད་ན་ད་ཇི་ལྟར་བྱེད། དེ་རྣམས་ལ་བསམ་བློ་ཞིག་མ་བཏང་ན་ཁྲེལ་མེད་ཅིག་ཨེ་རེད། ཕྱིས་སུ་རང་ཉིད་ཀྱང་ཤི་ནས་ངན་འགྲོའི་ལུས་རྟེན་མི་ལེན་པའི་གདེང་ཅི་ཡོད། ཉིན་རེའི་དགེ་སྡིག་གི་གྲངས་རྩིས་བྱས་ན་ངན་འགྲོར་སྐྱེ་བའི་རྒྱུ་འབའ་ཞིག་ལས་ཐར་བ་ལྟ་ཅི་མཐོ་རིས་ཀྱི་ལུས་རྟེན་ཐོབ་པའི་བསོད་ནམས་ཙམ་ཡང་བསགས་ཡོད་མེད་རང་བློ་རང་ལ་སྐོར་དང་ལོས་ཤེས། གལ་སྲིད་དགེ་བའི་གཟུགས་བརྙན་ཙམ་རེ་གཞན་གྱི་ངོ་སྲུང་དང་འཕྲལ་གྱི་ངེས་འབྱུང་། གཞན་གྱི་ལད་མོ་དང་ཡུལ་གྱི་གོམས་སྲོལ་ལྟར་ཉིན་མོའི་སྐར་མ་ཙམ་བསྒྲུབས་ཀྱང་། ཀུན་སློང་རང་འདོད་མེད་པའི་གཞན་ཕན་རྣམ་དག་ཞིག་ཕར་ཞོགཆོས་བརྒྱད་དོན་གཉེར་གྱིས་དུག་གསུམ་དུག་ལྔ་དང་འདྲེས་པའི་ངང་ནས་ལྟར་སྣང་ཙམ་ལས་འགྲུབ་ཡོད་དཀའ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟེར་མདོག་བྱས་རུང་དོན་རང་འདོད་ཡིད་བྱེད་ཀྱི་ཀུན་སློང་མ་གཏོགས་ཐེག་ཆེན་ཐར་བ་ཆ་མཐུན་རྣམ་དཀར་དགེ་ལས་ཙམ་ཡང་འགྲུབ་ནི་དཀོན། ཆོས་ཐོས་ཐོས་ཀྱིས་རྣ་བ་བྱང་ཞིང་། དབང་ཐོབ་ཐོབ་ཀྱིས་ཆུ་སྣོད་གང་ཡང་། དོན་མདོ་འགག་ལ་ཐུག་ན་སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་མེད་པའི་སྙིང་རྗེའི་བསམ་པ་སྐད་ཅིག་མ་ཅིག་ཙམ་སྐྱེས་པ་དཀའ་ན། ད་ནི་ངེས་པར་ཆོས་རྣམ་དག་ཞིག་མ་འགྲུབ་ན་རང་མགོ་རང་གིས་བསྐོར་ནས་འཆི་བ་གློ་བུར་དུ་ཐོག་ལ་བབས་ཚེ། གདམས་ངག་ཚིག་གཅིག་བློ་གཏད་འཁེལ་ས་ཞིག་ལོན་མེད་ན་ཕྲེང་སྟོང་རྒྱུ་ནག་བདའ་བདའ་བྱས་ནས་གྲངས་རྟགས་བྱེ་ཆུང་ཁ་ཤས་དེད་ཚར་ཡོད་ཀྱང་དམ་པ་གསུམ་དང་འབྲེལ་བའི་མ་ཎི་རྡོག་གཅིག་མ་དགོས་བསམ་པ་བཟང་པོ་ཙམ་ཡང་དཀོན་པོ་ཡིན་ཤས་ཆེ། ཕྲེང་བ་ཞིག་ལག་ལ་བཟུང་ནས་འདོན་ཁུལ་དང་། ཐུན་ཞིག་བཅད་དེ་བསམ་པ་དགེ་བའི་ལམ་ལ་འཇོག་དགོས་བསམ་ཚེ། ཕུ་མདའ་ལུང་ཤོད་འདས་མ་འོངས་མང་པོའི་དོན་དང་། ཁྱད་པར་མ་དྲན་བརྗེད་པའི་དོན་ལ་ཡང་འགྱུ་མཐའ་གཞིགས་ནས་ཆགས་སྡང་གི་རྣམ་རྟོག་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཤ་སྟག་གིས་དུས་འདའ་སྟེ། རང་བློ་རང་ལ་འཁེལ་བའི་ཆོས་ཤིག་སྐྱེས་ནས་ད་ལྟའི་བར་དུ་སྒྲུབ་ཨེ་མྱོང་མི་མྱོང་འདང་རྒྱག་རེ་བྱེད་རྒྱུ་གལ་ཆེ། དེ་ལྟར་ཞིབ་ཏུ་བསམས་ན་ལུས་བེམས་ཁོག་ང་ཟེར་སའི་གཞི་འདི་བསྐྱུར་ཚེ་ལས་དགེ་སྡིག་གི་འབྲས་བུ་སྨིན་ནས་ཕྱི་མའི་རྣམ་སྨིན་མྱོང་མཁན་ནི་སེམས་རྣམ་ཤེས་འདི་ཡིན་ན། སེམས་རྒྱལ་པོ་ལྟ་བུ་མི་ཤེས་དགུ་ཤེས་མི་དྲན་རྒུ་དྲན་འདི་ཁོ་རང་གི་སྟེང་ནས་བསྒྱུར་བཀོད་ཅིག་མ་བཏང་ན་མི་ཕན། དེ་སྔོན་ཉི་མ་ཡན་ཆད་སེམས་འདི་རྟ་རྒོད་ལང་ཤོར་མ་དང་འདྲ་བ་འཁྲུལ་བའི་དབང་དུ་ཤོར་བས་སྡུག་བསྔལ་མཐའ་ཡས་པ་མྱངས་ཡོད་ན། ད་ནི་སེམས་ཁོ་རང་ལམ་ལ་བཞག་ནས་མ་ནོར་མ་འཁྲུལ་བའི་ལམ་བཟང་ལ་བསྒྱུར་རྒྱུ་གལ་ཆེ། སྔོན་ཆད་ང་མེད་ལ་ང་དང་བདག་མེད་ལ་བདག་ཏུ་བཟུང་ནས་རང་འདོད་ཡིད་བྱེད་འབའ་ཞིག་གིས་ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་མྱོང་དགོས་བྱུང་ཡང་། ཕྱིན་ཆད་ངར་འཛིན་གྱི་འགོང་པོ་འདི་མཐར་སྤྲད་གཏོང་བའི་གདམས་ངག་ལ་ལག་ལེན་གཏུགས་ནས། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་གནས་ལས་ཐར་ནས་དུས་གཏན་དུ་བདེ་བའི་ཐབས་ཤིག་ལ་འབད་དགོས་བསམས་ནས་སེམས་ཐག་གཅད་དགོས། ཚེ་ལོང་མེད་འཆི་བདག་གི་བསུ་མ་འདི་ནམ་འོང་མི་ཤེས་པས་ཆོས་ལ་སྔོན་གྲབས་བྱེད་དགོས། སང་ཉིན་དང་གནངས་ཉིན་ལ་ཟད་མཐའ་མེད་པས་ད་ལྟ་ཉིད་དུ་དམ་ཆོས་རྣམ་དག་ཞིག་སྒྲུབ་དགོས་མ་གཏོགས། ངན་སོང་འཇིགས་སྐྲག་གི་སུན་མ་སླེབས་ནས། གཉེན་ཉེ་བས་ངུ་འབོད་བྱེད་ཚེ་རང་གཞན་སུ་ལའང་ཐབས་ཤེས་མེད། དེས་ན་འཇིག་རྟེན་གྱི་བྱ་བ་ཟིན་དུས་མེད་པའི་དོན་ཆུང་ལ་འབད་ཚེ་ཅི་འདྲའི་སྡུག་བསྔལ་མ་མྱངས། ད་རེས་རང་གཞན་གཉིས་དོན་དང་འདི་ཕྱི་གཉིས་ཕན་གྱི་བྱ་བ་བསྒྲུབ་རྒྱུ་ལག་ལ་བཞག སྒྲུབ་མི་ཤེས་པར་སྒྲུབ་ལུགས་བསླབ་ནས། ཆོས་ར་གཅིག་གི་ནང་མཉམ་དུ་ཐམས་ཅད་གནས་ཡོད་ན་རང་ཁེ་རུ་མ་སྐལ་བ་ཅིའི་ཕྱིར་ཆད། ད་རེས་མེད་ན་མེད་ནི་རེད་བསམ་ནས་རང་ལ་རང་སྐུལ་ཞིག་གིས་འདང་ཞིག་བརྒྱབ་ན། གཅིག་གིས་འགྲུབ་རྒྱུ་དེ་ཀུན་ཀྱིས་མི་འགྲུབ་རྒྱུ་ཅི་ཡོད། ཐམས་ཅད་མི་ཡིན་ཞིང་དབང་པོ་ཚང་ལུགས་འདྲ་འདྲ་རེད། འོན་ཀྱང་སྙིང་སྟོབས་དང་བཟོད་བསྲན་ཞིག་མེད་ན་ཆོས་འཇིག་རྟེན་གང་ཡང་མི་འགྲུབ་སྟེ། རྗེ་བཙུན་མི་ལ་རས་པས་འཇིག་རྟེན་ཕྱོགས་ཀྱི་མཐུ་དང་ངན་སྔགས་སྒྲུབ་དུས་ཅི་འདྲའི་སྙིང་རུས་བྱས་ཏེ་དགྲ་ལ་དགྲ་ལན་སྤྲད། གཉེན་ལ་ཇ་ལན་བྱས། ཡང་ཆོས་སྒྲུབ་དུས་ཀྱང་ཅི་འདྲའི་དཀའ་སྤྱད་དང་སྙིང་རུས་མ་བྱས། དཔེར་ན་སྲས་མཁར་དགུ་ཐོག་དེ་མི་གཅིག་གིས་བཞེངས་པ་ལྟ་ཅི་ཁང་པ་བརྩེག་གཅིག་ཙམ་ལས་བཅུག་ནའང་། བྱ་བ་དེ་མ་འགྲུབ་གོང་ནས་བླ་རྒན་ལ་ངོ་ལོག་བརྒྱབ་ནས་ཆས་འགྲོ་ཤག་ཤག་རེད། ཁོང་ནི་སྙིང་རུས་ཀྱི་སྟོབས་ཀྱིས་ཟ་དང་རུག་པ་སྒོག་པ་གསུམ་ལུས་འཚོ་བའི་ཁ་ཟས་བྱས་ནས། སྒྲུབ་པ་ཉམས་ལེན་མཛད་དེ་མཐར་སྐུ་ཚེ་དེའི་ཐོག་ནས་གྲུབ་པ་ཐོབ་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་སོང་བ་རེད། གལ་ཏེ་དེ་ཙམ་ཞིག་མ་ཐུབ་ཀྱང་དེ་སྔོན་འཁོར་བ་འཁྱམས་ནས་སྙིང་པོ་མེད་པས་ཞེ་སུན་ནས། ཉོན་མོངས་དང་སྐྱོན་གྱི་གོང་བུ་རང་དང་རང་འདྲའི་སེམས་ཅན་མཐོ་དམན་དྲག་ཞན་སུ་འགྲོགས་ཀྱང་སྐྱོན་གྱི་རིལ་རིལ། དུག་རྫས་ལོག་ལོག་ཅིག་ཡིན་པར་ཤེས་སོང་ནས་ཞེན་པ་ལོག་སྟེ་ངེས་འབྱུང་ཡང་དག་རེ་མི་སྐྱེ་ཐབས་མེད་ལ་ཐུག འཁོར་བ་ཕར་མ་བསྐྱུར་ན་འཁོར་བས་ཚུར་སྐྱུར་བའི་ས་ཚོད་ལ་ཁེལ་ཡོད་ན། གནས་རི་ཁྲོད། གྲོགས་རི་དྭགས། བློ་འདྲི་ས་བླ་མའི་མན་ངག སེམས་སྐྱོ་གྲོགས་ཆོས་མཐུན་གྱི་མཆེད་པོ་མ་གཏོགས་མེད་པར་ཆོས་སྒྲུབ་ན། འདི་བདེ་ཕྱི་སྐྱིད་འོང་རྒྱུ་བོ་ཞེ་ལ་བཞག་ནས། འཁོར་ངན་བཙོན་ཁང་ལྟ་བུ་འདིའི་ནང་ནས་རང་གིས་རང་ཐག་བཅད་དེ་བྲོས་མ་ཐུབ་ན། བཙོན་སྲུང་བདུད་ཀྱི་སོ་བ་ལྟ་བུ་ཕ་མ་ཉེ་འབྲེལ་ཀུན་ཀྱིས་ཁྱོད་ལ་བློ་ལེགས་པོ་ཞིག་སློབ་རྒྱུ་མེད། གལ་ཏེ་དེ་དག་གིས་ཁྱོད་ལ་ངན་སེམས་མེད་ཀྱང་དེ་དག་མ་རིག་པའི་གདོན་གྱིས་བཏབ་ཏེ་ཉོན་མོངས་པའི་སྨྱོ་ཆུ་འཐུང་ནས་སྨྱོས་པ་ཤ་སྟག་ཡིན་པས། རང་གི་རྡོག་སྣ་མི་རིག་ན་གཞན་ལ་ལམ་སྟོན་དང་སྐྱེལ་མ་ཞིག་བྱེད་མི་ཐུབ་ཤག་ཤག་ཡིན་རེད། དེས་ན་འཁྲུལ་བའི་གཞན་དབང་དུ་གྱུར་བའི་མ་རྒན་སེམས་ཅན་དེ་དག་གི་དོན་དུ། སྔོན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འགྲོ་བའི་དོན་དུ་ཐུགས་ཇི་ལྟར་བསྐྱེད་པ་དང་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ། བདག་གིས་ཀྱང་དེ་དག་གི་རྗེས་སུ་འབྲངས་ནས་སེམས་ཅན་ལ་ཕན་པ་བསྒྲུབ་དགོས་བསམ། སྙིགས་མའི་དུས་འདིར་སངས་རྒྱས་དངོས་མཇལ་བའི་སྐལ་བ་མེད་ཀྱང་དེའི་སྤྲུལ་པ་བླ་མ་དགེ་བའི་བཤེས་གཉེན་གྱིས་མི་རང་དང་འཚམས་པའི་སྐད་དང་སྤྱོད་ལམ་གྱི་ཐོག་ནས་དམ་པའི་ཆོས་ཀྱི་བདུད་རྩིའི་བགོ་སྐལ་གནང་བ་ཡིན་ན། རང་སྐལ་གྱི་ཆོས་ཉམས་སུ་ལེན་དགོས་བསམ་རྒྱུའི་ཀུན་སློང་དེ་དང་མ་བྲལ་བའི་ཐོག་ནས། ཆོས་ཉན་ཚུལ་ཀུན་སློང་ཀུན་སྤྱོད་ཐམས་ཅད་དུས་དང་ནམ་པ་རྒྱུན་དྲུག་ཏུ་བཤད་པ་ལྟར་ཕྱག་ལེན་ལ་བསྟར་ནས་གསན་དགོས། གང་ཞིག་གསན་པར་བྱ་བ་ནི། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྐབས་ལས། དང་པོ་ཚད་མེད་བཞིས་བློ་སྦྱོང་བ་གོང་དུ་སོང་ནས།

༼༢བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དངོས།

གཉིས་པ་སེམས་བསྐྱེད་པ་དངོས་ལ། ངོ་བོ། དབྱེ། སེམས་བསྐྱེད་ཚུལ་དང་གསུམ་ལས། སེམས་བསྐྱེད་ཀྱི་ངོ་བོ་ནི། མགོན་པོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ཡིན། ཟུར་དང་པོ་སྙིང་རྗེས་གཞན་དོན་ལ་དམིགས་པའི་ཟུར་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་ཀྱི་བློ་དེ་ཉིད་ཡིན། ཟུར་ཕྱི་མ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་འགོད་པར་བྱ་སྙམ་པ་དེ་ཡིན། གཉིས་པ་དབྱེ་བ་ནི། ཟུར་དང་པོ་ལ་དབྱེ་བ་མེད་ཀྱང་། ཟུར་ཕྱི་མ་ཤེས་རབ་ཀྱི་རྫོགས་བྱང་ལ་དམིགས་པ་ལ་བློ་སྟོབས་ཀྱི་ཁྱད་པར་གྱིས་དབྱེ་ན་གསུམ་ཡོད་དེ། དང་པོ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ནི། རྒྱལ་པོ་རྣམས་དང་པོ་རང་ཉིད་ཀྱིས་ཕ་རོལ་གཞན་གྱི་སྡེ་ཐམས་ཅད་ཟིལ་གྱིས་མནན་ཏེ་མངའ་འོག་ཏུ་བཅུག རང་ཕྱོགས་ཀྱི་དཔུང་བསྟོད་དེ་སྔོན་ལ་རང་ཉིད་རྒྱལ་པོ་བྱས་ནས། དེ་རྗེས་སུ་སྡེ་མངའ་རིས་སྐྱོང་བར་འདོད་པ་བཞིན་དུ། ཐོག་མར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ནས། དེའི་རྗེས་སུ་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དོ། །གཉིས་པ་མཉན་པ་ལྟ་བུའི་སེམས་བསྐྱེད་ནི། མཉན་པ་ཞེས་བྱ་བ་གྲུ་པ་རྣམས་ཀྱིས་རང་ཉིད་དང་གྲུར་ཞུགས་པའི་མི་ལ་སོགས་པ་ཐམས་ཅད་མཉམ་དུ་ཆུའི་ཕ་རོལ་ཏུ་འགྲོ་བར་འདོད་པ་ལྟར། གཏམ་དཔེ་ལ། བློ་གྲུ་ནང་མི་དང་གྲུ་པ་གཉིས། །ལས་བྱ་བ་གཅིག་ལ་རྡོག་པ་གཏད། །ཅེས་པ་ལྟར། ང་སྔོན་ལ་མི་འགྲོ་སེམས་ཅན་རྗེས་ལ་མི་བཞག་པ་རང་དང་སེམས་ཅན་ཐམས་ཅད་ལྷན་ཅིག་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་མཉན་པ་ལྟ་བུའམ་ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་བྱའོ། །གསུམ་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་ནི། ཕྱུགས་རྫི་རྣམས་ཀྱིས་དང་པོར་ཕྱུགས་ལུག་རྣམས་རྩ་ཆུ་རྙེད་པ་དང་། འཕར་སྤྱང་སོགས་ཀྱིས་གནོད་པ་མེད་པར་བྱས་ཏེ་གཅིག་ཀྱང་མ་ལུས་པ་སྔོན་དུ་དེད། རང་ཉིད་ནོར་ཕྱུགས་དེའི་ཕྱི་བཞིན་འབྲངས་ཏེ་རྗེས་ནས་འོང་བ་དང་འདྲ་བར། འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རང་དོན་ཁོ་ན་སྒྲུབ་བསྡད་པས་ད་ལྟའི་བར་དུ་འཁྱམས། ད་དུང་ཡང་དེ་བཞིན་བྱས་ན་ཐ་མ་མེད་པའི་བར་དུ་འཁོར་བར་འཁྱམས་དགོས་པ་ཡིན་པས། ད་ནི་ང་རང་ཅི་རེད་ཀྱང་རེད། དང་པོ་ངས་སྔོན་ལ་ཁམས་གསུམ་གྱི་མ་རྒན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་ནས་ཕྱི་ནས་རང་ཉིད་འཚང་རྒྱ་བར་འདོད་པ་དང་གསུམ་ལས། དང་པོ་རྒྱལ་པོ་ལྟ་བུ་ནི་འདོད་ཆེན་པོའི་སེམས་བསྐྱེད་ཅེས་བྱ་སྟེ་བློ་སྟོབས་ཐ་མ་ཡིན། གཉིས་པ་མཉན་པ་ལྟ་བུ་ནི། ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་བྱ་སྟེ། བློ་སྟོབས་འབྲིང་པོ་ཡིན་ཞིང་དཔེར་ན་རྗེ་བཙུན་བྱམས་པ་ལྟ་བུའི་སེམས་བསྐྱེད་ཡིན་པར་གསུངས། རྫི་བོ་ལྟ་བུ་ནི་དཔེ་མེད་པའི་སེམས་བསྐྱེད་ཅེས་བྱ་སྟེ། ཤིན་ཏུ་བློ་སྟོབས་ཆེན་པོ་དང་ལྡན་པ། དཔེར་ན་རྗེ་བཙུན་འཇམ་དཔལ་དབྱངས་དང་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུའི་སེམས་བསྐྱེད་ཡིན་པར་གསུངས་སོ། །དེ་ལྟ་བུའི་སེམས་བསྐྱེད་པ་དེས་ཟིན་པའི་སྒོ་ནས་དབང་པོ་ཐ་མས་བསྐལ་བ་གྲངས་མེད་སོ་གསུམ་དང་། འབྲིང་གིས་བདུན་དང་། དབང་པོ་རྣོན་པོས་གསུམ་གྱིས་སངས་རྒྱས་ཐོབ་པ་ཡིན། ས་མཚམས་ཀྱིས་དབྱེ་ན། ཚོགས་སྦྱོར་གྱི་ལམ་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་རྒྱུད་ལ་སྐྱེ་རུང་ཡོད་ཀྱང་། དོན་དམ་བྱང་ཆུབ་ཀྱི་སེམས་ལ་དོན་སྤྱིའི་སྒོ་ནས་གོ་བའམ་མྱོང་བ་ཙམ་ལས་མངོན་སུམ་དུ་མ་རྟོགས་པས་ན་མོས་པས་སྤྱོད་པའི་སེམས་བསྐྱེད་ཅེས་བརྗོད། འདིའི་སྐབས་སུ་ཚོགས་ལམ་པས་གོ། སྦྱོར་ལམ་པས་མྱོང་། མཐོང་ལམ་པས་རྟོགས་ཞེས་དོན་དམ་སེམས་བསྐྱེད་ཀྱི་སྟེང་ནས་མང་དུ་བཤད་རྒྱུ་ཡོད་ནི་རེད། ས་དང་པོ་ནས་བདུན་པའི་བར་ལ་བདག་དང་གཞན་གྱི་དོན་ལ་ཁྱད་མེད་པའི་བློ་འབྱོངས་བས་ལྷག་བསམ་རྣམ་དག་གི་སེམས་བསྐྱེད་དམ་དེ་དག་གི་སྐབས་སུ་མཉམ་བཞག་ཏུ་ཉོན་ཡིད་འགགས་ནས་རྗེས་ཐོབ་ཏུ་ངར་འཛིན་ཕྲ་བ་རེ་སྐྱེས་ཀྱང་ལམ་གྱི་བར་ཆད་དུ་མི་འགྱུར་བ་ཡིན་པས་ཀྱང་ལྷག་བསམ་དག་པའི་སེམས་བསྐྱེད་ཅེས་བྱ། དག་པ་ས་གསུམ་ན་སྔར་ཚོགས་སྦྱོར་གྱི་ལམ་གྱི་སྐབས་སུ་སྨོན་ལམ་གང་བཏབ་པ་དེ་དག་ད་སྒྲུབ་རན་ཞིང་དཔེར་ན་སྟོན་ཀ་ལོ་ཏོག་སྨིན་པ་དང་འདྲ་ཞིང་གཞན་དོན་རླབས་པོ་ཆེ་འགྲུབ་པའི་དུས་ལ་བབས་པས་རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་བྱ། སངས་རྒྱས་ཀྱི་ས་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ནས་ཀུན་རྫོབ་སེམས་བསྐྱེད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་ཞེས་སྔར་ཁས་བླངས་པའི་དུས་ལས་འདས་ཀྱང་། དོན་དམ་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་ཚུལ་དུ་ཡར་ལྡན་དུ་ཡོད་ཅིང་། གཞན་སེམས་ཅན་དཔག་ཏུ་མེད་པ་ལ་སེམས་བསྐྱེད་པའི་མགོ་ཚུགས་པས་སེམས་བསྐྱེད་ཅེས་སྨོས་པ་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་རྣམ་པ་བཞི་ཡོད། སེམས་བསྐྱེད་རང་གི་ངོ་བོའི་སྒོ་ནས་དབྱེ་ན་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་ཡོད་དེ། ཀུན་རྫོབ་དོན་དམ་དབྱེ་བ་ཡི། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་གསུངས་པ་ལྟར་ཡིན་པས་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བློ་རྣམ་པར་རྟོག་པ་འདིའི་སྟེང་ནས་སྐྱེད་སྡུད་བྱེད་པ་ཡིན་ལ། དོན་དམ་སེམས་བསྐྱེད་རྣམ་པར་རྟོག་པའི་རྒྱུ་བ་དབྱིངས་སུ་ནུབ་པའི་ཡེ་ཤེས་ལ་བཞག་ལ། ཀུན་རྫོབ་སེམས་བསྐྱེད་ལ་ཡང་ནང་གསེས་ཀྱི་དབྱེ་བ་གཉིས་ཏེ། འབྲས་བུ་ལ་དམ་བཅའ་བ་སྨོན་པ་སེམས་བསྐྱེད་དང་། རྒྱུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་གཉིས། དེ་ཡང་སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས། དཔེར་ན་ཉི་མ་ལྷ་ས་ལྟ་བུ་ཞིག་ཏུ་འགྲོ་བ་ལ། དང་པོ་ང་ལྷ་སར་གཅིག་འགྲོ་སྙམ་པ་ལྟར་དུ། དང་པོ་ངས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་བྱ་སྙམ་པ་འགྲོ་བར་འདོད་པ་ལྟ་བུ་སྨོན་པའི་སེམས་བསྐྱེད་དེ་དེའི་འབྲས་བུ་རྫོགས་པའི་བྱང་ཆུབ་ལ་དམིགས་པ་ཡིན། ལྷ་སར་འགྲོ་བ་དངོས་ཀྱི་གྲོ་ཆས་དང་ཁལ་རྟ་སོགས་སྟ་གོན་བྱས་ནས་དངོས་སུ་ལམ་དུ་ཞུགས་ཏེ་འགྲོ་བ་ལྟར། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་དེའི་རྒྱུ་སྦྱིན་པ་གཏོང་། ཚུལ་ཁྲིམས་བསྲུང་། བཟོད་པ་བསྒོམ། བརྩོན་འགྲུས་བརྩམ། བསམ་གཏན་ལ་མཉམ་པར་འཇོག ཤེས་རབ་ལ་བློ་སྦྱང་སྙམ་ནས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དངོས་སུ་སློབ་པ་ནི། འགྲོ་བ་དངོས་ལྟ་བུ་ཕྱིན་དྲུག་གི་ལམ་ལ་འཇུག་པ་བྱང་ཆུབ་ཀྱི་སེམས་ཡིན། དེ་ལྟ་བུའི་སྨོན་པ་དང་འཇུག་པའི་སེམས་བསྐྱེད་དེ་གཉིས་ཀ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ཞིང་། ཚོགས་སྦྱོར་གྱི་ལམ་དུ་དེ་ལྟ་བུའི་སེམས་བསྐྱེད་ལ་བསྟེན་ནས་ཡུན་རིང་པོར་བློ་སྦྱངས་པའི་མཐུ་ལས། མཐར་མཐོང་ལམ་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད། སྤྲོས་པ་ཐམས་ཅད་བྲལ་བའི་ཡེ་ཤེས་སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ནི་དོན་དམ་པའི་སེམས་བསྐྱེད་ཡིན། སྤྱིར་ན་ལྟ་བ་ལ་མངོན་སུམ་དང་རྗེས་དཔག་གཉིས་ཡོད། ཚོགས་སྦྱོར་གྱི་སྐབས་སུ་ལམ་རྗེས་དཔག་གི་ལྟ་བ་ཡིན་པས་མོས་པས་སྤྱོད་པའི་སེམས་བསྐྱེད་ཡིན། དེའི་ནང་ནས་སྦྱོར་ལམ་ངེས་འབྱེད་ཆ་བཞི་དྲོད་རྩེ་མོ་བཟོད་ཆོས་མཆོག་བཞིའི་ནང་གི་སྦྱོར་ལམ་ཆོས་མཆོག་དེ་མ་ཐག་པའི་ཡེ་ཤེས་ཡིན་པས་དེ་ཉིད་རྒྱུད་ལ་སྐྱེས་པའི་སྐད་ཅིག་ཕྱི་མ་ལ་མཐོང་ལམ་ལ་སྦྱོར་བ་ཡིན། ཚོགས་ལམ་ནས་མཐོང་ལམ་ལ་དབང་པོ་རྣོན་པོ་ཡིན་ཡང་བསྐལ་བ་གྲངས་མེད་གསུམ་ལས་གཅིག་འགོར་བ་ཡིན། མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ས་དང་པོ་རབ་ཏུ་དགའ་བ་ཞེས། རང་དོན་དུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་དང་། གཞན་དོན་ལ་ཏིང་ངེ་འཛིན་དང་རྫུ་འཕྲུལ་ལ་དབང་འབྱོར་ནས་བསྐལ་བ་སྐད་ཅིག་དང་། སྐད་ཅིག་བསྐལ་བར་སྒྱུར་བའི་རྫུ་འཕྲུལ་ལ་དབང་འབྱོར་བ་སོགས་ཀྱི་སྟོབས་ཀྱིས་འགྲོ་དོན་རྒྱ་ཆེན་པོ་འོང་བས་རབ་དགའ་ཞེས་དང་། དེ་ལྟར་ས་དང་པོ་ནས་བདུན་པའི་བར་གྱི་མ་དག་ས་བདུན་གྱི་སྐབས་སུ་ཉོན་སྒྲིབ་དངོས་སུ་སྤོང་། ཤེས་སྒྲིབ་བརྒྱུད་ནས་ཉམས་སྨད་པར་བྱས་པ་ཡིན། འོན་ཀྱང་ས་བདུན་པ་མན་ཆད་དུ་ཉོན་ཡིད་མ་སྤངས་པ་ཡིན་པས་མ་དག་ས་བདུན་ཞེས་བརྗོད་ལ། དེའི་སྐབས་སུ་རྗེས་ཐོབ་ན་རང་འདོད་ཀྱི་རྟོགས་པ་ཕྲ་མོ་རེ་འབྱུང་སྲིད་ནའང་རང་བཞིན་གྱིས་ཞིག་ཅིང་དག་འགྲོ་བས་སྦྱོར་བས་རང་དོན་མི་སྒྲུབ་པས་ན་ལྷག་བསམ་དག་པའི་སེམས་བསྐྱེད་ཀྱང་ཟེར། ཉོན་སྒྲིབ་ལྷག་མ་མ་ལུས་པ་ས་བདུན་པ་ནས་སྤངས་ཟིན་ལ། དག་པ་ས་གསུམ་དུ་ཤེས་སྒྲིབ་ཕྲ་རགས་ཐམས་ཅད་སྤངས་ནས་ས་བཅུའི་རྒྱུན་གྱི་མཐའ་མ་ལ་བག་ཆགས་ཀྱི་སྒྲིབ་པ་ལྷག་མ་མ་ལུས་པ་སྤངས་པ་ནི་རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་བྱའོ། །དེ་ལ་སྐད་ཅིག་དང་པོར་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་བག་ཆགས་ཀྱི་སྒྲིབ་པ་ལྷག་མ་མ་ལུས་པ་སྤངས་ནས། སྐད་ཅིག་གཉིས་པར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གནས་གྱུར་པ་དེ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། །འདིའི་སྐད་ཅིག་ནི་ཡུལ་ལ་བྱ་བ་བྱེད་པའི་སྒོ་ནས་བཞག་པ་ཡིན། སྒྲིབ་གཉིས་ངོས་འཛིན་ལ་བཞེད་པ་ཐ་དད་ཡོད་ཀྱང་། རང་ལུགས་རྒྱུད་བླ་མའི་དགོངས་དོན་ལྟར་དུ་སྒྲིབ་གཉིས་ཀྱི་ངོ་བོ་ནི། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་པ་ལྟར་དུ་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་ནི་ཉོན་སྒྲིབ་དང་། འཁོར་གསུམ་དུ་བདེན་པར་ཞེན་པ་ཤེས་སྒྲིབ་ཏུ་བཞེད། ལུགས་གཞན་ལ་བདེན་འཛིན་ཉོན་སྒྲིབ་དང་དེ་ཇེ་ཕྲ་སོང་བ་ལ་ཤེས་སྒྲིབ་དང་། དེ་ཇེ་ཕྲ་སོང་བ་བག་ཆགས་ཀྱི་སྒྲིབ་པར་འདོད་པ་ཡོད། དོན་དམ་སེམས་བསྐྱེད་སྔགས་ཀྱི་ལུགས་ལ་ཆོ་ག་ལས་སྐྱེ་བར་བཤད་ཡོད་ཀྱང་དེ་ནི་མོས་པ་ལམ་བྱེད་ཙམ་ལས་མཚན་ཉིད་པ་མིན། མཚན་ཉིད་པ་ནི་དམ་པ་གསུམ་ལ་བརྟེན་ནས་བསྒོམ་སྟོབས་ཀྱིས་ཐོབ་དགོས་པས་ཆོ་ག་ལ་མི་ལྟོས། དེ་ཡང་ཚོགས་ལམ་ནས་མཐོང་ལམ་བར་དམ་པ་གསུམ་ལ་བརྟེན་ནས་སྐྱེ་དགོས་ཏེ། ཡོངས་འཛིན་དམ་པ་ནི། ཕྱིའི་ཡོངས་འཛིན་བླ་མ་དང་རྫོགས་པའི་སངས་རྒྱས་མང་པོ་རབ་ཏུ་མཉེས་པར་བྱས་ཤིང་སུན་པར་མ་བྱས་པ་དང་། ནང་གི་ཡོངས་འཛིན་དམ་པ་སྙིང་རྗེ་དང་ཤེས་རབ་གཉིས་ཀྱིས་ཡོངས་སུ་བཟུང་བ་དང་། རྗེས་སྒྲུབ་དམ་པ་ནི་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་སྣང་མེད་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་དང་། རྟོགས་པ་དམ་པ་ནི། སྤྲོས་བྲལ་སྟོང་ཉིད་ཀྱི་དོན་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པ་ཡིན། མདོར་ན་དམ་པ་དེ་གསུམ་ལ་བརྟེན་ནས་དོན་དམ་སེམས་བསྐྱེད་མཚན་ཉིད་པ་སྐྱེ་དགོས་སོ། །འདིར་ལས་དང་པོ་པས་ཀུན་རྫོབ་སེམས་བསྐྱེད་ཆོ་ག་ལ་ལྟོས་པ་ཡིན་པས་བླ་མ་ལས་ལེན་ཚུལ་སེམས་བསྐྱེད་འབོག་ཆོག་ལྟར་བྱ་དགོས་ཏེ། སེམས་བསྐྱེད་འབོག་ཆོག་གི་ཆོ་ག་ལའང་དབུ་མ་ལུགས་དང་སེམས་ཙམ་ལུགས་གཉིས་ཡོད། འཕགས་པ་འཇམ་དཔལ་ནས་ཀླུ་སྒྲུབ་ལ་བརྒྱུད་པ་ནི་ཟབ་མོ་ལྟ་བའི་སྲོལ་དབུ་མའི་ལུགས་དང་། རྗེ་བཙུན་བྱམས་མགོན་ནས་འཕགས་པ་ཐོག་མེད་ལ་བརྒྱུད་པ་ནི་རྒྱ་ཆེན་སྤྱོད་པའི་སྲོལ་ལམ་སེམས་ཙམ་ལུགས་གཉིས་སུ་ཡོད། གང་ལྟར་ཡང་སྦྱོར་བ་སྔོན་འགྲོ། དངོས་གཞི་དམ་བཅའ་བ། མཇུག་རང་གཞན་དགའ་བ་བསྒོམ་པ་གསུམ་གྱི་ཆོ་ག་ལ་བརྟེན་ཏེ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་དགོས་པ་ཡིན། སྦྱོར་བ་སྔོན་འགྲོའི་ཆོས་ལ། ཚོགས་བསགས་པ། བློ་སྦྱོང་བ། ཡོངས་སུ་བཟུང་བའི་གཞི་གསུམ་པོ་གཏོང་ཕྱིར་བློ་སྦྱོང་དགོས། དངོས་གཞིའི་སྐབས་སུ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་ངས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། འཇུག་པ་ཕར་ཕྱིན་དྲུག་ལ་རང་ནུས་གང་ཡོད་ཀྱིས་བསླབ་པར་བྱ་སྙམ་པའི་ཀུན་སློང་དང་བཅས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སོགས་ཀྱིས་དགོངས་སུ་གསོལ་བ་གསུམ་སྔོན་དུ་སོང་ནས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོགས་ཀྱིས་སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཟུང་སྟེ། དངོས་གཞི་ཇི་ལྟར་སྔོན་གྱི་བདེ་གཤེགས་སོགས་ཀྱིས་དམ་བཅའ་བ་གསུམ་གྱི་རྗེས་མ་ཐོབ་མཚམས་བརྗོད་པ་གསུམ་གྱི་ཐ་མར་བྱང་སྡོམ་སྐྱེ་བ་ཡིན། དེ་ཡང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །ལ་སོགས་པ་ཚིག་རྐང་སྔ་མ་གཉིས་ཀྱིས་སྨོན་པ་བྱང་ཆུབ་མཆོག་ཏུ་ཐུགས་ཇི་ལྟར་བསྐྱེད་པ་དང་། ཕྱི་མ་གཉིས་ཀྱིས་འཇུག་པ་བྱང་ཆུབ་མཆོག་ཏུ་ཐུགས་ཇི་ལྟར་བསྐྱེད་པ་བསྟན་པས་གང་ལ་སློབ་པའི་ཡུལ་བསྟན་པ་ཡིན། བདག་ཀྱང་འགྲོ་ལ་ཕན་དོན་དུ། །སོགས་ཚིག་རྐང་ཕྱི་མ་གཉིས་ཀྱིས། བདག་གིས་ཀྱང་རྒྱལ་བ་སྲས་ཅས་ཀྱི་རྗེས་སུ་བསླབས་ཏེ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དེའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རང་ནུས་དང་འཚམས་པར་ཁས་བླངས་ནས་བརྗོད་པ་གསུམ་གྱི་མཇུག་རྫོགས་པའི་དེ་མ་ཐག་ཏུ་སྡོམ་པ་དངོས་སུ་རང་རྒྱུད་ལ་སྐྱེས་པ་ཡིན། དེ་ནས་མཇུག་རང་གཞན་དགའ་བ་སྒོམ་པ་ལ། གཉིས་ལས། རང་དགའ་བ་སྒོམ་པ་ནི། དུས་དེ་རིང་གི་ཉི་མའི་ཚེ་འདི་ལ་བདག་གི་མི་ལུས་ཐོབ་པ་དོན་ཡོད་འབྲས་བུ་ཅན་དུ་གྱུར་སོང་། སངས་རྒྱས་ཀྱི་རིགས་རིན་ཆེན་བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་ཟིན་པས་མིང་དོན་གཉིས་གནས་འགྱུར་ཏེ། སངས་རྒྱས་ཀྱི་སྐུ་ཡི་གདུང་འཚོབ། གསུང་གི་མཛོད་འཛིན། ཐུགས་ཀྱི་གསང་བ་འཆང་། གདུལ་བྱའི་ལྷག་མ་སྐྱོང་པའི་བྱང་ཆུབ་སེམས་དཔར་ང་གྱུར་སོང་བས་ད་ནི་བདག་གིས་ཅི་ལ་ཐུག་ཀྱང་། རང་དོན་ཡིད་བྱེད་ཀྱིས་སེམས་ཅན་བློས་གཏོང་བའི་སྐྱོན་མེད་པར་ཆོ་རིགས་བཙུན་པའི་རིགས་འདི་བརྗེད་པར་མི་བྱ། རིགས་དང་མཐུན་པའི་ལས་རྒྱལ་བ་སྲས་བཅས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་འཇུག་དགོས་བསམས་ནས། ངའི་རྒྱུད་ལ་དེ་རིང་ནས་རིན་ཆེན་བྱང་ཆུབ་ཀྱི་སེམས་སྐྱེས་པ་འདི་དཔེ་བཞག་ན་ལོང་བས་ཕྱགས་དར་ཁྲོད་ནས་རིན་ཆེན་གྱི་ཕུང་པོ་རྙེད་ན་དགའ་བ་ཇི་ལྟར་ཡོད། དེ་ལས་ཀྱང་མཆོག་ཏུ་དགའ་བ་ཞིག་ངས་རྙེད་པས་རང་དགའ་བ་བསྒོམ་དགོས་པ་ཡིན་བསམ། བདག་གིས་དེ་རིང་སྐྱོབ་པ་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔ་ནས་ཕ་མར་གྱུར་བའི་སེམས་ཅན་ཐམས་ཅད་གནས་སྐབས་ལྷ་མིའི་གོ་འཕང་ནས། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་གཏན་གྱི་བདེ་བ་ལ་མགྲོན་དུ་བོས་ཟིན་པས། ལྷ་དང་ལྷ་མིན་ལ་སོགས་འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་དགའ་བར་གྱིས་ཞེས་བཤད་ཟིན། དེས་ན་ཕྱིན་ཆད་ལྟུང་བ་ལ་མི་སྦྱོར་བའི་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་དུའང་རུང་། སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། །གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་འདི་རང་རྒྱུད་ལ་དངོས་སུ་སྐྱེ་བར་ཤིན་ཏུ་དཀའ། དེས་ན་རྒྱས་ན་ཚད་མེད་བཞི། ཡང་ན་བྱམས་སྙིང་རྗེ་གཉིས། བསྡུ་ན་སྙིང་རྗེ་ཉག་མ་གཅིག་པོ་བསྒོམ་པ་ལ་ནན་ཏན་བྱེད་དགོས། བྱང་ཆུབ་སེམས་བསྐྱེད་ནས་རྐྱེན་གྱིས་ཉམས་ཤོར་ན་མཆོད་འོས་རྒྱལ་བ་སྲས་བཅས་བསླུས་པ་དང་། འགྲོ་བ་སེམས་ཅན་ཐམས་ཅད་ལ་གཡོ་སྒྱུས་མགོ་བསྐོར་བ་སོགས་ནག་པོ་ཆོས་བཞི་རྒྱུད་ལ་འབྱུང་བ་ཡིན་པས་གཟབ་དགོས། སེམས་བསྐྱེད་པའི་ཕན་ཡོན་ནི། ཡོད་ན་སངས་རྒྱས་བསྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །ཅེས་གསུངས་པ་ལྟར་ཡིན། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དགེ་རྩ་གང་བྱས་ཐེག་པ་ཆེན་པོར་འགྲོ་ཞིང་དགེ་འབྲས་ལན་གཅིག་མྱོང་ནས་མི་ཟད་པ་ཡིན། སྡིག་པ་ཆེན་པོ་ཇི་ལྟ་བུ་ཞིག་ཡིན་ཡང་སྐད་ཅིག་གཅིག་ལ་འཇོམས་པར་བྱེད་པའང་ཡིན། ཇི་སྐད་དུ། ངན་འགྲོའི་ལམ་ནི་ལྡོག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟ་བུའི་ཕན་ཡོན་རྣམས་དུས་དང་རྣམ་པ་ཐམས་ཅད་དུ་དྲན་ན་བྱང་ཆུབ་ཀྱི་སེམས་མི་ཉམས་ཤིང་གོང་དུ་འཕེལ་བའི་དགོས་པ་ཡོད། དེ་ལྟར་ཆོ་ག་ལས་ཐོབ་པའི་སེམས་བསྐྱེད་དེ་ཉིད་མི་ཉམས་ཤིང་གོང་དུ་འཕེལ་བའི་ཕྱིར་དུ་དུས་དང་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་དེ་འདི་ལྟར་ཡང་དང་ཡང་དུ་བླང་དགོས། དེ་ཡང་མདུན་གྱི་ནམ་མཁར་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་སེམས་བསྐྱེད་ཀྱི་དཔང་པོར་སྐྱབས་འགྲོའི་ཚོགས་ཞིང་ཇི་ལྟ་བ་བཞིན་གསལ་གདབ། འདི་ལྟར་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་འདི་དག་ཐམས་ཅད་ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས་ད་ལ་ཐུག་གི་བར་དུ་རང་གི་ཕ་མར་མ་གྱུར་པ་ནི་སེམས་ཅན་གཅིག་ཀྱང་མེད། ཕ་མར་གྱུར་པའི་ཚེ་ད་ལྟའི་ཕ་མ་བཞིན་དུ་བུ་ཐེངས་གཅིག་ན་བ་ལས་ཀྱང་ཕ་མ་རང་ཤི་བ་འདམ་པའི་གཅེས་སྤྲས་སྣ་ཚོགས་ཀྱིས་བསྐྱངས། ཟས་སུ་ཕུད་བྱིན། གོས་ཀྱི་རྩེས་གཡོགས། ཤིན་ཏུ་བྱམས་པའི་སྒོ་ནས་བསྐྱེད་བསྲིངས་པའི་དྲིན་ཅན་ཤ་སྟག་ཡིན་པར་ངེས་ལ། དེ་ལྟ་བུའི་ཕ་མ་དྲིན་ཅན་དེ་དག་ཐམས་ཅད་རྨོངས་པའི་གཞན་དབང་དུ་གྱུར་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མུ་དང་མཐའ་མི་མངོན་པའི་རྦ་ལ་བྱིང་། མ་རིག་གཏི་མུག་གི་མུན་པ་འཐུག་པོས་མིག་བསྒྲིབས་ནས་ལོང་བར་གྱུར་པ། རྨོངས་པའི་དབང་གིས་ལམ་ཡང་དག་པ་དང་དེ་ལས་ལྡོག་པ་ལམ་མ་ཡིན་པའི་བླང་དོར་ནི་མི་ཤེས། ཡང་དག་པའི་ལམ་སྟོན་གྱི་བཤེས་གཉེན་དང་ནི་བྲལ། སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན། རེ་ལྟོས་དང་སྐྱབས་གནས་སུ་ཡང་མེད་པར་ལོང་བ་བཤེས་བྲལ་ཐང་སྟོང་དུ་འཁྱམས་པ་ལྟ་བུའི་མ་རྒན་དེ་ཐམས་ཅད་འཁོར་བའི་གནས་འདིར་ད་དུང་སྡུག་བསྔལ་མྱོང་བཞིན་བཞག་ནས། རང་ཉིད་གཅིག་པུ་ཞིག་འཁོར་བའི་སྡུག་བསྔལ་ལས་ཐར་བ་ལ་དགོས་པ་ཅི་ཡོད། རྒྱུ་མཚན་དེའི་ཕྱིར་ན་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྔོན་བྱོན་གྱི་ཕྱོགས་བཅུའི་རྒྱལ་དང་དེ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་སྤྱོད་རླབས་པོ་ཆེ་རྣམས་ལ་བདག་གིས་བསླབ་ཅིང་། འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་གནས་པ། དེ་ཙམ་དུ་བརྩོན་འགྲུས་བརྩམ་མོ་སྙམ་པའི་ངང་ནས། ཧོ་སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིས། །འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ། །རང་རིག་འོད་གསལ་དབྱིངས་སུ་ངལ་གསོ་ཕྱིར། །ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོ། །ཞེས་པའི་དོན་ལ་གཞིག་ན། ཧོ་ཞེས་པའི་དོན་འགས་སྙིང་རྗེ་བ་དང་སྐྱོ་བའི་ཚིག་ཏུ་ངོས་འཛིན་པའང་ཡོད། གཙོ་ཆེར་ངོ་མཚར་བའི་ཚིག་ལ་གོ་ཆོག ཅི་ལ་ངོ་མཚར་ན་སེམས་ཅན་ཐམས་ཅད་རང་རིག་འོད་གསལ་བའི་དབྱིངས་སུ་ངལ་གསོ་བའི་ཕྱིར་དུ་ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་པ་འདི་ལ་ངོ་མཚར་བ་ཡིན། དེ་ལྟར་ངོ་མཚར་བའི་ཚིག་གིས་སྣ་དྲངས་ཏེ། སེམས་ཅན་རང་རང་གིས་སྔོན་ལས་སྣ་ཚོགས་པ་བསགས་པའི་དབང་གིས་བདེ་སྡུག་གི་འབྲས་བུ་ཡང་སྣ་ཚོགས་པ། རང་སེམས་ཕྱིན་ཅི་ལོག་གི་སྣང་བ་འདི་དག་ཐམས་ཅད་དཔེ་ཆུ་ནང་གི་ཟླ་བའི་གཟུགས་བརྙན་སྣང་ཡང་དཔྱད་ན་བདེན་པར་མ་གྲུབ་པ་ལྟར། ཡུལ་དང་ཡུལ་ཅན་གཉིས་ཀ་ཐོག་མའི་གཞི་དུས་དང་། མཐར་ཕྱིན་འབྲས་དུས་ན་མེད་པས་གློ་བུར་འཁྲུལ་བའི་སྣང་བ་རྫུན་པ་བསླུ་བའི་ཆོས་ཅན་གྱི་སྣང་བ་འདི་དག་ཀྱང་། ལས་སྣ་ཚོགས་པའི་དབང་གིས་སོ་སོར་རི་མོ་བྲིས་པ་ལྟར་དུ་སྣང་བ་ཡིན་ཏེ། ལས་ནི་ཀུན་བྱེད་རི་མོ་མཁན་དང་འདྲ། །གསུངས་པ་ལྟར། ཆུ་གཅིག་ལ་རིགས་དྲུག་གིས་མཐོང་ཚུལ་མི་འདྲ་བའི་སྣང་བ་རྣམས་ཀྱང་ལས་དང་བག་ཆགས་ལས་བྱུང་བའི་གཟུང་འཛིན་འཁྲུལ་བའི་བློ་མ་ཟད་ཀྱི་བར་འགོག་ཏུ་མེད་པར་འཁོར་བའི་འཁོར་ལོ་རྒྱུན་མ་ཆད་པར་གཅིག་རྗེས་སུ་གཉིས་མཐུད་ནས་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ་བ་འདི་དག་ཐམས་ཅད་ཀྱི་ལས་སྣང་བག་ཆགས་དང་བཅས་པ་ཐམས་ཅད་བྲལ་ཏེ་རང་གི་རིག་པའི་ཡེ་ཤེས་འོད་གསལ་ཀྱི་དབྱིངས་སུ་སོན་ཏེ། མི་དགེ་བའི་ལས་སྣ་ཚོགས་ཀྱིས་ངལ་ཞིང་དུབ་པའི་འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དབུགས་འབྱིན་གྱི་ངལ་གསོ་ཐོབ་པའི་ཕྱིར་དུ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་ཀྱི་སྙིང་རྗེ་ཚད་མེད། དེའི་རྒྱུ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བར་འདོད་པའི་བློ་བཏང་སྙོམས་ཚད་མེད། བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་འདོད་པ་བྱམས་པ་ཚད་མེད། བདེ་བ་རྒྱུ་འབྲས་གཉིས་དང་མི་འབྲལ་བར་འདོད་པ་དེ་དགའ་བ་ཚད་མེད་ཡིན་ན། ཚད་མེད་སྔ་མ་གཉིས་ཀྱིས་སེམས་ཅན་ལ་དམིགས་པ་དང་། ཕྱི་མ་གཉིས་ནི་བླ་ན་མེད་པའི་བདེ་བ་འོད་གསལ་ཆོས་སྐུ་ཐོབ་འདོད་ཀྱི་བྱམས་པ་ཚད་མེད། དེ་དང་མི་འབྲལ་བར་འདོད་པ་དགའ་བ་ཚད་མེད་གཉིས་ཀྱིས་འབྲས་བུ་རྫོགས་པའི་བྱང་ཆུབ་ལ་དམིགས་པ་ཡིན། དེ་ལྟ་བུའི་ཚད་མེད་རྣམ་པ་བཞི་ཡིས་བློ་ཡང་ནས་ཡང་དུ་སྦྱངས་པའི་མཐར། སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅི་ནས་ཀྱང་ཐོབ་ངེས་པ་ཞིག་བྱའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་ཟབ་མོ་འདི་ཉིད་ཀྱིས་མཚོན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་ནས། འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་གནས་པའི་བར་དུ་བརྩོན་འགྲུས་བརྩམ་པར་བྱའོ་སྙམ་པ་འཇུག་པ་སེམས་བསྐྱེད་ཡིན། དེ་ལྟ་བུའི་སེམས་རྣམ་པ་གཉིས་བསྐྱེད་དོ་ཞེས་གསུངས་སོ། །དེ་ལྟར་ཅི་མང་དུ་བརྗོད་ནས་ཐུན་དང་བཅས་འབུམ་ཕྲག་གཅིག་འགྲོ་ངེས་བྱ་དགོས། ཐུན་སྡོམ་པ་སོ་སོའི་མཐར། ཚོགས་ཞིང་གི་ལྷ་ཚོགས་རྣམས་ལ་མོས་གུས་དུང་དུང་པ་ཞིག་བྱས་པས། སེམས་བསྐྱེད་ཀྱི་དཔང་པོར་བཞུགས་པའི་ལྷ་ཚོགས་དེ་དག་ཐམས་ཅད་མཐའ་བསྐོར་ནས་རིམ་པ་བཞིན་དུ་འོད་དུ་ཡལ་ཏེ་དབུས་ཀྱི་བླ་མ་སྐྱབས་གསུམ་ཀུན་འདུས་ལ་ཐིམ། དབུས་ཀྱི་བླ་མ་སྐྱབས་གསུམ་ཀུན་འདུས་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་སྐྱབས་ཡུལ་ལྷ་ཚོགས་དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད་རང་རྒྱུད་ལ་ལྷང་གིས་སྐྱེས་པར་བསམ། སྐབས་སྐབས་སུ་བདག་གཞན་མཉམ་བརྗེའི་བློ་དང་། ཁྱད་པར་དུ་དབུགས་ཀྱི་འགྲོ་འོང་དང་བསྟུན་ཏེ་བདེ་སྡུག་གཏོང་ལེན་གྱི་དམིགས་པ་ཡང་ཉམས་སུ་བླངས་ནས། བདག་མེད་རྣམ་གཉིས་ཀྱི་ངེས་པས་དྲངས་བའི་ཞི་ལྷག་ཟུང་འཇུག་གི་དོན་དམ་པའི་བྱང་ཆུབ་སེམས་ཀྱང་ཅི་རིགས་སྒོམ་པ་གལ་ཆེ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་སྙིང་ཐག་པ་ནས་སྨོན་ལམ་གྱི་ཚིག་རྗེས་དོན་འབྲེལ་དང་འཇམ་དཔལ་དཔའ་བོས་སོགས་ཀྱིས་བསྔོ་བ་བྱ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་ནི། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱི་སྙིང་པོ་དྲིལ་དྲིལ་བ་ཡོད་ན་དེས་ཆོག མེད་ན་ཐབས་ཆགས་ཀྱི་གདམས་པ། ནད་བརྒྱ་སྨན་གཅིག སྨན་དཀར་པོ་ཆིག་ཐུབ་ལྟ་བུ་ཡིན། གཞན་ཚོགས་བསགས་པ། སྒྲིབ་པ་སྦྱང་བ། ལྷ་བསྒོམ་པ། སྔགས་བཟླ་བ་ལ་སོགས་ཆོས་ཉམས་སུ་ལེན་པ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ཡིད་བཞིན་གྱི་ནོར་བུ་འདི་རྒྱུད་ལ་སྐྱེ་བའི་ཐབས་ཙམ་དུ་ཉམས་སུ་ལེན་པ་ཡིན་གྱི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ལ་མ་བསྟེན་པར་རང་རང་སོ་སོའི་ལམ་གཞན་གྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མི་ནུས། དེས་ན་འདི་ལ་ལྟོས་ན་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་སྦྱོར་དང་། བྱང་ཆུབ་ཀྱི་སེམས་ལ་གནོད་པའི་དགེ་སྦྱོར་ཞིག་ཡིན་ནས་བཟུང་སྟེ་ཐམས་ཅད་བདུད་ལས་ཡིན་ཞེས་སྨྲ་ཕོད། བྱང་ཆུབ་ཀྱི་སེམས་འདི་རྒྱུད་ལ་སྐྱེས་ན་ཆོས་གང་བསྒྲུབ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྲོ་བ་ཡིན་པས། དུས་དང་རྣམ་པ་ཐམས་ཅད་དུ་རང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཉག་མ་རེ་སྐྱེ་བའི་ཐབས་ལ་སྒོ་དུ་མ་ནས་བསླབ་པར་བྱ་དགོས། བྱང་ཆུབ་སེམས་དང་པོ་མི་སྐྱེ་བ་དང་མཐར་ཉམས་པར་བྱེད་པའི་རྒྱུ་ནི། བདག་རང་འདོད་སྒྲུབ་པའི་བསམ་པ་དང་གྲོགས་ཁོང་ཁྲོ་གཉིས་གཙོ་བོ་ཡིན། དེ་གཉིས་ཀྱིས་བྱང་ཆུབ་སེམས་དང་པོ་མི་སྐྱེ། བར་དུ་མི་འཕེལ། མཐར་ཉམས་པར་བྱེད་པ་ཡིན། ཇི་ལྟར་ན་སྨོན་སེམས་ཀྱི་ཟུར་གཉིས་པོ་གང་ཉམས་ན་རྩ་བ་བཅད་ན་སྡོང་པོ་དང་ཡན་ལག་སོགས་སྐམ་པ་ལྟར། རྩ་བའི་ལྟུང་བས་ཉམས་ན་ཡན་ལག་གི་ལྟུང་བས་མ་ཉམས་ཀྱང་མི་ཕན། དེ་ཡང་སེམས་ཅན་བློས་བཏང་དང་རྣམ་མཁྱེན་བློས་བཏང་གིས་ཟུར་གཉིས་པོ་ཉམས་པ་ཡིན། དཔེར་ན་རང་ལ་གནོད་བསྐྱལ་བའི་དགྲ་བོ་ངོ་ནག་ཅིག་ལ་ཁོང་ཁྲོ་སྐྱེས་སྐབས། རང་འདོད་ཀྱི་ཀུན་སློང་གིས་སེམས་ཅན་དེ་བློས་བཏང་བ་ཡིན། དེས་ན་རང་འདོད་ཡིད་བྱེད་དང་ཁོང་ཁྲོ་གཉིས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་ནང་ནས་སེམས་ཅན་གཅིག་བློས་བཏང་བས་སེམས་ཅན་ཐམས་ཅད་ཅེས་པའི་དམ་བཅའ་ཉམས་སོང་བ་རེད། དཔེར་ན་དབྱུག་པ་ཆག་པ་གཅིག་གི་ནང་ནས་དབྱུག་པ་གཅིག་ཕྱུང་ན་ཆག་པ་ཞིག་འགྲོ་བ་ལྟར་ཡིན། དེས་ན་སེམས་ཅན་གཅིག་བློས་བཏང་ནས་གཞན་མ་བཏང་ཡང་རྩ་ལྟུང་བྱུང་ཚར་བ་ཡིན། རྣམ་མཁྱེན་བློས་བཏང་ནི། ཚོགས་སྦྱོར་གྱི་ལམ་ནས་བླ་ཤོར་ཏེ་མགོ་དང་ཡན་ལག་སོགས་ཀྱི་སྦྱིན་པ་དང་། དེ་བཞིན་ཕྱིན་དྲུག་གི་སྤྱོད་པ་རླབས་ཆེན་མི་ནུས་ནས་རང་དོན་ཞི་བདེ་ཉན་རང་གི་གོ་འཕང་ལྟ་བུ་དོན་དུ་གཉེར་ན་རྣམ་མཁྱེན་ཡང་བློས་བཏང་ཚར་བས། མདོ་ལུགས་ཀྱི་སོར་བྱང་གཉིས་ཀྱི་སྡོམ་པ་རང་འདོད་ཡིད་བྱེད་འདིས་ཤོར་འགྲོ་བ་ཡིན། སྔགས་ལུགས་ཀྱིས་བླ་མ་དང་མཆེད་གྲོགས་ལ་འགལ་བའི་དམ་ཚིག་འཆལ་བ་ཡང་རང་འདོད་ཡིད་བྱེད་འདིས་ལན་པ་ཡིན་པས་ཐབས་གང་དྲག་གིས་རང་འདོད་ཡིད་བྱེད་འདི་སྤོང་བར་བྱེད་པའི་ལས་ལ་བརྩོན་པ་ཤིན་ཏུ་གལ་ཆེ། དེ་བཞིན་དུ་རང་ལ་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་སྟོན་པའི་བླ་མ་དེ་ཡང་ཆོས་ཐེག་པ་ཆེན་པོའི་ལམ་དུ་འཛུད་པ་པོ་ཡིན་པས། བྱང་ཆུབ་སེམས་དང་མ་འབྲེལ་བའི་གདམས་ངག་གཞན་སྟོན་པ་ལས་བྱང་ཆུབ་སེམས་ཀྱི་མན་ངག་སྟོན་པའི་བླ་མ་ཉིད་བཀའ་དྲིན་ལྷག་པར་ཆེ་བ་ཡིན་ཏེ། ཇོ་བོ་རྗེ་ལྷ་ཅིག་གིས་བླ་མ་གཞན་གྱི་མཚན་ནས་བརྗོད་པའི་ཚེ་ཕྱག་ཐུགས་ཀར་ཐལ་མོ་སྦྱར། ཇོ་བོ་གསེར་གླིང་པའི་མཚན་ནས་བརྗོད་པའི་ཚེ། ཕྱག་ཐལ་མོ་སྤྱི་བོར་སྦྱར་ཏེ་སྤྱན་ཆབ་གཡོ་བཞིན་དུ་ཆོས་གསུངས་པ་ལ། སློབ་མ་རྣམས་ཀྱིས་ཇོ་བོས་བླ་མ་རྣམས་ཀྱི་མཚན་ནས་བརྗོད་པ་ལ་དད་གུས་ཀྱི་ཁྱད་པར་འདི་ཙམ་མཛད་པ། བླ་མ་དེ་རྣམས་ཀྱི་ཐུགས་རྒྱུད་ཀྱི་ཡོན་ཏན་ལ་ཆེ་ཆུང་ཡོད་པ་ཡིན་ནམ། ཁྱེད་རང་ཉིད་ལ་བཀའ་དྲིན་ལ་ཆེ་ཆུང་གི་ཁྱད་ཡོད་པ་གང་ཡིན་ཞུས་པས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞལ་ནས། ངའི་བླ་མ་དེ་ཐམས་ཅད་ལམ་རྟགས་ཀྱི་ཡོན་ཏན་ཡོད་པའི་གྲུབ་པ་ཐོབ་པ་ཤ་སྟག་ཡིན་པས་ཡོན་ཏན་ལ་ཆེ་ཆུང་མེད། བཀའ་དྲིན་ལ་ཆེ་ཆུང་ཡོད་དེ། ངའི་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་ཉག་མ་གཅིག་པོ་འདི་ཇོ་བོ་གསེར་གླིང་པའི་བཀའ་དྲིན་གྱིས་ཐོབ་པ་ཡིན་པས་ཁོང་བཀའ་དྲིན་ཆེ་གསུངས། མདོར་ན་སེར་སྐྱ་ཕོ་མོ་སུ་ཡིན་རུང་ནངས་རེ་བཞིན་དུ་མཆོད་ཁང་ནང་ཡར་སོང་ནས་ཕྱགས་དར་བྱས། མཆོད་སྤྲིན་གྱི་གཟུངས་དང་སྦྲགས་ཏེ་མཆོད་པ་གཙང་མ་རེ་བཤམས། སྤོས་ཤིག་སྒྲོན། ཕྱག་གསུམ་འཚལ་ནས་བྱང་ཆུབ་སེམས་སྡོམ་རེ་ཆགས་མེད་ལེན་རྒྱུ་གལ་ཆེ། དེ་ལྟར་སེམས་བསྐྱེད་པ་དེ་ཡང་། སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། །ཞེས་པ་ཡིན་པས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་ངེས་པར་སྐྱེས་པ་ཞིག་དགོས་ཀྱི། དོན་སེམས་ཐོག་ཏུ་མ་བླངས་པར་ཁ་ནས་སེམས་བསྐྱེད་འབུམ་ཕྲག་མང་པོ་བཏོན་ཀྱང་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་དེ། རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཁས་བླངས་ནས་དེ་བཞིན་དུ་མི་བྱེད་ན། རྒྱལ་བ་སྲས་བཅས་བསླུ་བར་འགྱུར་བ་ཡིན་པས་ཉེས་པ་ལྕི་བ་ལས་མེད་པས། དུས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་གཡོ་སྒྱུ་སྤངས་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་རྒྱུད་ལ་བསྐྱེད་པ་ལ་འབད་པར་བྱའོ། །གོང་དུ་བཤད་པ་ལྟར་ནངས་རེ་བཞིན་ཆགས་མེད་སྐུ་གསང་ཐུགས་རྟེན་གྱི་མདུན་ནམ། ཡང་ན་ཡིད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་པར་བསམ་ནས། བྱང་ཆུབ་སེམས་སྡོམ་རེ་ཆག་མེད་ལེན་དགོས། ཆག་མི་ཉན། གཞན་ཡང་རྟེན་རྩ་ཆེན་དང་བླ་མ་རྩ་ཆེན་སོགས་མཇལ་དུ་ཕྱིན་ཚེ་བྱང་ཆུབ་སེམས་སྡོམ་རེ་ལོངས། ད་ངས་སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཀུན་ཏུ་འགྲོ་བ་སེམས་ཅན་གཅིག་ལ་བ་སྤུའི་ཁུང་བུ་ཞིག་ལའང་། གནོད་མི་སྐྱེལ་ཞིང་ཕན་པ་རྒྱ་ཆེར་འགྲུབ་པར་ཤོག་ཅེས་སྨོན་ལམ་རྣམ་པར་དག་པ་བསྔོ་བ་དང་བཅས་ཏེ་དགེ་སྦྱོར་སྒྲུབ་དགོས། ད་ལྟའི་ཕལ་ཆེར་གྱིས་ཚེ་ཕྱི་མའི་ཡུལ་ནས་མཇལ་བར་ཤོག་ཅེས་ཡང་ཡང་བསྐྱར་ཡང་ཆོག་མོད། ཆོས་ས་ཆོས་ཡུལ་གྱི་མི་ཆོས་སྒྲུབ་མཁན་ཞིག་ཡིན་ཚེ་ཐོག་མཐའ་བར་གསུམ་ཁ་ཡིས་འདོན་པ་འདོན་ཚུལ་དང་། ཡིད་ལ་ཚིག་དོན་བསམ་ཚུལ་ཡང་མ་འདྲ་བ་ཞིག་ཡོད་དགོས། ང་རང་སྐོར་གཅིག་ལྷ་སའི་ཇོ་བོ་མཇལ་བཞིན་འགྲོ་སྐབས་ཁམས་ཕྱོགས་ཀྱི་རྒན་མོ་ཞིག་གིས། ང་ཡི་སྐྱིད་ཅིག་མེད་པར་ཤོག །ང་ཡི་རྒྱགས་ཤིག་མེད་པར་ཤོག །ཅེས་ཡང་ཡང་ཟེར་ཏེ་ཇོ་བོ་མཇལ་བཞིན་ཡོད་ཁི། དེ་ལ་དཔྱད་ན་མོ་རང་གི་ཡན་སུ་ཡང་མེད་དགོས་པའི་སྨོན་ལམ་རང་འདོད་ཅན་རེད་འདུག་པས་དེ་འདྲའི་ལོ་ནི་མ་རེད།

༼༣སྨོན་འཇུག་གི་བསླབ་བྱ་བསྟན་བ་ལ་གཉིས།

༼༡༽དང་པོ་སྨོན་པའི་བསླབ་བྱ་ལ།

གསུམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་བསླབ་བྱ་བསྟན་པ་ལ། བྱང་ཆུབ་སྨོན་པའི་བསླབ་བྱ་བདག་གཞན་མཉམ་པ། བརྗེ་བ། བདག་བས་གཞན་གཅེས་པ་བསྒོམ་པ་དང་གསུམ། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླང་བ་རྣམས་ལས།

༡༽བདག་གཞན་མཉམ་པ།

དང་པོ་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། འདི་ལྟར་ཐོག་མ་མེད་པའི་དུས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་འཁྱམས་པའི་རྒྱུ་ང་མེད་ལ་ང་དང་། བདག་མེད་ལ་བདག་ཏུ་བཟུང་ནས་བདག་ཁོ་ན་གཅེས་པར་བཟུང་བའི་རང་དོན་སྒྲུབ་པའི་བསམ་སྦྱོར་འདིས་ལན་པ་ཡིན་པས། མདོར་ན་ཚེ་འདི་དང་ཕྱི་མའི་སྡུག་བསྔལ་ཕྲ་རགས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཡོད་དོ་ཅོག་ཐམས་ཅད་ཀྱི་རྩ་བ་རང་འདོད་སྒྲུབ་པའི་བསམ་སྦྱོར་འདི་ལ་ཐུག་ཡོད། རང་འདོད་ཡིད་བྱེད་ཀྱི་བསམ་པ་འདིས་གནས་སྐབས་སུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ས་ལམ་གྱི་ཡོན་ཏན། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་འབྲས་བུའི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་མི་སྟེར་བ་ཡིན། དེས་ན་རང་གིས་རང་ལ་འདི་ལྟར་བརྟག་དགོས་ཏེ། ད་ལྟ་རང་གིས་དུས་དང་རྣམ་པ་ཐམས་ཅད་དུ་རང་ཉིད་ལ་བདེ་བ་ཁོ་ན་འོང་བར་འདོད་ཅིང་སྡུག་བསྔལ་གྱི་རྣམ་པ་ཆེ་ཆུང་སྣ་གཅིག་ཀྱང་འོང་བར་མི་འདོད། ཐ་ན་ཆུང་ས་ནས་ལུས་ལ་ཚེར་མ་ཟུག་པ་དང་། མེ་སྟག་ཕྲ་མོ་ལྷུང་བ་ཙམ་ཡང་འཕྲལ་དུ་སྡུག་བསྔལ་མི་བཟོད་པ་སྐྱེས་ནས་ཨ་ཚ་ཚ་ཟེར་ཞིང་བསྲན་མི་བཟོད། རྒྱབ་ནས་ཤིག་གིས་ཟོས་ན་ཡང་དེ་མ་ཐག་དེ་ལ་ཞེ་སྡང་དྲག་པོ་ཞིག་གློ་བུར་དུ་ལངས་ཏེ་བསྙབས་ནས་ཤིག་དེ་བཟུང་། སེན་མོ་གཅིག་གི་སྟེང་དུ་བཞག་ནས་གཅིག་གིས་ཤེད་ཀྱིས་གཅུར། ཤིག་བསད་ཟིན་ཀྱང་ད་དུང་ཡང་ཞེ་སྡང་གི་དབང་གིས་སེན་མོ་ཡང་ཡང་བརྡར་བར་བྱེད། ལར་ད་ལྟ་ཕལ་ཆེར་ཤིག་བསད་པ་ལ་སྡིག་པ་མེད་སྙམ་པ་འདུག་ཀྱང་། ཤིག་གསོད་པ་འདི་ཐམས་ཅད་ཀུན་སློང་ཞེ་སྡང་གིས་བསླངས་པ་ཡིན་པས་དམྱལ་བ་བསྡུས་འཇོམས་སུ་སྐྱེ་བའི་རྒྱུ་མ་ནོར་བ་ཡིན། དེས་ན་རང་ལ་སྡུག་བསྔལ་ཆུང་དུ་དེ་ཙམ་ཡང་མྱོང་བར་མི་བཟོད་པར། དེའི་ལན་དུ་གཞན་ལ་བསམ་དཔྱད་མི་བྱེད་པར་གནོད་པ་དང་སྡུག་བསྔལ་ཆེན་པོ་བྱེད་པ་འདི་ངོ་རེ་ཚ། ཁམས་གསུམ་གྱི་སེམས་ཅན་འདི་དག་ཐམས་ཅད་ཀྱང་རང་ལ་བདེ་བ་ཐམས་ཅད་ཐོབ་དགོས་པར་འདོད། སྡུག་བསྔལ་སྣ་གཅིག་ཀྱང་མི་འདོད་པ་ཐམས་ཅད་བདག་རང་ཉིད་དང་འདྲ་བ་ཁོ་ན་ཡིན། དེ་ལྟར་རང་གཞན་ཐམས་ཅད་ཀྱིས་བདེ་བ་ནི་འདོད། སྡུག་བསྔལ་ནི་མི་འདོད་ཀྱང་། བདེ་བའི་རྒྱུ་ཆོས་དགེ་བ་བཅུ་ཚུལ་བཞིན་སྒྲུབ་དགོས་ཀྱང་དེ་སྒྲུབ་རང་གིས་མི་ཤེས་པ་མ་ཟད་ཁྱད་པར། ལམ་ཚུལ་བཞིན་སྟོན་པའི་དགེ་བའི་བཤེས་གཉེན་ནི་མེད། གལ་ཏེ་ཡོད་ཀྱང་དེའི་བཀའ་བཞིན་མི་སྒྲུབ། སྡུག་བསྔལ་གྱི་རྒྱུ་མི་དགེ་བའི་ལས་ཐབས་ཁོ་ན་ལ་བརྩོན་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ཏེ། དུས་རྟག་ཏུ་སྡུག་བསྔལ་འབའ་ཞིག་གིས་གདུང་བའི་སེམས་ཅན་འདི་དག་ཐམས་ཅད་ཐོག་མ་མེད་པའི་དུས་ནས་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། བདག་ད་རེས་མཚན་ལྡན་གྱི་བླ་མ་དམ་པ་མཇལ་ཞིང་དེས་རྗེས་སུ་བཟུང་། ཐེག་པ་ཆེན་པོའི་ཆོས་དང་འཕྲད། དམ་པའི་ཆོས་ཀྱི་སྒོར་ཞུགས། དམ་པའི་ཆོས་ཟབ་མོ་ཐོབ་ནས་ཁེ་ཉེན་གྱི་ཁྱད་པར་ཤེས་པ་ཞིག་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་དང་འགྲོགས་པའི་དྲིན་ལས་ཆོས་པ་ཙམ་ཞིག་ཡིན་པས་ན། རྨོངས་པ་མ་རིག་པའི་གཞན་དབང་དུ་གྱུར་པའི་མ་རྒན་སེམས་ཅན་ཐམས་ཅད་རང་དང་ཁྱད་པར་མེད་པར་བདེ་བ་མཉམ་སྒྲུབ་བྱེད་དེ་འདི་དག་ལ་བརྩེ་བས་སྐྱོང་། སེམས་ཅན་དེ་དག་གིས་ཚུར་དྲིན་ལེན་ལོག་སྒྲུབ་དང་ཕྱོགས་རིས་སྡང་ཞེན་བྱས་པ་ལ་བཟོད་པར་བྱས་ཏེ། དགྲ་གཉེན་མཉམ་པ་ཉིད་དུ་བསྒོམ་པར་བྱའོ་སྙམ་དུ་ཡང་ཡང་བསྒོམ། སེམས་ཅན་ཐམས་ཅད་ཀྱི་བདེ་བའི་འབྲས་བུ་མངོན་མཐོ་ལྷ་མིའི་གོ་འཕང་ནས་རྫོགས་པའི་སངས་རྒྱས་ཀྱི་བདེ་བ་དང་། དེའི་རྒྱུ་དད་དང་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟེ་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་གྱུར་ཅིག་སྙམ་དུ་འབྲེལ་བ་སུམ་ལྡན་ནམ་བཞི་ལྡན་དུ་བསྒོམ། དུས་དང་རྣམ་པ་ཐམས་ཅད་དུ་རང་ལ་ཕན་པ་དང་བདེ་བའི་དངོས་པོ་ཅི་ལྟར་འདོད་པ་དེ་གཞན་ཡང་དེ་ལྟར་འདོད་པས། རང་གི་བདེ་བ་སྒྲུབ་པའི་ཆེད་དུ་འབད་རྩོལ་དང་བརྩོན་འགྲུས་བྱེད་པ་ལྟར། བསམ་སྦྱོར་གཉིས་ཀས་གཞན་གྱི་བདེ་བ་སྒྲུབ་པའི་ཆེད་དུ་ཡང་དེ་ལྟར་མཉམ་དུ་བརྩོན། རང་ལ་སྡུག་བསྔལ་གྱི་རྣམ་པ་ཕྲ་མོ་ཙམ་ཡང་སྤོང་བ་ལ་བརྩོན་པ་ལྟར། གཞན་ལ་ཡང་སྡུག་བསྔལ་ཕྲ་མོ་ཚུན་ཆད་སྤོང་བ་ལ་མཉམ་དུ་བརྩོན། རང་ལ་བདེ་སྐྱིད་དང་ལོངས་སྤྱོད་སོགས་ཡོད་ན་དགའ་བ་ལྟར། གཞན་ལ་བདེ་སྐྱིད་དང་ལོངས་སྤྱོད་སོགས་ཡོད་པ་ལ་སྙིང་ཐག་པ་ནས་དགའ་བ་བསྒོམ། མདོར་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རང་དང་ཁྱད་མེད་དུ་བལྟས་ནས། འཕྲལ་དང་ཡུན་གྱི་བདེ་བ་འབའ་ཞིག་སྒྲུབ་པའི་ཐབས་ཁོ་ན་ལྷུར་ལེན་དགོས་པ་ཡིན་ཏེ། རྗེ་དམ་པ་སངས་རྒྱས་ལ། དྲུང་པ་གཟི་རྣ་ཅན་གྱིས་གདམས་ངག་ཚིག་གཅིག་གིས་ཆོག་པ་ཞིག་ཞུས་པས། ཁྱེད་རང་ཅི་ལྟར་འདོད་པ་དེ་གཞན་རྣམས་ཀྱང་དེ་ལྟར་འདོད་པ་ཡིན་པས་དེ་དང་སྦྱོར་ཅིག་གསུངས། དེས་ན་རང་ལ་གཅེས་པར་འཛིན་པ་དང་། གཞན་ལ་སྡང་བར་འཛིན་པའི་ཆགས་སྡང་གི་བློ་ངན་རྩ་བ་དྲུངས་ནས་ཕྱུང་སྟེ་བདག་གཞན་མཉམ་པ་ཉིད་དུ་བལྟ་བར་བྱའོ། །བདག་གཞན་མཉམ་པའི་བྱང་ཆུབ་སེམས་འདི་རྒྱས་པར་ཕྱེ་ན་ཚད་མེད་པ་བཞི་ཚང་དགོས། བསྡུས་ན་བྱམས་སྙིང་རྗེ་གཉིས། མིན་ན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་གཅིག་པུ་བསྒོམ། མདོར་ན་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་བྱུང་ན་མཉམ་ཁུར་བྱེད། བདེ་བ་བྱུང་ན་མཉམ་བདེའི་ཆེད་དུ་སྒྲུབ་པར་བྱེད་པའི་ལམ་གྱི་དུས་བསམ་སྦྱོར་གཉིས་ཀ་མཉམ་དགོས། འབྲས་བུའི་དུས་སུ་བདག་གཞན་གྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཐབས་ཡིན། བདག་གཞན་མཉམ་པ་འདི་ལེགས་པར་གོམས་ཟིན་ནས་བདག་གཞན་བརྗེ་བ་སྒོམ་དགོས།

༢༽བདག་གཞན་བརྗེ་བ།

གཉིས་པ་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ནི། དངོས་སུ་ན་ཚ་དང་བཀྲེས་སྐོམ་ཡིད་མི་བདེ་བ་ལ་སོགས་སྡུག་བསྔལ་གྱིས་གདུང་བའི་སེམས་ཅན་མཐོང་ཆོས་སུ་ཡོད་པའམ། མིན་ན་སྡུག་བསྔལ་གྱིས་གདུང་བའི་སེམས་ཅན་ཞིག་མདུན་དུ་དངོས་སུ་ཡོད་པར་བསམས་ནས། རང་གི་དབུགས་ཕྱིར་རྒྱུ་བའི་ཚེ། བདག་གི་བདེ་བ་དང་ལེགས་པ་ཡོངས་སུ་བཟུང་བའི་གཞི་གསུམ་སྟེ་ལུས་དང་ལོངས་སྤྱོད་དུས་གསུམ་བསགས་ཡོད་ཀྱི་དགེ་བའི་རྩ་བ་དང་བཅས་པ་གོས་ཕུད་དེ་གཡོགས་པ་ལྟར་ཁོང་སྡུག་བསྔལ་བའི་སེམས་ཅན་ལ་སྦྱིན། སྡུག་བསྔལ་བའི་སེམས་ཅན་ཁོང་གི་ལུས་སེམས་གཉིས་ཀྱི་སྡུག་བསྔལ་ཅི་ཡོད་པ་དེ་དག་ཐམས་ཅད་རང་ཉིད་ཀྱི་དང་དུ་བླང་བར་བསམ་པ་དང་ལྷན་ཅིག་དམིགས་པ་གོམས་སླ་བའི་ཕྱིར་དབུགས་ནང་དུ་བརྔུབས་པས། དེ་ཉིད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བར་བསམ་པར་བྱའོ། དབུགས་ཕྱིར་གཏོང་བས་རང་ཉིད་ཀྱི་བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅད་སྡུག་བསྔལ་བའི་སེམས་ཅན་དེས་ཐོབ་པར་བསམས། ཡང་ཁོ་རང་ལ་སྡུག་བསྔལ་ཅི་ཡོད་པ་དེ་དག་ཐམས་ཅད་རང་ཉིད་ཀྱིས་བླངས་པར་བསམས་ནས་དབུགས་ནང་དུ་ལེན་པ་ལ་ཡང་ཡང་སྦྱོང་བ་འདི་དང་པོ་སེམས་ཅན་ཁོལ་བུ་བ་གཅིག་ལ་བསྒོམ། དེ་ནས་དགྲ་གཉེན་བར་མ་ལ་སོགས་པ་ནས་མཐར་སེམས་ཅན་ཐམས་ཅད་ཀྱི་བར་ལ་རིམ་པར་བསྒོམ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་གིས་ལེན་པའི་ཚེ། ཡང་རླུང་ནག་པོའི་རྣམ་པ་གཞན་གྱི་སྡུག་བསྔལ་ཐམས་ཅད་རང་ལ་ཚུར་ཐིམ་པ་དང་། རང་གི་བདེ་བ་གཞན་ལ་གཏོང་བའི་ཚེ་རླུང་དཀར་པོའི་རྣམ་པ་སྣ་བུག་ནས་ཐོན་ཏེ་མ་རྒན་སེམས་ཅན་ཐམས་ཅད་ལ་དམིགས་ནས་བདེ་བ་ཐོབ་པར་བསམ། བསམ་པ་ཙམ་གྱིས་མི་ཆོག་བསམ་སྦྱོར་གཉིས་ཀས་བསྒྲུབ་དགོས། བདག་གཞན་བརྗེ་བའི་དོན་དངོས་ནི། ཁེ་དང་རྒྱལ་ཁ་སེམས་ཅན་ལ་བྱིན། གྱོང་དང་ཕུབ་ཁ་རང་གིས་ལེན་པ་དེར་འདུས། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ལ་ཟུར་གཉིས་ཚང་དགོས། སྙིང་རྗེ་ཆེན་པོས་གཞན་སེམས་ཅན་གྱི་སྡུག་བསྔལ་རང་ལ་ལེན་པ་ནི། སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཟུར་ཡིན། བྱམས་པ་ཆེན་པོས་བདག་གི་བདེ་བ་ཐམས་ཅད་གཞན་ལ་བཏང་པ་དེ་ལ་ནི། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་ཚང་ཆོག་པ་ཡིན། དངོས་སུ་རང་ལ་མི་འདོད་པ་རྣམ་པ་སྣ་ཚོགས་དང་ན་ཚ་སྡུག་བསྔལ་ལ་སོགས་པ་བྱུང་བའི་ཚེ་ཡང་། ཁམས་གསུམ་འཁོར་བའི་གནས་འགྲོ་བ་རིགས་དྲུག་པོ་ན་ངའི་སྡུག་བསྔལ་འདི་ལྟ་བུ་དང་། འདི་ལས་ཚབས་ཆེ་བའི་སྡུག་བསྔལ་མྱོང་བའི་སེམས་ཅན་གྲངས་ཀྱིས་མི་ལངས་པ་དུ་མ་ཞིག་ཡོད་པ་དེ་དག་ཐམས་ཅད་ཀྱང་སྙིང་རེ་རྗེ། དེ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་སྐལ་བ་དེ་བདག་ལ་སྨིན་ཞིང་དེ་དག་ཐམས་ཅད་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན་པར་ཤོག་ཅིག དེ་ལྟར་ལྡན་ན་ཅི་མ་རུང་སྙམ་དུ་འབྲེལ་བ་བཞི་ལྡན་དུ་སྙིང་ཐག་པ་ནས་བསྒོམ། རང་ལ་བདེ་བ་དང་སྐྱིད་པ་ལ་སོགས་པ་བྱུང་ན། བདག་གི་བདེ་བ་འདི་སེམས་ཅན་ཐམས་ལ་སྦྱིན་པ་ཡིན་པས་སེམས་ཅན་ཐམས་ཅད་ལ་འདིའི་སྟོབས་ཀྱིས་བདེ་བར་གྱུར་ཅིག་བདེ་ན་ཅི་མ་རུང་སྙམ་དུ་འབྲེལ་བ་བཞི་ལྡན་བསྒོམ། སྐབས་སྐབས་སུ་ཚིག་གི་རྟ་ལ་བསྐྱོན་ནས། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་ན་གཞན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་ཤོག །ཅེས་དང་། གཞན་ཡང་། མཁའ་མཉམ་འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས། །བྲལ་ནས་བདག་གི་རྒྱུད་ལ་སྨིན་གྱུར་ཅིག །བདག་གི་ཕན་བདེའི་དགེ་ཚོགས་མ་ལུས་པ། །མར་གྱུར་འགྲོ་བས་ཐོབ་ནས་སངས་རྒྱས་ཤོག །གསུངས་པ་འདི་དག་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་ཐམས་ཅད་དུ་ཚིག་བློ་ལ་བྱང་ནས་མཚམས་མཚམས་སུ་བཏོན་ན་སྐྱེ་སླ་བ་ཡིན། དེ་ལྟར་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་འདི་ནི། རྒྱལ་སྲས་ཐོགས་མེད་ཀྱིས། སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་། །རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། །དེའི་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར་དུ་རང་གཅེས་པར་འཛིན་པ་དང་། གཞན་ཡལ་བར་དོར་བའི་བློ་གཉིས་བརྗེས་ནས་རང་ལ་གཞན་ལྟར་དུ་ཡལ་བར་འདོར་བའི་བློ་སྐྱེས་པ་སྟེ། ཆོས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ཐམས་ཅད་ཀྱི་བསྒོམ་བྱ་མཐར་ཐུག་གི་སྙིང་པོ་མ་ནོར་བ་ཡིན། བདག་གཞན་བརྗེ་བ་འདི་ལན་ཅིག་རྒྱུད་ལ་སྐྱེས་པས་ཀྱང་བསྐལ་པ་མང་པོའི་ལས་ངན་སྡིག་སྒྲིབ་ཐམས་ཅད་འདག་པ་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས། དེས་མཐུས་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་གནས་ལས་ཐར་བར་འགྱུར་བ་ཡིན་ཏེ། སྔོན་བདག་ཅག་གི་སྟོན་པ་འདི་ལས་མ་དག་པའི་སྐྱེ་བ་བླངས་སྐབས་ཤིང་རྟ་འདྲེན་པའི་དམྱལ་བར་སྐྱེས་པའི་ཚེ། གྲོགས་ཀཱ་མ་རུ་པ་བྱ་བ་དང་ཁོང་གཉིས་ཀྱིས་དམྱལ་བའི་ཤིང་རྟ་འདྲེན་པ་ལས། ཁོང་གཉིས་ཀ་ལུས་སྟོབས་ཆུང་བས་གཉིས་ཀས་འདྲེན་མ་ནུས་པ་ལ། དམྱལ་སྲུང་རྣམས་ཀྱིས་མཚོན་ཆ་རབ་ཏུ་འབར་བས་བསྣུན་ཞིང་འཚོག་པས་ཤིན་ཏུ་སྡུག་བསྔལ་བས། ཁོང་གིས་བསམ་པ་ལ། ངེད་གཉིས་ཀས་དྲངས་ཀྱང་མི་འདྲོང་བར་སྡུག་བསྔལ་བར་མཚུངས་པར་འདུག་པ་ལ། བདག་གཅིག་པུས་སྡུག་བསྔལ་བར་དྲངས་ལ། འདི་བདེ་བར་གཞུག་དགོས་དགོངས་ཏེ། དམྱལ་སྲུང་རྣམས་ལ་འདིའི་ཐག་པ་ཡང་བདག་གི་གཉའ་བ་ལ་ཐོགས་ཤིག བདག་གཅིག་པུས་ཤིང་རྟ་དྲང་བར་བྱའོ་བྱས་པས། དམྱལ་སྲུང་ཁྲོས་ཏེ། སེམས་ཅན་རང་རང་གི་ལས་ངན་གྱི་འབྲས་བུ་ལ་སྤྱོད་པ་ལ་སུས་ཅི་བྱ་ཟེར་ནས་ཁོང་གི་དབུ་ལ་ཐོ་ལུམ་བསྣུན་པས། བསམ་པ་བཟང་པོའི་མཐུས་དམྱལ་བ་ནས་ཚེ་འཕོས་ཏེ་ལྷ་ཡུལ་དུ་སྐྱེས། འདི་ཐུབ་པའི་གཞན་ཕན་གྱི་ཐོག་མ་ཡིན་པར་གསུངས། བདག་ཅག་གི་སྟོན་པས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་འདིའི་ཐད་ལ་བསམ་ན། སྤྱིར་ཐུགས་བསྐྱེད་པ་ལ་རགས་པ་བརྡ་ལས་བྱུང་བ་ཀུན་རྫོབ་སེམས་བསྐྱེད་དང་། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་པའི་སེམས་བསྐྱེད་གཉིས་ཡོད་ན། མདོ་སྡེ་མང་པོ་ཞིག་ལས་བདག་ཅག་གི་སྟོན་པས་ཐུགས་བསྐྱེད་ཚུལ་སྣ་ཚོགས་གསུངས། འོན་ཀྱང་ཀུན་རྫོབ་བྱང་ཆུབ་སེམས་སྐྱེ་བའི་རྒྱུ་གང་ཡིན་ན། མདོ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་པ་བཞིན་དུ། གྲོགས་དང་རྒྱུ་རིགས་དང་རྩ་བ་དང་ཐོས་པ་དང་དགེ་རྩའི་སྟོབས་ལས་སྐྱེ་བ་ལྔ་རུ་གསུངས་པ་ལས་འདིའི་སྐབས་སུ་གྲོགས་ཀཱ་མ་རུ་པ་ལ་སྙིང་རྗེ་སྐྱེས་ནས་བྱང་ཆུབ་སེམས་ཐོག་མར་སྐྱེས་པ་གསུངས་པ་འདི་རིགས་སད་པའི་སྟོབས་ལས་སྐྱེ་བ་ཡིན། དེ་ཡང་རིམ་པ་གྲོགས་སྟོབས་ལས་སྐྱེ་བ་ནི། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་གྱུར་པ་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་ཞེས་བྱ་བར་གྱུར་པ་དེས་ཐབས་ལ་མཁས་པས་བྲིད་ནས། དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གྱི་དྲུང་དུ་ཐུགས་བསྐྱེད་དུ་བཅུག་པ་གྲོགས་སྟོབས་ལས་སྐྱེས་པ་ཡིན། རྒྱུ་སྟོབས་ལས་བྱུང་བ་ནི། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་མཐོང་ནས་ཁྱེའུ་གསུམ་གྱི་ནང་གི་བར་བ་དེས་རང་གི་ལུས་ཀྱི་རྒྱན་ཆ་མུ་ཏིག་གི་སོ་མོ་དོ་ཕུལ་ཞིང་སངས་རྒྱས་དེ་ཅི་འདྲ་བར་འགྱུར་བའི་སྨོན་ལམ་བཏབ་པ་རྒྱུ་སྟོབས་ལས་སྐྱེ་བ་ཡིན། ཁྱེའུ་གསུམ་གྱི་ནང་ནས་རྒྱ་ཆེན་པོ་ལ་མོས་པ་སངས་རྒྱས་སུ་སྨོན་ལམ་འདེབས་པ་དེ་བཅོམ་ལྡན་འདས་ཉིད་ཡིན། གཞན་གཉིས་མཆོག་ཟུང་དུ་སྨོན་ལམ་འདེབས་པ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཡིན། རྩ་བའི་སྟོབས་ལས་བྱུང་བ་ནི། ཡང་གོང་དུ་བཤད་པའི་དམྱལ་བའི་ཤིང་རྟ་འདྲེན་པར་གྱུར་བའི་ཚེ་གྲོགས་ཀཱ་མ་རུ་པ་ལ་སྙིང་རྗེ་དང་བྱམས་པའི་སེམས་རང་ཤུགས་ཀྱིས་སྐྱེས་པ་དེ་རྩ་བ་རིགས་སད་པའི་སྟོབས་ལས་སྐྱེ་བ་ཡིན། ཐོས་སྟོབས་ལས་སྐྱེས་པ་ནི། རྒྱལ་པོ་འོད་ལྡན་གྱིས་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ནི་ཐོས་པའི་སྟོབས་ལས་བྱུང་བ་ཡིན། ཅི་འདྲ་ཐོས་ན། གླང་ཆེན་འདུལ་སྦྱོང་མཁན་ཞིག་གིས། བདག་གིས་གླང་པོ་ཆེའི་ལུས་འདུལ་བར་བྱས་ཀྱི་སེམས་ཀྱི་ཉོན་མོངས་འདུལ་མི་ནུས་ལ། སེམས་འདུལ་བ་ལ་སངས་རྒྱས་བཅོམ་ལྡན་འདས་ཡིན་ཞེས་སངས་རྒྱས་ཀྱི་བསྔགས་པ་བརྗོད་པ་ཐོས་པ་ལས་རྒྱལ་པོ་དེས་སྦྱིན་པ་སོགས་བྱས་ཏེ་སངས་རྒྱས་སུ་སྨོན་ལམ་བཏབ་པའི་མཐུས་སེམས་སྐྱེས་པ་དེ་ལྟ་བུ་ཡིན། དགེ་བ་གོམས་པའི་སྟོབས་ལས་སྐྱེས་པ་ནི། རྫ་མཁན་ཡངས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་བསོད་སྙོམས་ཕུལ་ནས། སངས་རྒྱས་དེ་ཅི་འདྲ་བར་བདག་ཀྱང་དེ་འདྲ་བར་འགྱུར་བའི་སྨོན་ལམ་བཏབ་པ་ལས་སྐྱེས་པ་ནི་དགེ་བའི་རྩ་བའི་སྟོབས་ཏེ། སྔོན་དགེ་རྩ་བསགས་པའི་སྟོབས་ཀྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འཕྲད་ནས་ཚོགས་བསགས་ཤིང་སྨོན་ལམ་བཏབ་པས་སམ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་ལྔ་བརྒྱ་བཏབ་སྟེ་ཐུགས་བསྐྱེད་པ་ནི། ཚེ་དེ་དང་སྔ་མ་རྣམས་སུ་ཐེག་ཆེན་གྱི་ཆོས་ཀྱིས་བསྡུས་པའི་དགེ་བ་ཆེར་གོམས་པ་ལས། བྱང་ཆུབ་སེམས་དཔའ་གཞན་ལས་ཀྱང་འཕགས་པའི་སྙིང་རྗེ་ཆེན་པོས་མ་དག་སྙིགས་མའི་སེམས་ཅན་རྗེས་སུ་བཟུང་བའི་ཕྱིར་དུ། མ་དག་པའི་ཞིང་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་པ་ཐོགས་མ་དེ་ཡིན་ནོ། །སྤྱིར་ཐུགས་བསྐྱེད་པ་ལ་རྒྱུ་ལྔ་ཆར་ཚང་དགོས་པའི་ངེས་པ་མེད་དེ་གང་རུང་ཞིག་ལས་སྐྱེས་ཀྱང་བྱང་ཆུབ་སེམས་བསྐྱེད་མཚན་ཉིད་པར་འགྱུར་མོད། རྒྱུ་ལྔ་པོ་དེ་དག་གང་རུང་གི་སྒོ་ནས་དང་པོར་ཐུགས་བསྐྱེད་དུ་ཟིན་ཀྱང་མོས་སྤྱོད་ཀྱི་སར་སྐྱེ་བ་གཞན་དང་གཞན་དུ་རྒྱུ་གང་རུང་རེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སླར་ཡང་མངོན་དུ་སད་པར་བྱེད་པ་ཡོད་ལ། དེ་ཡང་རང་སྟོབས་རྙེད་ནས་ཇེ་བརྟན་དུ་འགྲོ་ཞིང་ས་ཐོབ་ཕན་ཆད་སེམས་བསྐྱེད་པ་དེ་ཚེ་རབས་ཐམས་ཅད་དུ་ཉམས་པ་མེད་པར་མངོན་དུ་འགྱུར་རོ། །མདོ་རང་གི་གཞུང་ལས་ཇི་ལྟར་གསལ་བ་ལྟར་ལས་མཐའ་གཅིག་ཏུ་འདི་དག་གི་སྔ་ཕྱི་འདི་ཞེས་ངེས་པ་དཀའ་མོད། གང་ལྟར་ཐོག་མར་ཐུགས་བསྐྱེད་པའི་ཚུལ་ཐམས་ཅད་ཇེ་བཟང་ཇེ་བརྟན་དུ་སོང་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ཐུགས་བསྐྱེད་པའི་ཚེ། ཐེག་པ་ཆེན་པོ་ལ་ཡིད་ཆེས་པའི་དད་པ་དྲག་པོས་སེམས་ཅན་གཞན་མང་པོ་ཐེག་ཆེན་ལ་བཀོད་པ་དང་། བདག་ཉིད་ཀྱིས་སྙིང་རྗེ་ཆེན་པོས་ཞིང་མ་དག་པ་ཆེད་དུ་བཟུང་བའི་ཐུགས་བསྐྱེད་ཐོག་མ་ཡིན་པར་མངོན་ནོ། །སྔ་མ་དེ་དག་གི་གོ་རིམ་ཅི་ལྟར་བྱས་ཀྱང་ཐུགས་བསྐྱེད་པ་ཐོག་མར་གསུངས་པའི་དོན་ལ་ནི་གནས་སྐབས་སོ་སོའི་དབང་གིས་འགལ་བ་མེད་པར་སྣང་ངོ་། །དེ་བཞིན་དུ་སྔོན་བཅོམ་ལྡན་འདས་ཉིད་དེད་དཔོན་མཛའ་བོའི་བུ་མོར་སྐྱེས་པའི་ཚེ་ཡང་བདག་གཞན་བརྗེ་བ་འདི་ཐུགས་རྒྱུད་ལ་སྐྱེས་མ་ཐག་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་ཡིན་ཏེ། དེ་ཡང་སྔོན་ཁྱིམ་བདག་མཛའ་བོ་ཞེས་བྱ་བ་ཞིག་གི་བུ་སྐྱེས་ཚད་ཤི་ནས། ཐེངས་ཤིག་བུ་ཞིག་སྐྱེས་པ་སོས་སུ་རེ་ནས་མིང་བུ་མོར་བཏགས། ཁྱིམ་བདག་རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་པས་གྲུ་གཟིངས་ཞིག་སྟེ་ཤི བུ་དེ་ཆེར་སྐྱེས་ནས་རང་གི་མ་ལ་ཕའི་རིགས་གང་ཡིན་དྲིས་པས། དྲང་པོར་བརྗོད་ན་རྒྱ་མཚོར་སོང་གིས་དོགས་ནས་འབྲུ་འཚོང་བའི་རིགས་ཡིན་བྱས་པས། དེས་ཀྱང་འབྲུ་ཚོང་བྱས་པས་ཉིན་རེ་བཞིན་ཀརྴ་པ་ཎི་བཞི་རེ་རྙེད་པས་མ་ལ་བསྙེན་བཀུར་བྱས་པ་ན། འབྲུ་ཚོང་བྱེད་པ་གཞན་རྣམས་ཀྱིས་ཁྱོད་འབྲུ་ཚོང་བྱེད་པའི་རིགས་མ་ཡིན་པས། འབྲུ་ཚོང་བྱེད་པ་མི་འོས་པའམ་མི་རིགས་སོ་ཟེར་ནས་བཀག་པ་ལ། བུ་ཁོང་སླར་འོང་ནས་ཡང་མ་ལ་ངའི་རིགས་དེ་མ་ཡིན་པར་འདུག་རིགས་དངོས་གང་ཡིན་དྲིས་པས། སྤོས་འཚོང་བའི་རིགས་ཡིན་ཟེར་བས། ཡང་སྤོས་འཚོང་བྱས་ཏེ་ཉིན་རེ་བཞིན་ཀརྴ་པ་ཎི་བརྒྱད་རེ་རྙེད་པ་མ་ལ་ཞབས་ཏོག་བྱས། ཡང་སྤོས་འཚོང་རྣམས་ཀྱིས་བཀག་པས་གོས་འཚོང་བའི་རིགས་ཡིན་ཟེར་ནས་གོས་བཙོངས་པས། ཉིན་རེ་བཞིན་ཀརྴ་པ་ཎི་བཅུ་དྲུག་རེ་རྙེད་པ་མ་ལ་བྱིན། ཡང་གོས་འཚོང་པ་རྣམས་ཀྱིས་བཀག་པས་རིན་པོ་ཆེ་འཚོང་བའི་རིགས་ཡིན་ཟེར་ནས་རིན་པོ་ཆེ་འཚོང་བའི་ལས་བྱས་པས། ཉིན་རེ་བཞིན་ཀརྴ་པ་ཎི་སུམ་ཅུ་སོ་གཉིས་རེ་རྙེད་པ་ཡང་མ་ལ་བྱིན། དེར་ཚོང་པ་གཞན་རྣམས་ཀྱིས་ཁྱོད་རྒྱ་མཚོ་ནས་ནོར་བུ་ལེན་པའི་རིགས་ཡིན་པས་རང་གི་རིགས་ཀྱི་ལས་གྱིས་ཤིག་ཟེར་བས། ཁོང་ཁྱིམ་དུ་འོང་ནས་མ་ལ། ང་རང་ནོར་བུ་ལོན་པའི་རིགས་ཡིན་པར་འདུག་པས། རྒྱ་མཚོ་ཆེན་པོར་ནོར་བུ་ལེན་དུ་འགྲོ་བ་ཡིན་ཟེར་བ་ལ། མ་ན་རེ། ཁྱོད་ནོར་བུ་ལོན་པའི་རིགས་ཡིན་ཡང་། ཁྱོད་ཀྱི་ཕ་དང་མེས་པོ་ལ་སོགས་པ་ཐམས་ཅད་རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་ནས་མགོ་མ་ཐོན་ནས་ཤི་བ་ཡིན་པས། ཁྱོད་ཀྱང་སོང་ན་འཆིར་འོང་བས་མ་འགྲོ་བར་འདིར་སྡོད་ལ་ཚོང་གྱིས་བྱས་ཀྱང་། ཁོ་ཉན་དུ་མ་བཏུབ་པར་རྒྱ་མཚོར་འགྲོ་བའི་ཆས་ཐམས་ཅད་སྟ་གོན་བྱས་ནས། འགྲོ་བའི་ཚེ་མས་གཏོང་མ་ཕོད་པར་བུའི་གོས་ཀྱི་མཐའ་ནས་བཟུང་སྟེ་ངུས་པས་བུ་ཁྲོས་ཏེ་ང་རང་རྒྱ་མཚོར་འགྲོ་བ་ལ་ཁྱོད་ཀྱིས་བཀྲ་མི་ཤིས་པ་བྱས་ཏེ་ངུ་བ་ཟེར་ནས་མ་ཡི་མགོ་ལ་རྡོག་པས་བསྣུན་ནས་སོང་བས་རྒྱ་མཚོར་གྲུ་གཟིངས་ཞིག་སྟེ་ཁོང་ཐམས་ཅད་ཆུར་བྱིང་སྟེ་ཕལ་ཆེར་ཤི ཁོས་ཤིང་ལེབ་ཅིག་ལ་འཇུས་པས་མཚོ་གླིང་ཞིག་ཏུ་ཐོན། དེར་དགའ་བ་ཞེས་བྱ་བའི་གྲོང་རིན་པོ་ཆེའི་ཁང་པ་མཛེས་ཤིང་ཡིད་དུ་འོང་བར་ཕྱིན་པས། མཛེས་སྡུག་གི་ལྷ་མོ་བཞི་བྱུང་སྟེ། བྱོན་པ་ལེགས་སོ་ལེགས་སོ་ཞེས་ཚིག་གིས་བསུས་ནས་དར་ཟབ་འབོལ་བརྩེགས་ཀྱི་གདན་བཏིང་། དཀར་གསུམ་མངར་གསུམ་གྱི་མཆོད་པ་ཕུལ་ཏེ་ཡུན་རིང་བསྡད། དེ་ནས་ཡང་འགྲོ་བར་རྩོམ་པ་ན་མཛེས་སྡུག་གི་ལྷ་མོ་རྣམས་ཀྱིས་ཁྱོད་ལྷོ་ཕྱོགས་སུ་མ་འགྲོ་ཞིག་སོང་ན་ཉེས་པ་ཆེན་པོ་འབྱུང་ཉེན་ཡོད་ཟེར་ཀྱང་། མ་ཉན་པར་ཕྱིན་པས། དགའ་བ་ཅན་ཞེས་བྱ་བའི་གྲོང་སྔར་བས་མཛེས་པར་སླེབ་སྟེ། མཛེས་སྡུག་གི་བུ་མོ་བརྒྱད་ཀྱིས་བསུས་ཏེ་སྔར་ལྟར་ཞབས་ཏོག་བྱས་ཏེ་བསྡད། ཡང་འགྲོ་བར་རྩོམ་པ་ན་དེ་དག་གིས་ཁྱོད་ལྷོ་ཕྱོགས་སུ་མ་འགྲོ་ཞིག་ཉེས་པ་འབྱུང་ངོ་ཟེར་ཡང་ལས་ཀྱི་དབང་གིས་ལྷག་པར་འགྲོ་འདོད་པ་བྱུང་ནས་དེ་དག་གི་གཏམ་མ་ཉན་པར་ཕྱིན་པས། ར་རོ་ཞེས་བྱ་བའི་གྲོང་སྔར་བས་ཀྱང་ཕུན་སུམ་ཚོགས་པར་སླེབ་སྟེ། སྔར་ལས་མཚར་བར་མཛེས་སྡུག་གི་ལྷ་མོ་བཅུ་དྲུག་གིས་བསུས་ནས་ཞབས་ཏོག་བྱས་ཏེ་ལྷོ་ཕྱོགས་སུ་མ་འགྲོ་ཞིག་ཉེས་པ་ཆེན་པོ་འབྱུང་ངོ་ཟེར། ཡང་མ་ཉན་ནས་ཕྱིན་པས་མཁར་དཀར་པོ་རྩེ་མོ་དགུང་ལ་རེག་པ་ཞིག་འདུག་པས་བླ་མ་ཚངས་པའི་མཁར་ཞེས་བྱ་བ་ཡིན་ཏེ། དེར་ཕྱིན་པས་ཆེས་ཁྱད་དུ་འཕགས་པའི་མཛེས་སྡུག་གི་ལྷ་མོ་སུམ་ཅུ་རྩ་གཉིས་ཀྱིས་བསུས་ནས་དར་ཟབ་འབོལ་བརྩེགས་ཀྱི་གདན་བཏིང་། དཀར་གསུམ་མངར་གསུམ་གྱི་མཆོད་པ་ཕུལ་ཏེ་འདིར་གཏན་དུ་སྡོད་ཟེར་ཡང་ཁོང་འགྲོ་འདོད་པ་ཞིག་བྱུང་ནས་འགྲོ་བར་རྩོམ་པ་ན། ཁྱོད་ཅི་ནས་འགྲོ་ཡང་ལྷོ་ཕྱོགས་སུ་མ་འགྲོ་ཞིག་ཉེས་པ་འབྱུང་ངོ་ཟེར། འོན་ཀྱང་ལས་རླུང་ལྡོག་ཏུ་མེད་པས་ལྷོ་ཕྱོགས་སུ་འགྲོ་འདོད་པ་ཞིག་བྱུང་ནས་ཕྱིན་པས་ལྕགས་ཀྱི་མཁར་དགུང་ལ་རེག་པ་ཞིག་གི་སྒོ་དྲུང་ན། མི་ནག་པོ་མིག་དམར་ལྗིག་གེ་བ་ལག་ན་ལྕགས་ཀྱི་དབྱུག་པ་རིང་པོ་ཐོགས་པ་ཞིག་འདུག་པ་ལ་མཁར་འདིའི་ནང་ན་ཅི་ཡོད་པ་ཡིན་དྲིས་པས། ཅི་ཡང་མི་སྨྲ་བར་འདུག དྲུང་དུ་ཕྱིན་པས་དེ་འདྲ་བ་མང་པོ་འདུག དེ་དག་མཐོང་བ་ན་ཁོང་སྐྲག་ནས་ཤ་ཟིང་སྤུ་ཟིང་བྱེད་ཅིང་ཉེས་པ་ན་ཉེས་པ། ཉེས་པ་བྱུང་ཟེར་བ་དེ་འདི་ཡིན་པར་འདུག་དགོངས་བཞིན་མཁར་དེའི་ནང་དུ་ཕྱིན་པས། མི་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་ཞིག་འཁོར་ཏེ་ཀླད་པ་སྐྱ་ཐ་ལ་ལ་གཏོར་གྱིན་འདུག ཁྱོད་ལས་ཅི་བྱས་པ་ཡིན་དྲིས་པས། ང་མའི་མགོ་ལ་རྡོག་པ་བསྣུན་པའི་རྣམ་སྨིན་མྱོང་བ་ཡིན། ཁྱོད་བླ་མ་ཚངས་པའི་མཁར་གྱི་བདེ་སྐྱིད་དེ་ལ་ལོངས་སྤྱོད་ནས་མི་འདུག་པར་འདིར་སྡུག་བསྔལ་ཉོ་རུ་ཅི་ཕྱིར་འོང་བ་ཡིན་ཟེར་བས། འོ་ན་ང་ཡང་འདིར་ལས་ཀྱིས་ཁྲིད་པ་ཡིན་པ་འདྲ་དགོངས་པས། དེ་མ་ཐག་ནམ་མཁའ་ནས། གང་བཅིངས་བ་དེ་ཉིད་གྲོལ་བར་གྱུར་ཅིག གང་གྲོལ་བ་དེ་ཉིད་བཅིང་བར་གྱུར་ཅིག ཟེར་བའི་སྒྲ་གྲགས་ཏེ་འཁོར་ལོ་ཁོང་གི་དབུ་ཐོག་ཏུ་འཁོར་ནས་སྔར་ཅིག་ཤོས་ལ་འཁོར་བ་ལྟར་ཀླད་པ་སྐྱ་ཐ་ལ་ལ་གཏོར་ཞིང་ན་ཚ་དང་སྡུག་བསྔལ་དྲག་པོ་བཟོད་དཀའ་བ་བྱུང་བས། དེའི་རྐྱེན་གྱིས་ཁོང་རང་འདྲ་བའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་སྐྱེས་ཏེ། འཁོར་བའི་གནས་རིས་འདི་ན་ང་དང་འདྲ་བར་མའི་མགོ་ལ་རྡོག་པས་བསྣུན་ཏེ་སྡུག་བསྔལ་མྱོང་བའི་སེམས་ཅན་ཡང་དུ་མ་ཡོད། དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ཀྱང་བདག་ལ་སྨིན་ཏེ་བདག་ཁོ་ནས་མྱོང་བར་ཤོག་ཅིག་བསམ་པའི་བྱང་ཆུབ་ཀྱི་སེམས་ཉག་མ་གཅིག་སྐྱེས། སེམས་ཅན་གཞན་ཐམས་ཅད་ཀྱིས་འདི་འདྲ་བའི་སྡུག་བསྔལ་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་མི་མྱོང་བར་ཤོག་ཅིག་སྙམ་པ་བྱུང་བས། དེ་མ་ཐག་འཁོར་ལོ་ནམ་མཁའ་ལ་འཕགས་ཏེ། ཁོང་སྡུག་བསྔལ་ལས་གྲོལ་ནས་ཏཱ་ལ་བདུན་སྲིད་ཀྱི་སྟེང་ན་བདེ་ཆམ་མེ་འདུག དེ་ལྟ་བུའི་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་འདི་ནི། བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་ཆོས་མཐར་ཐུག་པ་ཡིན་པས་ན་སྔོན་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱང་ཐུགས་དམ་གྱི་མཐིལ་འདི་ལ་མཛད་པ་ཡིན་ཏེ། སྔོན་དགེ་བཤེས་འཆད་ཁ་བ་དེ་གསར་རྙིང་གི་ཆོས་དང་ཚད་མའི་པུ་ཏི་མང་པོ་མཁྱེན་པ་ཡིན་པ་ལ། སྐབས་ཤིག་དགེ་བཤེས་ལྕགས་ཤིང་བའི་དྲུང་དུ་བྱོན་པས། ཁོང་གི་དབུ་སྔས་ན་དཔེ་ཆུང་པུ་ཏི་ཞིག་འདུག དེ་ཞལ་ཕྱེ་ནས་གཟིགས་པས་དེའི་ནང་ན། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་བུབ་ཁ་རང་གིས་བླང་། །ཟེར་བ་ཞིག་འདུག་པས། ཆོས་ངོ་མཚར་ཅན་ཞིག་ཡིན་པར་འདུག་དགོངས་ནས། ཆོས་འདི་ཇི་སྐད་བྱ་བ་ཡིན་གསུངས་པས། འདི་གླང་ཐང་པའི་ཚིག་རྐང་བརྒྱད་མ་བྱ་བ་ཡིན་ཟེར། འདིའི་གདམས་ངག་གི་བརྒྱུད་པ་དངོས་དེ་སུ་ལ་ཡོད་དྲིས་པས། དགེ་བཤེས་གླང་ཐང་པ་ལ་ཡོད་ཟེར། གླང་ཐང་བའི་མདུན་དེ་ཆོས་འདི་ཞུ་རུ་འགྲོ་དགོངས་ཏེ་ལྷ་སར་བྱོན། ཞག་འགའ་བསྐོར་བ་མཛད་ནས་བཞུགས་པས། དགོང་ཅིག་གླང་ཐང་ནས་འོང་བའི་མཛེ་ཕོ་གཅིག་གིས་གླང་ཐང་པ་གྲོངས་ཟེར། གདན་ས་ལ་ཅི་འདྲ་ཡོད་དྲིས་པས་ཞང་ཞུང་པ་དང་མདོ་སྡེ་པ་བྱ་བ་གཉིས་ཡོད་དེ་ཁོང་གཉིས་གདན་ས་སུ་བྱེད་ལ་མི་འཆམས་པར་འདུག་ཟེར། ཁོང་རྣམ་པ་གཉིས་གདན་ས་ངས་བྱེད་ཀྱི་ཕམ་རྒྱལ་བརྩད་ནས་མ་འཆམས་པ་མིན། ཞང་ཞུང་པ་ན་རེ་ཁྱེད་བགྲེས་ཤོས་ལག་པས་གདན་ས་མཛད་པར་ཞུ། ངས་ཀྱང་གླང་ཐང་པ་དང་ཁྱད་མེད་དུ་འཁུར་ཟེར། མདོ་སྡེ་པ་ན་རེ་ཁྱེད་ཡོན་ཏན་ཆེ་བས་གདན་ས་མཛད་པར་ཞུ་ཟེར། ཁོང་གཉིས་དག་སྣང་སྦྱོང་རེས་ཡིན་ཡང་། ཁོང་གིས་བླ་མའི་གདན་ས་ལ་མ་འཆམས་ཟེར་བ་སྐྱོན་ཅན་དུ་གོ་ནས། དེ་གཉིས་མི་འཆམས་ལུགས་ཀྱིས་ང་ལ་དགོས་པའི་ཆོས་དེ་མེད་པར་འདུག ད་གདམས་ངག་དེ་ཡོད་པ་སུ་དྲག་ཞེས་མུ་འཐུད་ནས་རྩད་བཅད་པས། ཐམས་ཅད་ཀྱིས་ཤ་ར་བ་དྲག་ཟེར། ཤ་ར་བ་དེ་དགེ་འདུན་སྟོང་རེ་ཙམ་ལ་པུ་ཏི་མང་པོའི་གཞུང་བཤད་མཛད་ཅིང་འདུག་པ་ལ། ཞག་འགའ་ཉན་ཡང་ཁོང་འདོད་པའི་ཆོས་ཀྱི་ཚིག་ཟུར་ཙམ་ཡང་མ་བྱུང་། འདི་ལ་ཡང་ཆོས་དེ་ཨེ་ཡོད་མི་ཤེས་པར་འདུག ཡོད་མེད་དྲིས་ལ་ཡོད་ན་སྡོད། མེད་ན་འགྲོ་དགོས་དགོངས་ཏེ། ཤ་ར་བ་མཆོད་རྟེན་ལ་བསྐོར་བ་མཛད་པའི་དྲུང་དུ་ཕྱིན་ནས་ན་བཟའ་བཏིང་སྟེ། འདི་ལ་ཅུང་ཞིག་བཞུགས་པར་ཞུ། ཞུ་བ་ཞིག་བདོག་ལགས་ཞུས་པས། ཇོ་བོ་ཁྱོད་ལ་གྲོས་ཐག་མ་ཆོད་པ་ཅི་ཡོད། ངས་ནི་འདུན་མ་ཐམས་ཅད་སྟན་ཐོག་ཏུ་བཅད་པ་ཡིན་གསུངས། དེར་ཁོང་གིས་བདག་གིས་མཐོང་བའི་ཆོས་ཞིག་ན། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་བུབ་ཁ་རང་གིས་བླང་། བྱ་བ་གཅིག་གདའ། དེར་བདག་གི་བློ་ལ་འཕྲོད་པ་ཞིག་བྱུང་སྟེ། ཆོས་དེ་ཟབ་མི་ཟབ་ཅི་ལྟར་ལགས་ཞུས་པས། ཇོ་བོ་ཁྱོད་ཀྱི་བློ་ལ་འཕྲོད་རུང་མི་འཕྲོད་རུང་།སངས་རྒྱས་ཐོབ་པར་མི་འདོད་ན་མ་གཏོགས། ཐོབ་པར་འདོད་ན་ཆོས་དེ་མེད་ཐབས་མེད་པ་ཞིག་ཡིན་གསུངས། དེའི་གདམས་ངག་དེ་བླ་མ་ལ་ཡོད་དམ་ཞུས་པས་ཡོད། ངའི་ཉམས་ལེན་ཐམས་ཅད་ཀྱི་གཙོ་བོ་དེ་ཡིན་གསུངས། འོ་ན་གདམས་ངག་དེ་བདག་ལ་གནང་བར་ཞུ་ཞུས་པས། ཁྱོད་ཡུན་རིང་པོར་ངའི་རྩར་སྡོད་ནུས་སམ་ནུས་ན་སྟེར་གསུངས། དེར་ཁོང་བཞུགས་ནས་ལོ་དྲུག་ལ་བློ་སྦྱོང་ཚར་གཅིག་ཉམས་ཁྲིད་དུ་བྱས་ཏེ་བསྒོམས་པས་བདག་གཅེས་འཛིན་གྱི་འཁྲི་བ་གཏན་ནས་མེད་པ་ཞིག་བྱུང་བ་ཡིན། དེས་ན་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་ནི། ཚེ་འདིར་ཡང་ན་ཚ་དང་སྡུག་བསྔལ་ལ་སོགས་ཞི་བ། ལྷ་འདྲེ་དང་གདོན་བགེགས་འདུལ་བ་ལ་སོགས་པ་ལ་ཡང་འདི་ལས་ལྷག་པའི་གདམས་པ་མེད་པས། དུས་དང་རྣམ་པ་ཐམས་ཅད་དུ་བདག་གཅེས་འཛིན་གྱི་བློ་ངན་འདི་དུག་ལྟར་སྤངས་ཏེ། བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་འདི་བསྒོམ་པ་ལ་འབད་པར་བྱའོ། །འཁོར་བ་ཐོག་མ་མེད་པ་ནས་ངར་འཛིན་འདི་གོམས་སོང་བས། འཇིག་རྟེན་ཆོས་བརྒྱད་ཀྱི་མཐུན་ཕྱོགས་བཞི་རྙེད་བསྟོད་སྙན་གྲགས་བདེ་བཞི་རང་ལ་ཁ་བསྐོར་ནས། ཁེ་དང་རྒྱལ་ཁ་རང་ལ་བསྐོར། མི་མཐུན་ཕྱོགས་མ་རྙེད་པ་སྨད་པ་གྲགས་པ་ངན་པ་སྡུག་བསྔལ་བ་བཞི་པོ་ཡིན་པས་དེ་ཐམས་ཅད་གཞན་ལ་བསྐོར་ནས། གྱོང་དང་བུབ་ཁ་གཞན་ལ་བྱིན་པ་འདིས། ད་ལྟའི་བར་དུ་འཁོར་བར་འཁྱམས་ནས་སྡུག་བསྔལ་མྱོང་བ་ཡིན། ད་ནི་དེ་ལྟར་མི་བྱེད་པ་རང་གི་ཚབ་ཏུ་གཞན་བཞག གཞན་གྱི་ཚབ་ཏུ་རང་བཞག་ནས། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་བུབ་ཁ་རང་གིས་བླངས་ནས། ན་ན་སེམས་ཅན་གྱི་ན་གོ་ཆོད། ཤི་ན་སེམས་ཅན་གྱི་ཤི་གོ་ཆོད་པར་ཤོག་བསམས་ནས། སེམས་ཅན་གྱི་སྡུག་བསྔལ་བསལ་བའི་ཆ་རྐྱེན་དུ་རང་གིས་ཡོངས་སུ་བཟུང་བའི་གཞི་གསུམ་བཏང་ནས། བདག་ཉི་མ་དེ་རིང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ལུས་རྟེན་ཆེ་ཚངས་པ་བརྒྱ་བྱིན་ནས་ཆུང་གྲོགས་སྦུར་ཡན་ཆད་ཀྱི་ལུས་བླངས་པ་དང་། བཟང་ངན་ལས་ཀྱིས་འབྲེལ་བའི་སེམས་ཅན་ཐམས་ཅད་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཞི་བ་དང་། དེའི་རྒྱུ་ལས་མི་དགེ་བ་དང་དེར་ཀུན་ནས་བསླང་བའི་ཉོན་མོངས་པ་ཐམས་ཅད་ཞི་ཞིང་། བདེ་འབྲས་ལྷ་མིའི་བདེ་བ་ནས་རྫོགས་པའི་སངས་རྒྱས་བར་གྱི་བདེ་བ་ཐམས་ཅད་ཐོབ་པར་ཤོག་ཅིག་བསམས་ནས་འབྲེལ་བ་བཞི་དང་ལྡན་པར་བྱ། བདག་ཉི་མ་དེ་རིང་ནས་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཆེ་ཕྲ་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་སྤྱོད་པའི་སེམས་ཅན་བཟང་ངན་ལས་ཀྱིས་འབྲེལ་བ་ཐམས་ཅད་ཀྱི་རྒྱུད་ཀྱི་ནད་ཅན་གྱི་ནད་ཞི། གདོན་ཅན་གྱི་གདོན་ཞི། ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་བསམ་དོན་ལམ་དུ་མི་འགྲོ་བའི་བར་ཆད་ཐམས་ཅད་ཞི་ནས། མངོན་མཐོ་ནས་སངས་རྒྱས་ཀྱི་བར་གྱི་བདེ་བ་ཐམས་ཅད་ཐོབ་པ་དང་། རྒྱུ་དད་དང་ངེས་འབྱུང་བྱང་སེམས་གསུམ་པོ་རྒྱུད་ལ་སྐྱེ་བའི་སྨོན་ལམ་བཏབ་སྟེ་ཡང་འབྲེལ་བ་བཞི་ལྡན་དུ་བྱ། བདག་གི་རྒྱུ་རྫས་ལོངས་སྤྱོད་ཐམས་ཅད་མཐོང་གྲོལ། ཐོས་གྲོལ། རེག་གྲོལ་དུ་གྱུར། ཡང་དུས་གསུམ་དུ་བསགས་པའི་དགེ་རྩ། ཆུང་བསོད་ནམས་ཆ་མཐུན་གྱི་དགེ་བ་ཕྲ་མོ་ནས་བཟུང་སྟེ་ཆེ་རྣམ་མཁྱེན་ཟག་མེད་ཀྱི་དགེ་བ་རྒྱ་མཚོ་ལྟ་བུའི་བར་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་བཟང་པོ་དད་པ་དག་སྣང་གིས་འབྲེལ་བ། ངན་པ་ཆགས་སྡང་རྨོངས་གསུམ་གྱིས་འབྲེལ་བ་སྟེ། མདོར་ན་བཟང་ངན་འབྲེལ་ཚད་ཀྱི་སེམས་ཅན་ཐམས་ཅད་ལ་འབྲེལ་ཚད་དོན་ལྡན་གྱི་སྒོ་ནས་སྨོན་ལམ་སྔར་བཞིན་འདེབས་དགོས། ཐུན་མཚམས་རྣམས་སུ་ཡང་བདག་གཞན་བརྗེ་བའི་བསམ་སྦྱོར་དང་མི་འབྲལ་བ་ལ་ནན་ཏན་དུ་བྱ་དགོས་པ་ཡིན་ནོ།།

༣༽བདག་བས་གཞན་གཅེས།

གསུམ་པ་བདག་པས་གཞན་གཅེས་པ་བསྒོམ་པ་ནི། བདག་འཁོར་བར་གནས་རུང་། དམྱལ་བར་སྐྱེས་རུང་། ན་རུང་། ཚ་རུང་། ཉམས་ཉེས་ཅི་བྱུང་ཡང་བཟོད་པར་བྱ་ཡི། སེམས་ཅན་གཞན་གྱི་སྡུག་བསྔལ་བདག་ལ་སྨིན་པར་ཤོག་ཅིག བདག་གི་བདེ་བ་དང་དགེ་བའི་འབྲས་བུ་ཁོང་ལ་རྫོགས་པར་ཤོག་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་ཞིང་དངོས་སུ་ཡང་དེ་ལྟར་ཉམས་སུ་བླང་བ་སྟེ། བདག་གཞན་བརྗེ་ཞེས་པའི་དོན་ཡང་གཙོ་བོར་རང་གཅེས་པར་འཛིན་པ་དང་། གཞན་ཡལ་བར་འདོར་བའི་བློ་གཉིས་བརྗེས་ནས། གཞན་ལ་རང་ལྟར་གཅེས་པར་འཛིན་ཅིང་། རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་སྐྱེད་པ་ཡིན་ནོ། །དེ་ནི་སོ་སྐྱེས་ཀྱི་སྐབས་འདིར་གཙོ་ཆེར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡང་ཡང་གོམས་ཤིང་འདྲེས་པར་བྱས་པ་ལས་འབྱུང་དགོས་ལ། བདག་བས་གཞན་གཅེས་མཚན་ཉིད་པ་ནི། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྟོབས་ལས་འཕགས་ལམ་ཐོབ་ཚེ་མཉམ་པ་ཉིད་བཞིའི་དོན་མངོན་དུ་གྱུར་པ་སྟེ། དོན་དམ་དུ་བདག་དང་གཞན་སྤྲོས་བྲལ་མཉམ་ཉིད་དུ་རྟོགས། ཀུན་རྫོབ་སྒྱུ་མ་ཙམ་དུ་མཉམ་ཉིད་དུ་རྟོགས། སངས་རྒྱས་སེམས་ཅན་མཉམ་ཉིད་དུ་རྟོགས། བདག་དང་སངས་རྒྱས་མཉམ་ཉིད་དུ་རྟོགས་ནས་དེའི་དུས་སུ་གཞན་དོན་དངོས་སུ་སྒྲུབ་ནུས་པའི་མགོ་ལ་སླེབ་པ་ཡིན་ནོ། །འོན་ཀྱང་སོ་སྐྱེས་ཀྱི་སྐབས་སུའང་གང་ཟག་ཁྱད་པར་བ་འགས་རང་གི་མགོ་བཅད་ནས་སེམས་ཅན་ལ་དངོས་སུ་སྦྱིན་པ་ལ་འཇུག་པ་སོགས་ཡོད་སྲིད་དེ། དཔེ་གོང་དུ་བཤད་པའི་བྱ་ས་ཀོ་ཁའི་བང་ཕྱིན་པ་ལྟ་བུ་ཡིན། དེས་ན་དངོས་སུ་སྒྲུབ་ཐུབ་པའང་བྱུང་སྟེ་དཔེར་ན་ཇོ་བོའི་བླ་མ་བྱམས་པའི་རྣལ་འབྱོར་པ་དང་། དྷརྨ་ར྇྇ཀྵི་ཏ་དང་། བདག་ཅག་གི་སྟོན་པ་འདི་རྒྱལ་པོ་པདྨར་སྐུ་སྐྱེ་བ་བཞེས་པ་དང་། རུས་སྦལ་དུ་སྐྱེ་བ་བཞེས་པ་དང་། རྒྱལ་པོ་གཙུག་ན་ནོར་བུར་སྐྱེ་བ་བཞེས་པའི་དུས་ལ་སོགས་པ་ལྟར་ཡིན་ཏེ། དེ་ཡང་ཇོ་བོའི་བླ་མ་བྱམས་པའི་རྣལ་འབྱོར་པ་བྱ་བ་དེས་ཆོས་གསུངས་པའི་རྩ་རུ་མི་གཅིག་གིས་ཁྱི་ལ་རྡོ་བརྒྱབ་པས། བླ་མས་ཨ་ན་ན་གསུངས་ནས་ཁྲི་ཐོག་ནས་འགྱེལ། གཞན་རྣམས་ཀྱིས་ཁྱི་ལ་ཅི་ཡང་མི་ལྟོ་བར་འདུག་པ་ལ་ཚུལ་འཆོས་རེ་ཆེ་སྙམ་པ་བྱུང་བས། བླ་མས་དེ་མཁྱེན་ནས་སྐུ་རྒྱབ་བསྟན་པས་ཁྱི་ལ་རྡོ་བརྒྱབ་པའི་ཐད་ན་ཁྱུ་རེ་སྐྲངས་འདུག་པས་ཐམས་ཅད་ཡིད་ཆེས་ཏེ། ཁྱི་ལ་རྡོ་བརྒྱབ་པའི་ན་ཚ་དངོས་སུ་ཁོང་གིས་བླངས་པ་ཡིན། ཁྱི་ལ་ནི་ཅི་ཡང་མ་གནོད་པས་བདེ་བར་སོང་། དེ་བཞིན་བླ་མ་དྷརྨ་རཀྵི་ཏ་བྱ་བ་དེ་དང་པོ་ཉན་ཐོས་བྱེ་བྲག་སྨྲ་བའི་པཎྚི་ཏ་ཡིན། སྐུ་ཚེ་འདི་ལ་སྔོན་ཆད་ཐེག་ཆེན་གྱི་ཆོས་མ་ཐོས་ཀྱང་། ཐེག་ཆེན་གྱི་རིགས་ལ་གནས་པས་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་མངའ། ཁོང་བཞུགས་པའི་ཉེ་འཁོར་དུ་མི་ཞིག་ནད་དྲག་པོ་ཞིག་གིས་ཐེབས་པ་ལ། སྨན་པ་ན་རེ། ནད་འདི་ལ་མི་གསོན་པོའི་ཤ་ཞིག་ཡོད་ན་ཕན་ཏེ་མི་རྙེད། གཞན་ཐབས་མེད་ཟེར། ཐེག་ཆེན་གྱི་རིགས་ཅན་དེས་ཤ་ཡི་ཕན་ན་ངས་སྦྱིན་གྱིས་གསུངས་ནས་རང་གི་བརླ་ཤ་བཅད་ནས་བྱིན། ནད་པས་ཤ་དེ་ཟོས་པས་ཕན། ཁོང་ལ་སྟོང་ཉིད་མ་རྟོགས་པས་ཟུག་རྔུ་ཆེན་པོ་བྱུང་ཡང་སྙིང་རྗེ་ཆེ་བས་འགྱོད་པ་མ་སྐྱེས། ནད་པ་ལ་ཕན་ནམ་དྲིས་པས། ཁོ་ན་རེ་བདག་གི་ནད་ལ་ཕན་ལགས་ཏེ་ཁྱེད་འོ་བརྒྱལ་དུ་བཅུག་ཟེར། ཁྱེད་བདེ་ན་ང་ཤི་ཡང་བཟོད་གསུངས། ན་ཚ་གཟེར་ཟུག་ཆེ་བས་མནལ་ཅུང་ཟད་ཀྱང་མ་བྱུང་། ཐོ་རེངས་མནལ་ཟིམ་ཙམ་ཞིག་བྱུང་བའི་མནལ་ལམ་ན། མི་དཀར་པོ་ཞིག་བྱུང་ནས་བྱང་ཆུབ་ཐོབ་པར་འདོད་པས་ཁྱོད་ཀྱི་འདི་ལྟ་བུའི་དཀའ་བ་སྤྱད་དགོས། ལེགས་སོ་ལེགས་སོ་གསུངས་ནས་རྨ་ལ་ལྗགས་མཆིལ་བཏབ་ནས་ཕྱག་གིས་བྱབས་པས་རྨེན་པའང་མེད་པར་སོང་བ་རྨིས། མནལ་སད་ཙ་ན་དེ་བཞིན་སོང་འདུག མི་དེ་ཐུགས་རྗེ་ཆེན་པོ་ཡིན་པར་འདུག དུས་དེ་ནས་བཟུང་སྟེ་གནས་ལུགས་ཀྱི་དགོངས་པ་མ་བཅོས་པ་ཇི་ལྟ་བ་བཞིན་ཐུགས་ལ་འཁྲུངས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིག་པའི་ཚོགས་ཀྱི་ཚིག་རྣམས་ཞལ་དུ་ཤར་ར་ར་འདོན་པ་ཞིག་བྱུང་བར་གདའ། བདག་གཞན་བརྗེ་བ་སེམས་ཀྱི་གཏིང་ནས་གོམས་སོང་ན་སྦྱོར་བ་ལག་ལེན་དུ་བཏབ་ནས་བདག་བས་གཞན་གཅེས་བྱ་དགོས། གོམས་ན་སོར་སྐྱེས་ཡིན་ཡང་འགྲུབ་སྲིད་དེ་དཔེར་ན་བླ་མ་བྱམས་པའི་རྣལ་འབྱོར་པ་ལྟ་བུ་རེད། འོན་ཀྱང་ཀུན་རྫོབ་བྱང་ཆུབ་སེམས་ལ་གོམས་ཤིང་བློ་འབྱོངས་པ་ལ་འོང་། བདག་བས་གཞན་གཅེས་མཚན་ཉིད་པ་མཐོང་ལམ་གྱི་ཡེ་ཤེས་མངོན་དུ་མ་གྱུར་བར་དུ་འོང་དཀའ། མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་དུས་མཉམ་པ་ཉིད་བཞིའི་དོན་མངོན་དུ་རྟོགས་པའི་དུས་སུ་གཞན་དོན་དངོས་སུ་སྒྲུབ་པའི་དུས་ལ་བབས་པ་ཡིན། དེའི་ཚེ་མགོ་བཅད་ཀྱང་ས་རྡོ་ལྟ་བུའི་འདུ་ཤེས་ལས་མེད་པ་ཡིན་པས་བདག་བས་གཞན་གཅེས་སྒྲུབ་ནུས་པ་ཡིན། འོན་ཀྱང་ལས་དང་པོ་པའི་སྐབས་སུ་བསམ་པས་སྒྲུབ་ཅིང་སྦྱོར་བས་སྲུང་དགོས། ལས་དང་པོ་བའི་སྐབས་འདིར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ནས་བདག་བས་གཞན་གཅེས་སྒྲུབ་དགོས། བདག་འཛིན་གཅོད་པ་བྱེད་པ་ལ་ཐབས་དང་ཤེས་རབ་རྣམ་པ་གཉིས་ཡོད། དེ་ལ་དང་པོ་ཐབས་ཀྱིས་གཅད་དགོས་ཏེ། བདག་གཞན་མཉམ་པ་དང་། བདག་གཞན་བརྗེ་བ་དང་། བདག་བས་གཞན་གཅེས་གསུམ་གྱི་སྒོ་ནས་དང་པོ་ཐབས་ཀྱིས་རང་འདོད་ཡིད་བྱེད་ཀྱི་རྟོག་པ་དེ་བཅད། དེ་ནས་ཐབས་བྱུང་དོན་དམ་རྟོགས་པའི་ཤེས་རབ་ཀྱིས་རང་འདོད་ཡིད་བྱེད་དྲུང་ནས་འབྱིན་ཏེ་བཅད། དེ་ལ་དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡང་དང་ཡང་དུ་བསྒོམ་ཞིང་གཏན་ལ་ཕབས་ནས། དེ་ནས་རིམ་པས་དོན་དམ་བྱང་ཆུབ་སེམས་ལ་གཙོ་བོ་སྦྱོང་དགོས། རང་དོན་ཡིད་བྱེད་དེ་ཀུན་རྫོབ་སེམས་བསྐྱེད་ཀྱིས་མགོ་ནོན་གྱི་ཚུལ་གྱིས་སྤངས། དོན་དམ་སེམས་བསྐྱེད་ཀྱིས་དྲུང་འབྱིན་གྱི་ཚུལ་གྱིས་སྤངས་པ་ཡིན། དེ་ལྟར་མི་ཞིག་གི་ཚེ་གཅིག་གི་ཉམས་ལེན་བྱང་ཆུབ་ཀྱི་སེམས་འདིས་ཆོག་པ་ཞིག་དགོས་པས་སྐྱིད་སྡུག་གང་བྱུང་ཡང་འདིའི་ལམ་དུ་ཁྱེར་ཤེས་པ་དགོས། ཡང་སྔོན་ཐུབ་པ་འདི་རྒྱལ་པོ་པདྨ་བྱ་བར་འཁྲུངས་པའི་དུས་སུ། དུས་གཅིག་གི་ཚེ་ཁོང་གི་མངའ་རིས་སུ་ནད་ཡམས་ཆེན་པོ་བྱུང་ནས་མི་མང་པོ་ཤི་བས། རྒྱལ་པོས་སྨན་པ་རྣམས་བོས་ནས། འདི་ལ་ཅིས་ཕན་དྲིས་པས། ནད་འདི་ལ་ཉ་རོ་ཧི་ཏའི་ཤ་ཡོད་ན་ཕན། གཞན་གང་ཕན་ནད་ཀྱི་གྲིབ་ཀྱིས་རྨུགས་ནས་མི་ཤེས་པར་འདུག་ཞུས་པས། རྒྱལ་པོས་དུས་བཟང་ལ་བབས་པའི་སྔ་དྲོ་ཁྲུས་བྱས། གོས་གསར་པ་གྱོན། གསོ་སྦྱོང་བླངས། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ། འཆི་ཁའི་མཚམས་སྦྱོར་མཐུ་བཙན་པས་གསོལ་བ་དྲག་པོ་བཏབ་ནས། བདག་ཤི་མ་ཐག་ཆུ་ཀླུང་ལྡོག་བྱེད་དུ་ཉ་རོ་ཧི་ཏར་སྐྱེ་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་སྟེ། ཁང་བཟང་ཁྲུ་སྟོང་ཡོད་པའི་ཁ་ནས་མཆོང་ངོ་། །དེ་མ་ཐག་ཆུ་དེར་ཉ་དེ་བརྫུས་ནས་སྐྱེས། དེ་ནས་རྒྱལ་པོ་ཉ་གྱུར་བར་དེས་མིའི་སྐད་དུ་ང་ཉ་རོ་ཧི་ཏ་ཡིན་པས། ནད་པ་ཀུན་ཀྱིས་ངའི་ཤ་ལོངས་ལ་ཟོ་ཞིག་ཅེས་སྨྲས་པས་ཐམས་ཅད་ཀྱིས་ཤ་བླངས་ཏེ། གཞོགས་གཅིག་གི་ཤ་ཟད་ཙ་ན། གཞོགས་བསྒྱུར་ཅིང་བཅད་པས་སྨོན་ལམ་གྱི་དབང་གིས་གཅིག་ཟད་ཙ་ན་གཅིག་གི་ཤ་སྐྱེས་ཏེ། དེ་ལྟར་རེས་མོས་ཀྱིས་ཟོས་པས་ནད་པ་ཐམས་ཅད་ལ་ཕན་ནོ། །དེར་མི་ཐམས་ཅད་ལ་ང་ཁྱེད་ཚོའི་རྒྱལ་པོ་པདྨ་ཡིན་ཏེ། ངས་ཁྱེད་རྣམས་ནད་ལས་སྐྱོབ་པའི་ཆེད་དུ་རང་གི་སྲོག་བློས་བཏང་ནས་ཉ་རོ་ཧི་ཏར་སྐྱེས་པ་ཡིན་པས། ཁྱེད་ཚོས་ང་ལ་དྲིན་ལན་དུ་སྡིག་པ་སྤོངས་ལ་དགེ་བ་ཅི་ནུས་སྒྲུབས་ཤིག་གསུངས་པས། འབངས་དེ་དག་གིས་ཀྱང་རྒྱལ་པོའི་བཀའ་བཞིན་དུ་བསྒྲུབས་པས། དེ་ནས་བཟུང་སྟེ་འབངས་མི་དེ་དག་ཐམས་ཅད་ངན་འགྲོ་ལོག་པར་མ་ལྟུང་ངོ་། །གཞན་ཡང་ཐུབ་པ་འདི་ཉིད་རུས་སྦལ་ཆེན་པོ་ཞིག་ཏུ་འཁྲུངས་པའི་དུས་སུ། ཚོང་པ་ལྔ་བརྒྱ་རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་པས་ལམ་ནས་གྲུ་ཞིག་སྟེ། འཆི་ལ་ཐུག་པ་ལ་རུས་སྦལ་གྱིས་མིའི་སྐད་དུ་ཐམས་ཅད་ང་ལ་ཞོན་ཅིག ངས་རྒྱ་མཚོའི་ཕ་རོལ་དུ་བསྒྲལ་གྱིས་གསུངས་ནས་ཚོང་པ་ཐམས་ཅད་ཁུར་ཏེ་སྐམ་སར་བསྒྲལ་བས་རུས་སྦལ་ངལ་ཤིང་དུབ་སྟེ་མཚོ་མཐར་གཉིད་པས། སྦྲང་བུ་ཀེ་ཏ་ཀ་བརྒྱད་ཁྲིས་ཁོང་གི་ཁྲག་འཇིབ་པས། གཉིད་སད་དེ་བལྟས་པས་སྦྲང་བུ་མང་པོ་འདུག ཆུར་ཕྱིན་པའམ་འགྲེ་ལྡོག་བྱས་ན་སྦྲང་བུ་འཆི་བར་དོགས་ནས་དེ་ཀ་ལ་བཞུགས་ཏེ་སྐུ་སྲོག་བཏང་བས། སངས་རྒྱས་པའི་དུས་སུ་སྦྲང་བུ་བརྒྱད་ཁྲི་རྣམས་ལྷ་བརྒྱད་ཁྲིར་གྱུར་ནས་ཆོས་ཉན་པས། དེ་དག་གིས་བདེན་པ་མཐོང་བ་ཡིན། ཡང་ཐུབ་པ་འདི་ཡུལ་ཤ་ཀེ་ཏ་བྱ་བར་རྒྱལ་པོ་གསེར་གྱི་གཙུག་ཏོར་བྱ་བ་དང་། བཙུན་མོ་མཛེས་ལྡན་དགའ་བྱེད་མའི་སྲས་སུ་འཁྲུངས། འདིའི་དབུ་ལ་ནོར་བུ་རིན་པོ་ཆེའི་གཙུག་ཏོར་ཡོད་པ་ལས་དུས་རྒྱུན་དུ་བདུད་རྩི་འབབ་ཅིང་དེ་ལྕགས་ལ་རེག་པས། ལྕགས་རྣམས་གསེར་དུ་སྒྱུར་བར་ནུས་པ་ཞིག་རང་ཆས་སུ་བྱུང་བས། དེའི་མཚན་ཡང་གཙུག་ན་ནོར་བུ་ཞེས་བྱ་བར་བཏགས་སོ། འདི་འཁྲུངས་དུས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཡང་བབས་སོ། །དེ་ལ་གླང་པོ་བཟང་པོའི་རི་བྱ་བའི་གླང་པོའི་མཆོག་ཅིག་ཀྱང་ཡོད་དོ། །རྒྱལ་པོ་དེས་འཇིག་རྟེན་ཆོས་བཞིན་དུ་སྐྱོང་ཞིང་རྟག་ཏུ་སྦྱིན་པ་རྒྱ་ཆེན་པོ་བྱས་པས། དབུལ་ཞིང་ཕོངས་པ་དང་སློང་བ་རྒྱུན་ཆད་པར་བྱས་སོ། །དྲང་སྲོང་འབྲི་ཁུ་བྱ་བ་ལ་མེ་ཏོག་པདྨ་ལས་སྐྱེས་པའི་བུ་མོ་མཚན་ལྡན་ཅིག་ཡོད་པ། རྒྱལ་པོ་ལ་བཙུན་མོར་ཕུལ་ལོ། །དེ་ལ་སྲས་པདྨའི་གཙུག་ཏོར་ཞེས་བྱ་བ་རྒྱལ་པོ་ཉིད་དང་མཚུངས་པ་ཞིག་བཙས་སོ། །དེ་ནས་རྒྱལ་པོ་མཆོད་སྦྱིན་རྒྱ་ཆེན་པོ་བྱེད་པར་འདོད་ནས། དྲང་སྲོང་འབྲི་ཁུ་དང་། རྒྱལ་པོ་བཟོད་དཀའ་སོགས་ཀྱིས་གཙོས་པའི་སྐྱེ་བོ་ཚོགས་མང་པོ་བསྡུས་སོ། །དེའི་ཚེ་བརྒྱ་བྱིན་གྱིས་རྒྱལ་པོའི་བསམ་པ་བརྟགས་པའི་ཕྱིར། སྲིན་པོར་སྤྲུལ་ནས་སྦྱིན་སྲེག་གི་མེ་ནང་ནས་མཐོན་ཏེ། རྒྱལ་པོའི་དྲུང་དུ་འོངས་ནས་བཟའ་བཏུང་བསླངས་སོ། །རྒྱལ་པོས་བཟའབཏུང་སྣ་ཚོགས་བྱིན་པས་སྲིན་པོས་བཟར་མ་འདོད། ཅུང་ཟད་བགད་ནས་ང་ལ་བསད་མ་ཐག་པའི་ཤ་ཁྲག་དྲོན་མོ་དགོས་ཞེས་སྨྲས་པས། རྒྱལ་པོ་ཅུང་ཟད་མྱ་ངན་དུ་གྱུར་ཏེ། འཚེ་བ་མ་བྱས་ན་དེ་འདྲ་མི་རྙེད་ཅིང་། བདག་གི་སྲོག་བཅད་ཀྱང་འཚེ་བ་བྱེད་པར་མི་ནུས་ལ། མ་བྱིན་ན་འདི་ཡང་རེ་ཐག་འཆད་ན་ཇི་ལྟར་བྱ་དགོངས་པས། ད་ནི་རང་གི་ཤ་ཁྲག་སྦྱིན་པའི་དུས་ལ་བབ་པོ་སྙམ་སྟེ་ང་རང་གི་ཤ་ཁྲག་སྦྱིན་གྱིས་གསུངས་པས། འཁོར་རྣམས་འཇིགས་སྐྲག་བྲེལ་ཟིང་གིས་རྟབ་རྟབ་པོར་གྱུར་ཏེ་ཐམས་ཅད་ཀྱིས་དེ་འདྲ་མི་མཛད་པར་ཞུས་ནས་བཟློག་ཀྱང་མ་བཟློག་པར། རང་གི་རྩེ་ཆུང་ལ་གཏར་ནས་ཁྲག་འཐུང་དུ་བཅུག་པས། དེས་ཀྱང་ལྟོ་བ་གང་ནས་མགྲིན་པར་ཐུག་གི་བར་དུ་འཐུངས་སོ། །ཡང་རང་གི་ཤ་རྣམས་བཅད་ཅིང་བྱིན་པས་དེས་ཀྱང་རུས་པ་ལ་ཐུག་གི་བར་དུ་ཟོས་པས། འཁོར་ཐམས་ཅད་མྱ་ངན་གྱིས་ནོན་ཞིང་། ཁྱད་པར་བཙུན་མོ་བརྒྱལ་ནས་ས་ལ་འགྱེལ་ལོ། །ད་དུང་ཡང་རྒྱལ་པོ་དྲན་པ་མ་ཉམས་པར་འདུག་པས། བརྒྱ་བྱིན་ཤིན་ཏུ་རང་སྟེ། བདག་ནི་བརྒྱ་བྱིན་ལགས་པས་ཤ་ཁྲག་མི་འཚལ་གྱི། སྦྱིན་པའི་འཕྲོ་གཅད་དུ་གསོལ། ཞེས་སྨྲས་ནས། ལྷའི་བདུད་རྩི་བླངས་ནས་རྒྱལ་པོའི་རྨ་ལ་བཏབ་པས་རྒྱལ་པོའང་སྔ་མ་ཁོ་ན་བཞིན་གྱུར་ཏོ། །དེ་ནས་རྒྱལ་པོས་གླང་པོ་བཟང་པོའི་རི་མདུན་ན་འདོན་ཚངས་པའི་ཤིང་རྟ་ལ་ཕུལ་ལོ། །དེའི་ཚེ་དྲང་སྲོང་མ་རུ་རྩེའི་སློབ་མ་བསམ་གཏན་ཐོབ་པ་ཞིག་བྱུང་བ་ལ་བཀུར་སྟི་ཆེན་པོ་བྱས་ནས་ཁྱེད་ཅི་བཞེད་དྲིས་པས། ངའི་སློབ་དཔོན་ལ་རིག་བྱེད་བསླབ་པའི་ཡོན་དུ། སློབ་དཔོན་རྒས་ཤིང་གཡོག་གིས་ཕོངས་པས། གཡོག་ཅིག་དབུལ་བར་འདོད་ནས་ཁྱེད་ཀྱི་བཙུན་མོ་དང་སྲས་སློང་དུ་མཆིས་སོ་བྱས་པས། རྒྱལ་པོས་ཀྱང་དེ་བཞིན་བཙུན་མོ་དང་སྲས་གནང་ངོ་། །དེས་ཀྱང་ཁྱེར་ཏེ་སློབ་དཔོན་ལ་ཕུལ་ལོ། །རྒྱལ་པོ་བཟོད་དཀའ་གླང་པོ་ལ་ཆགས་ནས་རང་གི་ཡུལ་དུ་ལོག་སྟེ། གླང་པོ་ང་ལ་སྦྱིན་དགོས་ཟེར་བའི་འཕྲིན་བཏང་བས། གླང་པོ་བྲམ་ཟེ་ལ་བྱིན་ཚར་བྱས་ཀྱང་མ་ཉན་པར། གླང་པོ་མི་སྟེར་ན་དམག་བྱེད་ཟེར་ནས། དམག་ཁྱེར་བྱུང་བ་ལ། རྒྱལ་པོ་གཙུག་ན་ཤིན་ཏུ་ཡིད་དབྱུང་ཞིང་སེམས་ཕམ་བར་གྱུར་ཏེ། ཀྱེ་མ་འདོད་པའི་དབང་གིས་མཛའ་བཤེས་ཀྱི་དམ་པ་ཉིད་ཀྱང་གླང་པོ་མ་བྱིན་པས་སྐད་ཅིག་གིས་དགྲའི་མཆོག་ཏུ་གྱུར་ཏོ། །བདག་གི་གཡུལ་བཤམས་ན་བདེ་བླག་ཏུ་ཐུབ་སྟེ། དེ་ལྟར་བྱས་ན་སེམས་ཅན་མང་པོ་ལ་གནོད་པས་བདག་རང་འབྲོས་པར་བྱ་དགོངས་པ་དང་། རང་སངས་རྒྱས་བཞི་དྲུང་དུ་བྱོན་ནས། རྒྱལ་པོ་ཆེན་པོ་ནགས་སུ་གཤེགས་པའི་དུས་ལ་བབ་པོ་གསུངས་ནས་རྫུ་འཕྲུལ་གཞན་བརྟེན་གྱིས་ནགས་སུ་གཤེགས་སོ། །དེར་བློན་པོ་རྣམས་ཀྱིས་དྲང་སྲོང་མ་རུ་ཙེ་ཅན་དུ་སྲས་སློང་དུ་ཕྱིན་པས་དེས་ཀྱང་བྱིན་ནོ། །དེ་ནས་སྲས་ཀྱིས་དམག་དཔོན་བྱས་ཏེ་འཐབས་པས་རྒྱལ་པོ་བཟོད་དཀའ་ཕམ་ནས་རང་གི་གནས་སུ་བྲོས་སོ། །དེར་བཟོད་དཀའ་བསམ་སྦྱོར་ངན་པའི་དབང་གིས་ཡུལ་དེར་ནད་དང་མུ་གེ་ཆེན་པོ་བྱུང་བ་ལ། བཟོད་དཀས་བྲམ་ཟེ་རྣམས་ལ་ཅིས་ཕན་དྲིས་པས། རྒྱལ་པོ་གཙུག་ནའི་གཙུག་ཏོར་གྱི་ནོར་བུ་དེ་ཡོད་ན་ཕན་པས་སློང་དུ་ཕྱིན་པ་དྲག་ཟེར་རོ། །མི་སྟེར་ལས་ཆེ་བྱས་པས། དེ་ལ་སློང་བ་ལ་མི་སྟེར་བ་མེད་ཅེས་གྲགས་པས་ཅིས་ཀྱང་སྟེར་ཟེར་ནས། བྲམ་ཟེ་ཞིག་སློང་དུ་བཏང་ངོ་། །དེའི་ཚེ་རྒྱལ་པོ་གཙུག་ན་ནགས་ཚལ་གྱི་གནས་རྣམས་ལྟ་ཞིང་སོང་སོང་བས་དྲང་སྲོང་མ་རུ་ཙེའི་གནས་དང་ཉེ་བ་ཞིག་ཏུ་ཕྱིན་ཏོ། །དེའི་ཚེ་གཙུག་ནའི་བཙུན་མོས་རྩ་བ་དང་ལོ་མ་ལ་སོགས་ཚོལ་བ་ལ་ནགས་སུ་རྒྱུ་བ་དང་། རྔོན་པ་ཞིག་དང་འཕྲད་ནས། རྔོན་པས་བཙུན་མོ་གཙེས་པས་ཉེན་ཏེ། རྒྱལ་པོ་གཙུག་ན་བདག་བསྐྱབ་ཏུ་གསོལ་ཞེས་སྨྲེ་སྔགས་བཏོན་པས། རྒྱལ་པོས་རྒྱང་རིང་པོ་ནས་ཚོར་ཏེ། ཅི་ཡིན་སྙམ་ནས་ལྟར་ཕྱིན་པས། རྔོན་པས་རྒྱང་རིང་པོ་ནས་འོང་བ་མཐོང་ནས་དྲང་སྲོང་དུ་རྟོག་སྟེ། དམོད་པས་འཇིགས་ནས་བྲོས་སོ། །རྒྱལ་པོས་བཙུན་མོ་རྒྱལ་སྲིད་ཀྱི་བདེ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པ། སྡུག་བསྔལ་ཆེན་པོ་དེ་ལྟ་བུ་ཉམས་སུ་མྱོང་བ་གཟིགས་པས་ཐུགས་དབྱུང་ཞིང་སྐྱོ་སྟེ། ཀྱེ་མ་འདུས་བྱས་ཀྱི་ཆོས་གང་ལ་ཡང་ཡིད་བརྟན་པ་མེད་དོ་སྙམ་དུ་དགོངས་སོ། །དེའི་ཚེ་བཟོད་དཀས་བཏང་བའི་བྲམ་ཟེས་རྒྱལ་པོ་གཙུག་ནའི་དྲུང་དུ་ཕྱིན་ཏེ་ལོ་རྒྱུས་བརྗོད་ནས། གཙུག་ཏོར་བསླངས་པས་ཁྱོད་རང་ཆོད་ལ་ཁྱེར་གསུངས་པས། བྲམ་ཟེས་ཀྱང་གཙུག་ཏོར་བཅད་ནས་ཕྱིན་པས། བཟོད་དཀའི་ཡུལ་གྱི་ནད་དང་མུ་གེ་ཐམས་ཅད་རྒྱུན་ཆད་དོ། །རྒྱལ་པོ་གཙུག་ན་གཙུག་ཏོར་བཅད་པའི་ཟུག་གིས་རྐྱེན་བྱས་ནས། ཚ་དམྱལ་རྣམས་ལ་སྙིང་རྗེ་སྐྱེས་ནས་བརྒྱལ་ཏེ་ས་ལ་འགྱེལ་ལོ། །དེའི་ལྟས་བཟང་པོས་བསྐུལ་ཏེ་ལྷའི་ཚོགས་མང་པོ་དང་རྒྱལ་པོའི་འཁོར་མང་པོ་དེར་འདུས་ནས། རྒྱལ་པོ་ལ་ཅི་ནོངས་ཞུས་པས། རྒྱལ་པོ་ཡང་ཙོག་གིས་བཞེངས། གདོང་གི་ཁྲག་རྣམས་ཕྱག་གིས་ཅུང་ཟད་ཕྱིས་ནས། རྒྱལ་པོ་བཟོད་དཀའ་ངའི་གཙུག་ཏོར་སློང་དུ་བྱུང་ནས་བྱིན་པ་ཡིན་གསུངས། དེ་བྱིན་པ་ལ་ཐུགས་འདོད་ཅི་བདོག་ཞུས་པས། བཟོད་དཀའི་ཡུལ་གྱི་ནད་དང་མུ་གེ་སོགས་ལ་ཕན་དུ་རེ་བ་མ་གཏོགས་རང་འདོད་གཅིག་ཀྱང་མེད། འོན་ཀྱང་འདོད་པ་ཆེན་པོ་གཅིག་རྟག་ཏུ་ཡོད་གསུངས། དེ་གང་ལགས་ཞུས་པས། སེམས་ཅན་ཐམས་ཅད་བསྐྱབ་པར་འདོད་པ་ཞིག་ཡིན་གསུངས། འོ་ན་ཁྱེད་ཀྱི་གཙུག་ཏོར་བཅད་པས་འགྱོད་པར་མ་གྱུར་ཏམ་ཞུས་པས། འགྱོད་པ་མེད་གསུངས། འོ་བརྒྱལ་བའི་རྣམ་འགྱུར་ལ་བལྟས་ན་ཡིད་མི་ཆེས་སོ། །ཞུས་པས། ངས་གཙུག་ཏོར་བཟོད་དཀའ་འཁོར་བཅས་ལ་བྱིན་པ་ལ་འགྱོད་པ་མ་སྐྱེས་ན། ངའི་ལུས་སྔ་མ་ཁོ་ན་བཞིན་དུ་གྱུར་ཅིག་གསུངས་པས། དེ་བཞིན་དུ་གྱུར་ཏོ། །དེར་འཁོར་རྣམས་ཀྱིས་ཕོ་བྲང་དུ་གཤེགས་པར་ཞུས་པས་མ་གནང་བ་ལ། ཡང་རང་སངས་རྒྱས་བཞི་བྱོན་ནས། དགྲ་རྣམས་ལའང་ཕན་པར་མཛད་ན་གཉེན་རྣམས་ཅི་སྟེ་དོར། ད་ནི་ཕོ་བྲང་དུ་གཤེགས་པར་རིགས་སོ་གསུངས་ནས། དེར་ཕོ་བྲང་དུ་གཤེགས་ཏེ་འཁོར་རྣམས་ཕན་བདེ་ལ་བཀོད་པ་ཡིན་ནོ། །མཐོ་སྲིད་རྩེ་ནས་དམའ་ན་རཀ་དམྱལ་པའི་བར་གྱི་སེམས་ཅན་ཐམས་ཅད་ལ་མར་ཤེས། དྲིན་དྲན། དྲིན་ལན་གཟོ་འདོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་འབྲས་བུ་སྡུག་བསྔལ་གསུམ་དང་། སྡུག་བསྔལ་གྱི་རྒྱུ་ཆགས་སྡང་རྨོངས་གསུམ་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་དང་། དེས་ཀུན་ནས་བསླང་བའི་ལས་མི་དགེ་བ་བཅུ་ལ་སོགས་པའི་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དེ་དང་བྲལ་བར་གྱུར་ཅིག བྲལ་ན་ཅི་མ་རུང་། བྲལ་བ་ཞིག་ངས་བྱ། དེ་ལྟར་བྲལ་བའི་གསོལ་བ་དཀོན་མཆོག་ལ་གདབ་ནི་ཡིན་བསམ། དེ་ལྟར་སྨོན་པ་ཙམ་གྱིས་མི་འོང་བས་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་བྲལ་ནས་བདག་གི་རྒྱུད་ལ་སྨིན་པ་གྱུར་ཅིག་སྙམ་དུ་བསམ་པ་དང་། སྦྱོར་བ་གཉིས་ཀའི་སྟེང་ནས་གཞན་གྱི་སྡུག་བསྔལ་རང་གིས་ལེན། དོན་དངོས་ཀྱི་ཐོག་ནས་སེམས་ཅན་ཐམས་ཅད་ཀྱི་ཤ་ཚབ་ཁྲག་ཚབ་ན་ཚབ་ཤི་ཚབ་དཀའ་ཚབ་ལྟོགས་ཚབ་ཐམས་ཅད་འོང་བས་མ་ཟད། དམྱལ་བའི་སྡུག་བསྔལ་ཐམས་ཅད་བདག་གིས་མྱོང་བར་བྱ། ཡང་ན་སེམས་ཅན་སྡུག་བསྔལ་ཅན་གྱི་གྲངས་བཞིན་བདག་ལུས་གྲངས་མང་པོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ངས་མྱོང་ན་བཟོད་སྙམ་པ་དང་། ཡང་ན་ལུས་ཆེན་པོར་སྤྲུལ་ནས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལེན་ཐུབ་ནི་ལུས་སྟོད་ཀྱིས་མཐོ་རིས་ལྷའི་སྡུག་བསྔལ་ཁྱབ་པ་འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་གཙོ་བོར་གྱུར་པའི་སྡུག་བསྔལ་རྣམས་མྱོང་ནས། མཐོ་རིས་ཀྱི་སྡུག་བསྔལ་རྣམས་བྲལ་བར་བསམ། ལུས་སྨད་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་བླངས་ནས་དེ་ཡང་ངས་མྱོང་སྟེ་ངན་སོང་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ནས་བདེ་བ་ཐོབ་པར་བསམ། ཁྱད་པར་དུ་དམྱལ་བ་དང་ཡི་དྭགས་ལ་སོགས་པའི་སྡུག་བསྔལ་གྱི་རྣམ་གྲངས་རེ་རེ་བཞིན་དུ་བསམ་ནས། རང་རྒྱུད་ལ་བླངས་ནས། དེ་ན་གནས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དེ་དག་དང་བྲལ་ནས་མཐོ་རིས་ནས་ཐར་བ་མཆོག་གི་བར་གྱི་བདེ་བ་དེ་ཉིད་ཐོབ་པར་ཤོག་ཅིག་བསམ་སྟེ་ཐོབ་ན་དགའ་བ་བསྒོམ། ཉི་མ་དེ་རིང་ནས་བཟུང་སྟེ་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་རྩ་དང་བཅས་པ་ཐམས་ཅད་སེམས་ཅན་གཞན་ལ་བྱིན་པ་ཡིན། བསྔོས་པ་ཡིན་པས་ཕྱིན་ཆད་ངས་ལུས་ཞེས་བདག་ཏུ་བཟུང་ན་བྱང་ཆུབ་སེམས་དཔའི་ཚུལ་མིན་བསམ་རྒྱུའི་སེམས་བསྐྱེད་བྱ་དགོས། དེ་ལྟར་ཐུན་དུ་བཅད་ནས་དཔྱད་སྒོམ་དང་འཇོག་སྒོམ་དམིགས་བཅས་དང་དམིགས་མེད་ཀྱི་སྒོ་ནས་སྒོམ་སྟེ། མཐར་ཐུན་འཇོག་ཁར་འཁོར་གསུམ་དམིགས་མེད་ཀྱི་ངེས་ཤེས་དྲངས་ནས། མཚམས་དང་མཚམས་སུ་སྨོན་པ་བྱང་ཆུབ་སེམས་ཀྱི་བསླབ་བྱ་གསུམ་པོར་བསམ་པ་དང་སྦྱོར་བས་ཡང་དང་ཡང་དུ་བསླབ་པ་དེ་ཚོ་གནད་ཀྱི་མན་ངག་དམ་པ་ཡིན་ནོ།། །།ཞེས་གསུངས་བསྔོ་བས་མཐའ་

བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།།

ཕ༽ཉིན་བཅུ་བཞི་བར་འཇུག་པའི་བསླབ་བྱ་ཕྱིན་དྲུགཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽མཚམས་སྦྱོར་གྱི་གདམས་ངག

ད་ལྟ་ནི་ཐེག་པ་ཆེན་པོའི་ཆོས་སྒོ་ལ་ཞུགས་གསང་སྔགས་རྫོགས་ཆེན་གྱི་ཁྲིད་ཞུས་ནས། ཚེ་ལུས་འདིའི་སྟེང་ནས་ཐོད་པ་བོར་ཆོག་མ་ཞིག་བྱ་བསམ་པའི་ཆོས་པ་ཞིག་ཡིན་ནས་བཟུང་། ཐོས་བསམ་སྒོམ་པ་གོ་མ་ལོག་པའི་སྒོ་ནས་དང་པོ་ཐོས་དོན་བསམ། དེ་ནས་བསམ་དོན་བསྒོམ། མཐའ་མ་བསྒོམས་པས་རང་རྒྱུད་གྲོལ་བ་ཞིག་དགོས་པས། ཐོག་མར་ཆོས་ཐོས་པ་དེ་ལ་ཡང་ཆོས་ཞུ་བ་གལ་མི་ཆེ་ཞུ་ལུགས་ཤེས་པ་གལ་ཆེ། དང་པོ་ཆོས་ཞུ་བའི་སྐབས་སུ་སྔར་ཡང་བཤད་པ་ལྟར་མེད་དུ་མི་རུང་བ་སྦྱོར་བ་སེམས་བསྐྱེད་དམ་པ་དེ་ཡིན། དེ་ཡང་མགོན་པོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་བྱང་ཆུབ་སྨོན་པ་སེམས་བསྐྱེད་དེ་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ། སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཟུར་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་རྣམ་པ་གཉིས་ཚང་དགོས།

ནམ་མཁའི་མཐའ་དང་མཉམ་པའི་ཕ་མར་མ་གྱུར་བ་མེད་པའི་རིགས་དྲུག་གི་སེམས་ཅན། རྟག་ཏུ་སྡུག་བསྔལ་རྣམ་པ་གསུམ་གྱིས་མནར་བ། སྐྱབས་མེད་མགོན་བྲལ། བཤེས་མེད་ཐང་འཕྱན། ཕ་མ་མེད་པའི་དྭ་ཕྲུག་ལོང་བ་ཞིག་མི་མེད་ལུང་སྟོང་མྱ་ངམ་གྱི་ཐང་དཀྱིལ་དུ་ལུས་པ་ལྟ་བུ་ཡིན་པས་ཞེ་ཐག་པ་ནས་སྙིང་རྗེ་བསྒོམ། སྙིང་རྗེ་བ་ཙམ་གྱིས་མི་ཕན་འདི་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བའི་ཐབས་ཤིག་ངས་བྱ་དགོས། འོན་ཀྱང་བདག་རང་ཡང་འཁོར་བའི་སྡུག་བསྔལ་མྱོང་བཞིན་པས་གཞན་སྐྱོབ་པ་ལ་ད་ལྟ་ནུས་པ་མེད་པས་གཞན་སྐྱོབ་མི་ཐུབ། ཡིན་ནའང་ད་ལྟ་ང་རང་ཆོས་དང་ལྡན་པའི་མི་ཡུལ་ལ་སྐྱེས། སངས་རྒྱས་བསྟན་པའི་སྒོར་ཞུགས། ལམ་སྟོན་དགེ་བའི་བཤེས་གཉེན་དང་འཕྲད། རང་ལ་ལས་འབྲེལ་ཡོད་པའི་དམ་ཆོས་རྫོགས་པ་ཆེན་པོ་དང་མཇལ་ཡོད་པས། ངས་མ་རྒན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་བྱེད་པའི་ལམ་མ་ནོར་བ་ཞིག་སྟོན་ཐུབ་པའི་ཆེད་དུ། ཆོས་ཟབ་མོ་ཉམས་སུ་བླངས་ནས་སྐྱབས་བྲལ་མགོན་མེད་ཀྱི་སེམས་ཅན་གཅིག་ཀྱང་མ་ལུས་པ་གཏན་གྱི་བདེ་བའི་མཆོག་དམ་པ་ལ་འགོད་མ་ཐུབ་ཀྱི་བར་དུ། འབད་པ་མི་འདོར་བའི་དམ་བཅའ་སྙིང་ནས་ལེན་པར་སྦྱོར་བ་སེམས་བསྐྱེད་དམ་པའམ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཟེར་བས་འདི་ཡོད་དགོས། གསང་སྔགས་དག་སྣང་གི་ལམ་དོན་ལ་གནས་པ་བཞིན་ལས་དག་པའི་ངོར་སྣང་བ་ཡང་ཡིན་པ་ལྟར། རང་རེ་མ་དག་པའི་ངོར་སྣང་དཀའ་ནའང་ལམ་རྫོགས་སྨིན་སྦྱོང་གསུམ་ལ་བརྟེན་ནས་ཞིང་ཁམས་སྦྱོང་དགོས་པས། འདི་ལྟར་སྣང་བའི་བརྟན་གཡོ་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་དག་པ་ཡེ་ཤེས་ཀྱི་སྣང་ངོར། སྣང་སྲིད་སྐུ་དང་ཞིང་ཁམས། སྒྲ་གྲགས་སྔགས་དང་ཆོས་སྒྲ། དྲན་རྟོག་ཆོས་ཉིད་ཀྱི་རོལ་བ་ཡིན་པ་ལ་ཡིན་པའི་འདུ་ཤེས་བསྐྱེད་དགོས། དངོས་གཞི་དམིགས་མེད་དམ་པ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་གནས་ལུགས་རང་གི་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པ། སྨྲ་བསམ་བརྗོད་པ་དང་བྲལ་བ་སྤྲོས་བྲལ་མཉམ་པ་ཆེན་པོ་ལས་མ་འདས་པ་ཞིག་ཡིན་ཡང་། སྣང་སྟོང་སྒྱུ་མའི་རོལ་གར་སྟོང་དང་རྟེན་འབྱུང་དབྱེར་མེད་པ། མ་བརྟག་འཁྲུལ་བའི་སྣང་ངོ་ན་རྨི་ལམ་དང་སྒྱུ་མ་ལྟར་དུ་སྣང་བ་འདི་ཐམས་ཅད་དོན་ལ་བདེན་པ་མེད་པར་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དུ་བསམ་པ་དང་མ་བྲལ་བཞིན་དུ། ཆོས་ཉན་པའི་སྐབས་སུ་བདེན་ཞེན་ཨ་འཐས་ཀྱི་འཛིན་པ་དང་བྲལ་བའི་ངང་ནས་ཆོས་ཀྱི་ཚིག་དོན་ལ་བློ་སྦྱོར་ནས། ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དྲིལ་ཏེ་ཉན་དགོས། རྗེས་བསྔོ་བ་དམ་པ་ནི། གང་བསྔོ་བྱ། བསྔོ་བྱེད། བསྔོ་ཡུལ་དང་བཅས་པའི་འཁོར་གསུམ་པོ་སྣང་ལ་རང་བཞིན་མ་གྲུབ་པར་ཤེས་པའི་ངང་ནས། རང་ཉིད་ཀྱིས་ཆོས་ཞུས་པ་འདིས་མཚོན་པའི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱི་ཟག་མེད་ཀྱི་དགེ་བ་དང་། མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་ཟག་བཅས་ཀྱི་དགེ་རྩ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཏེ་རང་ཉིད་ཀྱི་དགེ་རྩ་དང་བསྡོམས་ཏེ། སེམས་ཅན་ཐམས་ཅད་རྫོགས་སངས་རྒྱས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་རྒྱ་མཚོར་ཆུ་ཐིགས་བསྲེས་པ་བཞིན་འདྲེས་པར་བྱས་ཏེ་བསྔོ་བ་བྱ་ཞིང་སྦྱིན་པ་བྱ་བསམ་ནས་སེམས་རྣམ་པར་དག་པ་དང་བཅས་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དཔའ་བོ་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བར་བྱ། ཞེས་ངག་འདོན་དང་སྦྲེལ་ཏེ་བསྔོ་བར་བྱེད་དགོས། དེ་ལྟར་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་དང་འབྲེལ་ཏེ་ཆོས་བསྒྲུབས་ན། རང་གཞན་ཐར་བའི་ལམ་ལ་འགོད་པའི་ཆོས་ཐར་བ་ཆ་མཐུན་གྱི་དགེ་རྩ་སངས་རྒྱས་འགྲུབ་པའི་རྒྱུ་རུ་འགྲོ་ཐུབ་པ་ཡིན། དམ་པ་གསུམ་དང་མ་འབྲེལ་ན་སྦྱོར་དངོས་རྗེས་གསུམ་མ་ཚང་བ་ཡིན་པས་ཆོས་ཀྱི་གཟུགས་བརྙན། གལ་ཏེ་བཟང་ན་བསོད་ནམས་ཆ་མཐུན་གནས་སྐབས་ཀྱི་བདེ་འབྲས་ལྷ་མིའི་ལུས་ཐོབ་པའི་རྒྱུ་རུ་འགྲོ་བ་ཙམ་མ་གཏོགས་མེད། བསམ་པ་མ་དག་ན་དུག་དང་འདྲེས་པའི་ཁ་ཟས་ལྟར་རང་གཞན་སྡུག་ལ་སྦྱོར་བའི་ངན་འགྲོའི་གནས་སུ་འཁྱམས་པའི་རྒྱུ་རེད་སྲིད། དེས་ན་མང་པོ་ཞིག་མ་ཤེས་རུང་མདོར་དྲིལ་ན་བསམ་པ་བཟང་པོ་དང་མི་འབྲལ་བ་ནི་ཆོས་ཉན་དུས་སྒྲུབ་དུས་གང་གི་སྐབས་ཡིན་ན་གལ་ཆེ་བ་ཡིན། རང་རེ་མང་ཆེ་བ་སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའམ་དེ་དང་འབྲེལ་བ་ཡོད་པའི་འཁོར་ཤ་སྟག ཆོས་གསན་མཁན་མཆོག་དམན་བར་གསུམ་ཡོད་ན། འགའ་ཞིག་བསྟན་འཛིན་གྱི་སྐྱེས་ཆེན་ཡིན་ཞིང་། དེང་སང་གི་དུས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་སྟངས་འཛིན་མཁན་དང་། བླ་གྲྭ་དགེ་འདུན་པ་མང་པོ་ཡོད་པ་འདི་དག་ནི་བསྟན་པའི་གཞི་མ་དགེ་འདུན་པ་རེད། དེ་མིན་མི་སྐྱ་ཕོ་མོ་ལ་མཚོན་ན་དགེ་བསྙེན་ཁྱིམ་པའི་རྟེན་ཅན་ཡིན་རུང་། འཇིག་རྟེན་ཡང་དག་གི་ལྟ་ལ་དད་པ་བྱེད་ནི། མཐོ་རིས་དང་ཐར་པ་དོན་གཉེར་ཡོད་པ་དང་། བསྟན་ལ་ལྷག་བསམ་རྣམ་དག་ཡོད་མཁན་ཡིན་ན་བསྟན་པའི་སྦྱིན་བདག་ཅིས་མིན། དེས་ན་བསྟན་འཛིན་གྱི་སྐྱེས་བུ་ཡིན། བསྟནཔའི་གཞི་མ་ཡིན། བསྟན་པའི་སྦྱིན་བདག་ཡིན་ཟེར་ནས་རང་གར་བསྡད་པས་མི་ཕན། གདན་ས་ཆོས་འཁོར་ཆེན་པོའི་འདབ་ལ་སྐྱེས་པས་མ་ཚད་རྒྱ་གར་རྡོ་རྗེའི་གདན་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་སངས་རྒྱས་པའི་གནས་སུ་སོང་ནས་ལོ་མང་ཉལ་ཡང་། དམ་པའི་ཆོས་རང་ཉིད་ཀྱིས་མི་སྒྲུབ་ཅིང་ཚོགས་བསགས་སྒྲིབ་སྦྱོང་མ་ཐུབ་ན་རང་རྒྱུད་ལ་སོར་གང་གིས་ཡར་བསྐྱེད་མི་འོང་། དེས་ན་རང་གི་ཉམས་ལ་ཕན་པ་དང་རང་རྒྱུད་གྱོང་པོ་འདུལ་བའི་གཉེན་པོར་འགྲོ་ངེས་པའི་སྙིང་རྗེ་བཅོས་མ་མ་ཡིན་པ། སེམས་ཅན་མིག་གིས་མཐོང་ན་མིག་ནས་མཆི་མ་འཆོར་ཐུབ་པ་ཞིག་རང་རྒྱུད་ལ་སྐྱེས་པ་དེ་ལྟ་བུས་དྲངས་ཏེ། སེམས་བསྐྱེད་ཀྱི་ཆོ་ག་ངག་འདོན་ཙམ་གྱིས་ཆོག་པ་མ་ཡིན་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་རྒྱུད་ལ་སྐྱེས་ནས་རིམ་གྱིས་གོམས་པ་གྱུར་ན། མཐར་ཐུག་མཐོང་ལམ་རྣམ་པར་མི་རྟོགས་པའི་ཡེ་ཤེས་དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས་རྫོགས་སྨིན་སྦྱོང་གསུམ་མཐར་ཕྱིན་ནས། རང་དོན་དུ་ཆོས་སྐུ་འགྲུབ་གཞན་དོན་དུ་གཟུགས་སྐུ་རྣམ་གཉིས་ཀྱིས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འགྲོ་དོན་མཛད་ཐུབ་པ་ཡིན། དེ་ལྟར་མ་ཡིན་པར་ང་དེ་དང་དེའི་སྐྱེ་སྤྲུལ་ཡིན་ཟེར་བའམ། ངས་གཞུང་བཀའ་པོད་ལྔས་ཚིག་འགྲེལ་ནུས་ཞེས་པའམ། ཤི་བོ་མང་པོའི་མགོར་བུམ་རིལ་གཡུག་མྱོང་བའམ། མ་ཎི་ཡིག་དྲུག་བྱེ་ཆུང་འགའི་ཁ་བུད་ཚར་ཟེར་བ་སོགས་ཀྱིས་མི་ཕན། ཆོས་ཅི་ཙམ་ཞུས་རུང་འབུམ་ལྔ་མང་པོ་བསགས་ཀྱང་མི་ཕན། གཙོ་བོ་ཆོས་དང་རང་རྒྱུད་འདྲེས་དགོས། ཆོས་ཕ་ཀིའི་ཐད་ལ་བཞག་རང་རྒྱུད་ཚུར་ན་ལུས་སོང་ན་ཆོས་ཀྱིས་རང་རྒྱུད་ལ་ཕན་མི་ཐོགས། གནད་ལ་མ་སྨིན་པའི་ཆོས་ཞུས་པ་རྣམས་དུས་ཚོད་འཕྲོ་བརླག་ཡིན། ཆོས་ཐོས་པའི་ཕན་ཡོན་མང་བས། ཆོས་སྒྲ་རྣ་བས་གོ་ཡང་ཐར་བའི་རིང་རྒྱུ་ཙམ་གལ་ཏེ་རེད་སྲིད་ན་ཐང་། སྐྱེ་ལུས་འདིའི་ཐོག་སྨིན་ཅིང་གྲོལ་བ་ཞིག་ཐོབ་དགོས་ན་ཆོས་དང་རང་རྒྱུད་འདྲེས་དགོས་པར་གནད་ཆེ། ཆོས་ཚིག་གཅིག་ཐོས་ཀྱང་ད་ལྟ་ནས་བེད་སྤྱད་དེ་ལག་ལེན་ལ་ཨེ་ཐུབ་བལྟ་དགོས། འདིའི་ནང་གི་ཐམས་ཅད་ལ་ཞུ་ནི་མིན་ཏེ། ཐུགས་རྗེས་ཡས་སྤྲུལ་གྱི་སྐྱེས་ཆེན་མཚན་གྱི་གསལ་ཁ་ཡོད་མཁན་མ་ཟད། ད་དུང་འདིའི་ནང་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཅིའི་ཕྱིར་མེད། དེ་མིན་རང་རེ་ལྟ་བུའི་སོ་སྐྱེས་ལམ་ཞུགས་པ་ཐམས་ཅད་ཐར་ལམ་རྣམ་དག་གི་སྣེ་ཨེ་ཟིན་བསམས་ནས་དམ་པའི་ཆོས་ལ་འཇུག་ཁུལ་བྱེད་པ་ཡིན་ན། རང་རེའི་བར་ལོ་རྒས་གཞོན། མི་རབས་སྔོན་རྗེས་ཀྱི་ཁྱད་པར་ཙམ་གྱིས་དམ་པ་གོང་མ་སངས་རྒྱས་དངོས་བྱོན་དེ་རྣམས་ཞལ་མཇལ་མྱོང་མི་མྱོང་གི་ཁྱད་པར་དང་། ཆོས་ཐོབ་མྱོང་མི་མྱོང་གི་ཁྱད་པར་ཞིག་ཡོད་པ་དང་། ཆོས་ཀྱི་བརྒྱུད་པ་ལ་ཐག་ཉེ་རིང་གི་ཁྱད་པར་ཙམ་ལས། ང་རང་ཉིད་ལ་མཚོན་ན་སོ་སོའི་སྐྱེ་བོ་ལམ་ཞུགས་པ་མོས་པ་ཆོས་ཕྱོགས་སུ་སྒྱུར་མཁན་ཙམ་མ་གཏོགས་ཁྱད་ཆོས་གཞན་ཅི་ཡང་མེད་ཁི། འོན་ཀྱང་རྟེན་ལ་རབ་གནས་བྱེད་ཚེ་བྱིན་རླབས་ཞུགས་པ་ལྟར། དམ་པ་གོང་མ་སངས་རྒྱས་དངོས་བྱོན་དེ་ཚོའི་ཐུགས་བསྐྱེད་སྨོན་ལམ་གྱི་སྟོབས་ཀྱིས་བྱིན་རླབས་གྱི་ཕ་ཕོགས་རེ་ལྷག་བསམ་དད་གུས་འབྲལ་མེད་ཀྱི་སྟོབས་ཀྱིས་འདྲེན་ནུས་པའི་གདེང་ཚོད་ངང་། རང་རེ་ཀུན་ཆོས་ར་གཅིག་ཏུ་དུས་ཀྱི་ཐ་མར་ཆོས་ཀྱི་གྲུ་ཆེན་པོ་ལ་མཉམ་དུ་ཞུགས་ན། རང་རེས་ཆོས་ཞུས་ཞུས་ཐོབ་ཐོབ་གཟུགས་བརྙན་ཙམ་དུ་མ་སོང་བར། རང་རྒྱུད་ཉོན་མོངས་ཀྱི་གཉེན་པོ་རྒྱུད་ལ་སྦྱར་ནས། ཆོས་འཁོར་གདན་ས་ཆེན་པོའི་འགྲམ་དུ་སྐྱེས་པ་དེ་ཚོ་གཞན་དང་མི་འདྲ་འདུག་བསམ་རྒྱུའི་ཆོས་ཐོས་པའི་ལག་རྗེས། སྒོམ་པའི་ཉམས་མྱོང་གང་ལ་བསམ་ཡང་། རང་མཐོང་གི་མི་ཕལ་བ་ལ་ཁའི་རི་དྭགས་མིན་ཙམ་རྣམས་དང་མི་འདྲ་ཙམ་རེ། སེམས་ཀྱི་ནང་ནེམ་ཞིག་ཕོག་ནས་རང་རྒྱུད་ཆོས་ཀྱིས་དུལ་བ། གཞན་ལ་ཕན་པའི་བསམ་སྦྱོར་ཅན་ངང་རྒྱུད་རིང་བ། ཞི་ཞིང་དུལ་བ། ང་རྒྱལ་དང་ཁེངས་སེམས་ཆུང་བ། གཞན་གྱི་སྡུག་བསྔལ་རང་གིས་ལེན་མ་ཐུབ་ཀྱང་། རང་གི་སྡུག་བསྔལ་གཞན་ལ་སྤོ་བསམ་པའི་ངན་སེམས་མེད་ནི། རང་གཅེས་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་གནོད་པ་མི་བྱེད་པའི་མགོ་བརྩམས་ནས་བསམ་པ་བཟང་པོའི་རྨང་གཞི་འདིའི་ཐོག་ནས། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཕྱིན་དྲུག་གི་སྤྱོད་པ་ལ་རིམ་གྱིས་བསླབ་དགོས་བསམ་པའི་ཆོད་སེམས་བརྟན་པོ་ཞིག དགྲ་ནག་པོ་ཐད་ནས་བུད་ཀྱང་མི་ལྡོག་པ་དང་། དྲིན་ཕ་མས་སྔོན་ནས་བཀག་ཀྱང་མི་ཁོག་པ་ཞིག་དགོས། དེ་ལྟ་བུའི་ཆོད་སེམས་དང་ལྡན་པས་སྐབས་སུ་བབས་པ་གང་ཞིག་གསན་པར་བྱ་བ་ནི། གསུམ་པ་སྨོན་འཇུག་གི་བསླབ་བྱ་བསྟན་པ་ལ་གཉིས་ཡོད་པ་ལས། དང་པོ་སྨོན་པའི་བསླབ་བྱ་གོང་དུ་སོང་ནས་དེ་རིང་འཇུག་པའི་བསླབ་བྱ་ལ་ཁེལ་ཡོད།

༢༽འཇུག་པའི་བསླབ་བྱ་ཕྱིན་དྲུག

དོན་གཉིས་པ་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་མང་པོ་ཡོད་ཀྱང་དེ་ཐམས་ཅད་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་འདུ། དྲུག་པོ་གང་ཡིན་ན། སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཏེ། ཐབས་སྤྱོད་པའི་ཕྱོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཏེ་དྲུག་ཡིན། བསྡུ་ན། སྦྱིན་སོགས་སྔ་མ་ལྔ་དམིགས་བཅས་བསོད་ནམས་ཀྱི་ཚོགས་ཐབས་སྤྱོད་པའི་ཕྱོགས་དང་། ཤེས་རབ་དམིགས་མེད་ཡེ་ཤེས་ཀྱི་ཚོགས་ལྟ་བའི་ཕྱོགས་ཏེ་ཚོགས་གཉིས་ལ་འདུས་པ་ཡིན། ཕར་ཕྱིན་གྱི་ངེས་ཚིག་ནི། འཁོར་བའི་ཕ་རོལ་མྱ་ངན་ལས་འདས་པའི་ས་ལ་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་བས་ན་ཕར་ཕྱིན་གསུངས། ཕ་རོལ་མྱ་ངན་ལས་འདས་པའི་ས་ཞེས་པ་ལ་ཡང་ཞི་བ་ཉན་རང་གི་ས་དང་། རྫོགས་པའི་སངས་རྒྱས་ཀྱི་ས་རྣམ་པ་གཉིས་ཡོད། ཕར་ཕྱིན་དྲུག་པོ་དེར་ངེས་འབྱུང་གི་བསམ་པས་ཟིན། བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་ཀྱིས་མ་ཟིན། སྟོང་ཉིད་རྫོགས་པར་རྟོགས་པའི་ལྟ་བས་མ་ཟིན་ན་ཕར་ཕྱིན་ཉི་ཚེ་བ་ཟེར། ཞི་བ་ཉན་རང་གི་གོ་འཕང་ཐོབ་པའི་རྒྱུ་ཡིན། དེ་ལས་འདས་པའི་སངས་རྒྱས་ཀྱི་གོ་འཕང་ནི་ལྟ་བས་སྲིད་པའི་མཐའ་མནན། སྙིང་རྗེས་ཞི་བའི་མཐའ་མནན་ནས། སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པའི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན།

༡༽སྦྱིན་པ།

དེ་ལས་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་ཡིན། ཟང་ཟིང་གི་སྦྱིན་པ་དེ་ལ་གཏོང་བ་དང་། གཏོང་བ་ཆེན་པོ། ཤིན་ཏུ་གཏོང་བ་དང་གསུམ་ཡོད། གཏོང་བ་ནི་སློང་བ་པོས་བྱིན་ཅིག་ཅེས་པའི་སྒྲ་དེ་ཐོས་པ་དང་མི་དགའ་བ་མི་བྱེད་པར་ཆུང་ས་ནས་ཐ་ན་ཇ་ཐེབ་དང་། ནས་ཕོར་གང་ཡན་ཆད་རྒྱུ་རྫས་གཞན་ལ་སྦྱིན་པ་དེ་ཡིན། དེ་ལ་རང་གི་བསམ་པ་སེར་སྣ་དང་ལན་དང་རྣམ་སྨིན་ལ་མི་རེ་བ་རྣམ་པར་དག་ན་སྦྱིན་རྒྱུའི་དངོས་པོ་ལ་ཆེ་ཆུང་མེད་དེ། གལ་ཏེ་བསམ་པ་མ་དག་ན་སྦྱིན་རྒྱུའི་དངོས་པོ་ཆེ་ཡང་མི་ཕན་པ་ཤུགས་ཀྱིས་བསྟན། ལྟུང་བཤགས་ལས་ཀྱང་ཐ་ན་དུད་འགྲོའི་སྐྱེས་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་ཞེས་གསུངས་པས་རང་གི་འབྱོར་ཚད་ཀྱི་དངོས་པོ་དེ་བསམ་པ་རྣམ་པར་དག་པས་ད་ལྟ་བདག་ལ་འདི་ལས་མེད་ཀྱང་ཕྱིན་ཆད་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་སྦྱིན་ཡུལ་འདིས་གཙོས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་ནུས་པར་ཤོག་བསམས་ནས་བཞིན་འཛུམ་པ་དང་བཅས་ལག་གཉིས་ཀྱིས་གུས་པས་སྦྱིན་དགོས། ཡང་སློང་ན་ཡོད་ན་སྦྱིན། གལ་ཏེ་མེད་ན་དེའི་ཚུལ་བཤད་ནས་བཏང་། དེ་ནས་སྦྱིན་པའི་དགེ་རྩ་རྒྱུ་འབྲས་དང་བཅས་པ་སྦྱིན་ཡུལ་འདིའི་གཙོས་སེམས་ཅན་ཐམས་ཅད་ལ་བསྔོ་བསམས་ནས་བསྔོ་བ་དང་སྨོན་ལམ་བྱེད་དགོས། མཆོད་པ་ལྟ་བུའི་སྐབས་ལ་མཚོན་ན་མཆོད་ཡུལ་གྱི་དམིགས་རྟེན་སངས་རྒྱས་ཀྱི་སྐུ་གཟུགས་ལྟ་བུ་ལ་སྐྱབས་གནས་རྒྱ་མཚོ་ཐམས་ཅད་མངོན་སུམ་དུ་བཞུགས་ཡོད་བསམས་ནས་མཆོད་རྒྱུའི་དངོས་པོ་མར་མེ་རྡོག་པོ་གཅིག་ཡིན་ཡང་མཆོད་ལུགས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་མཆོད་དགོས། ཁྱད་པར་དངོས་གཞི་ལ་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པ་སྟོང་པའི་ངེས་ཤེས་དྲངས། ཚེ་འདི་དང་ཕྱི་མར་ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་མཆོད་སྦྱིན་བྱེད་དགོས། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་མངའ་བདག་ཡིན་པས་གཟུངས་སྔགས་དང་རིགས་སྔགས་དང་ཏིང་ངེ་འཛིན་ལ་སོགས་པའི་མཐུ་ལ་བརྟེན་ནས་དངོས་པོ་ཆུང་ངུ་ཆུ་ཐིགས་དང་ནས་འབྲུ་ཙམ་གྱི་སྦྱིན་པས་ཀྱང་། ལྟོགས་སྐོམ་གྱིས་མནར་ནས་ཟས་སྐོམ་གྱི་མིང་ཙམ་ཡང་ལོ་ཟླ་མང་པོར་ཐོས་མ་མྱོང་བའི་ཡི་དྭགས་ཀྱི་རིགས་གངྒཱའི་ཀླུང་གི་བྱེ་མ་སྙེད་མང་པོ་ལ་ཕན་ཐོགས་པར་གསུངས། དཀར་གསུར་དམར་གསུར་ལ་སོགས་པ་འདི་དག་ཀྱང་མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་རིགས་ལ་ཕན་ལྷག་པར་ཆེ་ཞིང་། སྦྱིན་པ་དེ་ལ་བརྟེན་ནས་སེམས་ཅན་གྱི་སྲོག་ལ་ཟ་བའི་འབྱུང་པོ་མི་མ་ཡིན་པ་རྣམས། གནས་སྐབས་སྔགས་དང་ཏིང་ངེ་འཛིན་གྱིས་མང་པོ་སྤེལ་བའི་དྲི་གསུར་གྱི་ཟས་ཀྱིས་ཚིམས་པ་དང་། དེ་དང་མཉམ་དུ་ཆོས་ཀྱི་སྦྱིན་པ་ཐོས་པས་དེ་དག་གི་རྒྱུད་གྲོལ་བ་སོགས་ལ་བརྟེན་ནས་སེམས་ཅན་གྱི་སྲོག་ལ་མི་འཚེ་བར་འགྱུར་བ་ཡིན་པས་སེམས་ཅན་མང་པོ་འཆི་བའི་འཇིགས་པ་ལས་སྐྱོབ་པས། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡང་ཡིན་ཏེ། དོན་དུ་སྦྱིན་པ་རྣམ་པ་གསུམ་ཀ་ཚང་། དེས་ན་ཆུ་སྦྱིན་དང་གསུར་བསྔོ་ལ་སོགས་པ་བྱེད་པ་ནི། སྟབས་བདེ་ཞིང་བྱ་སླ་ལ་དགེ་རྩ་ཆེན་པོར་འགྱུར་བས་ཆོད་ཆེ་བའི་ཆོས་ཡིན་པས། ལོ་རེ་བཞིན་ཆུ་གཏོར་འབུམ་ཐེར་རེ་ཙམ་བསྔོ་བ་དང་། དུས་རྒྱུན་ཆད་མེད་དུ་ཁྱིམ་པས་ཀྱང་ཉིན་བཞིན་དུ་ཡང་གསུར་བསྔོ་རེ་དང་ཆུ་གཏོར་མ་ཆགས་པར་བྱེད་པ་གལ་ཆེ་བ་ཡིན། ཆོས་ཀྱི་སྦྱིན་པ་འདིའི་ཐད་ནས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པའི་སྒོ་ནས་ཡང་དག་པའི་དོན་སྟོན་པར་བྱེད་པ་དང་། ལུང་དང་བསླབ་པ་འབོག་པ་དང་། དབང་པོ་དང་འཚམས་པའི་ཆོས་ཀྱི་སྦྱིན་པ་བྱེད་པ་ནི་སྦྱིན་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ཡང་ཡིན། དེ་བཞིན་དུ་རང་ལ་རྒྱུ་རྫས་ལོངས་སྤྱོད་ཅུང་ཟད་རེ་འབྱོར་པ་བྱུང་ན་ཡང་། དེ་ལ་ཤི་སྤར་འཐམས་ནས་ཚེ་འདི་ཕྱི་གཉིས་ཀའི་དོན་དུ་བེད་སྤྱོད་མི་བྲ་བར། ཟང་ཟིང་གི་ནོར་རྫས་ཅི་ཙམ་ཞིག་ཡོད་ཀྱང་མེད་སྙམ་ནས་མུག་སྐད་འདོན་པ་ནི་ད་ལྟ་མ་ཤི་གོང་ཉིད་ནས་ཡི་དྭགས་ཀྱི་རྒྱུ་མཐུན་སླེབ་པ་ཡིན་པས། དེ་ལྟར་མི་བྱེད་པར་ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་གཏོང་ལ་སོགས་པ་མཆོད་སྦྱིན་གྱི་ཕྱོགས་ལ་འབད་དགོས་ཏེ། འབད་རྩོལ་རི་རབ་ཙམ་བྱེད་པ་བས། །བསོད་ནམས་མེ་སྟག་ཙམ་བསགས་ན་བཟང་། །ཞེས་དང་། བསོད་ནམས་ཤུགས་ཀྱིས་དོན་འགྲུབ་པ། །ཉི་མའི་འོད་བཞིན་ལྟོས་པ་མེད། །འབད་པའི་ཤུགས་ཀྱིས་དོན་འགྲུབ་པ། །མར་མེའི་འོད་བཞིན་ཀུན་ལ་ལྟོས། །ཞེས་གསུངས་པ་དང་། རྗེ་མི་ལའི་ཞལ་ནས་ཀྱང་། ལྟོ་ཁ་ནས་བྲུས་ལ་སྦྱིན་པ་ཐོང་། །ཞེས་དང་། ས་པཎ་གྱིས། མཁས་པ་ལོངས་སྤྱོད་འོང་འདོད་ན། །ཆ་ཤས་སྦྱིན་པ་གཏོང་བ་གནད། །ཁྲོན་པའི་ཆུ་ནི་འཕེལ་འདོད་ན། འཆུ་བ་ཡི་ནི་གདམས་ངག་ཡིན། །གསུངས། དེ་ལྟར་བསོད་ནམས་བསགས་པའི་ཕན་ཡོན་གྱི་གནད་ཤེས་པ་མ་ཡིན་པར་རང་འདོད་ཀྱི་དབང་དུ་བཏང་ན། ལྷོ་འཛམ་བུ་གླིང་གི་རྒྱུ་རྫས་ལོངས་སྤྱོད་ཐམས་ཅད་མི་གཅིག་ལ་ཡོད་ཀྱང་ཆོག་མི་ཤེས། བརྒྱ་ཡོད་ན་བརྒྱ་ཁ་བཤིག་མི་བྲ། སྟོང་ཡོད་ན་ད་དུང་སྟོང་ཁ་གཅིག་བཀང་བསམ། ཁྲི་ཡོད་ན་ཁྲི་ཆག་བཤིག་མི་ཉན་བསམ། རང་ལ་ཡོད་པ་དེ་ཁ་ནས་འབུད་མི་བྲ་བར་ཡར་མཆོད་མར་སྦྱིན་བྱེད་རྒྱུ་དེ་ད་གཟོད་ཤ་རྐང་ལི་མི་སྣད་ཤ་ཁུ་ཨེ་རག་ཟེར་བ་ལྟར། གཞན་ཞིག་ནས་ཨེ་རྙེད་སྙམ་པ་ལྟ་བུ་ཞིག་འཆར་འོང་བ་ཡིན། ལར་ཟང་ཟིང་གི་སྦྱིན་པ་ལ་སོགས་རྒྱུ་རྫས་ཀྱི་དངོས་པོས་ཆོས་བྱེད་པ་འདི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ལ་གཙོ་བོར་གསུངས་པ་ཡིན་པ་ལས། རབ་ཏུ་བྱུང་བ་རྣམས་ཀྱིས་སྦྱང་བའི་ཡོན་ཏན་ལ་གནས་ནས། འདོད་པ་ཆུང་ཞིང་ཆོག་ཤེས་པ་ཁོ་ན་ལ་བསླབ། རི་ཁྲོད་དང་དགོན་པ་བརྟེན་ཏེ་དཀའ་སྤྱད་དང་སྙིང་རུས་ཀྱི་སྒོ་ནས་ལམ་ལྷག་པའི་བསླབ་པ་གསུམ་ཉམས་སུ་ལེན་པ་དེ་གལ་ཆེ་བ་ཡིན། ཆོས་སྤྱོད་བཅུ་ལ་སོགས་པ། རང་གི་རྒྱུན་གྱི་དགེ་སྦྱོར་བཅག་ནས་ཚོང་དང་སོ་ནམ་ལ་སོགས་གཡོ་སྒྱུ་དང་ལོག་འཚོ་སྡིག་པའི་སྒོ་ནས་རྒྱུ་རྫས་བསགས་ཏེ། དེས་ཡར་མཆོད་མར་སྦྱིན་བྱེད་པ་སོགས་ཆོས་བྱེད་པར་རློམ་པ་རྣམས་ནི། ཆོས་ཆོས་བཞིན་མ་བྱས་ན་ཆོས་ཀྱིས་སླར་ངན་སོང་གི་རྒྱུ་བྱེད་བྱ་བ་དེ་ཡིན་པས། དེ་ལ་སྙིང་པོ་ཅི་ཡང་མེད། དེས་ན་རབ་ཏུ་བྱུང་བ་ཞིག་ཡིན་ནས་བཟུང་སྟེ། དུས་དང་རྣམ་པ་ཐམས་ཅད་དུ་འདོད་ཆུང་ཆོག་ཤེས་ཁོ་ན་ལ་བསྟེན་པ་འདི་གལ་ཆེ་བ་ཡིན་ནོ། །དེ་ཡང་སྦྱིན་པ་གཏོང་བའི་སྐབས་སུ་གཙོ་བོ་སེར་སྣ་མེད་པ་ཞིག་དང་སེར་སྣའི་གཉེན་པོར་འགྲོ་བ་ཞིག་དགོས། དེ་ལྟ་བུའི་སེར་སྣའི་གཉེན་པོར་འགྲོ་བའི་སྦྱིན་པ་དང་། ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་ཟང་ཟིང་གི་སྦྱིན་པ་ནི་ཚོགས་ལམ་དང་། གཏོང་བ་ཆེན་པོ་སྦྱོར་ལམ་དང་། ཤིན་ཏུ་གཏོང་བ་མཐོང་ལམ་གཙོ་བོ་བཞག་པ་ཡིན། ལས་དང་པོ་བའི་སྐབས་སུ་བསམ་པས་གཏོང་སྦྱོར་བས་བསྲུང་དགོས་གསུངས། ལོངས་སྤྱོད་སེར་སྣའི་གཉེན་པོ་འགྲོ་ཚད་གཏོང་དགོས། དེ་ཡང་དགེ་རྩ་འབྲས་བུ་དང་བཅས་པ་གཏོང་དགོས། གཏོང་བ་ཆེན་པོ་ཞེས་བྱ་བ་ནི། རྟ་དང་གླང་པོ་བུ་དང་བུ་མོ་ལ་སོགས་རང་ལ་ལྷག་པར་རྩིས་ཆེ་བའི་ནོར་རྫས་དང་གཉེན་འཁོར་དང་། དཀོན་པའི་རིགས་གཞན་ལ་སྦྱིན་པ་དེ་ཡིན། ཤིན་ཏུ་གཏོང་བ་ནི། རང་གི་ལུས་དང་སྲོག་དང་ཡན་ལག་ལ་སོགས་པ་སྦྱིན་པར་གཏོང་བ་སྟེ། དཔེར་ན་རྒྱལ་བུ་སྙིང་སྟོབས་ཆེན་པོས་སྟག་མོར་ལུས་སྦྱིན་བཏང་བ་དང་། ཞེས་པ་འདིའི་ལོ་རྒྱུས་ཞུས་ན། སྔོན་འཛམ་གླིང་འདི་ན་རྒྱལ་པོ་ཤིང་རྟ་ཆེན་པོ་བྱ་བ་ལ་སྲས་གསུམ་ཡོད། ཆེ་བ་སྒྲ་ཆེན་པོ། འབྲིང་བ་ལྷ་ཆེན་པོ། ཆུང་བ་སེམས་བསྐྱེད་ཆེན་པོའོ། །ཐ་ཆུང་སེམས་བསྐྱེད་ཆེན་པོ་ནི་བྱམས་པ་དང་སྙིང་རྗེ་ཆེན་པོ་ཡོད་པ་སེམས་ཅན་སུ་མཐོང་ཡང་རང་གི་བུ་གཅིག་པུ་བཞིན་བརྩེ་བ་ཆེན་པོ་ཡོད་པ་ཞིག་ཡོད། སྐབས་ཤིག་རྒྱལ་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པ་ཕྱི་རོལ་ཏུ་ལྗོངས་རྒྱུ་ལ་སྐྱོ་སངས་ཀྱི་ཚུལ་དུ་ཕེབས་ནས་ས་ཆ་ཞིག་ཏུ་བསྡད་ཚེ། སྲས་གསུམ་པོ་ནགས་གསེབ་ཏུ་སོང་སོང་བས་མཐར་སྟག་མོ་ཕྲུ་གུ་སྐྱེས་ནས་ཞག་དྲུག་ཙམ་ཕྱིན་པས་བཀྲེས་སྐོམ་གྱིས་གདུང་ནས་ཤི་ལ་ཉེ་བ་སྟག་ཕྲུག་རྣམས་ཀྱིས་མའི་ནུ་མར་འབྲད་པ་ཞིག་དང་ཐུག སྲས་ཐ་ཆུང་ན་རེ། སྟག་མོ་འདིའི་ཟས་ཅི་ཟ་བ་ཡིན་ཟེར། དེ་གཉིས་ཀྱིས་བསད་མ་ཐག་པའི་ཤ་དང་ཁྲག་དྲོན་མོ་ལ་དགའ་བ་ལས་གཞན་མི་ཟ་སྨྲས། འོ་ན་ཤ་ཁྲག་དྲོན་མོ་སྦྱིན་ནུས་པ་ཡོད་དམ་བྱས་པས་དེ་དཀའ་བ་ཡིན་ཟེར། དེ་ནས་སྲས་ཐ་ཆུང་གིས་ཞེ་འདང་འདི་ལྟར་བརྒྱབ་ཏེ། བདག་ཡུན་རིང་པོར་འཁོར་བར་འཁོར་ནས་ད་ལ་ཐུག་ཚེ། ལུས་སྲོག་གྲངས་མེད་པ་བཏང་ཡང་དོན་ཡོད་པ་གཅིག་ཀྱང་མེད། ད་རེས་ལུས་གཏོང་བའི་དུས་ལ་བབ་བོ་དགོངས་ནས་སྨྲས་པ། ཁྱོད་གཉིས་སྔོན་ལ་སོང་། ང་ལ་དོན་འགའ་སྒྲུབ་རྒྱུ་ཡོད་པས་རྗེས་ནས་འོང་ཟེར་ནས་དེ་གཉིས་སྔོན་ལ་བཏང་། དེ་ནས་སྟག་མོའི་དྲུང་དུ་སོང་ནས་ཉལ་ཡང་སྟག་མོས་ཡུན་རིང་ཟས་སྐོམ་མ་ལོན་པས་ཁ་འཐམས་ནས་ཟ་མ་ནུས། དེ་ནས་རྒྱལ་སྲས་ཀྱིས་ཤིང་གི་ཚེར་མ་རྣོན་པོ་ཞིག་བླངས་ནས་རང་ལུས་ལ་རྨ་ཁ་གཏོད་དེ་ཁྲག་འཐུང་དུ་བཅུག དེས་རྐྱེན་གྱི་རིམ་བཞིན་ཁ་གདངས་ནས་ལུས་ཀྱི་ཤ་ཐམས་ཅད་ལྷག་མ་མེད་པར་ཟོས་སོང་། ཕུ་བོ་གཉིས་ཀྱིས་ས་ཆ་གཞན་ནས་ཡུན་རིང་བསྒུགས་ཀྱང་མ་བྱུང་། དེ་གཉིས་སྟག་མོས་ཟོས་པ་དོགས་ནས་ལྟར་ཕྱིན་པས་སྟག་གིས་ཟོས་ཚར་ནས་ཤ་རྗེས་ཁྲག་རྗེས་ཙམ་ཡང་མ་མཐོང་། དེའི་སྐབས་སུ་རྒྱལ་པོའི་བཙུན་མོས་རྨི་ལམ་དུ་ཕུག་རོན་གསུམ་ནམ་མཁའ་ནས་འཕུར་ཏེ་རྩེ་བ་ལ། ཆུང་བ་དེ་ཁྲས་ཁྱེར་བ་རྨིས། གཉིད་སངས་ཚེ་སེམས་མ་བདེ་ནས་སྲས་གསུམ་ཚོལ་བས། ཕུ་བོ་གཉིས་ཕེབས་ཏེ་ལོ་རྒྱུས་བཤད་པས་བཙུན་མོ་བརྒྱལ་ཏེ་འགྱེལ། ཅུང་ཙམ་ན་བརྒྱལ་སངས་ཏེ་ཐམས་ཅད་ལྟར་ཕྱིན་པས་ཁྲག་རྗེས་ཙམ་ལ་བལྟས་ནས་མྱ་ངན་དུ་གྱུར། རྒྱལ་བུ་ཚེ་འཕོས་མ་ཐག་དགའ་ལྡན་ལྷ་ཡུལ་དུ་སྐྱེས། ནམ་མཁའི་ཐད་དུ་འོང་ནས་སེམས་གསོ་མཛད་དེ་སྤྲོ་བ་བསྐྱེད། དེ་ནས་ཀུན་མྱ་ངན་སངས་ནས་རིན་པོ་ཆེ་སྣ་བདུན་གྱི་སྒྲོམ་བུའི་ནང་ཤ་རུས་ཙམ་ལུས་པ་བཅུག་ནས་མཆོད་རྟེན་བྱས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ལ་དབུ་སྦྱིན་པར་བཏང་བ་དང་། ལྷ་ལྕམ་མནྡྷ་བཟང་མོས་སྟག་མོར་ལུས་སྦྱིན་བཏང་བའི་ལོ་རྒྱུས་ནི། ལྷ་ལྕམ་མནྡྷ་བཟང་མོ་ནི་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་ཚེ་འཕོས་པའི་སྐྱེ་བ་འགའ་བླངས་པའི་རྗེས་སུ་ཀོ་ཏ་ལའི་རྒྱལ་པོའི་སྲས་མོ་དེ་ཡིན། དེ་ནས་སློབ་དཔོན་ཆེན་པོས་གསུངས་ལས། ཁ་བ་ཅན་དུ་གནམ་རི་ཞེས་བྱའི་སྲས། །སྲོང་བཙན་སྒམ་པོ་ཞེས་བྱའི་རྒྱལ་པོ་སྐྱེ། །ཞེས་སློབ་དཔོན་ཆེན་པོས་ལུང་བསྟན་པ་ལྟར་ཕྱིས་སུ་བོད་རྒྱལ་སྲོང་བཙན་སྒམ་པོ་ལ་སོགས་པ་སྐྱེས་པ་དེ་ལྟ་བུ་ཡིན་ཏེ། ཤིན་ཏུ་གཏོང་བ་ཆེན་པོའི་དཀའ་བའི་མཛད་པ་འདི་དག་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་མཐོང་ལམ་པ་ཡན་ཆད་རྣམས་མ་གཏོགས་སོ་སོའི་སྐྱེ་བོ་ཕལ་གྱིས་ཉམས་སུ་བླང་མི་ནུས་པས། ད་ལྟ་སོ་སྐྱེས་སྐབས་སུ་བློ་ཡིས་ལུས་སྲོག་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཡོངས་སུ་བཟུང་བའི་གཞི་གསུམ་པོ་ཐམས་ཅད་ལ་ཆགས་པ་མེད་པར་སེམས་ཅན་གྱི་དོན་དུ་བསྔོ་ཞིང་། ཕྱིས་ནས་དངོས་སུ་གཏོང་ནུས་པར་སྨོན་ལམ་འདེབས་པ་ཡིན། ཆོས་ཀྱི་སྦྱིན་པ་ནི། གཞན་ལ་དབང་བསྐུར། ཆོས་བཤད། ལུང་འབོགས་པ་སོགས་རང་རྒྱུད་སྨིན་ནས་གཞན་རྒྱུད་དགེ་བ་ལ་སྦྱོར་བའི་ཐབས་བྱེད་པ་དེ་ཡིན། འོན་ཀྱང་བདག་མེད་རྟོགས་ཏེ་རང་འདོད་ཀྱི་འཁྲིས་རྩ་བ་ནས་མ་ཟད་ཀྱི་བར་དུ་རང་མ་སྨིན་པས་གཞན་དོན་སྒྲུབ་ལོ་བྱས་ཀྱང་གཟུགས་བརྙན་ཙམ་ལས་མི་འོང་སྟེ། ཇོ་བོ་ལ་འཁོར་སློབ་རྣམས་ཀྱིས། ཚོགས་པ་སྐྱོང་བའི་དུས་ནམ་ཡིན། གཞན་དོན་བྱེད་པའི་དུས་ནམ་ཡིན། གཤིན་པོ་ལ་འཕོ་བ་འདེབས་པའི་དུས་ནམ་ཡིན་ཞུས་པས། ཚོགས་པ་སྐྱོང་བའི་དུས་མཐོང་ལམ་ས་དང་པོ་ན་སྟོང་ཉིད་རྟོགས་ཤིང་མངོན་ཤེས་ཐོགས་མེད་དུ་སྐྱེས་པའི་དུས་ན་ཚོགས་པ་སྐྱོང་དགོས་པ་ཡིན། གཞན་དོན་བྱེད་པའི་དུས་རང་དོན་གྱི་འཁྲི་བ་ཟད་ཙ་ན་ཡིན། གཤིན་པོ་ལ་འཕོ་བ་འདེབས་པའི་དུས་མཐོང་ལམ་ཐོབ་ནས་ཡིན་གསུངས། ཡང་ཇོ་བོའི་ཞལ་ནས། ད་ལྟ་སྙིགས་མའི་དུས་སུ་མེད་ན་ཡོད་མདོག་བྱས་ནས་ཕོ་ཟོ་འདོན་པའི་དུས་མ་ཡིན། སྙིང་རུས་འདོན་ཅིང་སྒྲུབ་ལ་འབད་པའི་དུས་ཡིན། ཆེ་ས་བཟུང་ནས་ང་ཆེ་ང་བཙན་བྱེད་པའི་དུས་མ་ཡིན། དམན་ས་གོང་མའི་གདན་ས་ཡིན་པས་དམན་ས་བཟུང་བའི་དུས་ཡིན། འཁོར་གཡོག་བསྟེན་ནས་རྒྱས་སྤྲོས་བྱེད་པའི་དུས་མ་ཡིན། དབེན་པའི་གནས་སུ་གཅིག་པུར་སྒྲུབ་ལ་བསྟེན་པའི་དུས་ཡིན། སློབ་མ་མང་པོ་བསྡུས་ནས་འདུ་འཛི་བསྲེལ་བའི་དུས་མ་ཡིན། རང་ཉིད་དང་ཉམས་ལེན་བསྲེལ་བའི་དུས་ཡིན། ཚིག་རྗེས་བསྲུང་བའི་དུས་མ་ཡིན། དོན་ལ་བསམ་པའི་དུས་ཡིན། ཕན་ཚུན་འགྲོ་བའི་དུས་མ་ཡིན། ས་གཅིག་གནས་གཅིག་ཏུ་སྡོད་ཚུགས་དགོས་པའི་དུས་ཡིན་གསུངས། ཡང་དགེ་བཤེས་སྟོན་པ་ལ། སྐུ་མཆེད་གསུམ་གྱིས། དབེན་པར་གཅིག་པུས་ཉམས་སུ་ལེན་པ་དང་། སེམས་ཅན་ལ་དབང་བསྐུར་ཆོས་བཤད་བྱས་ནས་ཆོས་ཀྱིས་ཕན་འདོགས་པ་གཉིས་ཁེབས་གང་ཆེ་ལགས་ཞུས་པས། སྟོན་པའི་ཞལ་ནས། རང་རྒྱུད་ལ་ཉམས་དང་རྟོགས་པའི་ཡོན་ཏན་ཅི་ཡང་མེད་པའི་ལས་དང་པོ་པའི་གང་ཟག་སོ་སྐྱེས་ཤིག་གིས་སེམས་ཅན་ལ་ཆོས་ཀྱིས་ཕན་བཏགས་ཀྱང་མི་ཐོགས་ཏེ། སྨིན་གླིང་གཏེར་ཆེན་གྱིས། རྫིང་ན་མེད་པ་ཡུར་བར་ཅི་ཞིག་འདྲེན། །རང་གིས་མ་བསྒོམས་གཞན་ལ་ཅི་ཞིག་གདམས། །ཞེས་གསུངས་པ་ལྟར། བྱིན་རླབས་སྣོད་སྟོང་པ་བྱོ་བ་དང་འདྲ་སྟེ། རང་ལ་བྱིན་རླབས་མེད་པས་གཞན་བྱིན་རླབས་ལ་འོང་རྒྱུ་མེད། གདམས་ངག་སྦང་མ་མ་མནན་པར་བཅུད་མེད་བསིང་བའི་ཆང་དང་འདྲ་སྟེ། གདམས་ངག་ལ་རོ་བཅུད་མེད། དྲོད་ཙམ་ཐོབ་པ་ལ་བརྟན་པ་མ་ཐོབ་པའི་ལས་དང་པོ་བ་མོས་པས་སྤྱོད་པའི་གང་ཟག་གིས་སེམས་ཅན་གྱི་དོན་བྱར་མི་བཏུབ་སྟེ། བྱིན་རླབས་བུམ་པ་གང་བྱོ་དང་འདྲ་སྟེ། གཞན་གང་ཙམ་ན་རང་ཉིད་སྟོང་པར་འགྱུར། གདམས་ངག་སྒྲོན་མེ་ལག་བརྒྱུད་དང་འདྲ་སྟེ། གཞན་གསལ་ཙམ་ན་རང་ཉིད་འགྲིབ་པར་འགྱུར། ས་ཐོབ་ན་མར་སེམས་ཅན་གྱི་དོན་གྲུབ་ཚད་བྱ་བ་ཡིན་ཏེ། བྱིན་རླབས་བུམ་བ་བཟང་པོའི་དངོས་གྲུབ་དང་འདྲ་སྟེ། གཞན་ཐམས་ཅད་སྨིན་པར་བྱས་ཀྱང་། རང་ཉིད་ལ་གང་སྟོང་མེད། གདམས་ངག་མར་མེ་སྦར་སའི་གཞི་མ་དང་འདྲ་སྟེ། གཞན་གསལ་བར་བྱས་ཀྱང་། རང་ལ་འགྲིབ་པ་མེད་པར་སྔར་བཞིན་གསལ་བ་ཡིན། དེས་ན་ད་ལྟ་སྙིགས་མའི་དུས་འདིར་སོ་སོའི་སྐྱེ་བོས་དབེན་པར་བྱམས་སྙིང་རྗེ་བྱང་ཆུབ་གྱི་སེམས་ལ་བློ་གོམས་པར་བྱ་བ་མ་ཡིན་པར། སེམས་ཅན་ལ་དངོས་སུ་ཕན་གདགས་པའི་དུས་མ་ཡིན། རང་རྒྱུད་ཀྱི་ཉོན་མོངས་པ་སྲུང་ཞིང་སྨིན་པར་བྱེད་པའི་དུས་ཡིན། དཔེར་ན་སྨན་ཆེན་པོའི་ལྗོན་ཤིང་གི་མྱུ་གུ་དེ་བཅད་ནས་མེད་པར་བྱེད་པའི་དུས་མ་ཡིན། སྲུང་བའི་དུས་ཡིན་གསུངས། དེས་ན་དངོས་སུ་སེམས་ཅན་ལ་ཆོས་ཀྱི་སྦྱིན་པ་གཏོང་བ་ནི་རང་ཉིད་ཉམས་ལེན་གྱི་ཚད་མཐོན་པོ་མ་ཐོན་བར་ཅུང་ཟད་དཀའ། རང་མགོ་མི་ཐོན་རོ་མགོར་ཅ་ཅོ་སྒྲོགས། །གསུངས་པ་ལྟར། རང་གིས་ཉམས་སུ་མ་བླངས་པར་ཆོས་གཞན་ལ་བཤད་ཁུལ་བྱེད་པ་འདིས་ནི་གཞན་ལ་ཕན་ཅི་ཡང་མི་ཐོགས། ཆོས་བཤད་པ་ལ་བརྟེན་ནས་འབུལ་བ་དང་རྙེད་ནོར་བསྡུ་བ་ནི། རྒྱ་གར་དམ་པས། ནོར་སྒྲུབ་པའི་ཟོང་ཆོས་ལ་བྱེད་གསུངས་པ་དེ་ཡིན་པས། རང་འདོད་མ་ཟད་ཀྱི་བར་དུ། གཞན་དོན་བྱེད་པ་ལ་མི་རིངས་པར་རང་གིས་ཁ་ཏོན་དང་བཟླས་བརྗོད། རྒྱལ་བའི་བཀའ་གསུང་རབ་བཀླག་པ་སོགས་དཀར་ཕྱོགས་ཀྱི་ལྷ་འདྲེ་རྣམས་ཀྱིས་ཉན་ནས་རྒྱུད་གྲོལ་བའི་སྨོན་ལམ་བྱེད། ཆུ་གཏོར་དང་ལུས་སྦྱིན་ལ་སོགས་པའི་མཇུག་ཏུ། སྡིག་པ་ཅི་ཡང་མི་བྱ་སོགས་ཆོས་སྦྱིན་ཡོད་པ་དེ་ཙམ་གྱིས་འཐུས་པར་བྱ། ངར་འཛིན་ཞིག་སྟེ་རང་འདོད་ཀྱི་འཁྲི་བ་རྩ་བ་ནས་ཟད་པའི་དུས་སུ། རང་དོན་ཞི་བདེ་དང་སྙོམས་ལས་སོས་དལ་གྱི་དབང་དུ་སྐད་ཅིག་ཀྱང་མི་ལུས་པར་གཞན་དོན་ཁོ་ན་གཙོ་བོར་བྱ་བའི་དུས་ལ་བབ་པ་ཡིན་པས་དེ་ལྟར་བྱ། དངོས་སུ་ཆོས་སྦྱིན་བྱས་ནས་ཕན་ཐོགས་པ་ས་དང་པོ་ནས་གཙོ་བོ་ཡིན། དེ་ཚུན་ཆད་རི་མཐོན་པོའི་རྩེ་སོགས་ནས་མདོ་འདོན་པ་དང་བསང་ཕུད་པ་དང་གསུར་དང་ཆུ་གཏོར་དང་ལུས་སྦྱིན་རྣམས་ཀྱིས་རྗེས་སུ་སྡིག་པ་ཅི་ཡང་སོགས་ཀྱིས་ཆོས་སྦྱིན་བྱེད་པ་དེས་འབྱུང་པོ་དཔག་ཏུ་མེད་པའི་རྒྱུད་གྲོལ་བར་བསམ་ན་ལས་དང་པོ་བའི་ཆོས་སྦྱིན་གྱི་གོ་དེས་ཆོད་པ་ཡིན། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི། སེམས་ཅན་སྐྱབས་མེད་པའི་སྡུག་བསྔལ་ཅན་རྣམས་ལ་སྐྱབས། མགོན་མེད་པ་ལ་མགོན། དཔུང་གཉེན་མེད་པ་ལ་དཔུང་གཉེན་བྱེད་པ་ཐམས་ཅད་དང་། ཁྱད་པར་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་དགེ་བ་ཐམས་ཅད་ལས། སེམས་ཅན་གྱི་སྲོག་སྐྱབས་པ་ཕན་ཡོན་ཆེ་བར་གསུངས་པས། མི་ལ་ཁ་གྲགས་དབང་ཆ་ཡོད་མཁན་རྣམས་ནས། རི་རྒྱ་རྔོན་ཁྲིམས་དང་ཀླུང་རྒྱ་སྡོམ་ན་དེང་སང་གི་འཁོར་ཡུག་སྲུང་སྐྱོབས་སོགས་དང་ཡང་མཐུན་པ་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཡོད་པ་རེད། མདོར་ན་དབང་ཡོད་རྣམས་ཀྱིས་དགེ་བཅུའི་ཁྲིམས་བསྡམ་རྒྱུ་ནི་ཆོས་དང་འཇིག་རྟེན་གང་ནས་བསམས་ཀྱང་ཤིན་ཏུ་ཡ་མཚན་ཆེ་བ་རེད། དེས་ན་མི་ཕལ་བ་གཞན་དག་རྣམས་ནས་ཀྱང་། གསོད་སར་ཁྲིད་པའི་བཤས་ལུག་བསླུ་བ་དང་། འཆི་བར་ཉེ་བའི་ཉ་དང་འབུ་སྦྲང་གི་སྐྱབས་བྱེད་པ་ལ་སོགས་དངོས་སུ་ཐབས་སྣ་ཚོགས་པའི་སྒོ་ནས་སེམས་ཅན་ལ་ཕན་འདོགས་པ་ལྷུར་ལེན་པར་ཡིན་ནོ། །དེ་ལྟར་སྦྱིན་པ་རྣམ་པ་འདི་དག་ནི། གསང་སྔགས་ཀྱི་དམ་ཚིག་གི་ཡང་གཙོ་ཆེ་ཤོས་ཡིན་ཏེ། རིགས་ལྔའི་སྡོམ་བཟུང་ལས། རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་གསུངས་པ་ལྟར་རོ། །སྦྱིན་པ་ལ་བསླབ་དུས་གཙོ་བོ་གཏོང་སེམས་གོམས་དགོས། གཏོང་རྒྱུ་ནི་ཡོངས་སུ་བཟུང་བའི་གཞི་གསུམ་པོ་ཡིན། དེ་ཡང་ཐུན་གྱི་སྐབས་སུ་དང་པོ་སེམས་ཅན་ཐམས་ཅད་མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་ཀྱི་རྟོག་པ་ཞིག་བསྐྱེད། བདག་གིས་ཉི་མ་དེ་རིང་ནས་བཟུང་མཐར་ཐུག་སངས་རྒྱས་མ་ཐོབ་ཀྱི་བར་དུ་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ། མ་སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་བདེ་བ་རྒྱུུ་འབྲས་གཉིས་ཐོབ་པ་དང་། སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བའི་ཆེད་དུ་བཏང་བ་ཡིན། བསྔོས་པ་ཡིན། བྱིན་པ་ཡིན་བསམ། ཇི་ལྟར་སྦྱིན་ན་ཚེ་འདིའི་ལན་དང་ཕྱི་མའི་རྣམ་སྨིན་ལ་རེ་བ་མེད་པར་སྦྱིན། བདག་ལ་བསམ་ངན་སྦྱོར་རྩུབ་འཆང་བའི་ངན་པ་ཆགས་སྡང་རྨོངས་གསུམ་གྱིས་འབྲེལ་བ་དང་། ཆོས་དང་བཤེས་ཀྱིས་འབྲེལ་བའི་བཟང་པོ་དད་པ་དག་སྣང་གིས་འབྲེལ་བའི་སེམས་ཅན་ཐམས་ཅད། མདོར་ན་འབྲེལ་ཚད་དོན་ལྡན་དུ་འོང་བར་ཤོག་བསམས་ནས་ཐུན་ནང་གཏོང་སེམས་གོམས་པར་བྱ་བ་དང་། ཐུན་མཚམས་རྣམས་སུ་རང་ནུས་ལྟར་སྦྱོར་བ་ལག་ལེན་ཆུང་རིམ་ནས་རིམ་པར་བསླབ་དགོས། མཆོད་སྦྱིན་གཉིས་ཀ་སྦྱིན་པའི་ཕར་ཕྱིན་དུ་འགྲོ་བ་ཡིན། དེ་ཡང་སེར་སྣའི་གཉེན་པོར་འགྲོ་བའི་སྦྱིན་པ་གཏོང་བ་ལ་གོམས་པར་བྱ་བ་གལ་ཆེ་སྟེ། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ། །གལ་ཏེ་མི་སྐྱེ་ནའང་དབུལ་པོར་སྐྱེ། །ཞེས་གསུངས། སྔར་སྦྱིན་པ་མ་བཏང་བས་ད་ལྟ་ནོར་དབུལ་བའི་སྡུག་བསྔལ་མྱོང་། ད་ལྟ་སྦྱིན་པ་མ་བཏང་ནས་སེར་སྣ་བྱས་ན་ཕྱི་མར་ཡི་དྭགས་སུ་སྐྱེ་བ་ཡིན། གལ་ཏེ་མི་ལུས་ཐོབ་ཀྱང་དབུལ་པོར་སྐྱེ་བར་གསུངས་པས་བསོད་ནམས་བསགས་པ་ཤིན་ཏུ་གལ་ཆེའོ།།

༢༽ཚུལ་ཁྲིམས།

གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། སྡོམ་པའི་ངོ་བོ་སྤོང་སེམས་རྒྱུན་ཆགས་ས་བོན་དང་བཅས་པ་ལ་འདོད། སྤོང་སེམས་ཡོད་ན་ཚུལ་ཁྲིམས་ཡིན། སྤོང་སེམས་མེད་ན་ཚུལ་ཁྲིམས་མིན་བས་ན་སེམས་ཀྱི་སྟེང་ནས་སྤོང་སེམས་ཡོད་པ་དང་། སྤོང་སེམས་དེ་ལ་དམ་བཅའི་ལྕགས་ཀྱུ་གཉིས་པ་ཞིག་གིས་ཟིན་དགོས། དབྱེ་ན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ཡོད། དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཞན་དོན་དུ་མི་འགྱུར་བའི་སྲོག་གཅོད་མ་བྱིན་ལེན་ལ་སོགས་མི་དགེ་བ་བཅུ་པོ་ཐམས་ཅད་དུག་བཞིན་དུ་སྤོང་བ་དེ་ཡིན། འདི་ནས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་འདི་རྟེན་སོ་ཐར་རིགས་བདུན་གྱི་ནང་ནས་ཁྱིམ་པའི་རྟེན་ཅན་གྱི་དགེ་བསྙེན་དང་ཐུན་མོང་དུ་གསུངས་ཡོད་པ་ལྟ་བུ་ཞིག་ཡིན། ཚུལ་ཁྲིམས་ཀྱི་ཕར་ཕྱིན་སྒོམ་སྐབས་ཀྱང་ཐོག་མར། མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་འདི་མན་ཆད་ཚང་མ་འདྲ་བར་སྦྱར་དགོས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་དེའི་ཆེད་དུ། ངས་ཉི་མ་དེ་རིང་ནས་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་སེམས་ཅན་གཅིག་གི་སྲོག་ཀྱང་མི་གཅོད། དེ་ལ་རྗེས་སུ་ཡི་རང་ཡང་མི་བྱེད་སྙམ་པའི་སྤོང་སེམས་རེ་དང་། དེ་ལྟ་བུའི་དམ་བཅའ་དེ་ལས་ལྡོག་པ་ནི་སྲོག་དམར་པོ་ལ་བབས་ཀྱང་མི་བྱེད་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་རེས་ངེས་པར་དུ་ཟིན་དགོས། དེ་བཞིན་དུ་མ་བྱིན་ལེན་པ་དང་། རབ་ཏུ་བྱུང་བ་ཡིན་ན་མི་ཚངས་སྤྱོད་དང་ཁྱིམ་པ་ཡིན་ན་འདོད་ལོག་ལ་སོགས་ཐམས་ཅད་དེ་འདྲ་སྤོང་དགོས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་འདི་སྡོམ་པ་གསུམ་པོ་ཐོབ་པའི་གང་ཟག་གིས་སོར་བྱང་སྔགས་གསུམ་གྱི་ཉེས་སྤྱོད་ཐམས་ཅད་སྡོམ་དགོས་པ་རེད། མདོར་བསྡུ་ན་གཞན་གནོད་གཞི་དང་བཅས་པ་སྤོང་བ་དེ་སོར་ཐར། གཞན་ཕན་གཞི་དང་བཅས་པ་སྒྲུབ་པ་དེ་བྱང་སེམས། སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཤེས་པ་དེ་སྔགས་ཀྱི་སྡོམ་པ་ཡིན། མདོར་ན་ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ལ་གནོད་པའི་ལས་ཕྲ་མོ་ཙམ་ཡང་སྤོང་བ་དེ་ཉེས་སྤྱོད་སྡོམ་པ་ཡིན། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དགེ་རྩ་ཆུང་ཡང་སེམས་རྣམ་པར་དག་ན་འབྲས་བུ་ཆེན་པོ་འབྱིན་པས་དགེ་བའི་རྩ་བ་ཆ་ཕྲ་མོ་རེ་ཡན་ཆད་ལའང་བརྙས་པར་མི་བྱེད་པ་དུས་དང་རྣམ་པ་ཐམས་ཅད་དུ་ཅི་འགྲུབ་གང་འགྲུབ་དུ་རང་རྒྱུད་ལ་སྒྲུབ་པར་བྱེད་པ་དེ་ཡིན། ལར་འཇིག་རྟེན་པ་ཕལ་པའི་ཁ་སྐད་ལ་ཡང་། དགེ་བ་ཁ་ཞོར་ལག་ཞོར། སྡིག་པ་འགྲོ་ཞོར་འདུག་ཞོར་ཟེར་བ་ལྟར། རང་གི་དུས་དང་རྣམ་པ་ཐམས་ཅད་དུ་སྤྱོད་ལམ་དང་འདུ་ཤེས་ཐམས་ཅད་དྲན་ཤེས་དང་བག་ཡོད་ཀྱི་སྒོ་ནས་བརྟགས་ཏེ། སྤང་བླང་འདོར་ལེན་གྱི་གནས་ལ་མ་འབད་ན། ཐ་ན་ཁ་དང་ལག་པས་རྩེད་མོ་ཙམ་གྱི་ཞོར་ལའང་སྡིག་པ་ཚབས་པོ་ཆེ་དུ་མ་སོག་འགྲོ་བ་ཡིན་པས། ཇི་སྐད་དུ། སྡིག་པ་ཆུང་ངུ་ཙམ་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཕྲ་མོ་གཅིག་གིས་ཀྱང་། རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །ཞེས་གསུངས། དེ་བཞིན་དུ་དུས་དང་རྣམ་པ་ཐམས་ཅད་དུ། རང་གིས་རང་ལ་བརྟགས་ཏེ་དྲན་དང་ཤེས་བཞིན་གྱིས་བཟུང་ནས་དགེ་ཆོས་ཐམས་ཅད་ཉམས་སུ་བླངས་ན། ཆུ་ཐིགས་བསགས་པས་རྒྱ་མཚོ་བཞིན་དུ་དགེ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་ཞར་དང་ཞོར་ལ་འགྲུབ་འགྲོ་བ་ཡིན་ཏེ། ཐ་ན་ལམ་ཁ་ཞིག་ན་མ་ཎི་རྡོ་མཁར་ཞིག་ཡོད་ཀྱང་དེ་ལ་དང་བའི་ཡིད་ཀྱིས་ཞྭ་ཕུད་པ་དང་གུས་པ་དང་ཞེ་ས་བྱ། རྡོ་མཁར་དང་མཆོད་རྟེན་སོགས་དཀོན་མཆོག་གི་རྟེན་དེ་ཉིད་རང་གི་ལག་པ་གཡས་ཕྱོགས་སུ་བཞག་སྟེ་བསྐོར་བའི་ཚུལ་གྱིས་འགྲོ། དེ་ཡང་དམ་པ་གསུམ་གྱིས་ཟིན་པར་བྱས་ན། རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་མ་ནོར་བར་འགྲོ་བས། ཇི་སྐད་དུ། དགེ་བ་ཕྲ་མོ་ཙམ་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། ཞེས་པ་ལྟར། སྔོན་གྱི་དུས་སུ་ཕག་གཅིག་ཁྱིས་དེད་དེ་མཆོད་རྟེན་ལ་བསྐོར་བ་བྱས་པ་དེའི་བསྐོར་བའི་ཕན་ཡོན་ཐོབ་ཏེ་ཐར་བའི་ས་བོན་རྒྱུད་ལ་བཞག་པ་དང་། ཡང་སྲིན་འབུ་བདུན་ཤིང་ལོའི་སྟེང་ནས་ཆུར་ལྷུངས་པ་ཆུ་ཡི་འཁོར་ཕྱོགས་ཀྱིས་ཆུ་ནང་དུ་ཡོད་པའི་མཆོད་རྟེན་ལ་བསྐོར་བ་བདུན་བྱས་པ་ཡང་དེ་བཞིན་དུ་གྱུར་བ་སོགས་ཀྱང་དགེ་རྩ་ཆུང་ངུ་ཡིན་ཡང་ཐར་པའི་རྒྱུར་གྱུར་པའི་ལོ་རྒྱུས་ལྟ་བུ་ཡིན་པས། དུས་དང་རྣམ་པ་ཐམས་ཅད་དུ་སྡིག་པ་ཆེ་ཆུང་ལ་མ་ལྟོས་པའི་སྣ་རེ་ཡན་ཆད་སྤང་། དགེ་བ་སྣ་རེ་ཡན་ཆད་ཅི་འགྲུབ་འགྲུབ་ཏུ་བསྒྲུབ། དེ་དག་སེམས་ཅན་གྱི་དོན་དུ་བསྔོ་བ་ལ་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་སྡོམ་པ་ཐམས་ཅད་འདུས་པ་ཡིན་ནོ། །སྤྱིར་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི་ཕར་ཕྱིན་དྲུག་ལ་བསླབ་པ་ཡིན། འོན་ཀྱང་ལས་དང་པོ་བ་ལ་མཚོན་ན་ལུས་ཀྱིས་ཕྱག་དང་སྐོར་བ་ལ་སོགས། ངག་གིས་གཟུངས་སྔགས་བཟླ་བ་ལ་སོགས། སེམས་ཀྱིས་དགེ་སེམས་སྐད་ཅིག་མ་སྐྱེས་པ་ཚུན་ཆད་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཡིན། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། སྔར་བཤད་པ་ལྟར་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་ནས་རང་འདོད་རྩ་བ་ནས་ཟད་པའི་དུས་སུ། སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་དེ་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་སེམས་ཅན་གྱི་དོན་དངོས་སུ་བསྒྲུབ་པ་ལ་འབད་པ་མི་འདོར་པ་དེ་ཉིད་ཡིན་ལ་། ལས་དང་པོ་བའི་དུས་སུ། ཆེ་ཆུང་ལ་མ་ལྟོས་པའི་དགེ་སྒྲུབ་སྡིག་སྤང་གི་བསླབ་བྱ་གང་ཉམས་སུ་ལེན་ཡང་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དེ་ལ་འདུས་པ་ཡིན་ནོ། །འདི་དག་གི་གནང་བཀག་གི་ཁྱད་པར་ནི། སོར་ཐར་བའི་སྡོམ་པའི་རང་དུས་བརྩིས་ན་མི་དགེ་བཅུ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་གནང་བའི་སྐབས་མེད་པ་དང་། བྱང་ཆུབ་སེམས་དཔའ་ལ་ནི་ལུས་ངག་གི་མི་དགེ་བ་བདུན་གཞན་དོན་དུ་གནང་བ་དང་། སྔགས་ལ་མི་སྤོང་བར་ཐབས་ཀྱི་ཆར་བསྟེན་ཏེ་ཤིང་ལས་མེ་བཞིན་ཡེ་ཤེས་སྐྱེ་བའི་རྒྱུར་ལམ་ཟབ་པའི་ཁྱད་པར་དུ་བྱས་པ་ཡིན་ཏེ། སྤོང་སྒྱུར་ལམ་དུ་བྱེད་པའི་ཁྱད་པར་རང་ལམ་སོ་སོའི་ཐོག་ནས་མི་འདྲ་བ་ཡོད། མདོར་ན་རང་ནུས་གང་ཡོད་ཀྱིས་གཞན་གནོད་གཞི་དང་བཅས་པ་དེ་སྤོང་། གཞན་ཕན་གཞི་དང་བཅས་པ་དེ་སྒྲུབ། སྒོ་གསུམ་རྡོ་རྗེ་གསུམ་དུ་ཤེས་ཤིང་དགེ་ཚོགས་ཆེ་འགྲུབ་ཆུང་འགྲུབ་བསྒྲུབས་པ་ཐམས་ཅད་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་གྱིས་ཟིན་པར་བྱེད་པ་ལ་དགེ་བ་ཆོས་སྡུད་སོགས་ཚུལ་ཁྲིམས་ཐམས་ཅད་འདུས། རྗེས་ཐོབ་ཐུན་མཚམས་རྣམས་སུ་ཡང་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྣ་རེ་ཡང་སྤོང་། དགེ་བ་སྣ་རེ་ཡན་སྒྲུབ་དེ་ཐམས་ཅད་དམ་པ་གསུམ་གྱིས་ཟིན་པ་དང་། འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས་པ་སོགས་ཐམས་ཅད་འདྲ་བ་ཡིན།

༣༽བཟོད་པ།

གསུམ་པ་བཟོད་ནི། བཟོད་པའི་ངོ་བོ་མི་འཁྲུགས་པའི་བདག་ཉིད་ཅན་ཞིག་ཡིན། དེ་ལྟ་བུའི་སེམས་ཚིག་པ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ་སྟེ། གཞན་གྱི་ལོག་སྒྲུབ་བཟོད་པའི་བཟོད་པ། ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ། ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་དང་གསུམ་ཡོད། དང་པོ་གཞན་གྱི་ལོག་སྒྲུབ་བཟོད་པའི་བཟོད་པ་ནི། ཕ་རོལ་པོ་གཞན་གྱིས་རྒྱུ་མཚན་ཡོད་དམ་མེད་ཀྱང་རུང་མདོར་ན་རང་ལ་དངོས་སུ་ལུས་ཀྱིས་རྡུང་རྡེག་དང་། རྒྱུ་ནོར་འཕྲོག་བཅོམ་ངག་གིས་ཚིག་ངན་སྨྲ་བ་དང་མཚང་འབྲུ་བ་ལ་སོགས་དང་། ལྐོག་ནས་མི་སྙན་པར་བརྗོད་པ་སོགས་ལ་ཞེ་སྡང་དང་ཁོང་ཁྲོ་མི་བྱ་བར་མ་ཟད་སླར་དེ་ལ་ཡིད་འོང་གི་བྱམས་པ་དང་བརྩེ་བའི་སྙིང་རྗེ་བསྐྱེད་ནས་དེ་དག་ལ་གནོད་ལན་དུ་ཕན་འདོགས་པ་དེ་ཡིན། དེ་ལྟར་མ་བྱས་པར་ཚུར་གནོད་བསྐྱལ་བའི་ལན་དུ་ཕར་ལ་ཁོང་ཁྲོའི་དབང་དུ་བཏང་ན། བསྐལ་པ་སྟོང་གི་ཚོགས་བསགས་ཁོང་ཁྲོ་གཅིག་གིས་འཇོམས། ཟེར་བ་ལྟར་ཡིན་ཏེ། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་འགྱུར། །ཞེས་གསུངས། འཇོམས་རྒྱུ་བསོད་ནམས་ཆ་མཐུན་གྱི་དགེ་རྩ་འཛོམས་པ་ཡིན། དམ་པ་གསུམ་དང་ལྡན་པའི་དགེ་རྩ་ཡིན་ན་འཇོམས་མི་ཐུབ། ཅིའི་ཕྱིར་ན་བསྔོ་བས་རྒྱས་ཐེབས་ཟིན་པས་བྱང་ཆུབ་མ་ཐོབ་བར་དུ་མི་འཛད་གསུངས་པས་སོ། །འཇིག་རྟེན་པའི་དགེ་རྩ་དམ་པ་གསུམ་གྱིས་རྩིས་མ་ཟིན་པ་ཞིག་ཡིན་ན། མགལ་དུམ་སོགས་ལ་ཁྲོས་ནའང་འཇོམས་པར་གསུངས། ཐེག་དམན་ཐར་བ་ཆ་མཐུན་གྱི་དགེ་རྩ་ཡིན་ན། ཉན་རང་ནང་ཕན་ཚུན་ཁྲོས་ན་འཇོམས་པ་མ་གཏོགས། སོ་སྐྱེས་ཐ་མལ་པ་ལ་ཁྲོས་ན་དགེ་རྩ་རྩ་བ་ནས་འཇོམས་མི་འགྲོ་ཡང་ཉམས་སྨད་པ་ཡིན། བྱང་ཆུབ་སེམས་དཔའ་ཞིག་གིས་ཉན་རང་ལ་ཁྲོས་ན་དགེ་རྩ་ཉམས་སྨད་པ་ཙམ་ལས་རྩ་བ་ནས་འཇོམས་མི་འགྲོ་བར་གསུངས། བྱང་ཆུབ་སེམས་དཔའ་ནང་ཕན་ཚུན་ཁྲོས་ན་ལྕགས་ཀྱིས་ལྕགས་བཅད་པ་བཞིན་དགེ་རྩ་མ་ལུས་པ་འཇོམས་འགྲོ་བ་ཡིན། ཁྱད་པར་བྱང་སེམས་ཚོགས་སྦྱོར་ལམ་པ་ཞིག་གིས་མཐོང་ལམ་པ་སོགས་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞིག་ལ་ཁྲོས་ན། དགེ་བའི་རྩ་བ་ཐམས་ཅད་ལྷག་མ་ཙམ་ཡང་མི་ལུས་པར་ཚིག་འགྲོ་བ་ཡིན་པས་ན་སླར་ཚོགས་ལམ་ཆུང་ངུ་ནས་འཇུག་སྟེ་སེམས་བསྐྱེད་དགོས་པ་ཡིན་གསུངས། དེས་ན་ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་ཏུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། བཟོད་པ་སྒོམ་པ་དེ་ལ་ཁོང་ཁྲོའི་ཉེས་དམིགས་དྲན་ནས་དུས་དང་རྣམ་པ་ཐམས་ཅད་དུ་བཟོད་པ་སྒོམ་པ་ལ་འབད་དགོས་ཏེ། རྒྱ་གར་དམ་པས། དགྲ་སྡང་ལས་ཀྱི་འཁྲུལ་སྣང་ཡིན་པ་ལ། །ཞེ་སྡང་གདུག་སེམས་སྐྱུར་ཅིག་དིང་རི་བ། །ཞེས་དང་། ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས་ཀྱང་། གནོད་པ་བྱེད་པ་ལ་ཁོང་མ་ཁྲོ། གནོད་པ་བྱེད་པ་ལ་ཁོང་ཁྲོ་ན། བཟོད་པ་ཅི་ཙམ་ན་བསྒོམ། ཞེས་གསུངས། དེས་ན་རང་ལ་ཚུར་ངན་སྨྲས་དང་གནོད་པ་མ་ཉེས་པའི་ཁ་ཡོག་ལ་སོགས་པ་བྱུང་ན་དེ་ལ་ཐད་ཀར་ཁོང་ཁྲོ་དང་ཡུན་རིང་ཞེ་ལ་བཟུང་ནས་འཁོན་དུ་འཛིན་པ་སྤངས་ན། དེས་རང་ཉིད་ཀྱི་སྡིག་པ་དང་དེ་ལས་བྱུང་བའི་སྒྲིབ་པ་མང་དུ་འཛད་ཅིང་། བཟོད་པ་ལ་བརྟེན་ནས་ཚོགས་རླབས་པོ་ཆེ་རྫོགས་པ་ཡིན་པས། གནོད་པ་བྱེད་པ་ལ་འཁོན་འཛིན་མི་བྱེད་པར་བླ་མ་ལྟར་བལྟ་དགོས་ཏེ། ཞེ་སྡང་སྐྱེ་ཡུལ་མེད་ན་བཟོད་བ་སུ་ལ་བསྒོམ་ཟེར་བ་དེ་ཡིན། ལར་ད་ལྟའི་དུས་ན་དེ་བླ་མའམ་དགེ་སློང་བཟང་པོ་ཞིག་ཡིན་ཏེ་ཁོང་ཁྲོ་ཆེ་ཟེར། འཇིག་རྟེན་གྱི་ཁམས་ན་སྐྱོན་གཅིག་ལ་ཁོང་ཁྲོ་ལས་ཐུ་བ་མེད་ན། ཁོང་ཁྲོ་ཆེ་བཞིན་ཏུ་བཟང་པོ་ཞིག་ཇི་ལྟར་ཡིན། རྒྱ་གར་དམ་པའི་ཞལ་ནས་ཀྱང་། འདོད་ཆགས་ཀྱི་ལས་བརྒྱ་བས། ཞེ་སྡང་གི་ལས་སྐད་ཅིག་མ་གཅིག་སྡིག་པ་ཆེ་བ་ཡིན་ཏེ་མ་གོ་ཞེས་གསུངས། ཆོས་ཐོས་པ་རྒྱུད་ལ་སྦྱར་ནས་སྐྱེས་པའི་གང་ཟག་དེ། ལུས་ངག་ཡིད་གསུམ་རས་བལ་རྡོག་པས་མནན་པའམ། ཕྱེ་ཐུག་ལ་ཟོ་མར་བཏབ་པ་ལྟར་འཇམ་ལྷན་གྱིས་སོང་བ་ཞིག་དགོས། དེ་ལྟར་མ་ཡིན་པར་དགེ་སྦྱོར་ཅུང་ཟད་རེ་འགྲུབ་པའམ། སྲུང་སྡོམ་སྣ་རེ་ཙམ་དག་པ་ལ། ང་ནི་དེ་དང་དེ་ལྟ་བུ་ཡིན་ནོ། །སྙམ་དུ་དུས་རྟག་ཏུ་ང་རྒྱལ་གྱིས་རྒྱུད་ཁེངས་ནས། གཞན་ཕ་རོལ་པོའི་ཚིག་གཅིག་གི་སྨྲ་ལུགས་ལེགས་ཉེས་ལའང་ང་ལ་བརྙས་བྱུང་། ང་ལ་སྨད་བྱུང་ཟེར་ནས་རྒྱུད་ཁྲོ་ལིང་ངེ་ཡོད་པ་དེ་ཆོས་དང་རང་རྒྱུད་སོ་སོར་སོང་ནས་ཆོས་ཀྱིས་སེམས་ལ་ཅུང་ཟད་ཀྱང་མ་ཕན་པའི་རྟགས་ཡིན། དགེ་བའི་བཤེས་གཉེན་སྤྱན་སྔ་བའི་ཞལ་ནས། འོ་ཅག་ཐོས་བསམ་སྒོམ་གསུམ་བྱས་ཀྱིན། ང་བདག་ཇེ་ཆེར་སོང་ནས་བཟོད་སྲན་ཤའུ་བས་ཆུང་བ། ཕྲག་དོག་གམ་ཀོ་ལོང་གཙང་གི་བཙན་བས་དམ་པར་འདུག་པ་འདི་ཐོས་བསམ་སྒོམ་གསུམ་ལོག་བར་སོང་བའི་རྟགས་ཡིན། ཞེས་གསུངས། དེས་ན་དུས་དང་རྣམ་པ་ཐམས་ཅད་དུ་དམའ་མོའི་ས་བཟུང་། ཧྲུལ་པོའི་གོས་གྱོན། བཟང་ངན་འབྲིང་གསུམ་གོང་དུ་ཁུར་ནས་བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་གཞི་བཅོལ་ཏེ་རང་རྒྱུད་ཆོས་ཀྱིས་འདུལ་བ་ནི་ཉམས་ལེན་གྱི་གནད་མ་ནོར་བ་ཡིན་པས། སེམས་ལ་མི་ཕན་པའི་ལྟ་བ་མཐོ་མཐོ་དང་སྒོམ་པ་ཟབ་ཟབ་མོ་སྟོང་ལས་ཀྱང་རང་རྒྱུད་ཆོས་ཀྱིས་འདུལ་བ་འདི་དགའ་བ་ཡིན། ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ་ནི། དམ་པའི་ཆོས་སྒྲུབ་པའི་ཆེད་དུ་དཀའ་ཚེགས་ཚ་གྲང་ཐམས་ཅད་ཁྱད་དུ་བསད་ནས་བསྒྲུབ་དགོས་ཏེ། རྒྱུད་ལས་ཀྱང་། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་གསུངས། སྔོན་གྱི་ཇོ་བོ་བཀའ་གདམས་པ་དག་གི་གཏད་ས་བཞི་ཞེས་བྱ་བ། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྦྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་སྟོང་ལ་གཏད་ཅེས་གསུངས། ད་ལྟ་རང་རེ་རྣམས་ནས་དམ་པའི་ཆོས་སྒྲུབ་པ་ལ་དཀའ་སྤྱད་དང་སྙིང་རུས་ཅུང་ཟད་ཀྱང་མི་དགོས་བར། འཇིག་རྟེན་ཚེ་འདིའི་བྱ་བ་བསྒྲུབ་པའི་ཞོར་ཙམ་ཞིག་ལ་བདེ་སྐྱིད་སྙན་གསུམ་དང་ལྡན་པའི་འཇིག་རྟེན་ཆོས་བརྒྱད་དང་མ་བྲལ་བའི་ངང་ནས་ཆོས་འགྲུབ་ཏུ་རེ། གཞན་ལ་ཡང་ཆོས་བརྒྱད་སྒྲུབ་ཞོར་ཆོས་འགྲུབ་པ་དེ་ལྟར་ཡོད་པར་རློམ་ནས། དེ་བླ་མ་བཟང་པོ་ཞིག་ཡིན་ཆོས་འཇིག་རྟེན་གཉིས་ཀ་འཛོམས་ཡོད་ཟེར་ཏེ། ཆོས་འཇིག་རྟེན་གཉིས་ཀ་འཛོམས་ཐབས་ག་ལ་ཡོད། ཆོས་འཇིག་རྟེན་གཉིས་ཀ་འཛོམས་པར་རློམ་པ་དེ་ལ། འཇིག་རྟེན་གྱི་ལུགས་བཟང་པོ་རེ་འཛོམས་ཡོད་ཤས་ཆེ་མ་གཏོགས་ཆོས་ཡང་དག་པ་དེ་མེད་ཐག་ཆོད། ཆོས་དང་འཇིག་རྟེན་གཉིས་ཀ་མཉམ་དུ་སྒྲུབ་པར་རློམ་པ་དེ། ཁབ་རྩེ་གཉིས་ཀྱིས་བཟོ་དྲུབ་པ་དང་། མེ་ཆུ་གཉིས་སྣོད་གཅིག་ཏུ་འཇོག་པ་དང་། རྟ་གཉིས་ཁ་ཡར་མར་དུ་བསྐོར་ནས་མཉམ་དུ་བཞོན་ནས་འགྲོ་བར་རློམ་པ་དང་འདྲ་སྟེ་འགྲུབ་ཐབས་གཏན་ནས་མེད། གང་ཟག་གཅིག་ལ་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལས་ལྷག་པ་ཞིག་ཡོད་ཐབས་མེད་དེ། དེས་ཀྱང་ཆོས་འཇིག་རྟེན་གཉིས་ཀ་མཉམ་དུ་འགྲུབ་པའི་ཐབས་མ་དགོངས་ནས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་ཆུ་བོ་ནེེ་རཉྫ་ནའི་དྲུང་དུ་ལོ་དྲུག་གི་བར་དུ་ལོ་རེ་ལ་ཆུ་ཐིགས་པ་རེ་དང་ནས་འབྲུ་རེ་གསོལ་ནས་དཀའ་སྤྱད་དང་སྙིང་རུས་མཛད་པ་ཡིན། རྗེ་བཙུན་མི་ལ་རས་པ་ལྟ་བུས་ཀྱང་། སྒྲུབ་པ་ཉམས་སུ་ལེན་པའི་དུས་ཁ་ཟས་མེད། རྒྱབ་གོས་མེད་མཛད་ནས། ཟ་ཁོ་ན་གསོལ་ཏེ་སྒྲུབ་པ་མཛད་པས་ལུས་ཐམས་ཅད་ཀེང་རུས་ལྟར་སོང་། ལུས་ལ་སྤུ་སྔོ་ཞོ་ལེ་བ་སྐྱེས། གཞན་དག་གིས་མཐོང་ཚེ་མི་ཡིན་ནམ་འདྲེ་ཡིན་ངོ་མི་ཤེས་པར་མ་གྱུར་བར་དཀའ་སྤྱད་དང་སྙིང་རུས་མཛད་དེ་ཆོས་ཉམས་སུ་ལེན་པ་དེ། ཆོས་དང་འཇིག་རྟེན་མཉམ་དུ་སྒྲུབ་པའི་ཐབས་མེད་པའི་དོན་ཡིན་གྱི། མི་ལ་རས་པ་ཐབས་རྡུགས་ནས་ཆོས་དང་འཇིག་རྟེན་མཉམ་དུ་སྒྲུབ་མ་ཤེས་པ་ག་ལ་ཡིན། དེ་བཞིན་དུ་གྲུབ་ཆེན་མེ་ལོང་རྡོ་རྗེས་ཀྱང་གླ་ཁེའི་ཤུན་པ་ཁོ་ན་གསོལ་ཏེ། ལོ་དགུའི་བར་དུ་སྒྲུབ་པ་མཛད་པས་གྲུབ་པ་ཐོབ་པ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པས་ཀྱང་། དངུལ་ཆུ་རིལ་བུ་ཉི་ཤུ་རྩ་གཅིག་གིས་ཟླ་བ་མང་པོའི་འཚོ་བ་མཛད་པ་དང་། ཁ་བ་བབ་དུས་སྒྱེ་ཞིག་གི་ནང་དུ་འཛུལ་ནས་གོས་གདན་གཉིས་ཀའི་གོ་བཅད་དེ་ཆོས་ཕྱོགས་སུ་དཀའ་བ་སྤྱད་པ་སོགས། སྔོན་གྱི་གྲུབ་ཐོབ་ཐམས་ཅད་འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས་དཀའ་སྤྱད་དང་སྙིང་རུས་ཀྱི་སྒོ་ནས་བསྒྲུབས་ཏེ་གྲུབ་པ་ཐོབ་པ་ཤ་སྟག་ཡིན་གྱི། འཇིག་རྟེན་ཚེ་འདིའི་བྱ་བ་སྒྲུབ་པའི་ཞོར་ལ་བདེ་སྐྱིད་སྙན་གསུམ་འཛོམས་པའི་ངང་ནས་ཆོས་བསྒྲུབས་ཏེ་གྲུབ་པ་སུ་ཡང་མེད། རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས་ཀྱང་། ལྟོ་འབོལ་བ་སྟེ་ཟས་བཟང་པོ་དང་གོས་དྲོ་བ་སྡོད་གནས་སྐྱིད་པ། མཐུན་རྐྱེན་འབུལ་མཁན་སྦྱིན་བདག་ལེགས་པ་ཞིག་གི་སྟ་གོན་བྱས་ཕྱིན་ཆད་ཆོས་མ་འགྲུབ་གོང་དུ་བདུད་འགྲུབ་ཚར་བ་ཡིན། ཞེས་གསུངས། དགེ་བཤེས་ཤ་བོ་པའི་ཞལ་ནས་ཀྱང་། སྙིང་ནས་ཆོས་བྱེད་ན་བློ་རྩེ་སྤྲང་པོ་ལ་གཏད་དགོས། སྤྲང་པོའི་ཐ་མ་འཆིར་འཇུག་ནུས་པ་ཞིག་དགོས་པ་ཡིན། བློ་སྣ་དེ་ལྟ་བུ་ཞིག་སྐྱེས་ན། ལྷ་འདྲེ་མི་གསུམ་གྱིས་འོ་བརྒྱལ་དུ་མི་འཇུག་ངེས་པ་ཡིན། ཞེས་གསུངས། རྗེ་མི་ལའི་ཞལ་ནས་ཀྱང་། ང་ན་ན་དྲི་མི་མེད་པ་དང་། །ཤི་ན་ངུ་མི་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །སྒོ་ན་མི་རྗེས་མེད་པ་དང་། །ནང་ན་ཁྲག་རྗེས་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །གར་སོང་དྲི་མི་མེད་པ་དང་། །འདིར་སོང་གཏད་སོ་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །རོ་རུལ་འབུ་ཡིས་ཟ་བ་དང་། །རྩ་རྒྱུས་སྦྲང་བུས་འཇིབས་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་གསུངས། དེས་ན་འཇིག་རྟེན་ཚེ་འདིའི་ཞེན་པ་ཐམས་ཅད་རླུང་ལ་བསྐུར་ནས་དཀའ་ཚེགས་དང་ཚ་གྲང་ཐམས་ཅད་ཁྱད་དུ་བསད་དེ་ཆོས་སྒྲུབ་པ་ཞིག་ཅིས་ཀྱང་དགོས་པ་ཡིན་ནོ། །ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་ནི། ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་སྤྱི་དང་། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་བྱ་རྩོལ་དང་བྲལ་བའི་གནད། དགེ་སྡིག་རྒྱུ་འབྲས་ལས་འདས་པའི་རྡོ་རྗེའི་གད་མོ་བཅུ་གཉིས་དང་། ངོ་མཚར་བའི་ཚིག་ཆེན་བརྒྱད་ལ་སོགས་པ་རྒྱུད་ལས་བྱུང་བ་རྣམས་ཐོས་པ་ན། ཐེག་དམན་གྱི་རིགས་ཅན་ལྟར་དེ་དག་ལ་སྐྲག་ཅིང་ལོག་ལྟ་མི་སྐྱེ་ཞིང་དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པ་ལོན་པའི་ཐབས་ལ་དཀའ་སྤྱད་སྙིང་རུས་ཀྱིས་འབད་པར་བྱ། དེ་ལྟར་མ་ཡིན་པར་གསང་སྔགས་ཀྱི་ཆོས་ཟབ་མོ་དེ་དག་ལ་ལོག་ལྟ་སྐྱེས་པའམ། སྐུར་པ་བཏབ་ན་ཆོས་སྤོང་བའི་ལས་ངན་པ་ཞེས་བྱ་སྟེ། བསྐལ་པ་གྲངས་མེད་པའི་བར་ཏུ་དམྱལ་བའི་གཏིང་ནས་མི་ཐར་བའི་རྒྱུ་ཡིན། དེ་སྐད་དུ་ཡང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། མཚམས་མེད་ལྔ་ལས་ཐུ་བའི་ལས་ངན་པ། །ཆོས་སྤོང་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཞེས་གསུངས། ཇོ་བོ་རྗེ་ལྷ་གཅིག་གི་དྲུང་དུ་རྒྱ་གར་གྱི་དགེ་སློང་གོས་ཕྱགས་དར་ཁྲོད་པ། ཆོས་གོས་གསུམ་པ། ཕྱིང་པ་བ། སྟན་གཅིག་པ། བསོད་སྙོམས་པ། ཕྱིས་མི་ལེན་པ། དགོན་པ་བ། ཤིང་དྲུང་བ། བླ་གབ་མེད་པ། དུར་ཁྲོད་པ། ཙོག་བུ་བ། གཞི་ཇི་བཞིན་པ་སྟེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་གཉིས་བྱུང་། ཇོ་བོས་གང་ཟག་གི་བདག་མེད་གསུངས་པས་ཁོང་གཉིས་དགའ། ཆོས་ཀྱི་བདག་མེད་གསུངས་པའི་ཚེ་འཇིགས་འཇིགས་དེ་ལྟར་མི་གསུང་བར་ཞུ་ཟེར། ཟབ་མདོ་འདོན་པ་ཐོས་པའི་ཚེ་རྣ་བ་འགེབས་པས། ཇོ་བོ་ཐུགས་ཆད་དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐོག་མར་བློ་སྦྱངས་ནས་ཆོས་ཟབ་མོ་ལ་ཡིད་ཆེས་པ་ཞིག་མེད་ན། སོར་ཐར་གྱི་སྲུང་སྡོམ་དག་པ་གཅིག་པུས་གར་ཡང་མི་ཕྱིན་པར་འདུག་གསུངས། སྔོན་སངས་རྒྱས་བཞུགས་པའི་དུས་ཀྱང་སྟོང་པ་ཉིད་ཟབ་མོའི་དོན་བསྟན་པ་ཐོས་པས། དགེ་སློང་མངོན་པའི་ང་རྒྱལ་ཅན་མང་པོའི་ཁ་ནས་ཁྲག་ཚ་བ་བསྐྱུགས་ཏེ་ཤི་བ་དང་། དམྱལ་བར་སྐྱེས་པ་ལ་སོགས་པའི་ལོ་རྒྱུས་ཡོད་པ་ལྟ་བུ་ཡིན་པས། ཟབ་མོའི་ཆོས་དང་ཟབ་མོའི་ཆོས་དེ་སྟོན་པའི་གང་ཟག་ལ་སྙིང་ཐག་པ་ནས་མོས་གུས་བྱ་ཞིང་། གལ་ཏེ་རང་ཉིད་བློ་ཆུང་བའི་སྐྱོན་གྱིས་མོས་པར་མ་གྱུར་ཀྱང་། སྐུར་པ་འདེབས་པ་སྤང་བར་བྱ་བ་ནི་ཅི་ནས་གལ་ཆེའོ། །དཔལ་སྤྲུལ་རིན་པོ་ཆེས། བྱེད་མི་ཉན་པ་གསུམ་ལས། རྒྱུས་མེད་ཀྱི་བླ་མ་བསྟོད་སྨད་གཉིས་ཀ་མ་བྱེད་གསུངས་པ་ལྟར་ཡིན། བཟོད་པ་བསྒོམ་པ་ནི་ལས་སླ་མོ་མ་ཡིན་པས་དཀའ་ཐུབ་རྣམས་ཀྱི་ནང་ནས་མཆོག་ཡིན་གསུངས། ཕ་རོལ་པོས་རང་ལ་གནོད་པ་བྱེད་པའི་ཚེ་ན་ཞེ་སྡང་མི་སྐྱེ་བར་ཐབས་སྣ་ཚོགས་ཀྱིས་བཟོད་པ་བསྒོམ། ཐུན་མཚམས་རྣམས་སུ་བཟོད་པའི་དབྱེ་བ་རྣམས་བསྒོམ་དགོས་སོ།།

༤༽བརྩོན་འགྲུས།

བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་གསུངས་པ་ལྟར་སེམས་དགེ་བ་ལ་སྤྲོ་བ་བརྩོན་འགྲུས་ཡིན། དེའི་ལྡོག་ཟླ་དགེ་བ་ལ་མི་སྤྲོ་བ་ལེ་ལོ་རེད། དེས་ན་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་དྲན་ནས་བརྩོན་འགྲུས་དགེ་བའི་ཕྱོགས་ལ་འབད་དགོས་དེ་ལའང་དབྱེ་ན། གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་གསུམ་ཡིན། དང་པོ་གོ་ཆའི་བརྩོན་འགྲུས་ནི། སྔོན་གྱི་དམ་པ་གོང་མ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་དང་མཛད་སྤྱོད། ཆོས་ཕྱིར་དུ་དཀའ་བ་མང་པོ་སྤྱད་པའི་ལོ་རྒྱུས་སོགས་ཇི་དང་ཇི་ལྟ་བུ་ཞིག་ཐོས་ཀྱང་ཁོང་རྣམས་སངས་རྒྱས་དང་བྱང་སེམས་ཡིན་པས་དེ་ལྟར་མཛད་པ་ཡིན། དགེ་བ་འགྲུབ་ཅིང་བདུད་བཞི་འཇོམས་པའི་རྒྱུ་གོ་ཆའི་བརྩོན་འགྲུས་ཡིན་པས་ན་རང་རེ་སོ་སོའི་སྐྱེ་བོས་དེ་ལྟ་བུ་ཞིག་ག་ལ་ནུས་སྙམ་དུ་སྒྱིད་མི་ལུག་པར་ཁོང་རྣམ་པས་དེ་ལྟར་མཛད་པས་གྲུབ་པ་ཐོབ་པར་འདུག ང་ཡང་དེ་དག་གི་རྗེས་འཇུག་པ་ཡིན་པས་དེ་ལས་ལྷག་པ་ཞིག་མ་ཐོན་ཡང་། དེ་ལྟ་བུ་ཞིག་མ་འགྲུབ་བར་འདུག་ཐབས་མི་འདུག་སྙམ་པ་དང་། དམ་པ་གོང་མ་སྐྱེས་ཆེན་ཁོང་རྣམ་པས་ཀྱང་དེ་ལྟ་བུའི་དཀའ་སྤྱད་དང་སྙིང་རུས་དགོས་ན། རང་རེ་ལས་ངན་གྱི་ཁུར་གྱིས་ནོན། ཐོག་མ་མེད་པའི་དུས་ནས་ཆོས་ལ་སྦྱངས་འཕྲོ་མེད་པ་ཞིག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞིག་ལ་གཞི་ནས་མགོ་རྩོམ་དགོས་ན་དཀའ་སྤྱད་དང་སྙིང་རུས་ཅིའི་ཕྱིར་མི་དགོས། གོ་ཆའི་བརྩོན་འགྲུས་འདི་ནི་ལེ་ལོ་སོགས་ཀྱིས་གནོད་པ་མི་ཚུགས་པར་དཔེར་ན་གོ་ཆ་སྲ་མོས་མདའ་མཚོན་སོགས་འགོག་ནུས་པ་ལྟར་ཡིན། འདི་གཙོ་བོ་སྒྱིད་ལུག་བདག་ཉིད་བརྙས་པའི་ལེ་ལོའི་གཉེན་པོ་ཡིན། དེས་ན་ཕལ་བས་དྲན་ཡུལ་ལས་འདས་པའི་བསམ་པ་རྒྱ་ཆེན་བསྐྱེད་དགོས། རྒྱལ་བ་སྲས་དང་བཅས་པས་དུས་བསྐལ་བ་གྲངས་མེད་མང་པོར་རྫོགས་སྨིན་སྦྱོང་གསུམ་རྒྱ་མཚོ་ལྟ་བུ་མཛད་པ་ཐམས་ཅད་གཅིག་ཏུ་བསྡུས་པ་ཙམ་ཞིག་བདག་གིས་དུས་སྐད་ཅིག་མ་རེ་རེ་ལའང་བསྒྲུབ་པར་བྱའོ་སྙམ་པའི་བསམ་པ་གོ་ཆ་ཆེ་བ་ཞིག་བསྒོམ་དགོས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ནས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་རྒྱུ་དམ་བཅས་ཟིན་པས། སེམས་ཅན་རེ་རེ་ནས་ཆོས་ཐེག་པ་ཆེན་པོའི་ཆོས་སྒོར་བཙུད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བཅུག དེའི་བསླབ་པ་ལ་སྦྱོར་བ་སོགས་སེམས་ཅན་རེ་རེའི་དོན་དུ་བསྐལ་བ་མང་པོར་འབད་དགོས་ཀྱང་བཟོད་ནུས་བསམ་པ་མ་གཏོགས། སྐྱོ་བ་དང་སྒྱིད་ལུག་ཀྱི་སེམས་སྐད་ཅིག་མ་ཙམ་ཡང་སྐྱེ་མི་ཉན། དེས་ན་ད་རེས་བདག་གིས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་མོའི་གདམས་ངག་ཐོབ། ཡང་དག་པའི་ཆོས་ཚུལ་བཞིན་སྒྲུབ་པའི་སྐལ་པ་ཡོད་པའི་དུས་འདིར་དཀའ་བ་དང་དུ་བླང་། ལྕི་བ་རྒྱབ་ཏུ་ཁུར། ལུས་སྲོག་འབེན་དུ་བཙུག ཤ་ཁྲག་གཟན་དུ་བོར་ཏེ། སྙིང་ཐག་པ་ནས་ཆོས་ཤིག་མི་སྒྲུབ་རེ་སྙམ་དུ་དམ་བཅའ་བ་དེ་གོ་ཆའི་བརྩོན་འགྲུས་ཡིན། དེ་ལྟར་དུ་སྲིད་པ་མ་སྟོངས་བར་དུ་བསྒྲུབ་དགོས་ཀྱང་སྡུག་བསྔལ་མེད་དེ། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །ཞེས་གསུངས་པ་ལྟར། སྣང་བཅས་བསོད་ནམས་ཀྱི་ཚོགས་ཀྱིས་མཐོ་རིས་ཀྱི་དཔལ་ཕུན་སུམ་ཚོགས་པར་ཐོབ་པས་ལུས་བདེ་ལ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པ་གསུམ་པོ་དོན་དམ་སྤྲོས་པ་བྲལ་བ་དང་། ཀུན་རྫོབ་སྒྱུ་མ་ཙམ་གྱི་རང་བཞིན་དུ་རྟོགས་པས་སྐྱེ་འཆི་བདེ་སྡུག་ཐམས་ཅད་བཟོད་ཐུབ་པས་ན་སེམས་ལ་སྡུག་བསྔལ་རང་མཚན་པ་མེད་པ་ཡིན། གཞན་དོན་འཁོར་བར་གནས་ཀྱང་སྐྱོ་བའི་འདུ་ཤེས་སྐད་ཅིག་མ་ཡང་མི་སྐྱེ་བའོ། །སྦྱོར་བའི་བརྩོན་འགྲུས་ནི། ཆོས་ལ་བྱེད་བློ་དང་སྒྲུབ་བློ་ཞིག་ཡོད་ཀྱང་། ད་ལྟ་འཕྲལ་དུ་སྒྲུབ་པའི་སེམས་སྟོབས་མེད་པར་སང་བྱ་དང་གནངས་བྱའི་ངང་དུ་ལེ་ལོ་སྙོམས་ལས་ཀྱིས་མི་ཚེའི་ཉི་མ་ཟད་ནས། ཆོས་སྒྲུབ་འདོད་ཀྱི་ངང་ནས་མི་ཚེ་འཛད་པ་དེ་སྤང་དགོས་ཏེ། འབྲུག་པདྨ་དཀར་བོས། མི་ཚེ་འདི་བཤས་རའི་དུད་འགྲོ་དང་འདྲ། །ཡུད་ཙམ་རེ་སོང་ཡང་འཆི་ལ་ཉེ། །དེ་རིང་དང་སང་གི་ངང་རིང་འདིས། །མལ་མཐའ་ནས་འོ་དོད་འཆོར་རོ་ཨང་། །ཞེས་གསུངས། དེས་ན་ཆོས་ཕྱི་བཤོལ་གྱི་ངང་དུ་སྐད་ཅིག་ཀྱང་མི་བཞག་པར། སྡར་མའི་པང་དུ་སྦྲུལ་ཞུགས་པའམ། སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར། འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་བྱས་ན་མི་ཟིན་བཞག་ན་ཟིན་པས་ཅོག་གིས་བཞག ལིང་གིས་བསྐྱུར་ནས་འཕྲལ་དང་འཕྲལ་དུ་དམ་པའི་ཆོས་ལ་དངོས་སུ་ལག་ལེན་བྱེད་དེ་འབད་དགོས། དེ་ལྟར་མ་བྱས་ན་འཇིག་རྟེན་གྱི་བྱ་བ་ཟིན་དུས་མེད་པ་གཅིག་རྗེས་གཅིག་ནོན་དུ་འོང་བ་ཆུའི་གཉེར་མ་ལྟ་བུ་ཡིན་པས་ཆོས་སྒྲུབ་པའི་ལོང་སྐབས་མི་འོང་། རང་གིས་བློ་ཐག་ཆོད་ནས་འཇིག་རྟེན་གྱི་བྱ་བ་ནམ་བསྐྱུར་ཀྱང་དེའི་དུས་སུ་ཟིན་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། འཇིག་རྟེན་བྱ་བ་ཤི་ཤིར་ཟིན་དུས་མེད། །ནམ་བཞག་དུས་ན་ཟིན་པ་ཆོས་ཉིད་ཡིན། །ཞེས་དང་བྱ་བྱེད་བྱིས་པའི་རྩེད་མོ་འདྲ། །བྱས་ན་མི་ཟིན་བཞག་ན་ཟིན། །ཞེས་གསུངས། དེས་ན་དམ་པའི་ཆོས་ལ་སྒྲུབ་འདོད་ཀྱི་བློ་ཞིག་སྐྱེས་པའི་ཚེ། མི་རྟག་པས་སྐུལ་མ་བཏབ་སྟེ། ཆོས་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཀྱང་མི་ལུས་པར་འཕྲལ་དང་འཕྲལ་དུ་ཆོས་ལ་འཇུག་པ་དེ་སྦྱོར་བའི་བརྩོན་འགྲུས་ཡིན། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་རྟོགས་བྱ་གོང་མ་གོང་མར་རྟོགས་རྒྱུ་དང་། སྤང་བྱ་གོང་མ་གོང་མར་སྤོང་རྒྱུ་ཡོད་པས་ཕར་ཕྱིན་དྲུག་ལ་བསླབ་དགོས། དེས་ན་བསམ་སྦྱོར་གཉིས་ཀས་ཉིན་མཚན་ཀུན་ཏུ་སྒོ་གསུམ་ཆོས་མེད་ཀྱི་ངང་དུ་སྐད་ཅིག་ཀྱང་མི་སྡོད་པར། དུས་རྟག་ཏུ་ཆོས་ལ་བརྩོན་འགྲུས་དགེ་བའི་ལས་ལ་སྦྱོར་དགོས་པ་རྟག་སྦྱོར་དང་། གུས་སྦྱོར་ལ་ཕྱིའི་ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན་བསྟེན། དེས་བསྟན་པའི་ཆོས་ཐེག་པ་ཆེན་པོ་དང་། རང་གི་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་ལ་གུས་པ་དང་སྤྲོ་བ་བསྐྱེད་དེ་དམ་པའི་ཆོས་སྒྲུབ་པ་དེ་ཡིན། ཆོག་པར་མི་འཛིན་པའི་བརྩོན་འགྲུས་ནི། རང་གིས་མཚམས་དང་བསྙེན་སྒྲུབ་ཁ་ཏོན་དང་དགེ་སྦྱོར་ལ་སོགས་པ་ཅུང་ཟད་རེ་འགྲུབ་པའི་ཚེ། དེ་ཙམ་གྱིས་ཆོག་ཤེས་མི་བྱ་བར་ཚེ་དང་སྒྲུབ་པ་སྙོམས་པའི་དམ་བཅའ་བླངས་ནས་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བརྩོན་པ་རྒྱུན་རིང་ལ་ཤུགས་དྲག་པོ་ཆུ་བོའི་རྒྱུན་ལྟ་བུ་ཞིག་དགོས་ཏེ། དམ་པ་གོང་མ་དག་གི་གསུངས་ལས་ཆོས་སྒྲུབ་པའི་དུས་གཡག་ལྟོག་གིས་རྩྭ་ཟ་བ་ལྟ་བུ་ཞིག་དགོས། ཞེས་གསུངས། གཡག་ལྟོག་གིས་རྩྭ་ཟ་བའི་ཚེ། ཁམ་སྔོན་མ་གཅོད་པའི་དུས་ནས་ཕྱི་མ་མིག་གིས་བལྟས་ནས་ཟ་བ་ལྟར། ཆོས་ཀྱི་བྱ་བ་སྔོན་མ་སྒྲུབ་པའི་དུས་ནས་ད་ལྟ་སྒྲུབ་བཞིན་པའི་ཆོས་འདི་འགྲུབ་པ་དང་མཉམ་དུ་ཡང་གཞན་འདི་བསྒྲུབ་དགོས་སྙམ་དུ་བློས་བླངས་ཏེ། སྒོ་གསུམ་སོས་དལ་དང་ཆོས་མེད་དུ་སྐད་ཅིག་ཀྱང་མ་ལུས་པ་ཞིག་གི་ངང་ནས་ཉིན་རེ་བཞིན་ཡང་ཆོས་ལ་བརྩོན་པ་ཇེ་ཆེར་འབད་དགོས་ཏེ། རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས་ཀྱང་། འཆི་བ་ལ་ཇི་ཙམ་བཅར་བཞིན་དགེ་སྦྱོར་ལ་སྙིང་རུས་ཇེ་ཆེར་འགྲོ་བ་འདི་ཆོས་པ་སད་ཀྱིས་མ་ཁྱེར་བའི་རྟགས་ཡིན། ཞེས་གསུངས། ད་ལྟ་སྒོམ་ཆེན་དང་བླ་མ་བཟང་པོར་གྲགས་པ་དག་ལ། རྒྱུ་མཚན་མི་ཤེས་པའི་མི་གཞན་དག་ན་རེ། ད་ཁྱོད་ཚོ་གྲུབ་པའི་ས་མཐོ་ཆེན་པོར་སླེབས་ཡོད་ཚོད་ཡིན་པས་ཕྱག་དང་ཁ་ཏོན་ཚོགས་བསགས་སྒྲིབ་སྦྱོང་སོགས་དགོས་དོགས་མེད་ཟེར་ཞིང་ངོ་བསྟོད་བྱེད་ལ། རང་རང་ནས་ཀྱང་ང་དེ་དང་དེ་ལྟ་བུ་ཡིན་པས་གང་ཡང་མི་དགོས་སྙམ་པ་འདུག་སྟེ། མཉམ་མེད་དྭགས་པོའི་ཞལ་ནས། མི་དགོས་སྙམ་པ་དེ་དགོས་བདོ་ཡིན་པའི་རྟགས་ཡིན་གསུངས། རྒྱ་གར་ཇོ་བོ་དཱི་པཾ་ཀ་ར་སྐུ་དངོས་ཀྱིས་ཀྱང་ཉིན་རེ་བཞིན་ཕྱག་ས་ཁ་ལེ་སཱཙྪ་འདེབས་པ་ལ་བརྩོན། འཁོར་རྣམས་ཀྱིས་ཁྱེད་བླ་མ་ཆེན་པོ་ཞིག་ས་ལས་མཛད་པ་མིས་ཀྱང་འཕྱ་ཞིང་། རང་ལ་ཡང་འོ་བརྒྱལ་བར་འདུག་པས་ངེད་འཁོར་རྣམས་ཀྱིས་བྱེད་པར་ཞུ་ཞུས་པས། ཅི་ཟེར་འོ་ན་ངའི་ཟན་ཀྱང་ཁྱེད་རྣམས་ཀྱིས་ཟའམ་གསུངས། དེས་ན་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྦྱང་བྱ་ལས་དང་བག་ཆགས་ཡོད་ཅིང་། ཐོབ་བྱ་གོང་མ་གོང་མའི་ཡོན་ཏན་ཡོད་པ་ཡིན་པས་དལ་ཁོམས་དང་རེས་འགའི་ཆོས་སུ་མ་སོང་བར་སྙིང་ཐག་པ་ནས་ཆོས་ལ་ཆོག་ཤེས་མེད་པར་འབད་དགོས་ཏེ། རྒྱལ་སྲས་ཐོགས་མེད་ཀྱིས། རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང་། །མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ན། །འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱི། །བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས། ལར་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐོབ་བརྩོན་འགྲུས་འདི་ཁོ་ན་ལ་རག་ལས་པ་ཡིན་པས། བརྩོན་འགྲུས་རྣམ་པ་གསུམ་པོ་འདི་ལ་འབད་དགོས་པ་ཡིན་ཏེ། ཤེས་རབ་རབ་ཅིག་ཡོད་ཀྱང་བརྩོན་འགྲུས་ཐ་མ་ཞིག་ལས་མེད་ན་ཆོས་པ་ཐ་མ་ཞིག་ལས་མི་འོང་། ཤེས་རབ་ཐ་མ་ཞིག་ལས་མེད་ཀྱང་། བརྩོན་འགྲུས་རབ་ཅིག་ཡོད་ན་ཆོས་པ་ཡང་རབ་ཅིག་འོང་། བརྩོན་འགྲུས་མེད་ན་ཡོན་ཏན་གཞན་ཡོད་ཀྱང་མི་ཕན་པ། ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་ནས། བརྩོན་འགྲུས་མེད་པའི་གང་ཟག་ལ། །ཤེས་རབ་དང་ནི་དབང་འབྱོར་སྟོབས། །གང་གིས་སྐྱོབ་པར་མི་ནུས་ཏེ། །གྲུ་གཟིངས་ཡོད་པའི་དེད་དཔོན་ལ། །སྐྱ་བས་རྡུགས་པ་ཇི་བཞིན་ནོ། །ཞེས་གསུངས། དེས་ན་དུས་དང་གནས་སྐབས་ཐམས་ཅད་དུ། ལྟོ་ཟ་མ་ཡིན་ན་ཚད་གཅིག་གི་ཐོག་ལ་ཕབ། གཉིད་ཚད་ཀྱི་སྲང་ལ་གཅུར། རིག་པ་གཞུར་ལ་དྲངས་ནས། ཐང་ལྷོད་མེད་པའི་བརྩོན་འགྲུས་གཞུ་བརྡུངས་པ་ལྟ་བུ་ཞིག་མེད་ན། ཁོམས་དུས་སྒྲུབ་མི་ཁོམས་དུས་སྐྱུར་བ་ལྟ་བུའི་དལ་ཁོམ་རེ་འགའི་ཆོས་ཀྱིས་ནི་གར་ཡང་མི་ཕྱིན་པས་ཆོག་ཤེས་མེད་པའི་བརྩོན་འགྲུས་དེ་རྒྱུན་རིང་ལ་ཤུགས་དྲག་པ་ཞིག་དགོས་པ་ཡིན་ནོ།།

༥༽བསམ་གཏན།

ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཀུན་མཁྱེན་ཆེན་པོས། ཇི་སྲིད་སེམས་ལ་བརྟེན་པ་མ་ཐོབ་བར། །ཕྱི་རོལ་ཡུལ་གྱི་རབ་ཏུ་བསླུ་བས་ན། །དབེན་པའི་གནས་སུ་སྤྲོ་བར་གནས་པར་བྱ། །ཞེས་གསུངས་པ་ལྟར། སེམས་ཞི་ལྷག་གི་ངང་ལ་རྩེ་གཅིག་པར་འཇོག་པ་ཞིག་ལ་བསམ་གཏན་གཙོ་བོ་ཡིན། བསམ་གཏན་བསྒྲུབ་པ་ལ་རྒྱུ་དབེན་པ་གཉིས་དང་པོ་བསྟེན་དགོས། དབེན་པ་གཉིས་ནི་ལུས་འདུ་འཛི་ལས་དབེན་པ། སེམས་རྣམ་རྟོག་ལས་དབེན་པ་སྟེ་ཕྱི་ནང་གི་དབེན་པ་གཉིས་བསྟེན་དགོས་ཏེ། དང་པོ་འདུ་འཛི་དང་རྣམ་གཡེང་ཐམས་ཅད་སྤངས་ནས་གནས་དབེན་པ་ཞིག་མ་བརྟེན་ན། བསམ་གཏན་རྒྱུད་ལ་སྐྱེ་མི་ནུས་པས། དང་པོ་རྣམ་གཡེང་སྤང་བ་གལ་ཆེ། དེ་ཡང་འདུས་པ་ནི་འབྲལ་བའི་ཆོས་ཅན་ཡིན་ཏེ། ཕ་མ་དང་། སྤུན་ཟླ། བཟའ་མི་དང་། གཉེན་གྲོགས། ཐ་ན་ལྷན་ཅིག་སྐྱེས་པའི་ང་ཞེས་པའི་གདགས་གཞི་ལུས་ཀྱི་ཤ་རུས་ཀྱང་མཐར་འཆི་བའི་ཚེ་སོ་སོར་འབྲལ་ཞིང་རྡུལ་ཕྲན་དུ་འགྲོ་བའི་ཆོས་ཅན་ཡིན་ན། བསམ་རྒྱུ་དང་སྒྲུབ་རྒྱུ་ཆོས་མ་གཏོགས་མེད་པར་བྱས་ཏེ་རྟག་པ་མེད་པའི་མཛའ་བཤེས་ལ་ཆགས་ནས་ཅི་བྱེད་སྙམ་དུ་བསམས་ནས། རྟག་ཏུ་གཅིག་པུར་གནས་པར་བྱ་དགོས་ཏེ། རས་པ་ཞི་བ་འོད་ཀྱིས། རང་ཉིད་གཅིག་པུ་སངས་རྒྱས་ཀྱི་ངང་། །ཆོས་མཐུན་གྲོགས་པོ་དགེ་སྦྱོར་གྱི་རྟེན། །གསུམ་བཞི་ཕན་ཆད་ཆགས་སྡང་གི་རྒྱུ། །བདག་དེས་ཀྱང་གཅིག་པུར་བསྡད་པ་ཞིག་ལགས། །ཞེས་གསུངས། འདོད་པའི་ཡོན་ཏན་ལ་ཆགས་པ་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས། ཇི་ཙམ་ཡོད་ཀྱང་དེ་ཙམ་ཆོག་མི་ཤེས་པ། ཁྱད་པར་དུ་ལོངས་སྤྱོད་དང་འབྱོར་པ་ཇི་ཙམ་ཡོད་བཞིན་སེར་སྣ་ངང་གིས་འཕེལ་བ་ཡིན་ཏེ། ཇི་སྐད་དུ། གང་ལ་ནོར་ཡོད་དེ་ལ་སེར་སྣ་ཡོད། །ཅེས་དང་། ཡོད་ཀྱིན་ཇེ་དགོས་ཕྱུག་པོ་འདྲ། །ཞེས་གསུངས། ནོར་མེད་ཙ་ན་དགྲ་དང་བྲལ། །ཞེས་པ་ལྟར། རང་ལ་ཟས་ནོར་དང་ལོངས་སྤྱོད་ལ་སོགས་པ་ཇི་ཙམ་འབྱོར་པ་དེ་ཙམ་དུ་དགྲ་དང་རྐུན་པོ་ལ་སོགས་པས་ཡང་འཚེ་ཞིང་། དེ་ལ་བརྟེན་ནས་དུས་དང་རྣམ་པ་ཐམས་ཅད་དུ། ནོར་རྫས་དེ་ཉིད་ཡོད་ཀྱང་ད་དུང་གསོག་འདོད་པ་དང་། ནོར་རྫས་དེ་ཉིད་བོར་སྟོར་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར་བསྲུང་བ་དང་། ཡོད་པ་དེ་ཉིད་གཅིག་བཅུ་སོགས་ཇེ་མང་གཏོང་ཕྱིར་སྤེལ་བ་གསུམ་གྱིས་མི་ཚེ་ཟད་ལ། གསོག་སྲུང་སྤེལ་བ་དེ་ཡང་སྡུག་བསྔལ་དང་སྡིག་པ་ཁོ་ན་མ་གཏོགས་མེད་པས་ན། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། གསོག་དང་སྲུང་དང་སྤེལ་བས་ཉམ་ཐག་པས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་གསུངས། ལྷོ་འཛམ་བུའི་གླིང་གི་རྒྱུ་རྫས་དང་ལོངས་སྤྱོད་ཐམས་ཅད་མི་གཅིག་ལ་ཡོད་ཀྱང་། དོན་དུ་ནི་མི་གཅིག་གི་ལྟོ་གོས་གཉིས་ལས་བྱེད་རྒྱུ་གཞན་མེད། འོན་ཀྱང་ཅི་ཙམ་འབྱོར་བཞིན་རང་གཅིག་པུ་ཙམ་གྱིས་ཀྱང་ཁ་ལ་ཟ་མི་བྲ། རྒྱབ་ལ་གྱོན་མི་བྲ་བར་སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་དེ་ཕྱི་མ་རླུང་ལ་བསྐུར། ཚེ་འདི་སྲོག་དང་བསྡོས། རྒྱུ་རྫས་ཕྲ་མོ་རེའི་ཆེད་དུ་ཁྲེལ་དང་ངོ་ཚ་གཞུང་དང་ཕྱི་ཐག་ཆོས་དང་དམ་ཚིག་ཐམས་ཅད་ཁྱད་དུ་གསོད། ཟ་རློམ། རྙེད་རློམ། ཐོབ་རློམ་ཁོ་ནས་དུས་འདའ་བ་འབྱུང་པོས་གཏོར་མ་ཚོལ་བ་ལྟ་བུ་དོན་མེད་བྲེལ་བའི་ངང་དུ་ཉིན་གཅིག་གི་དལ་ཁོམ་དང་བདེ་སྐྱིད་ཀྱང་ཉམས་སུ་མ་མྱོངས་བཞིན་དུ་མི་ཚེ་ཟད། མཐར་ལོངས་སྤྱོད་བསགས་བསགས་རང་གི་སྲོག་གི་གཤེད་མ་ལ་བབས་ནས། དེ་ཁོ་ནའི་ཆེད་དུ་གྲི་ཁ་དང་མཚོན་ཁར་འཆི། ཚེ་གཅིག་ཏུ་བསགས་པའི་རྒྱུ་རྫས་ལོངས་སྤྱོད་ནི། དགྲ་ལ་སོགས་པ་གཞན་གྱིས་ལོངས་སྤྱོད་དེ་ཆུད་ཟོས་ཁོ་ནར་འགྱུར། དེའི་ཆེད་དུ་བསགས་པའི་སྡིག་པའི་ཕུང་པོ་རི་རབ་ཙམ་ཞིག་ནི། རང་ཉིད་ཁོ་ནའི་སྐལ་པར་ཐོབ་སྟེ་ངན་སོང་ངན་འགྲོའི་གནས་སྡུག་བསྔལ་བཟོད་པར་དཀའ་བའི་གཏིང་ནས་ཐར་པའི་དུས་མེད་པར་འཁྱམས་པ་དེ་ལྟ་བུ་ཡིན་པས། འབྱོར་བ་ཅུང་ཟད་རེ་ཡོད་ན་ད་ལྟ་རང་དབང་ཡོད་ཚེ་འདིར་ཕྱི་མའི་རྒྱགས་ཕྱེ་བཟང་པོ་རེ་ཚགས་སུ་ཚུད་པར་བྱས་ནས། ལྟོ་གྱི་ན་དང་གོས་ལྷགས་སྐྱོབ་ཙམ་གྱིས་ཆོག་ཤེས་བར་བྱ། དེ་ལས་ཀྱང་རབ་ཏུ་བྱུང་བའི་ཆོས་པ་ཚད་ལྡན་ཞིག་ཡིན་ན། ཕྱི་ཡོ་བྱད་དང་ནང་སེམས་ཅན་ལ་ཆགས་ཞེན་སྤངས་ནས། རི་ཁྲོད་དབེན་པར་བརྟེན་ཏེ་ཡོ་བྱད་ཀྱང་མཐའ་གཉིས་སུ་མ་ལྷུང་བར་བྱ་དགོས། དེ་ཡང་གནས་ངན་ངོན་རི་ཕུག་དང་བྲག་ཕུག གོས་ངན་ངོན་ཕྱགས་དར་ཁྲོད་པ། ཟས་ངན་ངོན་བསོད་སྙོམས་ཀྱིས་འཚོ་བ་སོགས། འདོད་པ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་སུ་མ་ལྷུངས་པ་ཞིག་གི་དཀའ་སྤྱད་ཀྱིས་ཆོས་སྒྲུབ་དགོས། དེ་བཞིན་དུ་ཚེ་འདི་ཁོ་ན་དོན་དུ་གཉེར་ནས་ཕྱི་མ་མི་དྲན་བའི་མི་རྣམས་ནི་བློ་ཆུང་བྱིས་པའི་གྲོགས་པོ་ཞེས་བྱ་བ་ཡིན་ཏེ། བྱིས་པའི་གྲོགས་པོ་དེ་དག་གི་རང་གཤིས་ནི་ཕར་ལ་ཕན་པར་བྱས་ཀྱང་། ཚུར་ལ་ལན་དུ་གནོད་པ་བྱེད་པ་ཡིན་པས་བྱས་པ་མི་གཟོ་བ། ཇི་ལྟར་བྱས་ཀྱང་འཐད་པའི་དུས་མེད་པས་མགུ་བར་དཀའ་བ། སྙིགས་མའི་སྐྱེ་བོ་ཤིན་ཏུ་བརྟེན་དཀའ་ལ། །སྲིན་པོ་བཞིན་དུ་ཁྲོ་བའི་ངང་ཚུལ་ཅན། །གང་དང་འགྲོགས་ན་ཉོན་མོངས་ཚོགས་འཕེལ་བ། །དུས་ངན་གྲོགས་ཀྱིས་སུ་ཞིག་སྐྱོ་མི་འགྱུར། །ཞེས་གསུངས་པ་ལྟར། ཁོ་བས་རང་ལྷག་ན་ནི་ཕྲག་དོག་བྱེད། རང་བས་ཁོ་ལྷག་ན་ནི་ཁྱད་དུ་གསོད་པ། ཇི་ཙམ་འགྲོགས་བཞིན་དེས་ཤུགས་ཀྱིས་མི་དགེ་བ་འཕེལ་ཞིང་དེའི་ཚད་ཀྱིས་དགེ་བ་མར་འགྲིབ་པ་ཡིན་པས་གྲོགས་ངན་དེ་དག་རིང་དུ་སྤངས་ཏེ་དབེན་པ་གཉིས་བརྟེན་དགོས། ཚོང་དང་སོ་ནམ་བཟོ་དང་རིག་ཤེས་ལ་སོགས་པ་ལ་བརྟེན་ནས་མི་མང་པོ་དང་འབྲེལ་ཞིང་དོན་བྱ་བ་མང་པོས་རྣམ་པར་གཡེང་བ་ནི། འདུ་འཛི་ཡིན་ཏེ། དེ་ཡང་རྟག་ཏུ་བྲེལ་ཞིང་དོན་ཆུང་བ། ཇི་ཙམ་ཡུན་རིང་བརྩོན་ཀྱང་སྙིང་པོ་མེད་པ། དགྲ་བཏུལ་ཀྱང་ཟད་པའི་མཐའ་མེད་པ། གཉེན་བསྐྱངས་ཀྱང་ཟད་པའི་མཐའ་མེད་པ། ཟིན་པའི་དུས་མེད་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དོར་ཏེ། ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས། གནས་བྲག་རྩ་རུ་བསྡད། གྲོགས་རི་དྭགས་དང་འགྲོགས། བབ་ལུས་སེམས་ལ་བསྐུར། གྱོང་ལྟོ་གོས་གཏམ་གསུམ་ལ་བཏད་ནས། མི་མེད་ལུང་སྟོང་ཁོ་ནར་མི་ཚེ་བསྐྱལ་ཏེ། ཇི་སྐད་དུ། རྗེ་བཙུན་མི་ལ་རས་པའི་ཞལ་ནས། མི་མེད་ལུང་པའི་བྲག་ཕུག་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད། །ཅེས་གསུངས་པ་ལྟར་བྱས་ན། ཡིད་སྐྱོ་བའི་གནས་སུ་བསམ་གཏན་འཁོར། ཟེར་བ་ཡིན་པས་ངེས་འབྱུང་དང་སྐྱོ་ཤས། དད་པ་དང་དག་སྣང་། བསམ་གཏན་དང་ཏིང་འཛིན་ལ་སོགས་ལམ་གྱི་ཡོན་ཏན་ཐམས་ཅད་མི་མེད་དབེན་པའི་གནས་ནས་རང་ཤུགས་ཀྱིས་སྐྱེ་བ་ཡིན་པས། དེ་ལྟ་བུ་ལ་ཅི་ནས་ཀྱང་འབད། དེ་བས་ན་དབེན་པའི་ནགས་ཁྲོད་ནི། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཞི་བ་བརྙེས་པའི་གནས། འདུ་འཛི་དང་རྣམ་གཡེང་མེད་པ། ཚོང་དང་སོ་ནམ་མེད་པ། བྱིས་པ་སོ་སོའི་སྐྱེ་བོའི་གྲོགས་དང་བྲལ་བ། བྱ་དང་རི་དྭགས་འགྲོགས་ན་བདེ་ཞིང་འཁོན་སེམས་དང་ཕྲག་དོག་མེད་པ། ཆུ་དང་ལོ་མ་ལ་རྩོལ་བ་མི་དགོས་པས་དཀའ་ཐུབ་ཀྱི་ཟས་དང་མཐུན་པ། རིག་པ་རྐྱེན་བྲལ་ངང་གིས་དྭངས་ཤིང་། ཏིང་ངེ་འཛིན་དང་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རང་ཤུགས་ཀྱིས་འཕེལ་བའི་གནས། དེ་ན་སྡང་བའི་དགྲ་མེད། བྱམས་པའི་གཉེན་མེད། ཆགས་སྡང་གི་སྒྲོག་ལས་གྲོལ་བ་ཡོན་ཏན་དུ་མ་དང་ལྡན་པའི་གནས་ཡིན་ཏེ། སྣ་ཚོགས་བྲག་རིའི་བ་གམ་མཛེས་པ་ན། །ཡིད་འོང་བདེ་བའི་མལ་སྟན་གཏིང་བཞིན་པར། །ཐུབ་བསྟན་རིན་ཆེན་འབར་བའི་སྟེགས་སྦྱིན་པ། །སྐལ་བཟང་སྐྱེས་བུའི་བསྟི་གནས་ཁོ་ན་ཡིན། །ཞེས་གསུངས། དེ་ལྟ་བུའི་དབེན་པའི་གནས་སུ་དངོས་སུ་ཕྱིན་ནས་སྡོད་པ་ལྟ་ཡང་ཅི་སྨོས། ཐ་ན་དབེན་པའི་གནས་དེར་འགྲོ་བསམས་ནས། དེའི་ཕྱོགས་སུ་དང་བའི་ཡིད་ཀྱིས་གོམ་པ་བདུན་བོར་ཡང་། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཕུལ་བ་ལས་ཀྱང་བསོད་ནམས་དང་ཕན་ཡོན་ཆེ་བར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟླ་བ་སྒྲོན་མེའི་མདོ་ལ་སོགས་པ་ལས་གསུངས། དེ་ལྟ་བུའི་གནས་སུ་ཇི་སྐད་དུ། རི་ཁྲོད་དབེན་པའི་གནས་མཆོག་ན། །སྤྱོད་ལམ་ཐམས་ཅད་དགེ་བ་ཡིན། །ཞེས་པ་ལྟར། ཆེད་དུ་བརྩོན་འགྲུས་བརྩམས་ནས་དགེ་བ་མ་བསྒྲུབས་ཀྱང་། ངེས་འབྱུང་དང་སྐྱོ་ཤས། བྱམས་དང་སྙིང་རྗེ་ལ་སོགས་པ་ལམ་གྱི་ཡོན་ཏན་ཐམས་ཅད་ངམ་ངམ་ཤུགས་ཀྱིས་སྐྱེ་བས། འགྲོ་འདུག་སོགས་སྤྱོད་ལམ་ཐམས་ཅད་ཀྱང་རང་བཞིན་གྱིས་དགེ་བ་འབའ་ཞིག་ཏུ་འགྱུར། མ་གྲངས་དྲོལ་བའི་ཁྲོད་འདུ་འཛིའི་གནས་སུ་འབད་ནས་བཀག་ཀྱང་མི་ཁེགས་པའི་ཆགས་སྡང་དང་ཉོན་མོངས་པ་ཐམས་ཅད་ཀྱང་། དབེན་པའི་གནས་སུ་སླེབ་པ་ཙམ་གྱིས་རང་ཤུགས་ཀྱིས་ཆུང་དུ་འགྲོ་ཞིང་ལམ་གྱི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་སྐྱེད་པར་སླ་བ་ཡིན་ཏེ། ཕྱི་ནང་གིས་དབེན་པའི་ཡོན་ཏན་འདི་དག་ནི་བསམ་གཏན་གྱི་སྔོན་དུ་འགྲོ་བའི་ཆོས་ཡིན་པས་ཅི་ནས་ཀྱང་གལ་ཆེ་བས་མེད་ཐབས་མེད་དོ། །བསམ་གཏན་དངོས་ལ། བསམ་གཏན་གྱི་ངོ་བོ་མི་གཡེང་བ་ཡིན་ཏེ། རྣམ་པ་གཡེང་བའི་སེམས་དེ་དྲན་པས་ཆོས་ཀྱི་ཀ་ཆེན་ལ་བཏགས་ཏེ་བསྒོམ་དགོས། སྤྱོད་འཇུག་ལས། ཆོས་ལ་སེམས་པའི་ཀ་ཆེན་ལ། །ཇི་ལྟར་བཏགས་བཞིན་མི་འཆོར་བར་། །ཞེས་གསུངས་པས་དམིགས་པའི་ཆོས་ཀ་བ་ལྟ་བུ་དེ་ལ་དྲན་པ་ཐག་པ་ལྟ་བུ་དེས་མི་འཆོར་བར་བཏགས་དགོས། ཤེས་བཞིན་བྱ་ར་བ་ལྟ་བུ་དེས་སེམས་དེ་གནས་སམ་མི་གནས་བརྟག་དགོས། དེ་ནས་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་བག་མ་ལྟ་བུ་དེས་སེམས་གཡེང་ན་སྔ་མའི་ཡུལ་ལ་སེམས་བླན་ཏེ་འཇོག་དགོས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་པས། གཞི་ཚུལ་ཁྲིམས་དག་ན་བདུད་ཀྱི་རྒྱལ་མཚན་བསྙིལ་ཐུབ། བསྟན་པའི་རྒྱལ་མཚན་སྒྲེང་ཐུབ། དེའི་ཐོག་ལ་རིམ་གཉིས་ཀྱི་ལམ་ལ་སློབ་པ་ལ་དམ་ཚིག་གཙང་བ་སྡོམ་གསུམ་རྣམ་པར་དག་པ་ཞིག་གིས་བསམ་གཏན་བསྒོམ་པའི་ཚེ་ན། ཐོག་མ་ཞི་གནས་ལ་གནས་དགོས། དེ་ལའང་དམིགས་བཅས་དང་དམིགས་མེད་གཉིས་ཡོད། དམིགས་བཅས་ནི་བྱམས་པ་དང་བྱམས་པའི་ཏིང་ངེ་འཛིན་ལྟ་བུ་བསྒོམ་པའི་ཚེ་ན་སེམས་དགེ་བའི་དམིགས་རྣམ་ལ་བཟུང་ནས་དྲན་ཤེས་བག་ཡོད་རྣམས་བརྟེན་དགོས། ནང་གི་སེམས་མི་གཡེང་བའི་རྒྱུ། སྔོན་སོང་གི་རྗེས་མི་གཅོད། མ་འོངས་པའི་མདུན་མི་བསུ། ད་ལྟ་ཚོགས་དྲུག་གི་ཡུལ་དུ་གཡེང་མི་འཇུག་པར་གྲིམ་ལྷོད་གང་དགའ་ཁམས་དང་བསྟུན་ནས་བཅས་བཅོས་མེད་པར་འཇོག་དགོས། དམིགས་མེད་ནི་བྱམས་སོགས་གཅིག་གི་སྟེང་དུ་ཅེར་ཟིན་མི་བྱ་བར། སེམས་བཅས་བཅོས་མེད་པར་ཅོག་གེ་ལྷུག་པར་སེམས་ལྷོད་ལ་བཞགསྐབས་སྐབས་སུ་དྲན་ཤེས་བག་ཡོད་རྣམས་ཀྱིས་ཟིན་པར་བྱ། དེ་ལྟར་སེམས་ཇེ་གནས་ཇེ་གནས་ལ་འོངས་དུས། གཟོད་བསམ་གཏན་གྱི་དབྱེ་བ་བྱེད་དགོས་པས། དབྱེ་ན། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན། དོན་རབ་འབྱེད་པའི་བསམ་གཏན། དེ་བཞིན་གཤེགས་དགེའི་བསམ་གཏན་དང་གསུམ་ཡིན། དེ་ཡང་བདེ་གསལ་མི་རྟོག་པའི་ཉམས་ལ་ཞེན་ནས། དེ་ཉིད་ལ་ཆེད་དུ་གཉེར་ཏེ་ཉམས་ཞེན་གྱི་རྩི་དང་བཅས་པར་སྒོམ་པའི་དུས་ན། ཞེས་བསྒོམ་པའི་ཉམས་ཇེ་ཆགས་ལ་འོངས་ཏེ། སེམས་དགའ་དོན་ཅི་ཡང་མེད་ཀྱང་སེམས་དགའ་ཡལ་ལེ་དང་སྨྲ་མེད་པའི་བདེ་བ་ལྟ་བུ་ཤར་ནས་དེ་དང་འབྲལ་བར་མི་འདོད་པ་དེ་ལ་བདེ་ཉམས་ཟེར། སེམས་རྣམ་རྟོག་གི་རྙོག་མ་དྭངས་ནས་ཤིན་ཏུ་གསལ་ཞིང་དྭངས་པའི་ཉམས། མཚམས་རེར་ཁང་པ་སོགས་ཀྱིས་མི་སྒྲིབ་པ་ཕྱི་ནང་ཀུན་མཐོང་བའི་ཉམས་ཤར་བ་ལྟ་བུ་གསལ་ཉམས་དང་། སེམས་ལ་རྣམ་རྟོག་ཨེ་སྐྱེ་བལྟས་ན་སྐྱེ་རྒྱུ་མི་འདུག་སྙམ་པ་ལྟ་བུ་རྟོག་བྲལ་གནས་པ་མི་རྟོག་པའི་ཉམས་ཡིན། ངའི་བདེ་གསལ་མི་རྟོག་པ་ཞེས་གང་ཟག་གི་བདག་དང་། ཉམས་གསུམ་ལ་ཞེན་པ་ཆོས་ཀྱི་བདག་འཛིན་ཡིན་པས། ཐར་བའི་རྒྱུ་བདག་མེད་རྟོགས་པ་དང་འགལ་བས། དེ་ཡོད་བཞིན་ཐར་བ་མཆོག་གི་གོ་འཕང་སྒྲུབ་མི་ཐུབ་པ་ཡིན། དེ་དག་ནི་ཞི་གནས་རྐྱང་པ་ཡིན་པས་དེ་གསུམ་ལ་ཉམས་ཞེན་དང་བཅས་པས་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱ། དེ་ལྟར་གོམས་པས་བསམ་གཟུགས་བསྒོམས་པས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལ་སོགས་ཐོབ་པ་བསམ་གཏན་གྱི་ཡོན་ཏན་ཡིན། དེ་ནས་དོན་རབ་འབྱེད་པ་དེའི་སྟེང་གང་ཟག་གི་བདག་དང་ཆོས་ཀྱི་བདག་གཉིས་རིགས་པས་དཔྱད་ནས། སྟོང་པ་ཞི་གནས་དང་ཟུང་འཇུག་ཏུ་གོམས་པ་དེ་དོན་རབ་འབྱེད་པའི་བསམ་གཏན་ཡིན། འདིའི་དུས་སུ་བློས་འཛིན་སྟངས་སྔ་མ་བྱིས་པ་ཉེར་སྤྱོད་ཀྱི་སྐབས་དང་མི་འདྲ་བ་ཉམས་ཀྱི་ཞེན་པ་དང་བྲལ་ནས་བསམ་གཏན་གྱི་རོ་མྱོང་མེད་ཀྱང་སྟོང་འཛིན་གཉེན་པོའི་ཕྱོགས་ད་དུང་མ་དོར་བས་དེ་ལ་ཞེན་ནས་སྒོམ་པའི་དུས་ན། དོན་རབ་འབྱེད་པའི་བསམ་གཏན་ཞེས་བྱ། སྔ་མ་ཚོགས་ལམ་དང་། འདི་ནི་སྦྱོར་ལམ་གྱི་སྐབས་སུ་སྒོམ་པ་གཙོ་ཆེ། མཐོང་ལམ་གྱི་དུས་སུ་སྟོང་འཛིན་གཉེན་པོའི་བློ་དང་བྲལ་ཏེ། ཞི་ལྷག་རོ་གཅིག་ཏུ་གྱུར་ནས་དངོས་འཛིན་དང་སྟོང་འཛིན་གཉིས་ཀ་བྲལ་ནས་ཆོས་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དངོས་པོའི་ཡིན་ལུགས་ཇི་ལྟ་བ་སྤྲོས་པའི་ཁས་ལེན་ཐམས་ཅད་དང་བྲལ་བའི་ངང་ལ་གནས་པ་ནི། དེ་བཞིན་གཤེགས་པའི་བསམ་གཏན་དང་ཆ་འདྲ་བ་ཡིན་པས་དེ་བཞིན་གཤེགས་དགེའི་བསམ་གཏན་ཟེར་བ་ཡིན། ཡང་ན་ལམ་ཞུགས་ལས་དང་པོ་བའི་རྒྱུད་ཀྱི་ཏིང་ངེ་འཛིན་བསམ་གཟུགས་སྒོམ་པ་རྣམས་ལ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་དང་། ལམ་དུ་ཞུགས་པ་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་གྱིས་ཐར་བའི་ལམ་དུ་བྱེད་ཅིང་དོན་རབ་འབྱེད་པས་ན་དོན་རབ་འབྱེད་པའི་བསམ་གཏན་དང་། ས་དང་པོ་ཡན་ཆད་ཀྱི་འཕགས་པའི་ཏིང་ངེ་འཛིན་རྣམས་ལ་ཟག་པ་མེད་པའི་ཏིང་ངེ་འཛིན་ནམ་དེ་བཞིན་གཤེགས་དགེའི་བསམ་གཏན་གསུངས། རྒྱལ་སྲས་ཐོགས་མེད་ཀྱིས། བསམ་གཏན་མེད་པར་ཆོས་ཉིད་མི་མཐོང་བས། །རྣམ་རྟོག་མཚན་མ་མེད་པའི་ཏིང་ངེ་འཛིན་བསྒོམ། །ཞེས་གསུངས། དེ་ལྟར་བསམ་གཏན་སྒོམ་པའི་དུས་ཐམས་ཅད་དུ་བསམ་གཏན་གྱི་འབོལ་ཆུང་ཕྱོགས་རེ་རེ་ལ་གྲུ་དོ་རེ་བ་ཡོད་པ་ཕྱི་མཐོ་བ་སྔོན་ཅུང་ཟད་དམའ་བའི་གདན་ལ་བསྡད་ནས། ལུས་ཀྱི་གནད་དུ་རྣམ་སྣང་ཆོས་བདུན་བྱེད་པ་དང་། མིག་གི་གནད་དུ་ལྟ་སྟངས་བྱེད་པ་སོགས་གལ་ཆེ་སྟེ། ལུས་དྲང་ན་རྩ་དྲང་། རྩ་དྲང་ན་རླུང་དྲང་། རླུང་དྲང་ན་སེམས་དྲང་ཟེར་བ་ཡིན་པས། བསམ་གཏན་བསྒོམ་པའི་དུས་སུ་ཉལ་བ་འཁྲས་པ་ལ་སོགས་མི་བྱེད་པར་ལུས་དྲང་པོར་བསྲངས་ཏེ་ཡིད་གང་དུའང་མི་རྟོག སེམས་ཅིར་ཡང་མི་འཛིན་པའི་ངང་ལ་མཉམ་པར་འཇོག་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡིན་ནོ།།

༦༽ཤེས་རབ།

དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་པ་ལ། ངོ་བོ་ཆོས་ཐམས་ཅད་རབ་ཏུ་འབྱེད་པ་ཡིན། འདི་ལྟར་ཤེས་བྱ་འཁོར་འདས་ལམ་གསུམ་གྱི་བསྡུས་པ་ཐམས་ཅད་ལ་ཆོས་ཟེར། དེ་ཇི་ལྟར་གཏན་ལ་དབབ་ན། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱིས་གཏན་ལ་འབེབས་པ་ཡིན། ཀུན་རྫོབ་ནི་མི་བདེན་བསླུ་བའི་ཆོས་ཅན་ལ་ཟེར་ཏེ། དཔལ་སྤྲུལ་རིན་པོ་ཆེས། བློ་འཁྲུལ་བ་ཡུལ་དང་བཅས་པ་ཀུན་རྫོབ་བདེན་པའི་མཚན་ཉིད་གསུངས། དོན་དམ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་མི་བསླུ་བའི་བདག་ཉིད་ཅན་ཏེ། བློ་འདས་སྨྲ་བསམ་བརྗོད་མེད་དོན་དམ་བདེན་པའི་མཚན་ཉིད་དུ་གསུངས། དེ་གཉིས་ལ་བདེན་པ་གཉིས་ཟེར། ཀུན་རྫོབ་བདེན་པ་ནི་བྱིས་པ་སོ་སོའི་སྐྱེ་བོའི་བློ་འཁྲུལ་བའི་ངོ་ལ་བདེན་པ་ལྟར་སྣང་བ་སྟེ་མེ་ཚ་བ་ལྟ་བུ་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་ཟེར་བ་ལྟར་ཡིན། དོན་དམ་བདེན་པ་ནི་འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་བདེན་པ་སྟེ། སྟོང་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཡང་དག་མཐའ་དེ་ལ་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་བདེན་པ་ཟེར་བ་རེད། དེ་ལྟ་བུའི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གནས་ལུགས་སོ་སོར་མ་འདྲེས་པར་འབྱེད་པ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ། དེ་ལྟ་བུའི་ཐབས་བྱུང་ཤེས་རབ་དེ་ལ། དབྱེ་ན་ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། སྒོམ་པའི་ཤེས་རབ་དང་གསུམ། དང་པོ་ཐོས་པའི་ཤེས་རབ་ནི། རྗོད་བྱེད་སྡེ་སྣོད་གསུམ་གྱིས་བརྗོད་བྱ་བསླབ་པ་གསུམ་གྱི་དོན་སྟོན་པར་བྱེད་པའི་ཆོས་ཀྱི་ཚིག་དོན་ཐམས་ཅད་བླ་མའི་ཞལ་ནས་གསུངས། སློབ་མ་རང་གིས་ཉན་ཏེ་བླ་མས་གསུངས་པ་བཞིན་གོ་བ་དེ་ཐོས་པའི་ཤེས་རབ་ཡིན། བསམ་པའི་ཤེས་རབ་ནི། བླ་མས་གསུངས་པའི་ཆོས་ཀྱི་དོན་དེ་དག་ཐམས་ཅད་ཀྱང་གོ་ལོ་དང་ཐོས་ལོར་མི་བཞག་པར། རང་རྒྱུད་ལ་ཡང་ནས་ཡང་དུ་གཤར་སྦྱངས་བྱས་ཏེ་རྟོག་དཔྱོད་དང་བསམ་གཞིག་གི་སྒོ་ནས་གཏན་ལ་ཕབ། མ་ཤེས་པ་གཞན་ལ་དྲི། དྲིས་པའི་དོན་དེ་ཡང་མི་ཤེས་ཤེས་ལོ་དང་མ་ཡིན་ཡིན་ལོ་ཙམ་གྱིས་ཆོག་ཤེས་མི་བྱ་བར་ཐོས་བསམ་གྱི་སྐབས་དོགས་པ་བཅད་ནས། ངེས་པར་དབེན་པའི་རི་ཁྲོད་བཟུང་ནས་རང་ཉིད་གཅིག་པུར་ཟབ་དོན་ཉམས་སུ་ལེན་པའི་དུས་སུ་ཉམས་ལེན་གྱི་གནད་གཞན་ལ་དྲི་མི་དགོས་པར་ཉམས་ལེན་རང་རྐྱ་ཐུབ་ངེས་སུ་ཐོས་བསམ་གྱིས་ཞུན་མཐར་བཅད་པ་དེ་ཡིན། སྒོམ་པའི་ཤེས་རབ་ནི། དེ་ལྟར་ཐོས་བསམ་གྱིས་མདོ་རྒྱུད་བསྟན་བཅོས་ཀྱི་སྙིང་པོའི་མན་ངན་གཅིག་ཏུ་དྲིལ་སོང་བ་རྣམས་ཤེས་ནས་ཉམས་སུ་བླངས་ཏེ་བསྒོམས་པས་ཆོས་ཉིད་སྤྲོས་པ་དང་བྲལ་བའི་གནས་ལུགས་དོན་གྱི་རྟོགས་པ་མ་ནོར་པར་སྨྲ་བསམ་བརྗོད་པ་དང་བྲལ་བ་དེ་ཉིད་རང་རྒྱུད་ལ་སྐྱེས། ཡིད་ཆེས་ཀྱི་ཁོ་ཐག་ནང་ནས་ཆོད། ཡིན་མིན་ཐེ་ཚོམ་གྱི་སྒྲོག་ལས་གྲོལ་ཏེ་སྤྲོས་མེད་དོན་གྱི་གནས་ལུགས་ཀྱི་རང་ཞལ་མངོན་སུམ་མཐོང་བ་དེ་ཡིན། མདོར་ན་ཆོས་རྣམས་ཀྱི་རང་བཞིན་ནམ་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པ་བྱེད་པར་དེ་ཐོས་པ་ཡིན། ཐོས་དོན་དེ་བསམ་པས་ངེས་པ་བྱས་ནས་བསྒོམས་པས་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་དེ་ཤེས་རབ་ཀྱི་རང་བཞིན་དུ་འདོད། གཞན་ཡང་རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་དེ་ཀུན་རྫོབ་རྟོགས་པའི་ཤེས་རབ་ཡིན་ལ། བདག་མེད་དོན་སྤྱིའམ་མངོན་དུ་གྱུར་བའི་སྒོ་ནས་འཇལ་བའི་ཤེས་རབ་དེ་དོན་དམ་པའི་ཤེས་རབ་ཟེར་ཡང་ཆོག་སྙམ། དེ་ཡང་དང་པོ་ཐོས་བསམ་སྒོམ་གསུམ་གོ་མ་ལོག་པར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས། སྒོམ་པས་ཉམས་སུ་ལེན་པའི་དུས་སུ། འདི་ལྟར་ཕྱི་ཡུལ་ལྔའི་སྣང་བ་ཐམས་ཅད་དོན་ལ་མེད་བཞིན་འཁྲུལ་ངོ་ལ་སྣང་བ་མདང་གི་རྨི་ལམ་ལྟ་བུ། རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་གློ་བུར་དུ་སྣང་དུ་རུང་བ་སྒྱུ་མ་ལྟ་བུ། མེད་པ་ལ་ཡོད་པར་སྣང་བ་ཐོ་ཡོར་མིར་སྣང་བའི་མིག་ཡོར་ལྟ་བུ། སྣང་བཞིན་བདེན་པར་མ་གྲུབ་པ་སྨིག་རྒྱུ་ཆུ་རུ་མཐོང་བ་ལྟ་བུ། ཕྱི་ནང་གང་ལ་ཡང་མེད་བཞིན་སྣང་བ་བྲག་ཆའི་སྒྲ་སྐད་ལྟ་བུ། རྟེན་དང་བརྟེན་པ་མེད་པས་ཕྱི་ནང་གང་དུ་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། འཁྲུལ་ངོར་སྣང་ཡང་སྣང་ལ་རང་བཞིན་མེད་པས་གཟུགས་བརྙན་གྱི་སྣང་བ་ལྟ་བུ། མེད་སྣང་ཅིར་ཡང་འཆར་དུ་རུང་བ་སྤྲུལ་པའི་གྲོང་ཁྱེར་ལྟ་བུ་སྟེ། དངོས་པོ་མེད་པའི་སྟོང་གཟུགས་སྒྱུ་མའི་དཔེ་བརྒྱད་དུ་བལྟས་པས་ཡུལ་གྱི་སྣང་བ་རྫུན་པའི་རང་བཞིན་དུ་གོ་ལ། དེ་ལྟར་སྣང་བའི་མཁན་པོ་ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་ཚུར་བརྟགས་ནའང་སེམས་ནི་སྐྱེ་འགག་གནས་གསུམ་དང་བྲལ་བ། སྟོང་རྟེན་འབྱུང་དབྱེ་བསལ་མེད་པ་ཆུ་ཟླ་ལྟ་བུ། སེམས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་སེམས་གཞན་མ་ཡིན་པ་སྟོང་ཉིད་བཞི་སྦྱོར་གྱི་ངེས་ཤེས། བློ་བཞན་གྱིས་མི་འཕྲོག་པ་ལ་ངེས་པ་རྙེད་དུས། སྟོང་ཉིད་ཅི་ཡང་མ་ཡིན་པ་ལས་རྟེན་འབྱུང་འགག་པ་མེད་པ་འཆར་བས། ཡུལ་སྣང་ཤར་བའི་སྣང་ཡུལ་མ་འགགས་ལ་ཡུལ་གྱི་འཛིན་རྟོག་ཞི། ཆོས་ཉིད་མཐའ་དབུས་དང་བྲལ་བ་སྟོང་གསལ་ནམ་མཁའ་ལྟ་བུར་རྟོགས་པའི་ངང་དུ་སྒོམ་དུ་མེད་པ་སྒོམ་དུ་ཤར་བའི་ཚུལ་གྱིས་འཇོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །རྒྱས་སྲས་རིན་པོ་ཆེས། ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས། རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པས། ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པར། །ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན་། །ཞེས་གསུངས་པ་དང་། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པ་ལྟར། མདོར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མིག་ལྟ་བུ་འདི་མེད་ན། ལོང་བའི་ཚོགས་ལྟ་བུ་སྦྱིན་པ་ལ་སོགས་པ་ལྔ་པོ་ཡིས་རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་མི་ནུས་གསུངས། ཕར་ཕྱིན་མཚན་ཉིད་པ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་ནས་བཟུང་ས་བཅུའི་རྒྱུན་མཐའི་བར་གྱི་ཕར་ཕྱིན་ཐམས་ཅད་མཚན་ཉིད་པ་ཡིན་ཏེ། ཚོགས་གཉིས་ཟུང་འཇུག མཉམ་བཞག་སྣང་མེད་སྤྲོས་བྲལ་དང་། རྗེས་ཐོབ་སྣང་བཅས་ཕར་ཕྱིན་བཅུ་རྫོགས་ཡོད། དེའི་དུས་སུ་ངོ་བོས་སྟོང་ཡང་རྣམ་པའི་ཆ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་ཤར་ནས་མཉམ་བཞག་སྣང་མེད། རྗེས་ཐོབ་སྒྱུ་མའི་དཔེ་བརྒྱད་ཀྱི་རྣམ་པས་ཕར་ཕྱིན་རྣམས་རྫོགས་པར་བྱེད་པ་དང་། ཕར་ཕྱིན་དྲུག་གི་སྒོ་ནས་ཚོགས་གཉིས་རྒྱ་མཚོ་ལྟ་བུ་ཡོངས་སུ་རྫོགས་པར་བྱེད་པ་དང་། སེམས་ཅན་རྒྱ་མཚོ་ལྟ་བུ་ཡོངས་སུ་སྨིན་པར་བྱེད་པ་དང་། ཞིང་ཁམས་རྒྱ་མཚོ་ལྟ་བུ་ཡོངས་སུ་སྦྱོང་བར་བྱེད་པ་སྟེ་རྫོགས་སྨིན་སྦྱོང་གསུམ་མཐར་ཕྱིན་དགོས་པ་རེད། སྤྱིར་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཁ་ཕར་འཁོར་ནས་ཡུལ་ལ་དཔྱད་པ་བྱེད་ནས་ངེས་ཤེས་དྲངས་པའི་བློ་དེ་ལ་རྣམ་དཔྱོད་ཀྱི་ཤེས་རབ་བམ། ཡིད་དཔྱོད་ཀྱི་ལྟ་བ་ཟེར། ཁ་ནང་དུ་འཁོར་བའི་ནང་ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བརྟགས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ནང་མཉམ་པར་བཞག་པ་དེ་ལ་བློ་འདས་ཡེ་ཤེས་ཀྱི་ལྟ་བ་ཞེས་བྱ་བ་ཡིན་པས། སྔ་མ་བློ་རྣམ་རྟོག་དང་ཕྱི་མ་བློ་འདས་ཡེ་ཤེས་ཡིན་པས་ཁྱད་གནམ་ས་བས་ཆེ། དེ་ལྟ་ན་སེམས་ཉིད་བདེ་གཤེགས་སྙིང་པོ་ལ་གཞི་མ་འཁྲུལ་བའི་གནས་སྐབས་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་གཉིས་ཀར་འཁྲུལ་སྣང་སྒྱུ་མ་ལྟ་བུ་དེ་མ་གྲུབ་ནའང་། འོན་ཀྱང་གློ་བུར་འཁྲུལ་བའི་དབང་གིས་འཁྲུལ་སྣང་སྒྱུ་མ་ལྟ་བུ་འདི་ཤར་བ་ཡིན་པས། ལམ་གྱི་སྐབས་འདི་འཁྲུལ་སྣང་འདི་དག་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་བསམ་ཞིང་ཡང་དང་ཡང་དུ་དཔྱད་འཇོག་སྤེལ་མ་བྱས་ཏེ་བསྒོམ་དགོས། ཐུན་གྱི་རྗེས་འདྲ། ཐུན་མཚམས་རྣམས་སུ་ཕྱིན་དྲུག་གི་དབྱེ་བ་དང་དཔེ་བལྟས་དང་བསམ་དཔྱོད་ཀྱང་གལ་ཆེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཀྱང་ཕར་བཀྲལ་ན་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་ཡང་གསུམ་གསུམ་དུ་ཕྱེ་བའི་བཅོ་བརྒྱད་དེ་ལས་ཀྱང་ཟང་ཟིང་གི་སྦྱིན་པ་ལ་གསུམ་དུ་དབྱེ་བས་ཉི་ཤུ། དེའི་སྟེང་དུ་བདག་གཞན་གྱི་དོན་རྩོལ་མེད་དུ་བྱེད་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཉེར་གཅིག མི་མཐུན་ཕྱོགས་ཀྱི་ཡོངས་སུ་རྫི་བ་མེད་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཉེར་གཉིས། ཞིང་དང་སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ཉེར་གསུམ། དོན་ཇི་ལྟ་བ་བཞིན་རྟོགས་པས་གཉིས་ཆོས་ཀྱི་འཛིན་པ་ཀུན་དང་བྲལ་ཏེ་གཉིས་སུ་མེད་པ་རྟོགས་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཉེར་བཞི་ཡིན་ལ། དེ་ལས་ཀྱང་རྒྱས་པར་དབྱེ་ན་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་ཡང་སྦྱིན་པའི་སྦྱིན་པ་སོགས་དྲུག་དྲུག་ཏུ་དབྱེ་བས་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་ཡིན་ཏེ། དེ་ཡང་དཔེར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཆོས་ཀྱི་སྦྱིན་པ་ལྟ་བུ་ལ་མཚོན་ན། བཤད་མཁན་བླ་མ། བཤད་རྒྱུའི་ཆོས། བཤད་ཡུལ་སློབ་མ་དང་གསུམ་འཛོམས་ནས་ཆོས་བཤད་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དེ་ལྟར་བཤད་པའི་དུས་ན་འབུལ་བ་ཕུལ་བ་སོགས་རྙེད་པ་དང་གུས་པ་དང་བཀུར་སྟི་ལ་སོགས་པ་མི་འདོད་ཅིང་། རང་གི་མཁས་ཉམས་ཀྱི་ཆེ་བ་འབྱིན་པ་དང་། གཞན་ལ་ཟུར་ཟ་བ་དང་ཟུར་གྱིས་སྨད་པ་སོགས་ཉོན་མོངས་པའི་དྲི་མ་དང་མ་འདྲེས་པར་འཆད་པ་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཚིགས་གཅིག་གི་དོན་ཡང་སློབ་མའི་མ་གོ་ན་ལན་གྲངས་མང་པོའི་བར་དུ་བསྐྱར་ཏེ་དཀའ་ཚེགས་དང་ངལ་བ་ཐམས་ཅད་ཁྱད་དུ་བསད་ནས་འཆད་པ་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་གཏོང་བར་བཤད་པའི་དུས་ལས་མི་ཡོལ་བར་འཆད་པ་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། གང་བཤད་རྒྱུའི་ཚིག་དོན་ལ་བློ་རིག་དྲང་པོས་བཤད་ནས་དེ་ལས་སེམས་གཞན་དུ་མི་ཡེངས་པར་ཚིག་ལ་ནོར་བ་དང་དོན་ལ་འཁྲུལ་དང་ལྷག་ཆད་སྤངས་ནས་འཆད་པ་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། དེ་ལྟར་བཤད་པའི་དུས་ན་གང་འཆད་བྱ་འཆད་བྱེད་འཆད་ཡུལ་དང་བཅས་པ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་རྩིས་ཟིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕར་ཕྱིན་དྲུག་ཀ་ཚང་བ་ཡིན། ཡང་ཟང་ཟིང་གི་སྦྱིན་པ་མར་སྤྲང་པོ་ལ་བཟའ་བཏུང་སྦྱིན་པ་ལྟ་བུར་མཚོན་ན། སྦྱིན་རྒྱུ་སྦྱིན་མཁན་སྦྱིན་ཡུལ་གསུམ་འཛོམས་ནས་སྦྱིན་པ་དེ་སྦྱིན་པ། དེ་ཡང་དངོས་པོ་ངན་པ་དང་སྐྱོན་ཅན་སོགས་མི་སྦྱིན་པར་ཟས་ལྟ་བུ་ལ་མཚོན་ན་རང་གི་ཟ་རྒྱུའི་བཟའ་བཏུང་ནས་སྦྱིན་པ་ཚུལ་ཁྲིམས། སློང་མོ་བས་ཡང་དང་ཡང་དུ་བསླངས་ཀྱང་ཁོང་མི་ཁྲོ་བ་བཟོད་པ། དཀའ་ཚེགས་དང་ངལ་བ་ལ་མི་བསམ་ཞིང་ཡུན་དུ་མི་འགོར་བར་སྦྱིན་པ་དེ་བརྩོན་འགྲུས། དེ་ལས་སེམས་གཞན་དུ་མི་ཡེངས་པ་བསམ་གཏན། འཁོར་གསུམ་བདེན་མེད་དུ་ཤེས་པ་ཤེས་རབ་སྟེ། སྦྱིན་པ་ཆུང་ངུ་དེ་ལའང་ཕ་རོལ་ཏུ་ཕྱིན་པ་དྲུག་ཀ་ཚང་ཞིང་དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་གཞན་རེ་རེ་ལ་ཡང་དྲུག་དྲུག་ཚང་བ་དེས་རིགས་འགྲེའོ། ཡང་ཕ་རོལ་ཏུ་ཕྱིན་པ་དེ་དག་ཚུར་བསྡུ་ན། རྗེ་མི་ལས། བདག་འཛིན་སྤངས་པའི་ཕ་རོལ་ན། །སྦྱིན་པ་བྱ་བ་ལོགས་ན་མེད། །གཡོ་སྒྱུ་སྤངས་པའི་ཕ་རོལ་ན། །ཚུལ་ཁྲིམས་བྱ་བ་ལོགས་ན་མེད། དོན་ལ་མི་སྐྲག་ཕ་རོལ་ན། །བཟོད་པ་བྱ་བ་ལོགས་ན་མེད། །ཉམས་ལེན་འབྲལ་མེད་ཕ་རོལ་ན། །བརྩོན་འགྲུས་བྱ་བ་ལོགས་ན་མེད། །ངང་ལ་གནས་པའི་ཕ་རོལ་ན། །བསམ་གཏན་བྱ་བ་ལོགས་ན་མེད། །གནས་ལུགས་རྟོགས་པའི་ཕ་རོལ་ན། །ཤེས་རབ་བྱ་བ་ལོགས་ན་མེད། །བྱས་ཚད་ཆོས་ཀྱི་ཕ་རོལ་ན། །ཐབས་ཞེས་བྱ་བ་ལོགས་ན་མེད། །བདུད་བཞི་བཅོམ་པའི་ཕ་རོལ་ན། །སྟོབས་ཞེས་བྱ་བ་ལོགས་ན་མེད། །དོན་གཉིས་འགྲུབ་པའི་ཕ་རོལ་ན། སྨོན་ལམ་བྱ་བ་ལོགས་ན་མེད། །ཉོན་མོངས་རང་མཚང་རིག་པ་ན། །ཡེ་ཤེས་བྱ་བ་ལོགས་ན་མེད། །ཞེས་གསུངས། ཡང་ཁུ་རྔོག་འབྲོམ་གསུམ་གྱིས། །ཇོ་བོ་ལ། །ལམ་གྱི་ཆོས་ཐམས་ཅད་ཀྱི་མཆོག་གང་ལགས་ཞུས་པས། ཇོ་བོའི་ཞལ་ནས། མཁས་པའི་མཆོག་བདག་མེད་རྣམ་གཉིས་ཀྱི་དོན་རྟོགས་པ་ཡིན། བཙུན་པའི་མཆོག་སེམས་རྒྱུད་དུལ་བ་ཡིན། ཡོན་ཏན་གྱི་མཆོག་ཕན་སེམས་ཆེ་བ་ཡིན། གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་ལྟ་བ་ཡིན། གཉེན་པོའི་མཆོག་གང་ཡང་རང་བཞིན་མེད་པར་ཤེས་པ་ཡིན། སྤྱོད་པའི་མཆོག་འཇིག་རྟེན་དང་མི་མཐུན་པ་ཡིན། དངོས་གྲུབ་ཀྱི་མཆོག་ཉོན་མོངས་པ་ཇེ་ཆུང་ལ་སོང་བ་ཡིན། གྲུབ་རྟགས་ཀྱི་མཆོག་འདོད་པ་ཇེ་ཆུང་ལ་སོང་བ་ཡིན། སྦྱིན་པའི་མཆོག་མ་ཆགས་པ་ཡིན། ཚུལ་ཁྲིམས་ཀྱི་མཆོག་སེམས་ཞི་བ་ཡིན། བཟོད་པའི་མཆོག་དམན་ས་བཟུང་བ་ཡིན། བརྩོན་འགྲུས་ཀྱི་མཆོག་བྱ་བ་ཐོང་བ་ཡིན། བསམ་གཏན་གྱི་མཆོག་བློ་མ་བཅོས་པ་ཡིན། ཤེས་རབ་ཀྱི་མཆོག་གང་ལ་ཡང་དེར་འཛིན་མེད་པ་ཡིན། ཞེས་སོགས་གསུངས། ཡང་རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས་ཀྱང་། ཆོག་ཤེས་ལ་སྦྱིན་པའི་ཕར་ཕྱིན་གནས། །དེ་ཡི་ངོ་བོ་གཏོང་སེམས་ཡིན། །དཀོན་ཅོག་གིས་མ་ཁྲེལ་ན་ཚུལ་ཁྲིམས་ཡོད། །དྲན་རིག་མ་ཉམས་པ་བཟོད་པའི་མཆོག །ཀུན་ཀྱི་གྲོགས་སུ་བརྩོན་འགྲུས་དགོས། །སྣང་ཞེན་ལྷར་སྒོམ་བསམ་གཏན་ཏེ། །འཛིན་ཞེན་རང་གྲོལ་ཤེས་རབ་བོ། །དེ་ལ་བསམ་དང་བསམ་བྱེད་མེད། །ཐ་མལ་མ་ཡིན་ངེས་ཤེས་བྲལ། །མྱ་ངན་འདས་ཞི་དམ་པའོ། །འདི་ནི་ཀུན་ལ་བརྗོད་མི་བྱ། །སེམས་ཀྱིས་དམ་པར་ཟུང་ཞིག་གུ། །ཞེས་གསུངས། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་བྱང་ཆུབ་སེམས་དཔའི་གཞུང་ལམ་རྒྱ་ཆེན་པོ་དེ་ཐམས་ཅད་མདོ་ཧྲིལ་གྱིས་དྲིལ་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞིག་ལ་འུབ་ཀྱིས་འདུས་པ་ཡིན་ཏེ། དཔལ་ས་ར་ཧ་པའི་དོ་ཧ་ལས་ཀྱང་། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །གལ་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་བ་ཡོད་དམ་ཅི། །གང་ལ་གཉིས་པོ་ཡོད་པར་གྱུར་བ་དེ། །སྲིད་པར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས། ཤེས་རབ་ཀྱིས་སྲིད་པ་ལ་མི་གནས་པ་དང་སྙིང་རྗེས་མྱ་ངན་ལས་འདས་པ་གཉིས་ཀར་མི་གནས་པ་ནི། མི་གནས་པའི་མྱང་འདས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ནོ། །དེ་བཞིན་དུ་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས། སྟོང་ཉིང་སྙིང་རྗེའི་སྙིང་པོ་ཅན། བྱང་ཆུབ་སྒྲུབ་པ་ཁ་གཅིག་ལའོ། །ཞེས་དང་། ཇོ་བོ་རྗེ་ལྷ་གཅིག་ལ་འབྲོམ་སྟོན་པས་ཆོས་ཐམས་ཅད་ཀྱི་མཐར་ཐུག་གང་ལགས། ཞུས་པས། ཆོས་ཐམས་ཅད་ཀྱི་མཐར་ཐུག་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་མེ་དང་ཚ་བ་ལྟར་འབྲལ་མི་ཤེས་པ་ཡིན་གསུངས། དཔེར་ན་འཇིག་རྟེན་ན་སྨན་དཔའ་བོ་ཆིག་ཐུབ་བྱ་བ་ནད་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཞིག་ཡོད་པ་ཡིན། དཔེ་དེ་བཞིན་དུ་སྨན་དཔའ་བོ་ཆིག་ཐུབ་ལྟ་བུ། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་རྟོགས་ན་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཡིན་གསུངས། འོ་ན་སྟོང་ཉིད་རྟོགས་ཟེར་བའི་སྒོམ་ཆེན་དུ་ཁས་འཆེ་བ་ཀུན་ཀྱི་ཆགས་སྡང་གཉིས་སྔར་བཞིན་ཁ་མ་བྲི་བར་གདའ་བ་ཅི་ལགས་ཞུས་པས། ཇོ་བོའི་ཞལ་ནས་དེ་ཀུན་ཁ་སྟོང་དུ་སོང་བ་ཡིན། སྟོང་པ་ཉིད་ཀྱི་དོན་གཤའ་མར་ཇི་བཞིན་རྟོགས་ན། ལུས་ངག་ཡིད་གསུམ་གྱི་བསམ་སྤྱོད་ཐམས་ཅད་རས་བལ་རྡོག་པས་མནན་པའམ། ཕྱེ་ཐུག་ལ་ཟོ་མར་སྐྱུར་བ་བཞིན་དུ་འགྲོ། སློབ་དཔོན་ཨཱརྱ་དེ་བའི་ཞལ་ནས། ཆོས་རྣམས་ཀུན་ཀྱི་གནས་ལུགས་སྟོང་པར་འདུག་གམ་མི་འདུག་སྙམ་དུ་དོན་འགྱུར་གྱི་ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་སྲིད་པ་ཧྲུལ་པོར་འགྲོ་བར་གསུངས། དེས་ན་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་བླ་མའི་གདམས་ངག་ཇི་བཞིན་པ་ཞིག་རྟོགས་ན་སྨན་དཔའ་བོ་ཆིག་ཐུབ་དང་མཚུངས་ཏེ། སྦྱིན་སོགས་ཐར་བ་སྒྲུབ་པའི་ལམ་གྱི་ཆོས་ཐམས་ཅད་སྟོང་ཉིད་རྟོགས་པ་དེའི་ཁོང་ན་ཡོད་གསུངས། སྟོང་པ་ཉིད་རྟོགས་པའི་ཁོང་ན་ཐར་བ་སྒྲུབ་པའི་ལམ་གྱི་ཆོས་ཐམས་ཅད་ཇི་ལྟར་ཡོད་ཞུས་པས། ཇོ་བོའི་ཞལ་ནས། ལམ་གྱི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་ཏེ། སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་ན། ཕྱི་ནང་གི་དངོས་པོ་མཐའ་དག་ལ་ཞེ་འདོད་འཛིན་ཆགས་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། འཛིན་ཆགས་མེད་པ་ལ་མི་དགེ་བའི་དྲི་མས་མི་གོས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་ལ་ང་དང་ང་ཡིར་འཛིན་པའི་ཁོང་ཁྲོ་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་རྟོགས་པའི་དོན་ལ་སེམས་མངོན་པར་སྤྲོ་བ་དང་ལྡན་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། སྟོང་པ་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་སེམས་པ་དེ་ལ་དབང་པོ་ཡུལ་ཀུན་ལ་འཇུག་ཀྱང་མཉམ་ཉིད་ལས་མི་གཡོ་བར་དངོས་པོར་འཛིན་པའི་གཡེང་བ་དང་བྲལ་བས་ཆོས་ཀུན་ཀྱི་རང་བཞིན་མཐོང་བ་ལ་གནས་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། ཐབས་ཀྱི་སྤྱོད་པ་གང་ལ་ཡང་རང་བཞིན་ཕྱིན་ཅི་མ་ལོག་པ་འཁོར་གསུམ་དུ་རྟོག་པའི་ཡིད་དང་བྲལ་བས་ཆོས་ཀུན་མ་བཀག་པ་གསལ་ཞིང་དངོས་པོ་མཚན་མ་ལས་ཡོངས་སུ་འདས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད་གསུངས། འོ་ན་དོན་རྟོགས་པ་གཅིག་ལ་སྟོང་པ་ཉིད་ཀྱི་ལྟ་སྒོམ་ཁོ་ནས་འཚང་རྒྱ་བ་ལགས་སམ་ཞུས་པས། འདི་ལྟར་སྣང་ཚོད་གྲགས་ཚོད་ཕྱི་ནང་དངོས་པོ་འདི་ཐམས་ཅད་རང་གི་སེམས་ལས་མ་བྱུང་བ་མེད། སེམས་ཀྱི་ངོ་བོ་རིག་པ་དང་སྟོང་པ་གཉིས་མེད་དུ་རྟོགས་པ་དེ་ལྟ་བ་ཡིན། དེ་ལ་མ་ཡེངས་པར་དྲན་པ་རྒྱུན་ཆགས་སུ་གནས་པ་དེ་སྒོམ་པ་ཡིན། དེའི་ངང་ནས་སྒྱུ་མ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པ་དེ་སྤྱོད་པ་ཡིན། དེ་དེ་ལྟར་ཉམས་འོག་ཏུ་ཚུད་ནས་ཉམས་སུ་ལེན་ཤེས་པ་ཞིག་ཡོད་ན་སྒོམ་དེ་ཉིད་རྨི་ལམ་དུ་འོང་། རྨི་ལམ་དུ་བྱུང་ན་འཆི་ཁར་འོང་། འཆི་ཁར་བྱུང་ན་དེའི་མཚམས་སྦྱར་ནས་བར་དོར་འོང་། བར་དོར་བྱུང་ན་དེས་གྲོལ་ཏེ་འཁོར་བར་ཕྱི་ཕྱག་འཚལ་བས་མཆོག་གི་དངོས་གྲུབ་ཐོབ་ངེས་པ་ཡིན་གསུངས། དེས་ན་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུག་གསུམ་འདུལ་བའི་གཉེན་པོ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་། བྱང་ཆུབ་ཀྱི་སེམས་སམ་ཡང་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་འདི་རྒྱུད་ལ་སྐྱེ་བའི་ཐབས་སུ་གསུངས་པ་ཡིན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་འདི་དང་བྲལ་སོང་ན། ལྟ་སྒོམ་གྱི་ཆོས་ཅི་ཙམ་ཟབ་ཟབ་འདྲ་ཡང་འཁོར་བ་ལས་ཐར་བ་དང་རྫོགས་པའི་སངས་རྒྱས་ཐོབ་པ་ལ་ཅི་ཡང་མི་ཕན། ཐབས་བསྐྱེད་པའི་རིམ་པ་ལྷ་སྒོམ་པ་དང་ཤེས་རབ་རྫོགས་རིམ་ལ་རླུང་གི་བྱེད་རྩོལ་སོགས་གསང་སྔགས་ཀྱི་ཉམས་ལེན་དེ་དག་རྣམས་ཀྱང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ཚེ་འདིར་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་འགྲོ་བ་ཡིན་ཡང་། བྱང་ཆུབ་ཀྱི་སེམས་དང་བྲལ་ན་མུ་སྟེགས་པའི་ལམ་དང་ཁྱད་པར་མེད། ཕྱི་རོལ་མུ་སྟེགས་པ་རྣམས་ལའང་ལྷ་བསྒོམ་པ་སྔགས་བཟླ་བ། རྩ་རླུང་སྒོམ་པ། རྒྱུ་འབྲས་ལ་སྤང་བླང་བྱེད་པ་སོགས་དུ་མ་ཡོད་ཀྱང་། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གཉིས་པོ་འདི་མེད་པས་འཁོར་བའི་གནས་ལས་ཐར་མི་ནུས་པ་ཡིན། དེས་ན་དགེ་བཤེས་ཁ་རག་སྒོམ་ཆུང་གི་ཞལ་ནས་ཀྱང་། སྐྱབས་འགྲོ་ནས་བཟུང་སྟེ་སྔགས་ཀྱི་བར་དུ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་ཐམས་ཅད་བླངས་ཀྱང་འཇིག་རྟེན་པའི་ཆོས་ལ་བློ་མ་ལོག་ན་ཕན་མེད། དུས་རྒྱུན་དུ་གཞན་སློབ་མ་ལ་ཆོས་འཆད་ཀྱང་རང་གི་ང་རྒྱལ་ནང་ནས་མ་ཞི་ན་ཕན་མེད། ལམ་གཞན་ནས་ཅི་འདྲ་ཡར་སྐྱེད་བཏོན་ཀྱང་སྐྱབས་འགྲོའི་ཆོས་གཞུག་ཤོར་ན་ཕན་མེད། ཉིན་མཚན་མེད་པར་ཁ་ཏོན་དགེ་སྦྱོར་ལ་འབད་ཀྱང་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་ཕན་མེད། ཅེས་གསུངས། སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་པོ་འདིའི་གཞི་ལེགས་པར་མ་ཟིན་པར་ཆོས་ལ་ཐོས་བསམ་སྒོམ་གསུམ་རྒྱ་གང་ཆེ་བྱེད་ལོ་བྱས་ཀྱང་། དཔེར་ན་དགུན་ཁའི་འཁྱགས་རོམ་གྱི་སྟེང་དུ་མཁར་བརྩེགས་དགུ་ཡོད་པ་བཞེངས་ཏེ། དེ་ལ་ཞལ་བ་དང་རི་མོ་ལ་སོགས་པའི་རྣམ་འགྱུར་བྱས་པ་དང་འདྲ་སྟེ་ཕུགས་སུ་སྙིང་པོ་ཅི་ཡང་མེད། དེས་ན་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་པོ་འདི་ཆོས་གནད་ཆུང་དང་ངན་པའམ། ལས་དང་པོ་བའི་ཆོས་ཡིན་སྙམ་དུ་གལ་ཆུང་མི་བྱེད་པར། ལམ་ཐམས་ཅད་ཀྱི་སྦྱོར་དངོས་རྗེས་གསུམ་སྐྱབས་འགྲོ་དང་སེམས་བསྐྱེད་འདི་གཉི་གའི་ཁོངས་ནས་རྫོགས་པ་ཞིག་བྱེད་དགོས་པས། ལམ་ལ་སློབ་པ་པོ་གང་ཟག་བཟང་ངན་མཐོ་དམན་ཐམས་ཅད་ནས་འདི་ཁོ་ན་ལ་རྩལ་དུ་བཏོན་ནས་སྦྱང་བར་བྱེད་པ་གལ་ཆེའོ། །ཁྱད་པར་བླ་མ་དང་སེར་མོ་བ་ལྟ་བུ་མཆོད་གནས་ཀྱི་གྲལ་ན་བཞུགས་པའི་དད་ཟས་དང་གཤིན་དཀོར་ཟ་བ་དང་། ཤི་བོའི་ཡར་འདྲེན་བྱེད་པ་རྣམས་ལ་ནི། རྒྱུད་ན་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཞིག་མེད་པའི་ཐབས་མེད། བྱང་ཆུབ་ཀྱི་སེམས་དང་བྲལ་ན་ཆོ་ག་དང་སྒྲིབ་སྦྱོང་སོགས་ཇི་ལྟར་བྱས་ཀྱང་ཤི་གསོན་སུ་ལ་ཡང་ཕན་མི་ཐོགས། གཞན་དོན་ལྟར་སྣང་བ་དེ་ཡང་ཕུགས་སུ་རང་འདོད་ཁོ་ན་དང་འདྲེས་པས། རང་ལ་ཡང་དཀོར་སྒྲིབ་དང་ཉེས་པ་མི་ཟད་པ་བསྐྱེད་ཅིང་ཕྱི་མ་ངན་སོང་དུ་འགྲོ་བ་ལས་འོས་མེད་པ་ཡིན། དེས་ན་གང་ཟག་ཞིག་ལ་ཡང་། རྩལ་གྲུབ་རྟགས་ཀྱིས་ནམ་མཁའ་ལ་བྱ་ལྟར་འཕུར་བ། ས་འོག་ཏུ་བྱི་ལྟར་འཛུལ་བ། རི་བྲག་ལ་ཟང་ཐལ་དུ་འགྲོ་བ། ཆུ་ནང་ལ་ཉ་ལྟར་འཕྱོ་བ། མངོན་ཤེས་ཐོགས་པ་མེད་པ། རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ་ལ་སོགས་ངོ་མཚར་གྱི་རྣམ་གྲངས་ཇི་ལྟ་བུ་ཡོད་ཀྱང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་མེད་པར་འདུག་ན། དེ་ཐུན་མོང་གི་གྲུབ་པ་ཐོབ་པའི་མུ་སྟེགས་པའམ་ཡང་ན་གདོན་ཆེན་པོ་ཞིག་གིས་རྒྱུད་བརླམས་པ་གཉིས་ལས་འགྲོ་ས་མེད། དེ་ལྟ་བུ་དེ་ལ་དང་པོ་བླུན་དད་ཀྱིས་རྗེས་སུ་འབྲངས་ནས་མོས་གུས་དང་འབུལ་བ་སོགས་བྱས་ཀྱང་། དེ་ལ་བྱང་ཆུབ་ཀྱི་སེམས་མེད་པས་ཐར་ལམ་རྣམ་དག་སྟོན་མི་ནུས་པས་མཐར་རང་གཞན་གཉིས་ཀ་ཕུང་བ་ལས་མེད། གང་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡང་དག་པ་ཞིག་རྒྱུད་ལ་ཡོད་པར་འདུག་ན། རྩལ་གྲུབ་རྟགས་སོགས་ཡོན་ཏན་གཞན་ཅི་ཡང་མེད་ཀྱང་དེ་ལ་གང་འབྲེལ་དོན་དང་ལྡན་པ་ཡིན། འོན་ཀྱང་བྱང་ཆུབ་སེམས་དཔའ་གང་ན་ཡོད་མི་ཤེས། ཤན་པ་དང་སྨད་འཚོང་མ་ལ་སོགས་རིགས་ངན་པའི་ཁྲོད་ན་ཡང་ཐབས་ལ་མཁས་པའི་མཛད་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་དུ་མ་ཡོད་པར་གསུངས། དེས་ན་གང་ཟག་གཞན་གྱི་རྒྱུད་ན་བྱང་ཆུབ་ཀྱི་སེམས་ཡོད་པ་དང་མེད་པ་ཤེས་དཀའ་བས། བཅོམ་ལྡན་འདས་ཀྱིས་ཀྱང་། ང་དང་ང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་མི་བཟུང་། ཞེས་གསུངས། དེས་ན་རང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གང་གིས་སྐྱེད་པའི་ལྷ་དང་བླ་མ་དགེ་བའི་གྲོགས་པོ་ལ་སོགས་པ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞགརང་རྒྱུད་ལ་ཡང་གནས་ལུགས་ཀྱི་དོན་རྟོགས་སྙམ་པ་དང་། མངོན་ཤེས་དང་། ཏིང་ངེ་འཛིན་ཐོབ་པ། ཡི་དམ་ལྷའི་ཞལ་མཐོང་བ་ལ་སོགས་པ་ལམ་རྟགས་ཀྱི་ཡོན་ཏན་ལྟར་སྣང་བ་ཅི་ལྟ་བུ་བྱུང་ཡང་དེ་ལ་བརྟེན་ནས་འཕོ་འགྱུར་མེད་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གོང་འཕེལ་དུ་འགྲོ་བར་འདུག་ན། དེ་ཉིད་ཡོན་ཏན་ཡིན་པར་ཐག་བཅད། གལ་ཏེ་དེ་དག་ལ་བརྟེན་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འགྲིབ་པར་འདུག་ན། ལམ་རྟགས་བཟང་པོ་ལྟར་དུ་སྣང་བ་དེ་དག་ཀྱང་བདུད་ཀྱི་བར་ཆད་དམ་ཕྱིན་ཅི་ལོག་གི་ལམ་ཡིན་པར་གདོན་མི་ཟ། ཁྱད་པར་གནས་ལུགས་ཀྱི་རྟོགས་པ་བཅོས་མ་མ་ཡིན་པ་དེ་རྒྱུད་ལ་སྐྱེས་ན། ཡུལ་གོང་མ་ལ་དད་པ་དང་དག་སྣང་། འོག་མ་ལ་བྱམས་དང་སྙིང་རྗེ་ལ་སོགས་པ་ཐུན་མོངས་མ་ཡིན་པ་ཞིག་སྐྱེ་མི་འོང་བའི་ཐབས་མེད་དེ། མཉམ་མེད་དྭགས་པོ་རིན་པོ་ཆེས། རྗེ་བཙུན་མི་ལ་ལ། ཚོགས་པ་སྐྱོང་བའི་དུས་ནམ་ཡིན་ཞུས་པས། ཇི་ཞིག་ན་ཁྱེད་རང་གི་སེམས་ཀྱི་ངོ་བོ་ད་ལྟའི་འདི་མ་ཡིན་པ་ཐེ་ཚོམ་ཐམས་ཅད་དང་བྲལ་བ་ཞིག་ལྷག་གེར་མཐོང་འོང་སྟེ། དེའི་དུས་སུ་ཕ་རྒན་ང་ལ་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་ཐུན་མོངས་མ་ཡིན་པ་ཞིག་སྐྱེ་ཞིང་། སེམས་ཅན་ལ་བྱམས་སྙིང་རྗེ་ཡང་བཅོས་མ་མ་ཡིན་པ་ཞིག་སྐྱེ་ངེས་པས། དེའི་དུས་སུ་ཚོགས་པ་སྐྱོངས་ཤིག་གསུངས། དེས་ན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གཞི་བཅོལ་ནས་ཆོས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་དགོས། དང་པོ་ཐོས་དགོས་མ་ཐོས་ན་ཤེས་པའི་དུས་མི་འོང་། བར་དུ་ཤེས་དགོས་མ་ཤེས་ན་སྒོམ་འོང་རྒྱུ་མེད། ཐ་མ་སྒོམ་དགོས་མ་བསྒོམས་ན་གྲོལ་འོང་རྒྱུ་ཞིག་མེད། དེས་ན་དང་པོ་ཐོས་པས་སྒྲོ་འདོགས་མ་བཅད་ན་ཉམས་སུ་ལེན་མི་ཤེས་པས། ཇི་སྐད་དུ། ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེགས་བ་འདྲ། །ཞེས་གསུངས། ཐོས་པས་སྒྲོ་འདོགས་གཅོད་ཟེར་བ་དེ་ཡང་ཤེས་བྱའི་ཆོས་རྒྱ་ཆེ་ཞིང་གྲངས་མང་བ་ཐམས་ཅད་ཤེས་པར་བྱ་མི་དགོས་ཏེ། དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །གང་ཞིག་གཅེས་པ་དེ་ནི་ལེན་པ་གྱིས། །གསུངས་པ་ལྟར། ཤེས་བྱ་རིག་པའི་གནས་དེ་ཐམས་ཅད་སྙིགས་དུས་ཚེ་ཐུང་གཅིག་ལ་ཤེས་ཀྱང་མི་ནུས། དེས་ན་རང་གིས་གང་ཉམས་སུ་བླང་བར་བྱ་རྒྱུའི་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པའི་ཆོས་དེ་ཐོག་མཐའ་བར་གསུམ་དུ་སྒྲུབ་པའི་ཚུལ་ཐམས་ཅད་མ་ནོར་བར་ཤེས་ཤིང་། དེ་ལ་བསམ་པས་སྒྲོ་འདོགས་ཐམས་ཅད་ཆོད་དགོས་པ་ཡིན། སྔོན་ཇོ་བོ་རྗེ་སྙེ་ཐང་ན་བཞུགས་པའི་ཚེ། ཞང་སྣ་ཆུང་སྟོན་པ་དང་། ཀྱུང་སྟོན་པ་དང་། ལྷང་ཚང་སྟོན་པ་གསུམ་གྱིས་ཚད་མའི་གྲུབ་མཐའ་ཞུས་པས། ཇོ་བོའི་ཞལ་ནས། ཕྱི་རོལ་མུ་སྟེགས་པ་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའ་མང་དུ་ཡོད། དེ་ཐམས་ཅད་རྣམ་པར་རྟོག་པའི་ཕྲེང་བ་ཡིན། རྣམ་རྟོག་བགྲང་གིས་མི་ལང་དགོས་པ་མེད། ཚེ་ལ་ལོངས་མེད་པས་སྙིང་པོའི་དོན་བསྡུ་བའི་དུས་ཡིན་གསུངས། ཞང་སྣ་ཆུང་སྟོན་པས། སྙིང་པོའི་དོན་ཇི་ལྟར་བསྡུ་ཞུས་པས། ཇོ་བོའི་ཞལ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོང་། དེ་རྣམས་ཀྱི་དོན་དུ་ཚོགས་གཉིས་གསོག་པ་ལ་དུས་རྒྱུན་དུ་འབད་པར་གྱིས། ཚོགས་གཉིས་བསགས་པ་དེ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོས། དེ་ཐམས་ཅད་ཀྱི་རང་བཞིན་འཁོར་གསུམ་གྱི་འཛིན་པ་དང་བྲལ་བའི་སྟོང་པ་མཚན་ཉིད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་གྱིས་གསུངས། དེ་ལྟར་ཉམས་ལེན་སྙིང་པོའི་གནད་དུ་བསྡུ་མ་ཤེས་ན་ཤེས་ཤེས་གོ་གོ་རིག་རིག་མང་པོས་ཕན་པ་ཅི་ཡང་མེད་དེ། སྔོན་ཇོ་བོ་རྗེ་ལྷ་གཅིག་བོད་དུ་ཕེབས་པའི་ཚེ། ལོ་ཆེན་རིན་ཆེན་བཟང་པོ་ཁོང་གིས་ཐུགས་དགོངས་ལ་ཡང་ཇོ་བོ་ལ་ཆོས་ཞུ་རྒྱུ་མེད། ཐེག་ཆེན་གསང་སྔགས་ཀྱི་ཆོས་ལའང་ང་རང་མཁས། འོན་ཀྱང་ང་བོད་ཀྱི་མཁས་ཆེན་ཞིག་ཡིན། ཁོང་རྒྱ་གར་གྱི་པཎྜི་ཏ་རྩོད་མེད་ཡིན་པས་སྣེ་ལེན་བཟང་བ་ཞིག་བྱ་སྙམ་དུ་དགོངས་ནས། ཁོ་རང་གིས་མཐོ་ལྡིང་དུ་གསང་སྔགས་ཀྱི་ལྷ་ཁང་སུམ་ཐོག་ཅིག་བཞེངས་པ་དེ་ཇོ་བོ་ལ་གཟིགས་སུ་ཕུལ་ཞིང་སྣེ་ལེན་བྱས་ནས་ཇོ་བོ་གདན་དྲངས་པས། ཇོ་བོས་ལྷ་དེ་རྣམས་ལ་རང་རང་གི་རྒྱུད་དང་། སྒྲུབ་ཐབས་དང་མཐུན་པའི་བསྟོད་པ་ཚིག་བཞི་པ་རེ་འཕྲལ་ལ་མཛད་ཅིང་དབུ་བཏུད་པ་རེ་མཛད། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྟོད་པ་དེ་རྣམས་ཟིན་ནས་རྟོག་དཔྱོད་མཛད་པས་འདི་ནི་གསང་སྔགས་ཀྱི་བདག་པོ་ཆེན་པོ་ཞིག་འདུག་སྙམ་ནས་ཆོས་ཀྱི་དྲི་གཏུགས་མཛད་པས་། ཇོ་བོས་ལོ་ཙཱ་བ་ལ། ཆོས་འདི་དང་འདི་ལྟ་བུ་མཁྱེན་ནམ་ཞེས་རིམ་པར་དྲིས་པས་མི་མཁྱེན་པ་མེད་པ་ལྟར་འདུག་པས། ཇོ་བོ་མགུ་སྟེ་ངོ་མཚར་ཆེ། ཁྱེད་ལྟ་བུའི་མཁས་པ་བོད་ན་བཞུགས་བཞིན་དུ་ཁོ་བོ་བོད་དུ་འོང་མི་དགོས་པར་འདུག་གསུངས། དེ་ནས་དེའི་ནུབ་མོ་ཡང་ལྷ་ཁང་དེར་བཞུགས། ལོ་ཙཱ་བ་རིན་ཆེན་བཟང་པོས་སྲོད་ལ་འོག་ཁང་དུ་བསྐྱེད་རྫོགས་བསྒོམས། གུང་ལ་བར་ཁང་དུ་བསྒོམས། ཐོ་རང་སྟེང་ཁང་དུ་བསྒོམས་པས། དེ་ལ་ཡང་ཅུང་ཟད་མ་མཉེས། ནང་པར་ཡང་ཆོས་ཀྱི་དྲི་བ་མང་དུ་མཛད་པས། ཇོ་བོའི་ཞལ་ནས། སླར་ཡང་ལོ་ཙཱ་བ་ཆོས་ཀྱི་མཁྱེན་པ་ཆེ་བར་གདའ་ཡིས་ཆོས་དེ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན་ཅི་ལྟར་བྱེད་གསུངས་པས། ལོ་ཙཱ་བས་རང་རང་གི་གཞུང་སྒྲུབ་ཐབས་ནས་ཇི་ལྟར་བཤད་པ་ལྟར་ཉམས་སུ་ལེན་པ་ཡིན་ཞུས་པས། ཇོ་བོ་མ་དགྱེས་ཏེ། ལོ་ཙཱ་བ་རུལ། ང་བོད་དུ་འོང་དགོས་པར་འདུག་གསུངས། ཞལ་འཛུམ་ནག་ཏིང་གིས་སོང་། འོ་ན་ཇི་ལྟར་བྱེད་ཞུས་པས། ཆོས་ཐམས་ཅད་གནད་ཀྱི་མན་ངག་གཅིག་ཏུ་བསྡུས་ནས་ཐབས་གཅིག་གི་སྟེང་དུ་ཐབས་མ་ཚང་བ་མེད་པས་ཉམས་སུ་ལེན་དགོས་པ་ཡིན་གསུངས། དེས་ན་བླ་མའི་མན་ངག་གི་སྟེང་དུ་ཉམས་ལེན་གྱི་གནད་དྲིལ་བ་དེ་མ་ཤེས་པའི་ཐབས་མེད། དེ་ལྟར་ཤེས་ནས་ཉམས་སུ་མ་བླངས་ན་ཅི་ཡང་མི་ཕན་ཏེ། རྗེ་མི་ལའི་ཞལ་ནས་ཀྱང་། མི་ལྟོག་པ་ལ་ཟན་གོ་བས་མི་ཆོག་ཟ་དགོས་པ་ལྟར། ཆོས་ཤེས་པས་མི་ཕན་ཉམས་སུ་བླང་དགོས། ཞེས་གསུངས། དེ་ལྟར་ཆོས་ཉམས་སུ་བླངས་པའི་དོན་པོ་རང་རྒྱུད་ཀྱི་ཉོན་མོངས་པ་དང་བདག་འཛིན་གྱི་གཉེན་པོར་སོང་བ་ཞིག་ཡོད་དགོས་ཏེ། རྗེ་མི་ལའི་ཞལ་ནས། ཟོས་མ་ཟོས་དམར་ཆུང་བྱད་ལ་ཤེས། །ཟེར་བ་ལྟར། ཆོས་ཤེས་མ་ཤེས་དང་ཉམས་སུ་བླངས་མ་བླངས་བདག་འཛིན་དང་། ཉོན་མོངས་པའི་གཉེན་པོར་སོང་མ་སོང་གིས་ཤེས་གསུངས། དེ་བཞིན་དུ་དགེ་བཤེས་སྟོན་པ་ལ། པུ་ཏོ་བས། ཆོས་དང་ཆོས་མ་ཡིན་པའི་གནམ་ཐིག་གང་ལགས་ཞུས་པས། སྟོན་པའི་ཞལ་ནས། ཉོན་མོངས་པའི་གཉེན་པོ་འགྲོ་ན་ཆོས་ཡིན་མི་འགྲོ་ན་ཆོས་མིན། འཇིག་རྟེན་པ་ཀུན་དང་མི་མཐུན་ན་ཆོས་ཡིན། མཐུན་ན་ཆོས་མིན། རྒྱལ་བའི་བཀའ་ལུང་དང་མཐུན་ན་ཆོས་ཡིན། མི་མཐུན་ན་ཆོས་མིན། བྱ་བའི་རྗེས་བཟང་ན་ཆོས་ཡིན། རྗེས་ངན་ན་ཆོས་མིན། གསུངས། ཡང་སློབ་དཔོན་ལྕེ་སྒོམ་གྱི་ཞལ་ནས། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ནི། དབང་པོ་ཐ་མའི་ཡང་དག་པའི་ལྟ་བ་ཡིན། ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་དང་སྟོང་པ་སྣང་སྟོང་ཟུང་དུ་འཇུག་པ་དང་རིག་པ་དང་སྟོང་པ་རིག་སྟོང་ཟུང་དུ་འཇུག་པ་སྟེ་ཟུང་འཇུག་བཞིར་རྟོགས་པ་ནི། དབང་པོ་འབྲིང་གི་ཡང་དག་པའི་ལྟ་བ་ཡིན། བལྟ་བྱ་ལྟ་བྱེད་རྟོགས་པ་སྟེ་འཁོར་གསུམ་པོ་དབྱེར་མེད་པར་རྟོགས་པ་ནི། དབང་པོ་རབ་ཀྱི་ཡང་དག་པའི་ལྟ་བ་ཡིན། དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པ་ནི། དབང་པོ་ཐ་མའི་ཡང་དག་པའི་སྒོམ་པ་ཡིན། ཟུང་འཇུག་བཞིའི་ཏིང་ངེ་འཛིན་ལ་གནས་པ་ནི། དབང་པོ་འབྲིང་གི་ཡང་དག་པའི་སྒོམ་པ་ཡིན། བསྒོམ་བྱ་སྒོམ་བྱེད་ཉམས་མྱོང་གསུམ་མེད་ཅིང་མི་དམིགས་པ་ནི། དབང་པོ་རབ་ཀྱི་ཡང་དག་པའི་སྒོམ་པ་ཡིན། ལས་རྒྱུ་འབྲས་མིག་གི་འབྲས་བུ་ལྟར་སྲུང་བ་ནི། དབང་པོ་ཐ་མའི་ཡང་དག་པའི་སྤྱོད་པ་ཡིན། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་ཚུལ་གྱིས་སྤྱོད་པ་ནི། དབང་པོ་འབྲིང་གི་ཡང་དག་པའི་སྤྱོད་པ་ཡིན། གཉིས་འཛིན་ཞིག་ནས་གང་ཅི་ལ་ཡང་མི་སྤྱོད་པ་ནི། དབང་པོ་རབ་ཀྱི་ཡང་དག་པའི་སྤྱོད་པ་ཡིན། བདག་འཛིན་ཉོན་མོངས་རྣམ་རྟོག་སོགས་ཇེ་ཆུང་ཇེ་ཆུང་ལ་སོང་བ་ནི། དབང་པོ་རབ་འབྲིང་ཐ་མ་གསུམ་ཀའི་ཡང་དག་པའི་དྲོད་རྟགས་ཡིན། ཞེས་གསུངས་ཤིང་། མཉམ་མེད་དྭགས་པོའི་ལམ་མཆོག་རིན་པོ་ཆེར་ཡང་འདི་དང་མཐུན་པར་གསུངས། དེས་ན་ཆོས་ཐོས་པའི་དུས་སྙིང་པོའི་གནད་བསྡུ་ཤེས་དགོས་ཏེ། ཀུན་མཁྱེན་ཆེན་པོས། ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །བསླབ་དགོས་གནས་ལ་ཟད་པ་མེད། །ད་རེས་ཆོས་སྐུ་སྙིང་པོའི་དོན། །འགྱུར་མེད་བཙན་ས་བཟུང་ན་ལེགས། །ཞེས་གསུངས། བསམ་པའི་དུས་སྒྲོ་འདོགས་ཆོད་པ་དགོས་ཏེ། རྒྱ་གར་དམ་པ་སངས་རྒྱས་གྱི་ཞལ་ནས། བླ་མའི་གདམས་ངག་ཚོལ་བ་ལ་ཁྲ་ཚང་ནས་གཟན་ཚོལ་བ་ལྟ་བུ་ཞིག་དགོས། ཆོས་ཉན་པའི་དུས་སེམས་གཞན་དུ་མི་ཡེངས་པ་རི་དྭགས་སྒྲ་ལ་ཉན་པ་ལྟ་བུ་ཞིག་དགོས། སྒོམ་པའི་དུས་ལྐུགས་པས་རོ་མྱང་བ་ལྟ་བུ་སྨྲ་བསམ་བརྗོད་བྲལ་གྱི་དོན་ལ་གནས་པ་ཞིག་དགོས། བསམ་པའི་དུས་བྱང་བས་ལུག་འབྲེག་པ་ལྟ་བུ་ཞིག་དགོས། འབྲས་བུའི་དུས་ཉི་ཟླ་སྤྲིན་ལས་གྲོལ་བ་ལྟ་བུ་བྲི་གང་དང་བྲལ་བ་ཞིག་དགོས་གསུངས། དེས་ན་ཆོས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དགོས་ཏེ། མཉམ་མེ་དྭགས་པོ་རིན་པོ་ཆེའི་ཞལ་ནས། ཆོས་ལ་ཐོས་བསམ་སྒོམ་གསུམ་དཀྲུག་མར་བྱེད་པ་ནི་གནད་མ་ནོར་བ་ཡིན་གསུངས། དེ་ལྟར་ཐོས་བསམ་སྒོམ་གསུམ་བྱས་པའི་འབྲས་བུ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་ཞིང་། བདག་འཛིན་དང་ཉོན་མོངས་པ་ཇེ་ཆུང་ཇེ་ཆུང་ལ་སོང་བ་ཞིག་ནི་ངེས་པར་དགོས་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཁྲིད་འདི་ནི་ཆོས་ཐམས་ཅད་ཀྱི་ཉིང་ཁུ། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆགས་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །ཅེས་གསུངས་པ་ལྟར་དུ། ལམ་ཐམས་ཅད་ཀྱི་སྙིང་པོ་ཡོད་ན་གཅིག་པུ་དེས་ཆོག་ངེས་པ་དང་། མེད་ན་ཐབས་ཆགས་ངེས་པའི་ཆོས་ཡིན་པས་གོ་ལོ་དང་ཐོས་ལོར་མི་བཞག་པར་སྙིང་ཐག་པ་ནས་ཉམས་སུ་ལེན་པ་གལ་ཆེའོ། །སེམས་མཆོག་བསྐྱེད་པར་རློམ་ཡང་སྐྱེས་པ་མེད། །ཕྱིན་དྲུག་ལམ་ལ་བསླབས་ཀྱང་རང་འདོད་བཅས། །བདག་དང་བདག་འདྲ་བློ་ཆུང་སེམས་ཅན་རྣམས། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །ལམ་ཐམས་ཅད་ཀྱི་རྩ་བ་ཐེག་པ་ཆེན་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་དོ།། །།ཞེས་གསུངས་ཤིང་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།།

བ༽ཉིན་བཅོ་ལྔ་པར་༼ཧ༽རྡོར་སེམས་སྒོམ་བཟླས་ཀྱི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽མཚམས་སྦྱོར་གྱི་གདམས་ངག

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཆེད་དུ། བདག་གིས་དམ་པའི་ཆོས་ཟབ་མོ་ཉན་པར་བྱ་བསམ་པའི་ཀུན་སློང་སྔོན་དུ་གཏོང་དགོས། དེ་ལྟ་བུའི་བསམ་པ་དེ་ཉིད་ཀྱིས་མ་རྒན་སེམས་ཅན་ཐམས་ཅད་ལ་མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་ཀྱི་བློ་སྔོན་དུ་འགྲོ་བས། སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་པའི་ཕྱིར་དུ་སེམས་བསྐྱེད་པའི་དམ་བཅའ་མི་ལྷོད་པ་དེ་བྱང་ཆུབ་སྨོན་པའི་སེམས་བསྐྱེད་ཡིན། དེ་ཡང་དོན་གཉིས་སམ་ཟུར་གཉིས་ཚང་བ་ཞིག་ཡིན་དགོས་པ་ཉིན་བཞིན་ཞུས་པ་ལྟར་རེད། དེའི་ཐོག་བྱང་ཆུབ་འཇུག་པའི་སེམས་བསྐྱེད། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར། བསམ་པ་བཟང་པོ་སྨོན་སེམས་ཙམ་གྱིས་མི་ཆོག རྒྱལ་

བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་བསླབ་དགོས། དེ་ཐམས་ཅད་ཚུར་བསྡུ་ན་ཕྱིན་དྲུག་གི་ནང་དུ་འདུས་པ་ཡིན། དེས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བྱ་བ་ལག་ལེན་གྱི་སྟེང་ནས་དངོས་སུ་འཇུག་སྟེ་མ་སེམས་ཅན་ཐམས་ཅད་ལ་ཕན་བདེ་བསྒྲུབ་དགོས་ན། གཞན་ཕན་གཞི་བཅས་སྒྲུབ་པའི་བྱང་ཆུབ་སེམས་བསྐྱེད་ཐོབ་ལ་མ་ཉམས་པར། སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། །གསུངས་པ་ལྟར་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་། མི་འབྲལ་བའི་ཐོག་ནས་ཕྱིན་དྲུག་གི་སྤྱོད་པ་ལ་བསླབ་དགོས་པ་རེད་མ་གཏོགས། རྒྱལ་བ་སྲས་དང་བཅས་པ་བསླུས་ཤིང་རིགས་དྲུག་གི་སེམས་ཅན་ཀྱང་མགོ་གཡོག་པ་རེད། དེས་ན་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཛད་པ་རྒྱ་མཚོའི་འཇིངས་ལྟ་བུ་དཔག་པར་དཀའ་བ་ཞིག་ཡིན་ནའང་། ལམ་ལ་སློབ་པའི་གང་ཟག་ལས་དང་པོ་བས་བསམ་པ་བཟང་པོ་ནས་མགོ་བརྩམས་ཏེ། སྒོ་གསུམ་གྱི་མི་དགེ་བ་རྣམས་སྤོང་ཅི་ཐུབ་ཀྱི་སྒོ་ནས། བླང་བྱ་དཀར་པོའི་ཆོས་སྦྱིན་པ་ལ་སོགས་པ་ཕར་ཕྱིན་བཅུ་ལ་རིམ་བཞིན་བསླབས་ནས་ཚོགས་ལམ་ཆུང་ངུ་སོགས་ལམ་གྱི་རིམ་པ་ལ་ཞུགས་དགོས། དེ་ལྟ་ན་ཡང་ཐོས་བསམ་ཤེས་རབ་ཀྱི་མིག་རྒྱ་ཆེ་བ་ཞིག་མ་བསྐྱེད་ན་སྦྱིན་པ་ལ་སོགས་པ་སྔ་མ་ལྔ་ཡང་ལམ་མིན་དུ་འཕྱན་པའི་ཉེན་ཁ་ཡོད་པ་ཁར་སང་གོང་དུ་སོང་བའི་སྡུད་པའི་ལུང་དོན་ལྟར་རེད། དེས་ན་དང་པོ་ཐོས་པ་གསོག་དགོས་ཏེ། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་བཞིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་གསུངས་པ་ལྟར་ཐོས་པ་གལ་ཆེ། འོན་ཀྱང་ཐོས་དོན་བསམ་དགོས་པས་གང་ཞིག་ཐོས་པ་དེའི་དོན་མ་གོ་ན། ཐོས་པ་དོན་མེད་དུ་འགྱུར་བ་ཡིན་པས་དོན་ཕྱིན་ཅི་མ་ལོག་པར་བསམ་ཞིང་ངེས་ཤེས་རང་རྒྱུད་ལ་སྐྱེས་པ་དང་། དེ་ནས་བསམ་དོན་སྒོམ་དགོས། བསམ་དོན་སྒོམ་པར་མ་བྱས་ན་ཐོས་བསམ་གཉིས་ཀ་གནས་མིན་དུ་འཁྱམས་པའི་ཉེན་ཡོད། སྒོམ་པ་མཐར་ཕྱིན་པ་ལ་གྲོལ་བ་ཐོབ་པར་དོན་གཉེར་བྱ་དགོས། དེས་ན་དང་པོ་ཉིད་ནས་མེད་ཐབས་མེད་པའི་ལམ་སྟོན་དགེ་བའི་བཤེས་གཉེན་ལ་བསྟེན་ནས་ཆོས་འཆད་ཉན་ལ་ཞུགས་དགོས་ན། བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་ཀུན་སློང་བསྐྱེད་དགོས་པར་མ་ཟད། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཆོས་འཆད་པའི་གནས་དུས་སྟོན་འཁོར་སོགས་ཕུན་སུམ་ཚོགས་པ་ལྔ་རུ་གསལ་གདབ། དེ་ཡང་མ་ཡིན་པ་ཞིག་འདུ་ཤེས་བཙན་གྱིས་བསྒྱུར་བ་ལྟ་བུ་མ་ཡིན་པར། ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་བསྐྱེད། དེའི་ཐོག་ནས་ལམ་སྟོན་དགེ་བའི་བཤེས་གཉེན་ཞིག་བཙལ་ནས། དམ་པའི་ཆོས་ཟབ་མོ་ཉན་པའང་། དལ་འབྱོར་ཐོབ་པའི་དོན་སྒོ་རིན་ཐང་གཞལ་མེད་ཀྱི་བྱ་བ་ཞིག་ཡིན་པས་ཆོས་ཞུ་དུས་ཞུ་ལུགས་ཤེས་དགོས། གོང་དུ་བཤད་པ་ལྟར་ཆོས་ཉན་པའི་ཚེ་དུག་ལྟར་སྤང་བྱའི་ཀུན་སྤྱོད་དང་། སྨན་ལྟར་བླང་བྱའི་ཀུན་སྤྱོད་རྣམ་པ་གཉིས་ཡོད། སྤང་བྱའི་ཀུན་སྤྱོད་ལ། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ། སྣོད་ཀྱི་སྐྱོན་གསུམ་ནི། ཆོས་ཐོས་པ་ཡིད་ལ་མི་འཛིན་པ་དེ་ཞབས་རྡོལ་ལྟ་བུའི་སྐྱོན། རྣ་བ་གཏད་ནས་མི་ཉན་པ་དེ་ཁ་སྦུབས་ལྟ་བུའི་སྐྱོན། ཉོན་མོངས་པ་དང་འདྲེས་བཞིན་ཉན་པ་དེ་དུག་ཅན་ལྟ་བུའི་སྐྱོན་དང་གསུམ་མོ། །དྲི་མ་དྲུག་ནི། ང་རྒྱལ་དང་མ་དད་པ་དང་དོན་གཉེར་མེད་པ་ལ་སོགས་པ་དྲི་མ་དྲུག མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ་ལ་སོགས་པ་སྤང་བྱའི་ཕྱོགས་མཐའ་དག་སྤངས་ནས། བླང་བྱའི་ཀུན་སྤྱོད་འདུ་ཤེས་བཞི་བསྟེན་པ་དང་། ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་། སྤྱོད་ལམ་གཞན་བསྟེན་པ་ལ་སོགས་པ་དང་བཅས་ཏེ་གུས་པའི་ཚུལ་གྱིས་ཆོས་ཀྱི་ཚིག་དོན་ལ་བློ་གཞོལ་ཏེ་ཉན་དགོས། མི་ཚེ་གཅིག་གི་ནང་ལ་བསམ་ན་གཞོན་ནས་རྒས་པའི་ལོ་ཚོད་ལ་མ་ཐོན་གྱི་བར། ལས་འདི་མ་ལས་བསམ་པ་ཅི་ཡོད། གཏམ་འདི་མ་བཤད་བསམ་པ་ཅི་ཡོད། མི་ཚེ་གང་པོར་བརྒྱུགས་བརྒྱུགས་འདུར་འདུར་བའི་མཐར་སྡུག་སྡིག་པ་གཉིས་ཀྱི་ཁུར་པོ། ཕྱི་མའི་རྣམ་སྨིན་ལྕི་སྣོན་མ་གཏོགས་འདི་འགྲུབ་ནས་འདི་ཐོན་ཐལ་ཟེར་རྒྱུ་ཞིག་རང་གཞན་སུ་ལའང་མེད། དེས་ན་ད་རེས་ཆོས་ཉན་པའི་སྐལ་བ་ཐོབ་ཅིང་། གྲོལ་བ་དོན་དུ་གཉེར་བའི་ལམ་སྣེ་རྙེད་པ་འདི་ནི་མི་ཚེའི་བྱ་བ་ཐམས་ཅད་ཀྱི་ནང་གི་གལ་ཆེ་བ་བརྗོད་དུ་མེད་པ་ཞིག་ཡིན། དེ་ཡང་ཆོས་དང་འཕྲད་པ་ཙམ་གྱིས་མི་ཆོག་མི་ཚེ་ལ་རྟག་བརྟན་མེད་ཅིང་། འགལ་རྐྱེན་གྱི་འཚེ་བ་མང་བ་ཡིན་ན་དལ་རྟེན་རྙེད་པར་བཀའ་ལུགས། རྙེད་ན་ཕན་པ་ཆེ་ལུགས། ཚེ་ལ་རྟག་པ་མེད་ལུགས། འཆི་བདག་བཟློག་ཐབས་བྲལ་ཚུལ། ཤི་ཚེ་དམ་པའི་ཆོས་མ་གཏོགས་ལོངས་སྤྱོད་དང་ཉེ་དུ་གང་གིས་ཀྱང་སྐྱོབ་མི་ནུས་པ་སོགས་ལ་བསམ་ནས། རང་གི་འཁྲུལ་བ་རང་གིས་བརྟགས་ཏེ་རང་མགོ་ཆོས་ཀྱི་ཉི་མ་རང་གིས་ཐོན་པ་ཞིག་མ་བྱས་ན་གཞན་ནས་འོང་རྒྱུ་མེད་པར་ཤེས་ཏེ་དམ་པའི་ཆོས་སྒྲུབ་དགོས། སྔོན་ཆོས་རང་གིས་ཕར་བསྐྱུར་ནས་མ་བསྒྲུབས་པ་རེད་མ་གཏོགས་བསྒྲུབས་ནས་མ་འགྲུབ་པ་དང་། སྦྱངས་ནས་མ་ཤེས་པ་ཞིག་ཤེས་བྱའི་ནང་ན་མི་སྲིད། ཤེས་ནས་བསྒྲུབ་ན་ཉི་མ་རེ་རེ་ལའང་དམ་པའི་ཆོས་མང་པོ་འགྲུབ་རེད། དེས་ན་རང་གིས་མ་བསྒྲུབས་ན་ཚེ་གཅིག་གི་མི་ཚེ་སོང་ཡང་ཆོས་སྣ་གཅིག་ཀྱང་མི་འགྲུབ། དམ་ཆོས་དྲན་པ་མང་ཡང་ཤེས་པ་དཀོན། །ཐེག་མཆོག་འདོད་པ་མང་སྟེ་ཞུ་མཁན་དཀོན། །གདམས་ངག་ཞུ་མཁན་མང་སྟེ་སྒྲུབ་མཁན་ཉུང་། །ཅེས་གསུངས་པ་ལྟར་ཡིན། དེས་ན་ཐོས་པའི་ཆོས་ལ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡང་དག་གི་ལམ་ནས་ངེས་ཤེས་བསྐྱེད་ཅིང་། གང་ལ་ངེས་ཤེས་འདྲོངས་པའི་དོན་དེ་སྒོམ་པའི་ཕྱིར་དུ། ཚེ་འདི་བློས་གཏོང་ཆོས་བརྒྱད་རྡོག་པས་གནོན་པར། མི་མེད་ལུང་སྟོང་གི་རི་ཁྲོད་དེར་ཞི་བའི་ཏིང་ངེ་འཛིན་བླ་མའི་མན་ངག་ལྟར་དུ་བསྒོམས་ནས་ཆོས་སྒྲུབ་དགོས། སྤྱིར་ཆོས་སྒྲུབ་ལུགས་ལ་སོང་ནས་ལྷམ་ཕིགས་ཁ་འཇོག་པ་ཞིག་དང་། བསྡད་ནས་གདན་ཕིགས་ཁ་འཇོག་པ་གཉིས་ཡོད། གནས་སྐོར་མཆོད་མཇལ་སོང་ན་ལོས་བཟང་ཚོགས་བསགས་སྒྲིབ་སྦྱོང་གི་ཐབས་ལམ་རེད། གནས་འབྲེལ་ཙམ་གྱིས་རིག་འཛིན་གྱི་ཚོགས་གྲལ་ལ་སྙེག་ཐུབ་པའི་བྱིན་རླབས་ཅན་གྱི་གནས་ཡོད་པ་རེད། འོན་ཀྱང་སེམས་རྣམ་པར་མ་དག་ན་ས་འགྲོ་རྡོ་འགྲོ་རེད་འགྲོ་བ་དང་། སོང་ཞིང་སོང་ན་འགྲོ་སྙིང་ཇེ་འདོད། འགྲོ་ཆེ་ན་རྐང་སྣེ་རྡོ་ལ་ཐུག་པའི་ཉེན་ཁ་ཆེན་པོ་དང་ཡང་འཕྲོད་སྲིད། དེས་ན་ལུས་ངག་གི་དགེ་སྦྱོར་ལོས་བཟང་སྟེ། དེ་བས་སེམས་ཀུན་བྱེད་ཀྱི་རྒྱལ་པོ་འདི་དགེ་སྡིག་ཀུན་ཀྱི་བྱེད་པོ་ཡིན་པས། ལུས་ངག་ཡིད་གསུམ་ལས་སེམས་གཙོ་བས་སེམས་ཀྱི་བྱ་བ་ནི་ཆོད་ཆེ་བ་ཡིན། དེས་ན་སྒོམ་བསམ་གཏན་གྱི་ངང་ལ་བསྡད་ནས་སྒོམ་རབ་ཉིན་མཚན་ཕྱམ་གདལ་ཚོ་མ་ཐུབ་རུང་། རང་སེམས་རང་གིས་ལམ་ལ་འཇོག་རྒྱུའི་བསམ་བློ་རེ་བཏང་ནས། བླ་མའི་མན་ངག་གིས་ལག་ཁྲིད་གནང་བའི་ཞི་ལྷག་ཟུང་འབྲེལ་གྱི་ལྟ་བའི་ཐོག་མཉམ་བཞག་ཐུན་རེ་གཅོད་རྒྱུ་ཙམ་དང་། རྗེས་ཐོབ་ཐུན་མཚམས་ཀྱི་སྐབས་སུའང་མེད་སྣང་སྒྱུ་མ་དང་རྨི་ལམ་ལྟ་བུ་མཐོང་ནས། ཚེ་འདིའི་ཆོས་བརྒྱད་ལ་གཉེར་ཁ་དང་ཆགས་ཞེན་ཇེ་ཆུང་རེད་འོང་ན་བློ་ཆོས་སུ་འགྲོ་ཞིང་། ཆོས་ལམ་དུ་སོང་ནས་འབྲེལ་ཚད་ཐར་ལམ་འགོད་པ་ལ་དེ་བས་བཟང་ཞིག་མེད་ངེས། དེས་ན་རང་སེམས་རང་ལ་རྒྱུས་ཆེ་བས་རང་སེམས་ནང་དུ་དཀུག་སྟེ་རང་རྒྱུད་ཆོས་དང་འདྲེས་པའི་ཐབས་ལ་འབད་དགོས། སྐབས་སུ་བབས་པ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། ཐུན་མིན་ནང་གི་སྨོན་འགྲོའི་ནང་ནས་སྐྱབས་སུ་འགྲོ་བའི་ཁྲིད་དང་སེམས་བསྐྱེད་པ་གཉིས་སོང་ནས། དེ་རིང་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་པའི་སྒོམ་བཟླས་ཀྱི་སྐབས་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་དྲི་མ་ཐམས་ཅད་སྔ་ནས་དག་ཅིང་དབེན་པ་ཡིན་ཡང་། ད་དུང་སྒྲིབ་པ་སྦྱོང་བའི་ཚུལ་སྟོན། ཐར་བ་སྒྲུབ་པའི་ལམ་མཆོག་མཐར་ཕྱིན་ནས་བསྐལ་བ་མང་པོའི་སྔོན་རོལ་ནས་རྫོགས་སངས་རྒྱས་ཟིན་པ་ངེས་ཀྱང་། ད་དུང་གདུལ་བྱ་འདུལ་བའི་ཕྱིར་དུ་ལམ་ལ་སློབ་པའི་ཚུལ་མཛད་པ་དང་། སྲིད་དང་ཞི་བའི་མཐའ་གཉིས་ལས་འདས་ཀྱང་མ་དག་བའི་སྣང་ངོར་སྲིད་ན་སྣང་བའི་ཚུལ་མཛད་པ་མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་སྐབས་ཀྱི་ཕྱག་འཚལ་བ་དང་བཅས། དོན་གསུམ་པ་སྒྲིབ་པ་སྦྱོང་བ་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ། ཆོས་གསན་པའི་ཚུལ་ཀུན་སློང་དང་ཀུན་སྤྱོད་ལ་སོགས་པ་སྤྱི་དང་འདྲ།

༼༡སྡིག་པ་བཤགས་ན་འདག་ཚུལ།

དངོས་གཞི་གསན་པར་བྱ་བའི་ཆོས་ལ། སྡིག་པ་བཤགས་ན་འདག་པའི་ཚུལ་དང་། གཉེན་པོ་སྟོབས་བཞིས་བཤགས་པ་དངོས་གཉིས། དང་པོ་ནི། ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་གཙོ་བོ་ནི་སྡིག་སྒྲིབ་བག་ཆགས་ཡིན། སྤྱིར་སྡིག་སྒྲིབ་ཅེས་པ་ནི་སྒྲིབ་པ་སྤྱིའི་མིང་ཡིན། དབྱེ་ན་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། བག་ཆགས་ཀྱི་སྒྲིབ་པ་དང་བཞི་ཡོད། ལས་ཀྱི་སྒྲིབ་པ་ལའང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་ཡོད། དང་པོ་ནི་སྟོན་པས་བཅས་པ་དང་མ་འབྲེལ་བ་ལས་དེ་བྱས་ནས་བཟུང་སྡིག་པ་ཡིན་པ་རྣམས་ཏེ་སྲོག་གཅོད་པ་ལྟ་བུ་དང་། བཅས་ལྟུང་ནི། སངས་རྒྱས་ཀྱི་གླེང་གཞི་གང་ཞིག་ལ་བརྟེན་ནས་བཅས་པའི་ལྟུང་བ་དཔེར་ན་ཕམ་པ་བཞི་ལ་སོགས་པ་ལྟ་བུ་སྟེ། བཅས་པ་རྐྱང་པ་རྩྭ་སྔོན་གཅོད་པ་ལྟ་བུ་མི་ཕལ་བས་བྱེད་ན་སྡིག་པར་མི་འགྱུར་བ་ཡིན། བཅས་རང་གཉིས་ཀ་ཡིན་པའང་ཡོད། དཔེར་ན་སྲོག་གཅོད་པའི་ཕམ་པ་ལྟ་བུ་ཡིན། བཅས་པའི་ལྟུང་བ་ལ་ཕྱི་སོར་ཐར། ནང་བྱང་སེམས། གསང་བ་སྔགས་ཀྱི་དམ་ཚིག་དང་འགལ་བའི་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས་ཐམས་ཅད་ཡིན། ལས་གཅིག་ཡིན་ཡང་ལམ་གོང་མ་གོང་མར་ཇེ་ཆེ་ཇེ་ཆེར་འགྲོ་བ་ཡོད། དཔེར་ན་སོ་ཐར་སྐབས་ཀྱི་ཉེས་བྱས་གཅིག བྱང་སེམས་སྐབས་ཀྱི་ཉེས་སྤྱོད་སྡོམ་པའི་མི་མཐུན་ཕྱོགས་ཀྱི་རྩ་ལྟུང་དུ་འགྱུར་བ་དང་། སྔགས་ཀྱི་སྐབས་དེ་ཉིད་བདེ་གཤེགས་བཀའ་འདས་ཀྱི་རྩ་བའི་ལྟུང་བར་འགྱུར་བ་ལྟ་བུའང་ཡོད། ལས་ཀྱི་སྒྲིབ་པ་དེས་ཅི་ལ་སྒྲིབ་ན་ལྷ་མིའི་གོ་འཕང་ཐོབ་པ་ལ་སྒྲིབ་པ་ཡིན། ཉོན་མོངས་པའི་སྒྲིབ་པ་ནི། ལས་དེ་དག་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡིན། དེ་དག་བསྡུ་ན་དུག་ལྔ་དུག་གསུམ། དེ་ཡང་བསྡུ་ན་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་གཅིག་ལ་འདུ། ཉོན་མོངས་པ་དེས་གང་ལ་སྒྲིབ་ན། ཐར་བ་ཉན་རང་གི་གོ་འཕང་ཐོབ་པ་ལ་སྒྲིབ་པ་ཡིན། ཤེས་བྱའི་སྒྲིབ་པ་ནི། འཁོར་གསུམ་ལ་བདེན་པར་ཞེན་པ་སོགས་མཐའ་བཞི་ལ་འཛིན་པའི་རྟོག་པ་ཞིག་ཡིན་དགོས། བག་ཆགས་ཀྱི་སྒྲིབ་པ་ནི། མདོ་ལྟར་ན་ཤེས་སྒྲིབ་ཤིན་ཏུ་ཕྲ་བའི་གནས་སྐབས་དང་། སྔགས་ལྟར་ན་སྣང་སྲིད་འཕོ་བའི་བག་ཆགས་གསུངས། དེ་གཉིས་ཀས་གང་ལ་སྒྲིབ་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྒྲིབ་པ་ཡིན། སྒྲིབ་པ་དེ་དག་གིས་སྤྱིར་ན་ཆོས་ཐམས་ཀྱི་གནས་ལུགས་དེ་བཞིན་ཉིད་མཐོང་བ་ལ་སྒྲིབ་པ་དང་། བྱེ་བྲག་གོང་དུ་བཤད་པ་ལྟར་མཐོ་རིས་ལ་སོགས་པ་ལ་སྒྲིབ་པ་ཡིན། དེ་ཡང་ཀུན་གཞིའི་མེ་ལོང་ལ་རྟོགས་པའི་གཟུགས་བརྙན་འཆར་བར་བྱེད་པ་ལ་སྒྲིབ་པ་སྦྱོང་བ་གལ་ཆེ་སྟེ། དཔེར་ན་མེ་ལོང་ལ་གཟུགས་བརྙན་འཆར་བར་བྱེད་པ་ལ་བྱི་དོར་བྱེད་པ་གལ་ཆེ་བ་ལྟར་ཡིན་གསུངས། ཀུན་གཞི་ཞེས་པ་འདི་ལ་སྒྲ་ཡི་དབྱེ་བ་ཕྱེ་ན། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་ལས་ཀྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་བཅས་པའི་དབྱེ་བ་ཡོད། སྐབས་འདིའི་གོ་དོན་གནས་ལུགས་ངོ་བོ་ཉིད་ཀྱི་གཞི། ཧེ་རུ་ཀ་གལྤོ་ལས། ལྷག་པའི་ཆོས་སྐུ་བཅིངས་གྲོལ་མེད། །ཅེས་གསུངས་པ་ལྟར། སེམས་ཀྱི་གཤིས་ལུགས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་ལས་ཉོན་གྱི་དྲི་མ་གཤིས་ལ་ཞུགས་མ་མྱོང་བ། རྒྱལ་བ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་བཙལ་ཡེ་རྫོགས་སུ་གནས་པ། གཞི་སེམས་ཅན་གྱི་དུས་ན་ངན་དུ་མ་སོང་། འབྲས་བུ་སངས་རྒྱས་ཀྱི་དུས་ན་བཟང་དུ་མ་སོང་། ཡོན་ཏན་འཕེལ་འགྲིབ་དང་བྲལ་བ་གློ་བུར་གྱི་དྲི་མ་གཤིས་ལ་མ་ཞུགས་པར་རང་གི་ངོ་བོ་ཡེ་ནས་དག་པའི་རང་བཞིན་ཅན་བཅིངས་གྲོལ་ལས་འདས་པའི་ཡེ་ཤེས་དེ་ལ་གནས་ལུགས་ངོ་བོ་ཉིད་ཀྱི་གཞིའམ། ཡང་ན་ཡེ་དོན་གྱི་ཀུན་གཞི་ཟེར། དེ་ལ་གཞི་ཞེས་པ་ཡང་རྟོགས་ན་མྱ་ངན་ལས་འདས་པའི་གཞི་ཡིན་ལ། མ་རྟོགས་ན་འཁོར་བའི་འཁྲུལ་གཞི་ཡིན་པས་ན་གཞི་ཞེས་བྱ། དེས་ན་ཀུན་གཞིའི་མེ་ལོང་ལ་རྟོགས་པའི་གཟུགས་བརྙན་འཆར་བར་བྱེད་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་རྣམས་དག་དགོས། འོ་ན་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་ཞིག་ཡིན་ན་ད་ལྟ་སེམས་ཅན་སངས་རྒྱས་མིན་པ་འདི་ཅིའི་ཕྱིར་ཞེ་ན། རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབ། །ཅེས་གསུངས་པས་སྒྲིབ་པ་དག་ན་རྟོགས་པ་ངང་གིས་འཆར་འོང་བ་ཡིན་པས། དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་གསུངས། དེས་ན་ངོ་བོ་ཡེ་དག་ལ་གློ་བུར་བྲལ་དག་གི་སྒོ་ནས་དྲི་མ་དག་དགོས། དེའི་ཕྱིར་སྒྲིབ་པ་སྦྱོང་བའི་ཐབས་གྲངས་མེད་པ་ཞིག་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། སོར་ཐར་གྱི་ལྟུང་བ་དེ་དག་ཕྱིར་བཅོས་ཐབས་ལྟུང་བ་སོ་སོའི་སྐབས་སུ་བཤད་པ་དང་། བྱང་སེམས་ཕུང་པོ་གསུམ་པའི་མདོ་དང་ཐར་བ་ཆེན་པོའི་མདོ་ལ་སོགས་ལས་བཤགས་ཐབས་མང་པོ་བསྟན་པ་ལས། མདོ་སྔགས་ཀྱི་སྡིག་པ་བཤགས་པའི་ཐབས་བསྟན་པ་དེ་དག་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ཡིན་ཏེ། རྡོ་རྗེ་སེམས་དཔས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ། མ་འོངས་པ་ན་བདག་གི་མཚན་ཙམ་འཛིན་པ་ཐམས་ཅད་ཀྱི་སྡིག་ལྟུང་ཉམས་ཆག་ཐམས་ཅད་དག་པ་ཞིག་འོང་བར་ཤོག དེ་ལྟར་མ་བྱུང་ན་བདག་འཚང་མི་རྒྱ་བར་ཤོག་ཅེས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་ཅིང་སྨོན་ལམ་བཏབ་པས་སྨོན་ལམ་ཐམས་ཅད་ཡོངས་སུ་གྲུབ་ནས་བླ་མ་རྡོ་རྗེ་སེམས་དཔར་སངས་རྒྱས་པ་ཡིན་པས་ན། ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་དུ་ཕྱིན་ནས་སྡིག་པ་བཤགས་པའི་ཐབས་ལ་འབད་པ་ལས། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་དང་སྡུད་པའི་བྱེད་པོ་བླ་མ་དང་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པ་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམས་ནས་བཤགས་པ་བྱེད་ན། བཤགས་སྟོབས་ཆེ་བ་དང་། དག་སྟོབས་ཆེ་བས་ཉེས་པ་བཤགས་ཐུབ་པའི་ཁྱད་ཆོས་ཁྱད་པར་འཕགས་པ་ཡིན། དེ་ཡང་སྤྱིར་སྡིག་པའི་ལས་ཆེ་ཆུང་གང་ཡང་སྟོབས་བཞི་ཚང་བས་བཤགས་ན་བཤགས་པས་མི་འདག་པ་མེད་དེ། རྒྱུད་ལས། དུས་གསུམ་རྒྱལ་བའི་ཡང་སྙིང་འདིས། །མཚམས་མེད་ཉེས་བྱས་རྣམ་སྨིན་བྱང་། །གསང་སྔགས་དམ་ཚིག་སོ་རུ་ཆུད། །མི་དགེ་ཕལ་བར་སྨོས་ཅི་དགོས། ཞེས་གསུངས། སྔོན་གྱི་དམ་པ་དག་གི་ཞལ་ནས། སྤྱིར་སྡིག་པ་ལ་ཡོན་ཏན་མེད་ཀྱང་། བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན་གསུངས། དེས་ན་ཕྱི་སོ་ཐར་གྱི་སྡོམ་པ་ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་དང་འགལ་བ། ནང་བྱང་ཆུབ་སེམས་ཀྱི་བསླབ་བྱ་རྩ་ལྟུང་བཅོ་བརྒྱད་སོགས་དང་འགལ་བ། གསང་བ་སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེ་ལས་ཉམས་པ་སོགས་སྡིག་པའི་ལས་ཅི་ཙམ་ཚབས་ཆེ་ཡང་། སྙིང་ནས་བཤགས་ན་བཤགས་པས་མི་འདག་པ་མེད་དེ། བྲམ་ཟེའི་ཁྱེའུ་མི་གདུང་བའམ་སོར་མོའི་ཕྲེང་བ་ཅན་གྱི་མི་སྟོང་དགུ་བརྒྱ་གོ་དགུ་བསད་པའི་སྡིག་པ་ཡང་། བཤགས་པས་ཉེས་པ་སོར་ཆུད་དེ་ཚེ་དེ་ལ་དགྲ་བཅོམ་པའི་གོ་འཕང་ཐོབ། གཞན་ཡང་ལྷས་སྦྱིན་གྱིས། རྒྱལ་པོ་མ་སྐྱེས་དགྲ་ལ། ཁྱོད་ཀྱིས་ཡབ་རྒྱལ་པོ་གཟུགས་ཅན་སྙིང་པོ་ནི་ད་དུང་རྒྱལ་སྲིད་ལ་ཞེན་འདུག་པས་དེ་སོད། ངས་ཀྱང་གོའུ་ཏ་མ་གསད། དེ་ནས་འོ་ཅག་གཉིས་གཅིག་གིས་རྒྱལ་པོ་གསར་པ་དང་། གཅིག་ཤོས་ཀྱིས་སངས་རྒྱས་གསར་པ་བྱས་ན་མི་སྐྱིད་དམ་ཟེར་བ་ཉན་ཏེ། རྒྱལ་པོ་མ་སྐྱེས་དགྲས་རང་གི་ཕ་གཟུགས་ཅན་སྙིང་པོ་བསད་པ་ཡང་ཕྱིས་བཤགས་པས་སོར་ཆུད་དེ། དམྱལ་བར་དར་གྱི་ཕོ་ལང་བརྡབས་པ་ཙམ་མྱོངས་ནས་ཐར་པ་སོགས་དུ་མ་རྫོགས་པའི་སངས་རྒྱས་ཀྱིས་མདོ་སྡེ་རྣམས་ལས་གསུངས། དེས་ན་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས། དེ་ཡང་འོག་ནས་འཆད་འགྱུར་གྱི་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས། སྙིང་ཐག་པ་ནས་འགྱོད་པ་དང་བཅས་ཏེ་ལེགས་པར་བཤགས་ན་འདག་པ་ཡིན་གྱི། དེ་ལྟར་མ་ཡིན་པར་རང་བཞིན་དུ་ཁ་ཡེངས་མིག་ཡེངས། སེམས་རྣམ་རྟོག་གཞན་གྱི་རྗེས་སུ་འབྲངས་བཞིན་དུ། ངག་ནས་མཐོལ་ལོ་བཤགས་སོ་སོགས་བཤགས་ཚིག་ཙམ་ཁ་ཏོན་བྱེད་པ་དང་། ད་དུང་ཉེས་པ་ཤོར་ན་ཕྱིས་ཀྱང་བཤགས་པས་ཆོག་པས་ཕྱིན་ཆད་སྡིག་པའི་ལས་བྱས་ཀྱང་མི་གནོད་དོ་སྙམ་པ་སོགས་ཀྱི་སྒོ་ནས་རྣམ་པར་མ་དག་པའི་བཤགས་པ་བྱས་ཀྱང་སྡིག་པ་མི་འདག་སྟེ། རྗེ་མི་ལའི་ཞལ་ནས། སྡིག་བཤགས་པས་ཨེ་འདག་སྙམ་པ་ན། །དགེ་བ་དྲན་ན་འདག་པ་ཡིན། །ཞེས་གསུངས། དེས་ན་བཅས་དང་རང་བཞིན་སོར་བྱང་སྔགས་གསུམ་གྱི་སྡོམ་དང་དམ་ཚིག་ཉམས་པའི་སྡིག་པ་ཐམས་ཅད་བཤགས་པ་གང་ལ་ཡང་གཉེན་པོ་སྟོབས་བཞི་ཚང་བ་ནི། ཅི་ནས་ཀྱང་གལ་ཆེ།

༼༢གཉེན་པོ་སྟོབས་བཞི།

དེ་ལ་སྟོབས་བཞི་ནི། རྟེན་གྱི་སྟོབས། ཉེས་བྱས་སུན་འབྱིན་གྱི་སྟོབས། སྡོམ་པའི་སྟོབས། གཉེན་པོ་ཀུན་སྤྱོད་པའི་སྟོབས་དང་བཞི་ཡིན། དང་པོ་རྟེན་གྱི་སྟོབས་ནི། སྤྱིར་སྡིག་པ་བཤགས་པའི་ཡུལ་སོ་ཐར་གྱི་མཁན་སློབ་དགེ་འདུན་དང་བཅས་པ། བྱང་སེམས་ཀྱི་སྐབས་སུ་བླ་མ་དགེ་བའི་བཤེས་གཉེན་ནམ་གྲོགས་ཚངས་པ་མཚུངས་པར་སྤྱོད་པ། གཞན་ཡང་ལྟུང་བཤགས་ཀྱི་བདེ་གཤེགས་སོ་ལྔ་ལྟ་བུ། ཐར་མདོའི་ཕྱོགས་བཅུའི་སངས་རྒྱས་ལྟ་བུ། གསང་སྔགས་ཀྱི་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དེ་དག་བཤགས་ཡུལ་ཡིན། འོན་ཀྱང་ཕྱིའི་རྟེན་གྱི་སྟོབས། སྐབས་འདིར་བླ་མ་དང་རྡོ་རྗེ་སེམས་དཔའ་དབྱེར་མེད་པ་བསྒོམ་པ་དེ་ཡིན་ལ། ནང་གི་རྟེན་གྱི་སྟོབས་ནི། སྐྱབས་སུ་བཟུང་ནས་དང་སྨོན་འཇུག་གི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ཁྱད་པར་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ཡིན་པས་ཀུན་སློང་བཅོས་པ་གལ་ཆེ་། སྐབས་གཞན་དུ་ཡང་སྡིག་པ་བཤགས་པའི་ཡུལ་དེ་ཉིད་རྟེན་ཡིན་ཏེ། དཔེར་ན་གོང་ལྟར་ཕུང་པོ་གསུམ་པའི་དུས་སངས་རྒྱས་སོ་ལྔ་དང་། དེ་བཞིན་དུ་དགེ་བའི་བཤེས་གཉེན་ནམ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་ལ་སོགས་པ་གང་གི་དྲུང་ནས་བཤགས་པ་བྱེད་ཀྱང་བཤགས་ཡུལ་དེ་ཉིད་རྟེན་གྱི་སྟོབས་ཡིན། དེ་བཞིན་དུ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། དུས་དང་རྣམ་པ་ཐམས་ཅད་དུ་སྡིག་པ་བཤགས་པ་ཐམས་ཅད་ལ་མེད་དུ་མི་རུང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཉིད་མེད་ན་སྡིག་ལྟུང་སྟོབས་བཞི་ཚང་བའི་བསམ་པས་བཤགས་ཀྱང་ཅུང་ཟད་སྲབ་ཏུ་འགྲོ་བ་ཙམ་ལས་སྡིག་ལྟུང་རྩ་བ་ནས་འདག་པར་མ་གསུངས། སྨོན་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་དེ་རྒྱུད་ལ་སྐྱེས་ན། སྔོན་ཆད་སྡིག་པའི་ལས་ཅི་ཙམ་བྱས་པ་ཐམས་ཅད་བཤགས་ཐབས་གཞན་ལ་མ་བརྟེན་པར་རང་བཞིན་གྱིས་དག་པར་གསུངས་ཏེ། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བསྟེན་ནས་ཡུད་ཀྱིས་གྲོལ་འགྱུར་ན། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་འགྱུར། །ཞེས་གསུངས། ཉེས་བྱས་སུན་འབྱིན་པའི་སྟོབས་ནི། སུན་འབྱིན་པའི་སྟོབས་ཀྱི་ངོ་བོ་འགྱོད་པ་ཡིན་པས་སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་འགྱོད་སེམས་བྱེད་པ་དེ་ཡིན། དེ་ལྟར་རང་ཉིད་ཀྱིས་སྡིག་པ་བྱས་པ་ལ་སྡིག་ཏུ་མཐོང་ཞིང་། ངོ་ཤེས་ནས་དེ་ལ་འགྱོད་སེམས་དྲག་པོའི་སྒོ་ནས་མི་འཆབ་པར་བཤགས་པ་མེད་ན་མི་འདག་སྟེ། ཕུང་པོ་གསུམ་པ་ལས་ཀྱང་། མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཞེས་གསུངས། དེ་བཞིན་དུ་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཀྱང་། འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོག་ཏུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཞེས་གསུངས། སྡོམ་པའི་སྟོབས་ནི། ངོ་བོ་སྡོམ་སེམས་ཡིན་པས་རང་གིས་སྔར་བྱས་པའི་སྡིག་པའི་ལས་དེ་ཉིད་དྲན་ཏེ། ད་ཉི་མ་ཕྱིན་ཆད་སྲོག་དམར་པོ་འདི་ལ་བབ་ཀྱང་། དེ་ལྟ་བུའི་སྡིག་པའི་ལས་ད་ནི་མི་བགྱིད་དོ་སྙམ་པ་དེ་ཡིན། ཕུང་པོ་གསུམ་པ་ལས་ཀྱང་། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིའོ། །ཞེས་གསུངས་པ་དང་། དེ་བཞིན་དུ་བདེ་སྨོན་ལས་ཀྱང་། ཕྱིན་ཆད་སྡོམ་སེམས་མེད་ན་མི་དག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནས་མི་བགྱི་སེམས་ལ་དམ་བཅའ་བཟུང་། །ཞེས་གསུངས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། ངོ་བོ་ཆོས་ལ་དོན་གཉེར་གྱི་འདུན་པ་བྱེད་པ་དེ་ཡིན་སྔར་བྱས་ཀྱི་སྡིག་པའི་གཉེན་པོར་རྣམ་དཀར་དགེ་བའི་ལས་གང་འགྲུབ་སྒྲུབ་པ་དང་། ཁྱད་པར་རྒྱལ་བ་སྲས་དང་བཅས་པ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་བ། གཞན་གྱིས་བསགས་པའི་བསོད་ནམས་ལ་རྗེས་སུ་ཡི་རང་བ། དགེ་བའི་རྩ་བ་བྱང་ཆུབ་མཆོག་ཏུ་བསྔོ་བ། སྨོན་པ་དང་འཇུག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ། གནས་ལུགས་མ་བཅོས་པའི་ངོ་བོ་སྐྱོང་བ་སོགས་ཡིན་ཏེ། སྔོན་མཉམ་མེ་དྭགས་པོ་རིན་པོ་ཆེའི་སློབ་མ་སྒོམ་པ་ཞིག་གིས། སྔར་གསུང་རབ་ཀྱི་བླུས་ཟོས་པ་དྲན་ནས་འགྱོད་དེ་ཞུས་པས། གསུང་རབ་དེ་ཉིད་བཞེངས་ཤིག་གསུངས། གསུང་རབ་དེ་བཞེངས་པར་བརྩམས་པས་རྣམ་གཡེང་མང་དུ་བྱུང་། དེས་སུན་ནས་སྐུ་མདུན་དུ་ཕྱིན་ཏེ། གསུང་རབ་བཞེངས་པ་ལ་ཡང་རྣམ་གཡེང་མང་པོ་རང་བྱུང་། སྡིག་པ་བཤགས་པ་ལ་ཡང་གནས་ལུགས་མ་བཅོས་པའི་ངོ་བོ་སྐྱོང་བ་རང་ལས་ཟབ་པ་མེད་དམ་ཞུས་པས། དྭགས་པོ་རིན་པོ་ཆེ་དགྱེས་ཏེ། དོན་དུ་དེ་ག་རང་ཡིན། སྔར་བྱས་པའི་སྡིག་པའི་ཕུང་པོ་རི་རབ་ཙམ་ཡོད་ཀྱང་། མ་བཅོས་དོན་གྱི་ངོ་བོ་མཐོང་བའི་སྐད་ཅིག་ལ་འདག་པ་ཡིན་གསུངས། དེས་ན་སྡིག་པ་སྦྱོང་བ་ལ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་གནས་ལུགས་མ་བཅོས་པའི་རྒྱུན་སྐྱོང་བ་གཉིས་ལས་ཟབ་པ་མེད་པས་འདིར་ཡང་དེ་གཉིས་དང་མ་བྲལ་བའི་སྒོ་ནས་རྡོ་རྗེ་སེམས་དཔའ་བསྒོམས་ཏེ་བདུད་རྩི་འབེབས་སྦྱོང་བྱེད་པ་དང་། ཡིག་བརྒྱ་བཟླ་བ་སོགས་ཡིན། དེ་ལྟར་གཉེན་པོ་སྟོབས་བཞིའི་དག་པ་དྲན་པའི་ངང་ནས།

༼༣རྡོར་སེམས་སྒོམ་བཟླས་དངོས།

རྡོར་སེམས་སྒོམ་བཟླས་བྱེད་པ་དངོས་ནི། རང་ཉིད་ལྷ་རུ་གསལ་ནས་སྤྱི་བོར་ལྷ་བསྒོམ་པ་དང་། རང་ལུས་འཛིན་མེད་ཀྱི་སྤྱིར་ལྷ་བསྒོམ་པ་སོགས་ཡོད་ཀྱང་། འདིར་ནི་རང་ཉིད་ལས་ངན་སྐྱོན་ཅན་གྱི་གོང་བུ་ལུས་ཐ་མལ་པ་ལྟར་དུ་གནས་པའི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་གི་ནམ་མཁར་མེ་ཏོག་པདྨ་དཀར་པོ་འདབ་མ་སྟོང་བརྡལ་ཞིག་བསྒོམ། དེའི་སྟེང་དུ་ཟེའུ་འབྲུ་དམར་སེར་གྱེས་པའི་སུམ་ཆ་གཉིས་ནོན་པའི་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པའི་ཉ་གང་བ་ཞིག་བསྒོམ། ཉ་གང་ཟེར་བ་དེ་ཆེ་ཆུང་གི་ཚད་མ་ཡིན་གྱི། ཟླ་བའི་ཆ་ཤས་ཐམས་ཅད་ཁ་གང་བའི་ཚེས་བཅོ་ལྔའི་ཟླ་བ་ལྟ་བུ་ཕྱོགས་ཐམས་ཅད་ལ་ཡ་ཡོ་འཁྱག་འཁྱོག་མེད་པར་ཀྱི་ལེར་ཡོད་པའི་དོན་ཡིན། དེའི་སྟེང་དུ་ངོ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཧཱུྃ་ཡིག་དཀར་པོ་ཚོན་གང་བ་འོད་ཟེར་བཀྲག་མདངས་དང་ལྡན་པ་ཞིག་སྒོམ། གཞན་མའི་ལུགས་ལ་ཧཱུྃ་ཡིག་དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པ་སོགས་ཡོད་ཀྱང་རང་ལུགས་ལ་མེད། དེ་ནས་བླ་མ་སངས་རྒྱས་སུ་ཤེས་པ་སོགས་ཤེས་པ་ལྔའི་སྒོ་ནས་གསོལ་བ་དུང་དུང་བ་ཞིག་བཏབ་པས། བླ་མའི་ཐུགས་སྙིང་རྗེ་ཆེན་པོས་མ་བཟོད་ནས་བདེ་བ་ཆེན་པོའི་ངོ་བོར་སྐད་ཅིག་གིས་ཧཱུྃ་ཡིག་དེ་ཉིད་འགུལ་བ་ལྟར་གནས་འགྱུར་ནས། ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་རིའི་ཕུང་པོ་ལ་ཉི་མ་འབུམ་གྱི་གཟི་བྱིན་གྱིས་འཁྱུད་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རིག་སྟོང་གི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་པ། གཡོན་སྣང་སྟོང་གི་དྲིལ་བུ་དཀུ་ལ་བརྟེན་ནས་འཛིན་པ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་བརྡ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ། དེ་ཡང་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་རྒྱན་བརྒྱད་ལས། དང་པོ་ཉོན་མོངས་པའི་གདུང་བ་སེལ་བའི་བརྡར་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལྔ་ནི། སྙན་གོང་དུ་དབུ་རྒྱན་ལ་དཔྱང་པའི་དར་སྣ་ལྔ་ཡི་ཅོད་པཎ་དང་གཅིག དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་གཉིས། མགུལ་ནས་ཐུར་དུ་དཔུང་པ་གཡས་གཡོན་འཁྱུད་དེ་ཡོད་པའི་དར་དཔྱངས་དང་གསུམ། སྐེད་ལ་འཆིང་བར་བྱེད་པའི་སྐུ་རེགས་དང་བཞི། ཁ་དོག་སྣ་ཚོགས་པ་ཅན་གྱི་སྨད་དཀྲིས་དང་ལྔའོ། །རིན་པོ་ཆེའི་རྒྱན་བརྒྱད་ནི། རིན་པོ་ཆེའི་དབུ་རྒྱན་ནོར་བུའི་རྩེ་བྲན་ཅན་དང་གཅིག རིན་པོ་ཆེའི་སྙན་རྒྱན་ནོར་བུར་ཕྲ་ཚོམ་ཅན་གཡས་གཡོན་གཉིས་གཅིག་ཏུ་བརྩིས་པ་དང་གཉིས། རིན་པོ་ཆེ་སྣ་ཚོགས་སྤེལ་མར་བརྒྱུས་པའི་མགུལ་རྒྱན་ཐུང་ངུ་དང་གསུམ། རིན་པོ་ཆེའི་ཕྲ་ཚོམ་ཅན་གྱི་དཔུང་རྒྱན་གཉིས་གཅིག་ཏུ་བརྩིས་དང་བཞི། རིན་པོ་ཆེའི་རྒྱན་ལྟེ་འོག་སླེབས་པའི་དོ་ཤལ་དང་། ནུ་སྟེང་ཙམ་དུ་སླེབ་པའི་སེ་མོ་དོ་གཉིས་གཅིག་ཏུ་བརྩིས་པས་ལྔ། ཕྱག་གདུབ་གཉིས་གཅིག་ཏུ་བརྩིས་པས་དྲུག སོར་གདུབ་རྣམས་གཅིག་ཏུ་བརྩིས་པས་བདུན། ཞབས་གདུབ་གཉིས་གཅིག་ཏུ་བརྩིས་པས་བརྒྱད་དོ། །བྱང་ཆུབ་ཡན་ལག་བདུན་ལ་མཚོན་ན། རིན་པོ་ཆེའི་དོ་ཤལ་དྲན་པ། དབུ་རྒྱན་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ། གདུ་བུ་བརྩོན་འགྲུས། སྙན་ཆ་ཤིན་སྦྱངས། དཔུང་རྒྱན་ཏིང་ངེ་འཛིན། སེ་མོ་དོ་བཏང་སྙོམས། མེ་ཏོག་གི་ཕྲེང་བ་དགའ་བ་ཡིན་ནོ། །ཡུམ་སྙེམས་མ་དཀར་མོ་ཕྱག་གཡས་ན་སྐྱེ་ཤི་རྩད་ནས་གཅོད་པའི་གྲུ་གུག་དང་གཡོན་ན་བདེ་ཆེན་སྦྱོར་བའི་བརྡ་ཐོད་པ་ཡེ་ཤེས་ཀྱི་བདུད་རྩི་གང་བ་འཛིན་པ་དང་གཉིས་མེད་དུ་འཁྲིལ་བ། སྐུ་སྣང་ལ་རང་བཞིན་མ་གྲུབ་པ་སྣང་སྟོང་ཆུ་ཟླ་ལྟ་བུའམ། སྣང་ཆ་ནས་སྤྱན་གྱི་དཀར་ནག་རྒྱན་གྱི་བྱེ་བྲག་ཐམས་ཅད་མ་འདྲེས་པར་གསལ་བ། སྟོང་ཆ་ནས་དངོས་པོ་གདོས་བཅས་ཀྱི་རྣམ་པ་མ་གྲུབ་པར་ནམ་མཁའ་ལ་འཇའ་ཚོན་ཤར་བའམ། མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟ་བུ་བཀྲ་ལམ་མེ་ཡོད་པ། རང་གི་སྤྱི་བོར་རང་གི་ཁ་ལྟ་ཕྱོགས་སུ་ཞལ་གྱུ་ནས་བདེ་སྟོང་གཉིས་མེད་དུ་བཞུགས་ཡོད་པ་དེ་ལྟ་བུ་ཞིག་བསྒོམ་པ་དེ་རྟེན་གྱི་སྟོབས་ཡིན། དེ་ནས་དེ་ལྟར་གསལ་བཏབ་པ་དེ་ཡང་རས་གཞི་ལ་བྲིས་པའི་ཐང་སྐུ་དང་གྱང་སྐུ་ལྟ་བུའི་ལེབས་ལ་བཅར་བཅར་པོ་ཡང་མ་ཡིན། ས་སྐུ་དང་གསེར་སྐུ་ལྟ་བུའི་དངོས་པོ་གདོས་བཅས་ཀྱི་རང་བཞིན་སེམས་མེད་བེམས་པོའི་རྣམ་པ་ལྟ་བུའང་མ་ཡིན། གསལ་བའི་སྣང་ཆ་ནས་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བ་ལ། ངོ་བོའི་སྟོང་ཆ་ནས་དངོས་པོ་གདོས་བཅས་ཤ་ཁྲག་ནང་ཁྲོལ་ལ་སོགས་པའི་རྣམ་པར་གྲུབ་པ་སྤུ་ཙམ་ཡང་མེད་པ། ནམ་མཁར་འཇའ་ཚོན་ཤར་བའམ། ཤེལ་བུམ་དྲི་མ་མེད་པ་ལྟ་བུ། རང་གི་བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་དང་མགོན་པོ་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པའི་རང་བཞིན་ཐུགས་ཡེ་ཤེས་ཀྱི་མཁྱེན་ཆ་དང་བཅས་པས། བདག་དང་སེམས་ཅན་ཐམས་ཅད་ལ་མི་ལས་འདས་པའི་སྤྱན་གྱིས་གཟིགས། མི་ལས་འདས་པའི་སྙན་གྱིས་གསན། མི་ལས་འདས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་དགོངས་ཏེ་བདག་ལ་ཞལ་གྱིས་ཕྱོགས་ཏེ་རྣམ་པ་ཐུགས་མ་དགྱེས་པའི་ཚུལ་གྱིས་བཞུགས་པ་དེ་ལྟ་བུ་ཕྱིའི་རྟེན་གྱི་སྟོབས་ཡུལ་བླ་མ་དང་རྡོར་སེམས་གཉིས་སུ་མེད་པ་ལ། ཡིད་ཁྱེད་ཤེས་ཀྱིས་མོས་གུས་དང་། དད་པ་སྔོན་དུ་འགྲོ་བའི་སྒོ་ནས་ནང་གི་རྟེན་གྱི་སྟོབས་སྐྱབས་འགྲོ་སེམས་བསྐྱེད་དང་བཅས་པའི་སྤྱན་སྔར། སུན་འབྱིན་པའི་སྟོབས་རང་གི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་དུས་ད་ལྟ་ལ་ཐུག་གི་བར་དུ། སྦྱང་བྱ་སྡིག་པའི་སྒོ་དྲུག་དང་འབྲེལ་བ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ། ཕ་བསད་པ་དང་མ་བསད་པ་དང་དགྲ་བཅོམ་པ་བསད་པ་དང་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་དང་དགེ་འདུན་འཁོར་ལོའི་དབྱེན་བྱས་པ་སྟེ་མཚམས་མེད་པ་ལྔ། མཁས་པའི་གྲལ་གོང་། སྔགས་པའི་ནོར། དགེ་སློང་གི་ཕྱག སྒྲུབ་པ་པོའི་ཟས་དང་བཅས་ལྕི་བ་བཞི། སྒྲུབ་བྱ་དཀར་པོའི་ཆོས་ལ་སྨད་ཅིང་། སྤང་བྱ་ནག་པོའི་ཕྱོགས་ལ་བསྟོད་པ། དགེ་བ་ཅན་གྱི་ཚོགས་བཅག་པ། དད་པ་ཅན་གྱི་ཐུགས་དཀྲུགས་པ། བླ་མ་ལྷ་དང་མཆེད་ལྕམ་སྤངས་པ། དཀྱིལ་འཁོར་གཉེན་པོ་བྲལ་བ་སྟེ་ལོག་པ་བརྒྱད། ཕྱི་མ་འདི་བཞི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་དེའི་ཚོགས་གྲལ་འཐབ་མོ་དང་ངན་ཤག་དང་རྩོད་པ་སོགས་ལས་འབྱུང་བ་ཡིན་པས་ཤེས་ནས་སྤོང་དགོས། ཕྱི་སོ་སོར་ཐར་པའི་སྡོམ་པ་དང་འགལ་བ། ནང་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བ། གསུངས་ན། ཕྱི་སོ་སོར་ཐར་བའི་སྤང་བའི་བསླབ་བྱ་དགེ་བསྙེན་གྱི་རྩ་བཞི་ཆང་ལྔ། དགེ་ཚུལ་གྱི་རགས་པ་བཅུ་བླངས་འདས་སོ་གསུམ། དགེ་སློང་གི་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤོང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་གཉིས་བརྒྱ་ལྔ་བཅུ་རྩ་གསུམ། བྱང་ཆུབ་སེམས་དཔའི་ཟབ་མོ་ལྟ་ལུགས་ཀྱི་རྩ་ལྟུང་བཅོ་བརྒྱད། སྨོན་འཇུག་གི་བསླབ་བྱ་གཉིས་དང་ཉི་ཤུ། ཉེས་བྱས་བརྒྱད་ཅུ། རྒྱ་ཆེན་སྤྱོད་ལུགས་ཀྱི་ཀུན་སློང་བཞི་སྦྱོར་བ་བརྒྱད། ཉེས་བྱས་ཞེ་དྲུག་ལ་སོགས་པ། སྔགས་ཀྱི་བརྟུལ་ཞུགས་ཀྱི་ཐོགས་ནས་བཤད་ན། ཐུན་མོང་ཕྱི་ནང་གི་རིགས་ལྔའི་སྡོམ་པ་ཕྱི་ནང་གཉིས། རྩ་ལྟུང་བཅུ་བཞི། ཡན་ལག་གི་སྦོམ་པོ་བརྒྱད། རྫོགས་པ་ཆེན་པོ་ལ་རྩ་བའི་དམ་ཚིག་ཉེར་བདུན། ཡན་ལག་ཉེར་ལྔ། མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུ་ལ་སོགས་པ་དམ་ཚིག་ས་མ་ཡ་འབུམ་སྡེ་སོགས་དང་། འཇིག་རྟེན་པའི་མནའ་ཟོས་པ། རྫུན་བཤད་པ། ཁྲེལ་དང་ངོ་ཚ་ཉམས་པ་ལ་སོགས་སྡིག་པའི་ལས་བདག་གིས་བགྱིས་པ་དང་། གཞན་ལ་བྱེད་བཅུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་སྡིག་པ་བསགས་ཚད་རྣམས་དངོས་སུ་དྲན་པ་ཐམས་ཅད་བློ་ལ་བླངས་ཏེ། བླ་མ་རྡོ་རྗེ་སེམས་དཔའི་སྤྱན་སྔར་རང་ཉིད་ངོ་ཚ་འཇིགས་སྐྲག་འགྱོད་པ་དང་བཅས་པས་ཤ་ཟིང་སྤུ་ཟིང་བྱེད་ཅིང་མཐོལ་ལོ་བཤགས་སོ་སྙམ་པ་དང་། དེ་བཞིན་དུ་རང་གི་ཡིད་ལ་མི་དྲན་པའང་ཚེ་རབས་འཁོར་བ་ཐོག་མ་མེད་པའི་དུས་ཚུན་ཆད་ནས་བསགས་པ་དུ་མ་ཞིག་ཡོད་ངེས་པས། དེ་དག་ཐམས་ཅད་སེམས་ཀྱི་སྒོ་ནས་མི་འཆབ་བོ། །ཡིད་ཀྱི་སྒོ་ནས་མི་སྦེད་དོ། །ངག་གི་སྒོ་ནས་མཐོལ་ལོ་སྒོ་གསུམ་གྱིས་བཤགས་སོ། །ཐུགས་བརྩེ་བ་ཆེན་པོས་བཟོད་པར་གསོལ་ལོ། །སྡིག་པ་དང་སྒྲིབ་པ་དེ་དག་ཐམས་ཅད་ཡུན་དུ་མི་འགོར་བར་དུས་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་རུ་སྡིག་ལྟུང་གི་ལྷག་མ་ཙམ་ཡང་མེད་པར་བྱང་ཞིང་དག་ནས་སོར་ཆུད་པ་ཞིག་ཐུགས་རྗེ་མ་ཆུང་སྙམ་པ་ནི་སུན་འབྱིན་པའི་སྟོབས། སྔོན་ཆད་ནི་བདག་མི་ཤེས་རྨོངས་པའི་གཞན་དབང་གིས་སྡིག་པ་དང་མི་དགེ་བའི་ལས་དེ་དང་དེ་དག་བསགས་པ་ལགས་ཀྱི། ད་ནི་དྲིན་ཆེན་གྱི་བླ་མའི་ཐུགས་རྗེ་ལ་བརྟེན་ནས་ཁེ་ཉེན་ཤེས་པའི་རང་བཞིན་ཅན་ཡིན་པས། ད་ཕྱིན་ཆད་ནི་སྲོག་ལ་བབ་ཀྱང་སྡིག་པའི་ལས་ལྟ་བུ་མི་བགྱིད་དོ། །སྙམ་པ་ནི་སྡོམ་པའི་སྟོབས་ཏེ། དེ་ལྟ་བུའི་དག་པ་དྲན་པའི་ངང་ནས། ཨཱཿབདག་ཉིད་ཐ་མལ་སྤྱི་བོ་རུ། སོགས་ནས། མ་ལུས་བྱང་པར་མཛད་དུ་གསོལ། །ཞེས་བརྗོད། དེ་ནས་རྡོར་སེམས་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཡུངས་ཀར་གླེབས་བ་ཙམ་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་སྤུས་བྲིས་པ་ལྟ་བུ་ཞིག་གསལ་ལ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས། ཡི་གེ་བརྒྱ་པ་ཚར་གཅིག་བརྗོད་པས། ཧཱུྃ་གི་མཐའ་སྐོར་དུ་ཡི་གེ་བརྒྱ་པོ་ཡིག་མགོ་གནམ་ལ་བསྟན་ནས་རྭ་ལངས་པ་ལྟ་བུ་གཅིག་ལ་གཅིག་མ་རེག་ཙམ་དུ་བསྐོར་བར་བསམ། ཡི་གེ་བརྒྱ་བ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡང་སྙིང་། གསང་སྔགས་ཀྱི་རྒྱུད་སྡེ་ཀུན་ཀྱི་སྙིང་པོ། བཀླག་པ་ཙམ་གྱིས་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་བྱེད་པའི་རིགས་སྔགས་ཀྱི་རྒྱལ་པོ་རྨད་དུ་བྱུང་བ་ཡིན། དེ་ལ་ཨོཾ་ནི་དམ་བཅའ་བ་དང་། བདེ་ལེགས་དང་། བཀྲ་ཤིས་པའི་དོན་ཏེ་སྔགས་ཀྱི་མགོ་འདྲེན་ཕྱིར་ཐོག་མར་བཞག་གོ། བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཀྱེ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསང་བ་ཟབ་མོའི་དུས་གསུམ་གནས་སྐབས་དེ་ལས་ནམ་ཡང་མི་འདའ་བར་རྗེས་སུ་ཁྱེད་ཀྱིས་སྐྱོངས་ཤིག་ཅེས་སྐུལ་བའི་དོན་དང་། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། ཀྱེ་རྡོ་རྗེ་སེམས་དཔའ་ཁྱེད་བདག་ལ་ཉེ་བར་བསྟན་པས་བཞུགས་པར་མཛོད་ཅིག་ཅེས་སྐུལ་བའོ། །སུ་ཏོཥྱོ་མེ་བྷ་ཝ། བདག་ཟག་མེད་བདེ་བ་ཆེན་པོའི་རོས་ཚིམ་པར་མཛོད་ཅིག་ཅེས་པའོ། །སུ་པོཥྱོ་མེ་བྷ་ཝ། བདག་ལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པར་མཛོད་ཅིག་ཅེས་པ་དང་། ཨ་ནུ་རཀྟོ་མེ་བྷ། བདག་ལ་རྗེས་སུ་བརྩེ་བར་མཛོད་ཅིག་ཅེས་དང་། སརྦ་སིདྡྷི་མྨེ་པྲ་ཡཙྪ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདག་ལ་དུས་ད་ལྟ་ཉིད་དུ་སྩོལ་ཅིག་ཅེས་པ་དང་། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ་ཀུ་རུ། ལས་ཐམས་ཅད་ལའང་བདག་གི་སེམས་དགེ་བར་མཛོད་ཅིག་ཅེས་དང་། ཧཱུྃ་ཐུགས་རྡོ་རྗེའི་རང་བཞིན་རྡོ་རྗེ་སེམས་དཔའི་ས་བོན་ཏེ་ཡེ་ཤེས་ལྔ་དང་དེ་བཞིན་གཤེགས་པ་རིགས་ལྔ་ཡི་རང་བཞིན་གཅིག་ཏུ་བསྡུས་པར་རྒྱས་འདེབས་པའོ། །ཧ་ཧ་ཧ་ཧ་ཧོ། ཞེས་ཧ་བཞི་ནི་དགའ་བ་བཞིའི་རྣམ་པར་དག་པའི་རང་བཞིན། ཧོཿཡིག་ནི་ཡུལ་གཟུགས་སོགས་དང་། ཡུལ་ཅན་མིག་སོགས་རྣམ་པར་དག་པའི་རང་བཞིན་ཏེ། དེ་དག་ཡོངས་སུ་རྫོགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་དོ། །མདོར་ན་དགའ་བཞི་རྣམ་པ་དག་པའི་རང་བཞིན་གསང་གསུམ་ཡེ་ཤེས་ཀྱི་བདུད་རྩི་ཆར་རྒྱུན་ཕབ་པས་སྒོ་གསུམ་ཤེས་བྱའི་སྒྲིབ་པ་དང་བཅས་པ་སྦྱངས་ཤིང་དབང་བཞིའི་ཡེ་ཤེས་མངོན་དུ་གྱུར་བར་གསོལ་བ་འདེབས་པའི་དོན། བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་ཐམས་ཅད་ཅེས་བོས་ནས་། རྡོ་རྗེ་གསུམ་གྱི་ཡེ་ཤེས་ཐབས་སྙིང་རྗེ་ཆེན་པོ་དང་ཟུང་དུ་འཇུག་པའི་ར་བ་ལས་བདག་ནམ་ཡང་མི་འདའ་བར་མཛོད་ཅིག་ཅེས་སོ། །བཛྲི་བྷ་ཝ། གསང་སྔགས་རྡོ་རྗེ་ཐེག་པའི་མཐུ་ནུས་རྨད་དུ་བྱུང་བས་སྒྲིབ་པ་མ་སྤངས་རང་སར་གྲོལ་བའི་ཚུལ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་དུ་སངས་རྒྱས་པར་མཛོད་ཅིག་ཅེས་སྐུལ་ལོ། །མ་ཧཱ་ས་མ་ཡ་ས་ཏྭ། ཀྱེ་དུས་གསུམ་ལས་འདས་པའི་དུས་ཆེན་པོ་ལས་ནམ་ཡང་མི་འདའ་བའི་དམ་ཚིག་གི་སེམས་དཔའ་ཆེན་པོ་ཞེས་བོས་ལ། ཅི་ཞུ་ན་ཨཱཿཞེས་ཡེ་ཤེས་ལྔ་ཡི་རང་བཞིན་དང་ཆོས་དབྱིངས་སྐྱེ་བ་མེད་པའི་ཡེ་ཤེས་འབའ་ཞིག་པ་ནི་དུས་གསུམ་རྒྱལ་བ་ཐམས་ཅད་དགོངས་པ་རོ་གཅིག་ཏུ་བཞུགས་པའི་གནས་ཏེ་བདག་ཉིད་ཀྱང་ཨཱཿདེ་ཉིད་དུ་བྱང་ཆུབ་པར་མཛོད་ཅིག་ཅེས་སྐུལ་བ་ཡིན་ནོ། །དེ་ལྟ་བུའི་དོན་ཡིད་ལ་དྲན་པ་དང་བཅས་བཞིན། དེ་ནས་རང་གི་ངག་ནས་ཡི་གེ་བརྒྱ་པ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། ཡིག་འབྲུ་རྣམས་ལས་བླ་མ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་ཐུགས་རྗེ་ཡེ་ཤེས་ཀྱི་བདུད་རྩི་འཁྱགས་རོམ་མེས་ཞུ་བ་ལས་ཆུ་འཐིགས་པ་ལྟར། ཐིག་ཐིག་ཧྲམ་ཧྲམ་དུ་བབས་པ། སྐུའི་དབྱིབས་བརྒྱུད་ཡབ་ཡུམ་བདེ་རོལ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ཐོན་པདྨའི་སྡོང་པོ་ལ་འཁྲིས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ་དེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། བདག་དང་སེམས་ཅན་ཐམས་ཅད་ཀྱི་མི་དགེ་སྡིག་པའི་ལས་དང་ཉོན་མོངས་པ་སྡུག་བསྔལ་གྱི་རྒྱུ་དང་དེ་དག་གི་འབྲས་བུ་ལུས་ཀྱི་ནང་གི་ནད་ཐམས་ཅད་ཁྲག་རུལ་རྣག་རུལ་ལ་སོགས་མི་གཙང་བའི་རྫས་ཀྱི་རྣམ་པ། གདོན་ཐམས་ཅད་སྲོག་ཆགས་སྡོམ་སྡིག་པ་སྦལ་པ་ཉ་སྦྲུལ་ལྕོང་མོ་ཤིག་ལ་སོགས་པ་ཡིད་དུ་མི་འོང་བའི་སྲོག་ཆགས་ཀྱི་རྣམ་པ། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུ་ཐལ་དུད་སྤྲིན་པ་རླངས་པ་ལ་སོགས་སྙིགས་མའི་རྣམ་པར་ཆུ་སྣ་རྒྱུག་པས་ས་རྡུལ་དེད་པ་ལྟར་བདུད་རྩིའི་རྒྱུན་གྱིས་མི་གཙང་བ་དེ་དག་ཐོགས་པ་མེད་པར་དེད་དེ་རྐང་མཐིལ་འོག་སྒོ་བ་སྤུ་བུ་ག་རྣམས་ནས་ཤྭ་འོད་ཆེན་པོའི་སྣ་ལ་སྦུར་མ་མི་ཆགས་པ་ལྟར་དུ་ནག་ཉིལ་གྱིས་ཕྱིར་ཐོན། རང་གི་འོག་ཏུ་ས་གས་པའི་མར་ཞབས་ན། འཆི་བདག་ལས་ཀྱི་གཤིན་རྗེ་ལ་འཁོར་ལན་ཆགས་བུ་ལོན་ཤ་འཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ཀྱིས་བསྐོར་ཏེ་ཁ་ལག་སྦར་གསུམ་ཟེད་ནས་ཡོད་པའི་ནང་དུ་སོང་བར་བསམས་ལ་ཡིག་བརྒྱ་བཟླ། སྡིག་པ་དག་ཅིང་སྒྲིབ་པ་བྱང་བའི་རྟགས་སུ་ཆུ་ཆེན་པོར་བརྒལ་བའི་ཆེད་དུ་ཟམ་པའི་སྟེང་ནས་འགྲོ་བའམ། གཞན་གྱིས་བདག་ལ་ཁྲུས་བྱེད་པ་དང་། དགེ་འདུན་མང་པོའི་གྲལ་ཞུགས་ནས་བསྡད་པ་དང་། རང་ཉིད་མཆོད་རྟེན་དང་གཙུག་ལག་ཁང་དུ་ཞུགས་ཏེ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་མཐོང་བ་དང་། ཤིང་ཏོག་རྙེད་ཅིང་ཟ་བ་ལ་སོགས་པ་རྨིས་ན་སངས་རྒྱས་དང་ཆོས་ཀྱི་རྗེས་སུ་ཞུགས་པའི་མཚན་མ་དང་ཚེ་འདི་ཡོན་ཏན་རྗེས་སུ་ཐོབ་པའི་མཚན་མ་ཡིན་པའང་གསུངས། དེ་ཡང་དམིགས་པ་ཐམས་ཅད་གཅིག་ཆར་དུ་གསལ་ནུས་ན་དེ་ལྟར་བྱ། དེ་ལྟར་མི་ནུས་ན་རེས་འགའ་རྡོ་རྗེ་སེམས་དཔའི་སྐུ་ཞལ་ཕྱག་སོགས་ལ་དམིགས་པ་གཏད་དེ་བཟླ། རེས་འགའ་རྒྱན་ཆ་ལུགས་ལ་དམིགས་པ་གཏད་དེ་བཟླ། རེས་འགའ་བདུད་རྩིའི་རྒྱུན་གྱིས་ནད་གདོན་སྡིག་སྒྲིབ་བཀྲུ་བ་ལ་དམིགས་པ་གཏད་དེ་བཟླ། རེས་འགའ་འགྱོད་པ་དང་སྡོམ་སེམས་དྲན་པར་བྱས་ཏེ་སྟོབས་བཞི་ཚང་བའི་ངང་ནས་ཡིག་བརྒྱ་བཟླ། དེ་ནས་མཐར་ས་འོག་ན་འཁོད་པའི་འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་ལན་ཆགས་བུ་ལོན་ཤ་འཁོན་གྱི་བདག་པོ་བདག་མོ་རྣམས་ཀྱང་ངོམས་ཤིང་ཚིམས། ཤ་ལན་ཁྲག་ལན་སོགས་ལན་ཆགས་འཁོར། ཚེ་རབས་ནས་བསགས་པའི་བུ་ལོན་སོད། བསད་བསད་གཏུབས་གཏུབས་ཀྱི་ཤ་འཁོན་བྱང་། ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་དག་གཤིན་རྗེ་དེའི་ཁ་ལག་སྦར་གསུམ་ཡང་ཟུམ། ས་གས་པ་ཡང་སོས་ཏེ་དུས་མིན་གྱི་འཆི་བ་བསླུས་པར་བསམ་དགོས། རང་གི་ལུས་འདི་ཡང་ཕྱི་གསལ་ནང་གསལ་སྒྲིབ་གཡོགས་དང་བྲལ་བ་འོད་ཀྱི་རང་བཞིན་དུ་ཡོད་པའི་ལུས་དབུས་སུ་རྩ་དབུ་མ་དང་། དེ་ལས་གྱེས་པའི་འཁོར་ལོ་བཞི་པོ་གདུགས་ཀྱི་རྩིབས་མ་ལྟ་བུ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་ཡར་གྱུ་བ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཁ་མར་གྱུ་བ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་ཁ་ཡར་གྱུ་བ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཁ་མར་གྱུ་བ་དེ་ལྟར་གསལ་གདབ། སླར་ཡང་རྡོ་རྗེ་སེམས་དཔའི་སྐུ་ལས་བདུད་རྩིའི་རྒྱུན་སྔར་ལྟར་བབས་པས། རང་གི་ལུས་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་ནས་བཟུང་སྟེ་རྩ་འཁོར་ལོ་བཞི་པོ་ཐམས་ཅད་དང་། དེ་ལས་གྱེས་པའི་ལུས་ཀྱི་ནང་ཐམས་ཅད་རྐང་ལག་གི་སོར་མོའི་རྩེ་ཚུན་ཆད། ཤེལ་བུམ་འོ་མས་གང་བ་ལྟར་བདུད་རྩིའི་རྒྱུན་གྱིས་སྐྱ་ལྟེམ་མེ་གང་། བུམ་པའི་དབང་། གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་རིན་པོ་ཆེ་སྟེ་དབང་བཞི་ཐོབ། ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། བག་ཆགས་ཀྱི་སྒྲིབ་པ་སྟེ་སྒྲིབ་པ་བཞི་དག དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་སྟེ་སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་བསམ། དེ་ནས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས་སོགས་ནས། བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གནོང་ཚིག་བརྗོད་མ་ཐག་ཏུ། ད་ནི་ཉེས་པ་བཤགས་ཟིན་པས་བླ་མ་རྡོ་རྗེ་སེམས་དཔའ་དགྱེས་བཞིན་ཞལ་འཛུམ་པ་དང་བཅས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུང་གིས་གནང་པ་དངོས་སུ་བྱིན་ཏེ་བདེ་སྟོང་ཡེ་ཤེས་ཆེན་པོའི་ངོ་བོ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་ཀྱང་སྔར་བསྐྱེད་ཅིང་བསྒོམས་པ་དང་འདྲ་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མ་འདྲེས་ཤིང་ཡོངས་སུ་རྫོགས་པར་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་གནས་འགྱུར། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཡུངས་འབྲུ་གླེབས་པ་ཙམ་གྱི་སྟེང་དུ། དབུས་སུ་ཧཱུྃ་མཐིང་གདེའི་མདུན་དུ་ཨོཾ་དཀར་པོ། གཡས་སུ་བཛྲ་སེར་པོ། རྒྱབ་ཏུ་ས་དམར་པོ། གཡོན་དུ་ཏྭ་ལྗང་གུ་རྣམས་གསལ་ནས། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་བཟླས་པ་དང་མཉམ་དུ་ཡིག་འབྲུ་ལྔ་པོ་ལས། འོད་ཟེར་ཁ་དོག་དཀར་སེར་དམར་ལྗང་མཐིང་ག་ལྔ་ཡར་འཕྲོས་པའི་རྩེ་ལ་སྒེག་པ་མ་དང་གླུ་མ་ལ་སོགས་འདོད་ཡོན་གྱི་ལྷ་མོ་རྣམས་ཀྱི་ཕྱག་ན་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འཕེན་གདུགས། རྒྱལ་མཚན། བླ་རེ། གསེར་གྱི་འཁོར་ལོ་རྩིབས་སྟོང་། དུང་དཀར་གཡས་སུ་འཁྱིལ་བ་ལ་སོགས་ལྷ་དང་མི་ཡི་དངོས་པོ་མཆོད་རྫས་དཔག་ཏུ་མེད་པ་སྤྲོས་ནས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་སྒྲིབ་པ་བཞི་པོ་དག་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བྱུང་ནས་རང་ལ་ཐིམ་པས། ཐུན་མིན་མཆོག་གི་དངོས་གྲུབ་ཟུང་འཇུག་སྐུ་བཞིའི་གོ་འཕང་དང་། ཐུན་མོང་གི་གྲུབ་པ་བརྒྱད་ལ་སོགས་པའི་དངོས་གྲུབ་དང་། ལམ་དང་འབྲེལ་པ་རིག་འཛིན་བཞི་སྟེ་རྣམ་སྨིན་རིག་འཛིན། ཚེ་དབང་རིག་འཛིན། ཕྱག་ཆེན་རིག་འཛིན། ལྷུན་གྲུབ་རིག་འཛིན་བཅས་དང་། མཐར་ཐུག་གི་འབྲས་བུ་མི་སློབ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་གྱུར་པར་བསམ་པ་དེ། རང་དོན་ཆོས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན། ཡང་ཡིག་འབྲུ་ལྔ་པོ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བརྒྱ་སྟོང་གྲངས་མེད་པ་མར་འཕྲོས། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག སེམས་ཅན་དེ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཚེ་རབས་ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་དང་བཅས་པ་ཐམས་ཅད་མུན་པར་ཉི་མ་ཤར་ནས་བསལ་བ་ལྟར་སང་སང་དག འགྲོ་བ་རིགས་དྲུག་གི་གནས་རིས་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་དང་། ནང་བཅུད་ཀྱི་རིགས་དྲུག་གི་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའ་དཀར་སེར་དམར་ལྗང་མཐིང་ག་སྟེ་རྡོ་སེམས་རིགས་ལྔའི་རང་བཞིན་དུ་གྱུར་ནས། ནམ་མཁའ་གང་བའི་རྡོ་རྗེ་སེམས་དཔའ་དེ་ཐམས་ཅད་ཀྱི་ཞལ་ནས། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་འུར་དི་རི་རི་སྒྲོགས་པར་བསམ་ནས་བཟླ་བ་ནི། གཞན་དོན་གཟུགས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན། དེ་ལྟར་ཡང་ཆོས་སྤྱོད་བག་ཆགས་རང་གྲོལ་ལས། འཕྲོ་འདུས་དོན་གཉིས་བྱས་ནས་རྟོག་སྒྲིབ་སྦྱངས། །ཞེས་གསུངས་པ་ཡང་གོང་གི་འོད་ཟེར་སྤྲོ་བསྡུ་འདི་ལྟ་བུའི་དམིགས་གནད་ལ་ཟེར་བ་ཡིན། དམིགས་པའི་གནད་འདི་ལྟ་བུ་ལ་བརྟེན་ནས་གསང་སྔགས་རྡོ་རྗེ་ཐེག་པ་ཐབས་མང་བ་དང་ཐབས་མཁས་པའི་གནད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་སྐད་ཅིག་མ་རེ་ལ་རྫོགས་ཤིང་འདུམ་པར་ནུས་པས། དེ་དང་མཉམ་དུ་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་ཚོགས་མཐའ་ཡས་པའི་དོན་ཡང་མཉམ་དུ་སྒྲུབ་ནུས་པ་ཡིན། རང་ཉིད་རྡོར་སེམས་ཡབ་ཡུམ་གསལ་དག་བརྟན་གསུམ་ཚང་བ་སྒོམ་པ་དེ་ཏིང་འཛིན་ལྷ་ཡི་གཟེར་དང་། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པས་བསྐོར་ནས་ཡིག་བརྒྱ་བཟླ་བར་སྙིང་པོ་སྔགས་ཀྱི་གཟེར་དང་། འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་པ་དེ་ཉིད་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་དང་། དེ་ལྟར་སྒོམ་པའི་སྐབས་ཀུན་ཏུ་བདེན་མེད་སྒྱུ་མ་ལྟ་བུའི་ཏིང་འཛིན་དང་ནམ་ཡང་མི་འབྲལ་ཞིང་མཐར་ལྷར་སྣང་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་འཇོག་པ་དེ་དགོངས་པ་མི་འགྱུར་བའི་གཟེར་ཡིན་པས་གཟེར་བཞིའི་མན་ངག་ཀྱང་ཚང་བ་ཡིན། དེ་ལྟར་བཟླས་པ་ཅི་རིགས་པར་བྱས་པའི་རྗེས་སུ་ཐུན་བསྡུ་རན་པ་ན། ཕྱི་སྣོད་ཀྱི་འཇིག་རྟེན་མངོན་དགའི་ཞིང་དུ་སྣང་བ་ཐམས་ཅད་ནང་བཅུད་ཀྱི་རྡོར་སེམས་རིགས་ལྔའི་ལྷ་ཚོགས་ལ་བསྡུ། དེ་རྣམས་ཀྱང་རིམ་གྱིས་འོད་དུ་ཡལ་ནས་རང་ལ་བསྡུ། རང་ཡང་མཐའ་ནས་རིམ་གྱིས་འོད་དུ་ཡལ་ནས་ཐུགས་ཀའི་ཨོཾ་ལ་ཐིམ། ཨོཾ་བཛྲ་ལ། བཛྲ་ས་ལ། སཏྭ་ལ། ཏྭ་ཧཱུཾ་གི་ཞབས་ཀྱུ། འ་ཆུང་ཧ་ཁོག མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་དའི་བར་རིམ་བཞིན་ཐིམ་ནས། ནཱ་ད་ཡང་ནམ་མཁར་འཇའ་ཚོན་ཡལ་བ་ལྟར་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་ལ་དར་ཅིག་ལྷོད་དེ་མཉམ་པར་བཞག དེ་ནས་ཡང་རྣམ་རྟོག་ཅིག་འཆར་བ་རྩོམ་པ་ན། སླར་ཡང་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་སྣང་ལ་རང་བཞིན་མེད་པ་བཀྲ་ལམ་གྱིས་གསལ་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང་སྨོན་ལམ་བྱ། ཡང་སྙིང་ཡི་གེ་བརྒྱ་བ་དང་ས་ཏྭ་ཅི་ནུས་སུ་བཟླས་པ་འདི་བསྐྱེད་རིམ་ལ་བརྟེན་པའི་སྒྲིབ་སྦྱོང་དང་། མཐར་ཐུག་ལྷ་སྔགས་ཀྱི་སྤྲོས་པ་འོད་གསལ་གཉུག་མའི་ངང་དུ་བསྡུས་ཏེ་སྦྱང་བྱ་དང་སྦྱོང་བྱེད་ཀྱི་རྟོག་ཚོགས་ཐམས་ཅད་གཟོད་མ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་ལྟ་ཞིང་མཉམ་པར་འཇོག་པ་ནི་དོན་དམ་རྫོགས་རིམ་ལ་བརྟེན་ནས་སྒྲིབ་པ་སྦྱོང་ཚུལ་ཡིན། ཨ་ཡིག་སྐྱེ་བ་མེད་པའི་ཆོས་ཉིད་དུ། །གཞི་ལམ་འབྲས་བུ་དབྱེར་མེད་བྱང་ཆུབ་སེམས། །སྦྱང་བྱ་སྦྱོང་བྱེད་ལས་འདས་རྫོགས་པ་ཆེ། །རྣལ་གྲོལ་རིག་སྟོང་སོར་བཞག་བཤགས་པའི་རྒྱལ། །ཞེས་གསུངས། དེ་ལྟར་རྡོར་སེམས་སྒོམ་བཟླས་བྱེད་པ་འདི་ལ་སོགས་པ་བཟླས་བརྗོད་གང་བྱེད་ཀྱི་དུས་སུ་སེམས་དམིགས་པ་ལས་གཞན་དུ་མ་ཡེངས་པ་དང་། བཟླས་བརྗོད་གཏམ་ཉོབ་མི་ཚིག་གིས་བར་མ་ཆོད་པ་ནི་ཅི་ནས་ཀྱང་གལ་ཆེ་སྟེ། རྒྱུད་ལས་ཀྱང་། གལ་ཏེ་ཏིང་འཛིན་འདི་མེད་ན། །རྒྱ་མཚོའི་འཇིང་གི་ཕ་བོང་བཞིན། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། དེ་བཞིན་དུ་དག་དང་མ་དག་སྟོང་འགྱུར་ཡིན། །ཏིང་འཛིན་ཡོད་མེད་འབུམ་འགྱུར་ཡིན། །ཞེས་གསུངས། སྔགས་དང་བསྙེན་པ་བཟླ་བའི་དུས་སུ་ཐ་མལ་མ་དག་པའི་ལོང་གཏམ་ཆགས་སྡང་གི་གཏམ་གཞན་དང་བསྲེས་ནས་བཟླ་བ་ནི། སྔགས་མ་དག་པ་ཡིན་ཏེ། དཔེར་ན་གསེར་དང་དངུལ་ལ་ར་གན་ནམ་ཟངས་ལ་སོགས་པ་སླད་ཅུང་ཟད་འདྲེས་ཀྱང་། གསེར་མིན་ནམ་དངུལ་ལོག་ཏུ་གྲགས་ཏེ། དེས་གསེར་དངུལ་གྱི་གོ་མི་ཆོད་པ་དང་འདྲ་བ་ཡིན། དེས་ན་ཨོ་རྒྱན་ཆེན་པོའི་ཞལ་ནས་ཀྱང་། ལོ་གཅིག་འབག་བསྙེན་བྱས་པ་བས། །ཟླ་གཅིག་སྨྲ་བཅད་བྱས་པ་དགའ། །ཞེས་གསུངས། དེས་ན་ད་ལྟའི་དུས་གྲོང་ཆོག་པ་རྣམས་ཀྱང་ཞེས་ཕྱག་བླ་མར་འཚལ་ན་ཕྱི་མར་ཨེ་ཕན། །ལྟོ་སྡར་ལིར་བླུད་ན་བདག་པོར་ཨེ་ཕན། །བསམ་ནས་དྲངས་འོང་བའི་ཚོགས་གྲལ་སོགས་སུ་འདོན་པ་དང་བཟླས་བརྗོད་ཀྱི་དུས་སྨྲ་བཅད་བྱེད་པ་ནི་ཅི་ནས་ཀྱང་གལ་ཆེ། ཐ་མལ་པའི་ངག་འཁྱལ་དང་འདྲེས་པའི་འདོན་ཟློས་སོགས་བྱས་ན་དེ་ལ་ཡོན་བདག་དད་པ་ལོག་བྱེད། གཤིན་པོའི་རྣམ་ཤེས་ངན་སོང་འཕེན་བྱེད་ལས་སྙིང་པོ་ཅི་ཡང་མེད་པ་དང་། ཁྱད་པར་གཤིན་པོ་སོགས་ཀྱི་དོན་ཡིན་ན། བར་དོ་ན་གནས་པའི་སེམས་ཅན་དེ། འཇིགས་པའི་སྒྲ་བཞི་དང་ཡ་ང་བའི་གཡང་ས་གསུམ་ལ་སོགས་པ་འཇིགས་སྐྲག་དང་སྡུག་བསྔལ་ལ་སོགས་པས་གདུང་བའི་ཚེ་ཕན་དུ་རེ་ནས་ཡོན་གནས་དང་བླ་མཆོད་ལ་སོགས་པའི་དྲུང་དུ་རྒྱུག དེའི་ཚེ་དེ་དག་གི་ཏིང་ངེ་འཛིན་མི་གསལ་བ་དང་། སྡོམ་པ་འཆལ་བ་དང་དམ་ཚིག་མི་དག་པ་དང་ཆགས་སྡང་གི་གཏམ་དང་རྟོག་པ་ལ་སོགས་པ་འཆར་གྱིན་ཡོད་ན། བར་དོའི་འགྲོ་བ་དེ་རྣམ་རིག་དགུ་འགྱུར་གྱིས་གསལ་ཞིང་མངོན་ཤེས་ཕྲ་མོ་དང་ལྡན་པ་ཡིན་པས། དེ་དག་ཤེས་ནས་བླ་མཆོད་ལ་ལོག་ལྟའམ་ཞེ་སྡང་སྐྱེས་ནས་ཆུ་ནང་གི་ཀོ་གྲུ་ལྟར་རྐྱེན་ཆུང་ངུ་དེས་བསྒྱུར་ནས་ངན་སོང་དུ་འགྲོ་བར་བཤད་པས། དེ་ལྟ་བུའི་བླ་མཆོད་མ་དག་པ་ནི། ཡོད་པ་ལས་ཀྱང་མེད་པ་དགའ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོ་ག་རྣམས་ནི། བསྐྱེད་རིམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཞེས་བསྐྱེད་རིམ་གྱི་གནད་དེ་དག་སེམས་ལ་གསལ་འདེབས་པའི་ཚིག་ཙམ་ཡིན་པ་ལ། གསལ་འདེབས་རྒྱུའི་བསྐྱེད་རྫོགས་ཀྱི་དོན་སྐོར་ལ་བློ་ཁ་ཙམ་ཡང་མི་ཕྱོགས་པར་སེམས་གཞན་དུ་གཡེངས་ནས་ཁ་ཚིག་སྟོང་པ་ཞིག་གིས་གསལ་གསལ་བསྒོམ་བསྒོམ་དམིགས་དམིགས་ལ་སོགས་པ་ཆོ་གའི་ཚིག་རིགས་མང་པོ་ཞིག་གྱར་མ་གྱེར་ཁུག་རྔ་སིལ་རོལ་གླིང་རྣམས་འུར་འུར་ཆེམ་ཆེམ་དུ་གྱེར་ཏེ། དོན་གྱི་སྙིང་པོ་བསྙེན་སྒྲུབ་ཡན་ལག་བཞིའི་དོན་ངག་གི་བཟླས་བརྗོད་བསྙེན་པ་སེམས་ཀྱི་བསྐྱེད་རིམ་དངོས་ལ་ཐུག་ཙ་ན། བློ་བག་གིས་ལྷོད་ཐ་ན་ལུས་ཚུགས་དྲང་པོ་ཞིག་ཡོད་པ་ཡན་ཆད་ཤིག་གིས་བཤིག མི་དགེ་བ་བརྒྱ་ཕྲག་གི་འབྱུང་ཁུངས་ཉེས་པ་ཤིན་ཏུ་ཆེ་བའི་ཐ་མ་ཁ་ལ་སོགས་པ་གཞིབ། ད་ལྟ་ཕྱོགས་གཅིག་ནས་སྐྱེ་བོ་ཕལ་བས་ཀྱང་དུག་བཞིན་སྤངས་ན་བན་སེར་མོ་རྣམས་ཀྱིས་མི་སྤྱོད་པར་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་དུ་གནས། ཕུ་མདའ་ལ་ཤོད་ཀྱི་གཏམ་འབྲེལ་བ་མེད་པའི་ངག་འཁྱལ་མང་པོའི་གཏེར་སྒོ་ཕྱེ། གཏམ་ཉོབ་དང་བཟླས་པ་བསྲེས་ཏེ་ཕྲེང་བ་སྟོང་བགྲང་རྒྱུ་ནག་བདའ་བདའ་བྱེད་པས་དུས་འདའ། ཕྱི་འཕྲེད་ཙམ་ན་གནམ་ལ་གཅིག་བལྟས་ནས། བཛྲ་པུཥྤེ་དྷཱུ་པེ་ཟེར་ཞིང་རོལ་མོ་འུར་ཆེམས་སེ་གཏོང་བ་ནི། གསང་སྔགས་ཀྱི་ཆོ་གའི་གཟུགས་བརྙན་ལས་ཀྱང་ཡང་བརྙན་ཐ་ཆད་པ་ཡིན་པས། དེ་ལྟ་བུའི་ཆོ་ག་ཞལ་ཕྱེ་བ་ལས་ནི་བསམ་པ་རྣམ་པར་དག་པའི་སྒོ་ནས་ལྟུང་བཤགས་སམ་བཟང་སྤྱོད་ཚར་རེ་ཙམ་བཏོན་ན་རང་གཞན་ཀུན་ལ་དེ་དགའ་ངེས་སོ། །དེ་ལྟ་བུ་མ་དག་པའི་བཟླས་བརྗོད་དང་ཆོ་གའི་གཟུགས་བརྙན་ལ་བརྟེན་ནས་གཤིན་པོ་ངན་སོང་དུ་འཕེན་པའི་བླ་མཆོད་དེས་ནི། གསོན་པོའི་སྐུ་རིམ་བྱས་ཀྱང་ཕན་ལས་གནོད་པ་ཆེ་བ་དེ་དང་འདྲ། དེ་ལྟ་བུ་དེས་དཀོར་ཟོས་པ་ཡང་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཟོས་པ་དང་འདྲ་བར་རང་ཉིད་མ་རུང་བར་བྱེད་ངེས་པ་ཡིན་ནོ། །དེས་ན་གསོན་པོའི་དད་ཟས་དང་གཤིན་དཀོར་ཟ་བ་རྣམས་ནི་བླ་མའམ་གྲྭ་བ་སུ་ཡིན་ཡང་འདྲ་སྟེ། ཤ་ཆེ་ཆུང་ཐུད་སྲབ་འཐུག་ཡོན་བདག་གི་འབུལ་བ་བཟང་ངན་ཁོ་ན་ལ་ཐུགས་དམ་གྱི་མཐིལ་དུ་མི་བྱ་བར། ནད་པའམ་ཤི་པོ་སུ་ཡིན་ཡང་འདྲ་སྟེ་གལ་འགགས་ལ་བབ་སྟེ་སྡུག་ཐུག་པའི་སེམས་ཅན་སྐྱབས་དང་བྲལ་བ་དེ་ལ་ཕན་འདོད་ཀྱི་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ནས། བསྐྱེད་རྫོགས་རང་གིས་གང་ཤེས་སྙིང་ཐག་པ་ནས་མ་ཡེངས་པར་འབད། དེ་ལྟར་བསྐྱེད་རྫོགས་རྒྱ་ཆེར་མི་ཤེས་པ་རྣམས་ཀྱང་འདོན་བྱ་གང་ཡིན་གྱི་ཚིག་རྗེས་དོན་དྲན་ཙམ་མམ། ཐ་ན་ཡང་ཉམ་ཐག་པའི་སེམས་ཅན་ཧུ་ཐུག་དེ་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་པ་དང་དཀོན་མཆོག་གསུམ་གྱི་བདེན་མཐུ་བསླུ་བ་མེད་པ་ལ་དད་པ་ངེས་ཤེས་སོགས་སྒོ་ལུས་ངག་ཡིད་གསུམ་ཆུན་གཅིག་དྲིལ་གྱིས་འབད་དེ། ཆོ་ག་དང་བཟླས་བརྗོད་སོགས་མ་མཐའ་ཡང་སྒྲ་དག་སྒྲོས་གཙང་བ་རེ་འགྲུབ་ངེས་བྱས་ན། སྐྱབས་གནས་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་རྒྱུ་འབྲས་བསླུ་བ་མེད་པའི་ནུས་མཐུ་དང་བྱང་ཆུབ་སེམས་ཀྱི་ཕན་ཡོན་ཚད་མེད་པ་རྣམས་ལ་བརྟེན་ནས། ནད་པ་དང་ཤི་པོ་གང་ཡིན་དེ་ལ་ཕན་ཐོགས་ངེས་ཤིང་། མིའི་སྟན་ཐོག་ནས་རང་གི་སྒྲིབ་པ་སྦྱོང་ཟེར་བ་ལྟར། རང་གཞན་གྱི་ཚོགས་གཉིས་མཉམ་དུ་རྫོགས། འབྲེལ་ཚད་ཐར་པའི་ལམ་ལ་འགོད་པ་ཡིན་པས་དེ་ལྟ་བུ་རེ་ལ་ཅི་ནས་ཀྱང་འབད་དགོས་སོ། །ལར་ད་ལྟའི་དུས་ན་བླ་མའམ་སེར་མོ་ཅུང་ཟད་བཟང་དུ་རེ་བ་རྒྱུ་འབྲས་ཀྱི་གནད་ཤེས་པ་རྣམས་ནི། རང་ཉིད་ལ་དཀོར་གྱི་ཉེས་དམིགས་ཙམ་ལ་འཇིགས་ནས་ནད་པ་དང་ཤི་པོ་སྡུག་ཐུག་པའི་སེམས་ཅན་དེ་ལ། བྱིན་རླབས་དང་བསྔོ་སྨོན་ཙམ་ཡང་མི་བྱེད་པར་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩ་བ་བཅད་དེ་ཕ་རོལ་པོ་བློས་གཏོང་། ཕལ་ཆེར་ནི་ཧ་ཅང་རང་འདོད་ཆེ་ཆེས་པས་སྦྱིན་བདག་གི་ཚོགས་གྲལ་དུ་འོང་། དེ་ཚང་ལ་དགོས་རྒྱུའི་འདོན་པ་དེ་མི་འདོན་པར། རང་གི་ཁ་ཏོན་ནག་ལྕིབས་ལྕིབས་ཤིག་བླངས་ཏེ་དེ་ཆགས་མི་ཉན་པའི་ཁུལ་གྱིས་འདོན་ཚུལ་བྱེད། དེ་ལྟ་བུའི་གང་ཟག་དེ་དག་སུ་ཡིན་ཡང་འདྲ་སྟེ་རང་དོན་གྱི་འདོན་པ་དང་བཟླས་བརྗོད་སོགས་ཅུང་ཟད་རེ་བྱེད་པ་དེ་ལ་གཟབ་གཟབ་ལྟ་བུ་རེ་བྱེད་ཅིང་། དེ་རང་གི་སྒྲིབ་སྦྱོང་ངམ་དཀོར་སྦྱོང་ཡིན་ཁུལ་བྱེད། སྦྱིན་བདག་གི་འདོན་པ་མང་ཚོགས་ཀྱི་གྲལ་དུ་བྱེད་པ་དེ་ལ་ནི་ཁ་ཡེངས་མིག་ཡེངས་ཁྲལ་རྒྱུག་མ་བྱེད། གང་བསྐྱབ་པར་བྱ་རྒྱུའི་སེམས་ཅན་ཤི་གསོན་སུ་ཡིན་ཡང་། དེའི་དོན་ནི་བློ་ལ་མི་འཆར་བ་དེ་རྣམས་ནི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩ་བ་ཆད་པ་ཡིན་པས། རྗེས་ནས་དཀོར་སྦྱོང་བྱས་ཀྱང་རང་འདོད་ཡིད་བྱེད་ཀྱི་བློ་ངན་དེས་དཀོར་སྒྲིབ་སྦྱོང་བ་ཡང་དཀའ། དང་པོ་ཉིད་ནས་དད་པ་དང་དག་སྣང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གཞི་བཅོལ། བསྐྱེད་རྫོགས་སོགས་ཅི་ཤེས་ཅི་ནུས་ལ་སྙིང་ཐག་པ་ནས་འབད། སྙིང་རྗེའི་ཡུལ་སེམས་ཅན་ལ་ཕན་འདོད་ཀྱི་ཀུན་སློང་དང་མ་བྲལ་བར་བྱས་ན། རང་གི་ཁྱིམ་ནས་བསྐྱེད་རྫོགས་བསྒོམས་ཏེ་བཟླས་བརྗོད་བྱས་པ་དང་། ཡོན་བདག་སོགས་གཞན་གྱི་ཁྱིམ་ནས་བསྐྱེད་རྫོགས་བསྒོམས་ཏེ་བཟླས་བརྗོད་བྱས་པ་ལ་ནི་ཁྱད་པར་སྤུ་ཙམ་ཡང་མེད་ཅིང་། ཐེག་ཆེན་བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་རྩ་ཞིག་སྒྲུབ་ཚེ་གང་ལྟར་ཡང་རང་འདོད་ཀྱི་བློ་དང་བྲལ་ཏེ། གཞན་དོན་ལ་དམིགས་དགོས་པ་ནི་འདྲ་འདྲ་ཡིན་པས་རང་གཞན་གཉིས་ཀའི་མགོ་མི་སྐོར་བ་དེ་ལྟ་བུ་རེ་ངེས་པར་དགོས་སོ། །དེ་ལྟར་སེམས་དམིགས་པ་ཏིང་འཛིན་གྱི་གནད་ལས་གཞན་དུ་མི་ཡེངས་ཤིང་ཐ་མལ་ངག་འཁྱལ་གྱི་སྨྲ་བ་དང་མ་འདྲེས་པར། དུས་གཅིག་ལ་ཡི་གེ་བརྒྱ་པ་ལན་བརྒྱ་རྩ་བརྒྱད་བཟླས་ན་སྔར་བྱས་ཀྱི་སྡིག་སྒྲིབ་དང་ཉམས་ཆག་ཐམས་ཅད་ངེས་པར་དག་པ་ཡིན་ཏེ། དཔེར་ན་ཁང་སྟོང་དུ་ལོ་སྟོང་གནས་པའི་མུན་པ་ཡང་མར་མེ་གཅིག་གིས་སྐད་ཅིག་ལ་སེལ་ནུས་པ་བཞིན། སེམས་ལ་ངོ་བོ་ཉིད་མེད་པར་སྤྲོས་བྲལ་ཡང་དག་པའི་བདེན་པ་ཤེས་དུས་བསྐལ་བ་གྲངས་མེད་པའི་སྡིག་པ་སྐད་ཅིག་མ་གཅིག་ལ་བྱང་བ་ཡིན་པས། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་འབྲེལ་བའི་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་ན་མི་འདག་པ་མེད་དེ། ཀླུ་སྒྲུབ་ཀྱིས། གང་ཞིག་སྔོན་ཆད་བག་མེད་གྱུར་བ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུ་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་པ་ལྟར་དེ་དག་གི་སྡིག་པ་ཚབས་པོ་ཆེ་བསགས་པའང་དག་པ་ཡིན། དེ་ཡང་འདོད་འདུན་ཆེ་བ་གཅུང་དགའ་བོ་དང་། ཞེ་སྡང་ཅན་སོར་མོའི་ཕྲེང་བ་ཅན་དང་། མཐོང་ལྡན་ཏེ་རྒྱལ་པོ་མ་སྐྱེས་དགྲས་སྡིག་གྲོགས་ལྷས་སྦྱིན་གྱི་དབང་གིས་ཆོས་ལྡན་གྱི་རྒྱལ་པོ་ཕ་གཟུགས་ཅན་སྙིང་པོ་བསད་པ་དང་། གཞན་གྱི་ཆུང་མ་ལ་འདོད་ལོག་སྤྱོད་པའི་བདེ་བྱེད་ཀྱིས་རང་གི་མ་ཡང་བསད་པའི་སྡིག་སྒྲིབ་ཅན་རྣམས་ཀྱིས་བཤགས་པ་བྱས་པས་སོར་ཆུད་པའི་ལོ་རྒྱུས་ཡོད་པ་དང་། དེ་ལྟར་བླ་མ་རྡོ་རྗེ་སེམས་དཔའི་ཞལ་གྱིས་བཞེས་པ་ཡིན་ཏེ། དྲི་མེད་བཤགས་རྒྱུད་ལས་ཀྱང་། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ། ཡི་གེ་བརྒྱ་པ་ཞེས་བྱ་བ་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་འདི་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་ན་ཉམས་ཆག་ཐམས་ཅད་བསྐངས་ཏེ། ངན་སོང་གསུམ་དུ་ལྟུང་པ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལའང་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་པར་གདོན་མི་ཟའོ། །ཞེས་གསུངས། དེ་བཞིན་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྒོར་ཞུགས་ནས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆག་ཆེ་ཆུང་གང་བྱུང་ཡང་། ཉིན་རེ་བཞིན་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམས་ནས་སྙིང་པོ་ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་བཟླས་ན། དེས་ལྟུང་བ་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། ལྟུང་བ་བྱུང་བའི་རྣམ་སྨིན་ངན་པ་གོང་དུ་འཕེལ་འགྲོ་རྒྱུ་མེད་པ་དང་། ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་བཟླས་ན་ལྟུང་བ་ཐམས་ཅད་རྩ་བ་ནས་དག་པར་སྙིང་པོ་རྒྱན་ལས་གསུངས་ཏེ། པད་དཀར་ཟླ་བའི་གདན་གནས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཏེ། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་རེ་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབས་འགྱུར་ཕྱིར། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །རྟག་པར་དུ་ནི་ཉམས་སུ་བླང་། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས། དེའི་ཕྱིར་ན་སྙིགས་མ་ལྔ་བདོ་བའི་ད་ལྟའི་དུས་འདིར་བོད་གངས་ཅན་གྱི་ཡུལ་འདི་ན་བླ་མ་སེར་མོ་མི་སྐྱ་ཕོ་མོ་ཡན་ཆད་གསང་སྔགས་ཀྱི་དཀྱིལ་འཁོར་རེ་ལས་དབང་རེ་ཐོབ་མ་མྱོང་བ་ནི་སུ་ཡང་མེད། དེས་ན་གསང་སྔགས་ཀྱི་སྒོར་མ་ཞུགས་པ་སུ་ཡང་མེད་པ་ཡིན་ལ། གསང་སྔགས་ཀྱི་སྒོར་ཞུགས་ཕྱིན་ཆད་ནི། དམ་ཚིག་མ་བསྲུངས་ན་མར་དམྱལ་བ་དང་། བསྲུངས་ན་ཡར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་གཉིས་པོ་དེ་ལས་འགྲོ་ས་གསུམ་པ་གཞན་མེད་པ་ཡིན་ཏེ། དཔེར་ན་སྦྲུལ་སྙུག་དོང་དུ་བཅུག་པ་ལྟ་བུར་གསུངས། སྦྲུལ་ཞིག་སྙུག་དོང་དུ་བཅུག་ན། ཡང་ན་དེ་ཡར་ཁ་དང་ཡང་ན་མར་ཞབས་གཉིས་ལས་འགྲོ་ས་མེད་པ་ལྟ་བུ་ཡིན། ཡོན་ཏན་མཛོད་ལས་ཀྱང་། སྔགས་ལ་ཞུགས་པའི་སྐྱེས་བུ་ངན་སོང་དང་། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །ཅེས་གསུངས། དེས་ན་གསང་སྔགས་ཀྱི་དམ་ཚིག་ནི། ཕྲ་ཞིང་ཞིབ་ཅིང་གྲངས་མང་ལ་དམ་ཚིག་དེ་དག་སྲུང་དཀའ་བ་ཡིན་པས། ཇོ་བོ་རྗེ་ལྷ་ཅིག་ལྟ་བུས་ཀྱང་། སྔགས་ལ་ཞུགས་པའི་དུས་ཉེས་པ་ཅར་རྒྱག་ཉར་རྒྱག་བྱུང་གསུངས་ན། ད་ལྟ་རང་རེ་གཉེན་པོ་ཆུང་བ། མི་བརྗེད་པའི་དྲན་པ་ཉམས་པ། བག་ཡོད་པའི་ཤེས་བཞིན་མེད་པ། ལྟུང་བའི་རྣམ་གྲངས་ལེགས་པར་མི་ཤེས་པ་རྣམས་ལ་ནི། བསྲུང་བྱ་མི་ཤེས་སྲུང་བ་རློམ་པ་མཚར། །གསུངས་པ་ལྟར། ལྟུང་བའི་རྣམ་གྲངས་ཆར་པ་བཞིན་འབབ་པར་གདོན་མི་ཟ་བས། ལྟུང་བ་དེ་དག་གི་གཉེན་པོར་དུས་དང་རྣམ་པ་ཉིན་མཚན་དུས་དྲུག་ཐམས་ཅད་དུ་རྡོར་སེམས་སྒོམ་བཟླས་འདི་ལ་ཡི་དམ་དུ་བཟུང་ནས་ཐ་ན་ཡང་ཉིན་རེར་ཡིག་བརྒྱ་ཉེར་གཅིག་རེ་མ་ཆག་པར་བྱེད་པ་ནི་ཤིན་ཏུ་གལ་ཆེའོ། །གལ་ཏེ་སྐྱེས་བུ་དམ་པ་རང་ངོས་ནས་བསྐྱེད་རྫོགས་ཀྱི་གནད་ལ་མཁས་པ། དྲན་པ་དང་ཤེས་བཞིན་གསལ་བ་སོགས་ལ་བརྟེན་དམ་ཚིག་ཉམས་པའི་སྐྱོན་མ་བྱུང་ཡང་། གཞན་རྩ་བའི་དམ་ཚིག་ཉམས་པ་དག་དང་གཏམ་བསྲེ་ཞིང་འདྲེས་པ་དང་འགྲོ་འདུག་སོགས་སྤྱོད་ལམ་གྱིས་འབྲེལ་བ། ཐ་ན་ལུང་པ་གཅིག་གི་ཆུ་ལ་མཉམ་དུ་བཏུང་བས་ཀྱང་ཟླས་ཉམས་ཏེ་གྲོགས་ཀྱིས་ཉམས་པ་དང་ཞོར་ཉམས་ཀྱི་ཉེས་པ་སྐྱེད་པ་ཡིན་པས་བཤགས་སྦྱོང་ལ་འབད་དགོས་ཏེ། རྒྱུད་ལས་ཀྱང་། ཉམས་ལ་འགྲོགས་ཤིང་ཉམས་པ་སྐོང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པ་དེ་དག་གི། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཞེས་གསུངས། དཔེར་ན་སྒྲུབ་པ་སྒྲུབ་ཆེན་ཞིག་གི་ཚོགས་གྲལ་གཅིག་ན་དམ་ཚིག་ཉམས་པའི་མི་གཅིག་ཡོད་ཀྱང་། དེའི་ཉམས་གྲིབ་ཀྱིས་ཐམས་ཅད་ལ་ཕོག་སྟེ་དམ་ལྡན་བརྒྱ་སྟོང་ཡོད་ཀྱང་སྒྲུབ་པའི་འབྲས་བུ་ཅུང་ཟད་ཀྱང་མི་འབྱིན་པ་འོ་མ་རུལ་པ་ཐིགས་པ་གཅིག་གིས་མ་རུལ་བ་ཟངས་གང་ཡང་རུལ་བར་བྱེད་པ་དང་། སྦལ་པ་རྨ་ཅན་གཅིག་གིས་སྦལ་བ་ཐམས་ཅད་རྨ་ཅན་དུ་བྱེད་པ་ལྟ་བུ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་འོ་མ་ཐིགས་པ་གཅིག །རུལ་བས་ཐམས་ཅད་རུལ་བ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་གསུངས། རང་རེ་སོ་སྐྱེས་རང་ག་མ་རྣམས་ཉམས་གྲིབ་ཀྱིས་གོས་པ་ལྟ་ཅི་སྨོས་དེར་མ་ཟད་བླ་མ་སྐྱེས་བུ་དམ་པ་གྲུབ་པ་ཐོབ་པ་ཞིག་ཡིན་ཡང་ཉམས་གྲིབ་ཀྱིས་མི་གོས་པ་ནི་སུ་ཡང་མེད་དེ། འགྲོ་མགོན་གླིང་རྗེ་རས་པ་ལྟ་བུ་ཡང་ཙཱ་རིའི་གནས་ནང་དུ་གནས་དག་པ་ཤེལ་རིའི་གནས་བདག་ཞིང་སྐྱོང་གི་མཁའ་འགྲོས་བར་ཆད་བརྩམས་ནས་ཉི་མའི་གུང་ལ་མུན་རུབ་སྟེ་གནམ་ལ་སྐར་མ་ཁྲ་ཀྱི་ལེར་འཆར་བའི་མུན་པ་བྱུང་ཡང་། ཁོང་ཐོགས་པ་མེད་པར་དམར་ནག་རཀྟའི་མཚོ་འགྲམ་དུ་ཕྱིན་ནས་རྡོ་རྗེའི་གླུ་བླངས་ཏེ་བྲོ་བརྡུངས་རྡོ་ལ་ཞབས་རྗེས་བཞག་པ་ད་ལྟ་ཡང་མཇལ་དུ་ཡོད་པ་དེ་ལྟ་བུའི་གྲུབ་ཐོབ་ཡིན་ཡང་། ཕྱིས་སློབ་མ་དམ་ཚིག་ཉམས་པ་ཞིག་མདུན་དུ་བྱུང་བས་ཉམས་གྲིབ་ཀྱིས་ཐུགས་མྱོས་ཏེ་གསུང་སྨྲ་མི་ཤེས་པར་གྱུར་པའི་ལོ་རྒྱུས་ཡོད། དེ་བཞིན་དུ་གྲུབ་ཐོག་ཨུ་རྒྱན་པའི་མགུར་ལས་ཀྱང་། གངས་ཅན་གྱི་སྤྲང་པོ་རིན་ཆེན་དཔལ། །དགྲ་ཉམས་གྲིབ་མིན་པས་ཐུབ་མ་མྱོང་། །གྲོགས་བླ་མ་མིན་པས་སྐྱོབ་མ་མྱོང་། །ཞེས་གསུངས། གྲུབ་ཐོབ་ཨུ་རྒྱན་པ་ནི། སྔོན་མདོ་སྨད་གཡའ་མོ་ཐང་དུ་བྱང་ཆུབ་གཞོན་ནུ་བྱ་བ་བྱུང་། དེ་སློབ་དཔོན་པདྨ་བོད་དུ་བྱོན་སྐབས་ཀྱི་དངོས་སློབ་དང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་མཆོད་གནས་སུ་གྱུར་པ་ཞིག་གོ། །དེའི་གདུང་རབ་མང་པོའི་མཐར། སྲས་དབོན་ཇོ་འཕན་གྱི་སྲས་སུ་ལྕགས་ཕོ་སྟག་གི་ལོར་འཁྲུངས་པར་མཚན་སེང་གེ་དཔལ་དུ་གསོལ། ཆོས་རྗེ་རིན་ཆེན་རྩེ་མོ་དང་རྗེ་རྒོད་ཚང་བ་སོགས་བླ་མར་བསྟེན་ནས་འཆད་རྩོད་རྩོམ་གསུམ་གྱི་གྲགས་པ་ཐོབ། རོ་གཅིག་གི་རྟོགས་པས་རྒྱུད་གྲོལ། རྒོད་ཚང་བ་ལ་ཤམྦྷ་ལ་རུ་དུས་འཁོར་ཞུ་རུ་འགྲོ་ཞུས་པས། རྒོད་ཚང་བས་ཁྱོད་ཤམྦྷ་ལར་ལས་འབྲེལ་མེད། ཁྱོད་ཨུ་རྒྱན་ཡུལ་དུ་ལས་འབྲེལ་ཡོད་པས་དེར་བྱོན་གསུངས། དེ་ནས་གངས་ཏི་སེ་དང་ཛ་ལནྡྷ་རར་བརྒྱུད་ནས་བྱོན་ཚེ་ལམ་བར་འཇིགས་པའི་འཕྲང་མང་པོ་སོགས་བརྟུལ་ཞུགས་ཀྱི་སྤྱོད་པས་ཟིལ་གྱིས་ནོན་ནས། ཨུ་རྒྱན་དྷུ་མ་ཐ་ལར་བྱོན། དེར་རྡོ་རྗེ་རྣལ་འབྱོར་མས་ཞལ་མཇལ་ནས་གདམས་པ་ཡང་གནང་། རྡོ་རྗེ་གསུམ་གྱི་དོན་ཇི་ལྟ་བ་ཐུགས་ལ་འཁྲུངས་པར་གསུངས་པའི་ལོ་རྒྱུས་ཅན་གྱི་བླ་མ་དེ་རེད། སྒྲུབ་བརྒྱུད་འབྲུག་པའི་བསྟན་པ་གནམ་དུ་འདེགས་པའི་དམ་པའི་སྐྱེས་ཆེན་ཞིག་ཡིན། དེས་ན་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་འདི་ནི་ཉམས་ན་ཉེས་པ་ཆེ་ཞིང་སྲུང་བར་ཡང་ཤིན་ཏུ་དཀའ་བས། རང་གིས་རང་རྒྱུད་ལ་མི་བརྟགས་བར་ང་དམ་ལྡན་ཡིན་ནོ་སྙམ་ནས་ང་རྒྱལ་བྱས་པས་ནི་ཅི་ཡང་མི་འོང་སྟེ། སྔགས་གཞུང་དག་ལས། སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ཁྱེར་སོ་དང་སྐད་ཅིག་མ་གཅིག་བྲལ་ཀྱང་། གསང་སྔགས་ཀྱི་དམ་ཚིག་ལས་འདས་པར་བཤད་པ་ཡང་ཡོད་པས། བསྲུང་དཀའ་ཞིང་རྒྱས་པར་དབྱེ་ན་ས་མ་ཡ་འབུམ་སྡེའི་གྲངས་སུ་གསུངས་པས་རྣམ་གྲངས་མང་བ་ས་སངས་རྒྱས་སྤྱན་མ་མཐོང་ན་དམ་ལྡན། ས་ལ་ས་རུ་མཐོང་ན་དམ་ཉམས་ལྟ་བུ་བཤད་ན་ཤིན་ཏུ་དཀའ་ལ་ཉམས་པའི་ཉེས་པ་ཡང་། རྒྱུད་ལས། རྡོ་རྗེ་སྲིན་པོས་སྙིང་ཁྲག་འཐུང་བ་དང་། །ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང་། །མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བར། །སྡུག་བསྔལ་མི་བཟད་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པས། ང་རང་ཉམས་མེད་སྙམ་དཀའ་སྟེ་གོང་དུ་བཤད་པའི་ཟླས་ཉམས་སོགས་ཀྱིས་ཉམས་ཆག་ཉེས་ལྟུང་འབྱུང་སླ་བ་ཡིན་པས། ས་འདི་ཕྱོགས་ལ་བསམ་ན་གཅིག་དགུ་ལྔ་བཅུ་ང་དགུ་ལོ་ཚོ་རང་དབང་མེད་པར་ཡིན་པས་ཆུང་ཆུང་རེད་བསམ་འདུག རང་གི་བློ་ལ་མངོན་པ་དང་མི་མངོན་པའི་ཉམས་ཆག་ཉེས་ལྟུང་ཐམས་ཅད་ཀྱི་གཉེན་པོར་དུས་དང་རྣམ་པ་ཐམས་ཅད་དུ་རྡོར་སེམས་སྒོམ་བཟླས་དང་ཡིག་བརྒྱའི་བཤགས་པ་བྱེད་པ་ལ་འབད་དགོས་ཏེ། སྔོན་གྱི་དམ་པ་དག་གི་ཞལ་ནས་ཀྱང་། དང་པོ་ནས་སྡིག་གིས་མ་གོས་པ་དང་། གལ་སྲིད་གོས་ན་བཤགས་པ་བྱེད་པ་གཙོ་ཆེ་བ་ཡིན་གསུངས། བཤགས་ན་འདག་པ་ཡང་གསང་སྡགས་ཀྱི་དམ་ཚིག་ཉམས་པ་འདི་སླ་བ་ཡིན་ཏེ། ཉན་ཐོས་ཀྱི་ལུགས་ལ་རྩ་ལྟུང་སྐོར་གཅིག་བྱུང་ན་ཤིང་ཏ་ལའི་མགོ་བོ་བཅད་པའམ་རྫ་བེའུ་ཆག་པ་དང་འདྲ་སྟེ་སླར་གསོ་རུང་བའི་ཐབས་མེད་པར་གསུངས། བྱང་སྡོམ་རིན་པོ་ཆེའི་ཉེར་སྤྱད་ཆག་པ་དང་འདྲ་སྟེ། དཔེར་ན་རིན་པོ་ཆེའི་ཉེར་སྤྱད་ཆག་ན་མགར་བ་མཁས་པ་ལ་བརྟེན་ནས་བཅོས་སུ་ཡོད་པ་ལྟར། གཞན་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་གསོ་རུང་བར་གསུངས། གསང་སྔགས་ཀྱི་སྡོམ་པ་ནི་རིན་པོ་ཆེའི་ཉེར་སྤྱད་ཅུང་ཟད་ཞོམ་པ་དང་འདྲ་སྟེ། ཉམས་པ་པོ་རང་ཉིད་ཀྱིས་ཀྱང་ལྷ་སྔགས་ཏིང་འཛིན་ལ་བརྟེན་ནས་སྟོབས་བཞི་ཚང་བའི་བཤགས་པ་བྱས་ཀྱང་ལྷག་མ་མེད་པར་དག་པར་གསུངས་པ་ཡིན། དེ་ཡང་དུས་ཡུན་རིང་པོ་མི་འགོར་བར་འཕྲལ་དང་འཕྲལ་དུ་བཤགས་ན་འདག་སླ་སྟེ། ཡུན་རིང་པོ་ལོན་ནས་ནི་ཉེས་པ་ཉིན་རེ་བཞིན་གོང་ནས་གོང་དུ་འཕེལ་བ་ཡིན་པས་བཤགས་ལྷག་པར་དཀའ་ཞིང་། ལོ་གསུམ་འདས་ན་གསོ་མི་རུང་བ་ཡིན། །ཅེས་པ་ལྟར། ལོ་གསུམ་འདས་ཕན་ཆད་བཤགས་པའི་ཡུལ་ལས་འདས་པས་དེའི་དུས་སུ་བཤགས་པ་བྱས་ཀྱང་མི་འདག་པར་གསུངས་སོ། །གཞན་ཡང་ངག་ནུས་དང་བྱིན་རླབས་ཀྱི་སྒོ་ནས་གཞན་གྱི་སྲུང་སྐྱོབ་བྱེད་པ་དང་། སད་སེར་དང་ནད་ཡམས་གཅོད་པ། ནད་པ་དང་མིའི་ཕྲུ་གུའི་ཆུང་སྲི་གཅོད་པ་ལ་སྲིའུ་གསོ་བ་ཟེར་བ་སོགས་རང་དོན་དང་གཞན་དོན་སྦྲེལ་མར་བྱེད་པ་རྣམས་ཀྱང་། ངག་ནུས་དང་བྱིན་རླབས་ཡོད་པར་བྱེད་པ་ལ། ངག་གི་སྒྲིབ་པ་དག་དགོས་ཤིང་། ངག་གི་སྒྲིབ་པ་མ་དག་ན་མི་ཕན་པ་དང་ངག་གི་སྒྲིབ་པ་དག་པར་བྱེད་པ་ལ་སྙིང་པོ་ཡི་གེ་བརྒྱ་པ་ལས་ལྷག་པ་གང་ཡང་མེད་པས། དུས་དང་རྣམ་པ་ཐམས་ཅད་དུ་ཡིག་བརྒྱའི་བཟླས་པ་ལ་འབད་པ་གལ་ཆེ་སྟེ། རྗེ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞལ་ནས་ཀྱང་། ཞལ་བཀྱལ་གྱི་ཚུལ་དུ། གཞན་ལ་སྲུང་སྐྱོབ་བྱེད་པ་དང་། གཤིན་གསོན་གྱི་དཀོར་ཟ་བ་རྣམས་ཀྱིས་དང་པོ་རང་གི་ངག་སྒྲིབ་སྦྱོང་བ་ལ་ཡིག་བརྒྱ་འབུམ་ཐེར་བརྒྱ་རེ་མ་ཐོན་པའི་ཐབས་མེད་ཅེས་གསུངས་ཏེ། རྗེའི་ཞལ་སློབ་ཏུ་གྱུར་པ་ལ། ཡིག་བརྒྱ་འབུམ་ཕྲག་ཉིས་བརྒྱ་རེ་དང་བརྒྱ་རེ་ཐུབ་པ་དུ་མ་ཡོད་ཅིང་། ཐ་མ་རྣམས་ཀྱང་ཡིག་བརྒྱ་འབུམ་ཕྲག་གཉིས་གསུམ་རེ་མ་སོང་བ་ནི་སུ་ཡང་མེད་པ་ལྟ་བུ་ཡིན་ནོ། །དེས་ན་བླ་མ་རྡོ་རྗེ་སེམས་དཔའ་ནི། རིགས་བརྒྱ་ཞི་ཁྲོའི་ལྷ་ཚོགས་རིགས་གཅིག་ཏུ་ཀུན་འདུས་རྡོ་རྗེ་སེམས་དཔའ་ལ་འདུས་པའི་རང་བཞིན། གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། ཡི་དམ་གྱི་ལྷ་ཞི་ཁྲོ་རབ་འབྱམས་བསམ་གྱིས་མི་ཁྱབ་པ་དག་ཀྱང་། རྡོ་རྗེ་སེམས་དཔའ་གཅིག་ལ་མ་འདུས་པ་མེད། ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་དུ་བསྒོམས་པས། བླ་མའི་རྣལ་འབྱོར་ཀྱང་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པ་ཞེས་ཤིན་ཏུ་ཟབ་པའི་མཐར་ཐུག་པ་ཡིན། སྔགས་ཀྱང་སྙིང་པོ་ཡི་གེ་བརྒྱ་པ་ལས་ལྷག་པ་མེད་ཚུལ་སྔར་བཤད་པ་ལྟར་ཡིན་པས། འདི་ལས་ཟབ་པའི་ཆོས་ནི་སྟོང་གསུམ་བསྐོར་ནས་བཙལ་ཀྱང་གང་ན་ཡང་མེད་པར་ཤེས་པར་བྱའོ། །ཕན་པའི་གདམས་ངག་ཐོས་ཀྱང་དོན་གྱི་ཉམས་ལེན་མ་ནུས་པ་ཚིག་གི་ཐོག་ཏུ་ལུས་སོང་། ཅུང་ཟད་ཅིག་ཉམས་སུ་བླངས་ཁུལ་བྱས་ཀྱང་རྣམ་པར་གཡེང་བ་བདུད་ཀྱི་བསླུ་ཁྲིད་ཀྱིས་བསླུས་ནས་འཁྲུལ་བས་འཁོར་བར་འཕྱན་པ། བདག་དང་བདག་འདྲར་འཁྲུལ་གཟུགས་ཅན་དུ་གྱུར་བའི་སེམས་ཅན་རྣམས། གསང་སྔགས་ཀྱི་ལམ་ལ་ཞུགས་ནས་བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་གྱིས་དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས་ཤིག་ཅེས་གསུངས། སྒྲིབ་པ་སྦྱོང་བ་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་དོ།། །།ཞེས་གསུངས་ཤིང་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་། །

མ༽ཉིན་བཅུ་དྲུག་པར་༼ཤ༽མཎྜལ་གྱི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽མཚམས་སྦྱོར་གྱི་གདམས་ངག

ཡང་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་དམ་པའི་ཆོས་ཟབ་མོ་ཉན་ཏེ། དེ་དག་གི་དོན་ཚུལ་བཞིན་དུ་བསྒྲུབ་པར་བྱའོ་སྙམ་པའི་ཀུན་སློང་དང་ལྡན་པའི་ངང་ནས་ཆོས་ཉན་དགོས། སྤྱིར་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་བསྒྲུབ་དགོས་ན་ཀུན་སློང་སྔོན་དུ་འགྲོ་དགོས། དོན་འདི་འགྲུབ་པའི་ཆེད་དུ་བྱ་བ་འདི་བྱེད་པ་ཡིན་མི་བསམ་པ་ཞིག་སྨྱོན་པ་འདྲ་མིན་ན་མེད་ལ། དེས་ན་འོ་ཅག་གིས་ཆོས་འཆད་ཉན་བྱེད་པ་འདི་ནི་མ་རྒན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་པའི་ཆེད་དུ་ཡིན། ཀུན་སློང་འདི་གཅིག་པུའི་ནང་དུ་དོན་ཆེན་གཉིས་མཉམ་དུ་འདུས་པ་ཞིག་ཡིན་ཏེ། མ་སེམས་ཅན་ཐམས་ཅད་སྡུག་བསྔལ་ཅན་གྱི་འཁོར་བར་འཁྱམས་ནས་ལམ་ལོག་མགོ་རྨོངས་སུ་གྱུར་བཞིན་ཡོད་པ་འདི་དག་ཐམས་ཅད་སྙིང་རེ་རྗེ་བསམ་པ་ནི་སྙིང་རྗེས་སེམས་ཅན་ལ་

དམིགས་པའི་ཟུར་རམ་དོན་དང་པོ་དེ་ཡིན། སེམས་ཅན་ཐམས་ཅད་ལ་འཕྲལ་གྱི་ཕན་པ་ཙམ་བྱུང་བས་མི་ཆོག་དུས་གཏན་གྱི་ཕན་པ་ཞིག་དགོས་ཏེ། དཔེར་ན་བཙོན་པ་ནག་ཅན་ཞིག་ཞག་པོ་བརྒྱའི་མཚམས་ནས་སྲོག་གི་ཆད་པ་གཅོད་རྒྱུར་ཐག་བཅད་ཟིན་ན། དེ་ལ་མ་བསད་ཚུན་ཆད་བརྡུང་རྡེག་མི་བྱེད་པ་ཙམ་གྱིས་མི་ཆོག་པར་སྲོག་གི་ཉེས་ཆད་དེ་གཏན་ནས་མེད་པའི་ཐབས་ཤིག་ཐོན་ན་ཕན་ཐོགས་ཤིན་ཏུ་ཆེ་བ་ལྟར། དེ་བཞིན་དུ་སེམས་ཅན་འདི་དག་ཐམས་ཅད་ཀྱིས་གནས་སྐབས་ལྷ་མིའི་གོ་འཕང་ཙམ་ཐོབ་པས་མི་ཕན་ཏེ། ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྣམས་ཀྱང་། །འཆི་བདག་བདུད་ལས་ཐར་བའི་ཐབས་མི་བསམ། །ཞེས་གསུངས་པ་ལྟར། ནམ་ཞིག་ངན་སོང་དུ་སླར་ལྷུང་སྲིད་པས་གཏན་གྱི་བདེ་བ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་སར་འགོད་དགོས་བསམ་པ་ནི་ཤེས་རབ་ཀྱི་རྫོགས་བྱང་ལ་དམིགས་པའི་ཟུར་རམ་དོན་གཉིས་པ་ཡིན། དེ་ལྟ་བུ་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་འདི། ཆེ་རུང་ཆུང་རུང་རྣམ་དཀར་དགེ་བའི་ལས་ཆུང་མཐའ་ནས་མ་ཎི་ཨོཾ་གཅིག་འདོན་པའམ་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ཤིག་ཞུས་ཏེ་ཐེག་པ་ཆེན་པོའི་ཆོས་ཤིག་སྒྲུབ་དགོས་ན་འདི་སྔོན་དུ་མ་སོང་ཐབས་མེད་ཅིག་རེད། དེས་ན་ཐོག་མར་ཀུན་སློང་འཆོས་རྒྱུ་འདི་གལ་ཆེ་ཞེས་ཆོས་ཁྲིད་མ་བཤད་ན་མིན་ཉིན་བཞིན་བཤད་ཁི་ཡོད། ཁྱད་པར་མར་ཤེས་དྲིན་དྲན་སོགས་ཀྱི་སྐོར་དང་། ཚད་མེད་བཞིའི་ཁྲིད་བཅས་ཟུར་དུ་བཤད་ནས་སེམས་བསྐྱེད་ཀྱི་སྐབས་སུ་དམིགས་ཀྱིས་བཀར་ནས་ཁྲིད་སྦྱོང་བྱས་ཡོད། འོན་ཀྱང་གོ་བ་གནད་དུ་ཕིགས་ནས། མན་ངག་ཐམས་ཅད་རང་ཐོག་ཏུ་ལེན་ཤེས་པ། ཚིག་གཅིག་མིན་མ་གོ་ཡང་དེ་རྒྱུད་ལ་འབྱོར་ཐབས་ཤིག་དང་། ཉམས་ལེན་གྱི་གནད་རྣམས་རྒྱུན་དུ་མི་འབྲལ་བ་གལ་ཆེ་བ་རེད། ཆོས་ནམ་དང་ནམ་དུ་ཞུས་པའི་དོན་བོ་རང་གི་རྒྱུད་འདི་སྔར་དང་མི་འདྲ་བའི་བཟང་སྐྱེད་ཅིག་ཐོན་དགོས། འདི་མ་ཐོན་ན་ཆོས་ཇི་ཙམ་ཞུས་ཀྱང་ཆོས་མ་ཞུས་པ་རྣམས་དང་འདྲ་འདྲ། རང་རྒྱུད་སྤུ་གང་གི་ཡར་སྐྱེད་མ་སོང་ན་ཆོས་ཞུས་དང་མ་ཞུས་འདྲ་འདྲ་སྟོང་ལོག་རེད། དེས་ན་ཆོས་ཞུ་བའི་ཐོག་མར་མ་སེམས་ཅན་ཐམས་ཅད་ཟེར་རྒྱུའི་སེམས་ཅན་ཐམས་ཅད་མ་རྒན་ཡིན་ལུགས་གསལ་པོ་ཞིག་ཤེས་དགོས་པ་གལ་ཆེན་ནང་གི་དོན་ཆེན་རེད། ཀ་ཁ་སུམ་ཅུ་མ་ཤེས་ན་བོད་ཡིག་སྦྱོང་ཐབས་མེད་པ་དང་གཅིག་ཡིན། དེས་ན་སེམས་ཅན་ཐམས་ཅད་སྤྱིར་མ་ཡིན་པར་ཤེས་པ་དང་། དེ་ཡང་ད་ལྟའི་སྐྱེ་ལུས་འདིའི་མ་དང་ཁྱད་མེད་ཡིན་པར་ཤེས་དགོས། ད་དུང་དེའི་སྔོན་ལ་མ་ཤེས་ཐབས་མེད་ལས་རྒྱུ་འབྲས་ཤེས་དགོས། གོང་དུ་ཁྲིད་སྦྱོང་བྱས་མ་ཐག་པའི་ལས་འབྲས་ཀྱི་རྣམ་བཞག་རྣམས་གཏན་ནས་བརྗེད་མི་ཉན། དེ་ཅིའི་ཕྱིར་ཞེ་ན་འཁོར་བ་ཐོག་མེད་ཡིན་པ་མ་ཤེས་ན་སེམས་ཅན་ཐམས་ཅད་མ་ཡིན་པ་མི་ཤེས། ལས་འབྲས་ཀྱི་རྣམ་བཞག་མ་ཤེས་ན་ལས་འབྲས་བསླུ་མེད་ལ་ཡིད་མི་ཆེས་པའི་སྐྱོན་འབྱུང་སྲིད། དེས་ན་ལས་རྒྱུ་འབྲས་ཀྱི་རྣམ་བཞག་གི་རྨང་གཞི་ཙམ་རེ་ཤེས་ནའང་རྒྱུ་མེད་ལས་འབྲས་བུ་མི་འབྱུང་བ་ཤེས་ཐུབ། དཔེར་ན་སྟོན་དུས་ལོ་ཐོག་བསྡུ་རྒྱུ་དེ་དཔྱིད་དུས་ས་བོན་བཏབ་པ་ལས་བྱུང་བ་ཡིན་པར་ཤེས་ཐུབ་པ་བཞིན། ད་ལྟ་བདེ་སྡུག་མྱོང་བཞིན་པ་འདི་སྐྱེ་བ་སྔོན་མར་ལས་དགེ་སྡིག་བསགས་པའི་རྣམ་སྨིན་ཡིན་པར་ཤེས་འོང་། དེ་ཤེས་ཚེ་རང་ཉིད་ཚེ་སྔོན་མ་དང་དེའི་སྔོན་མ་དེའི་ཡང་ཡང་སྔོན་ལ་སོགས་པ་ལ་བསམས་ནས་ཐུག་མེད་ཡིན་པར་ཤེས་འོང་། དེ་ཤེས་ན་རང་ཉིད་དང་འདྲ་བའི་སེམས་ཅན་ཐམས་ཅད་ལ་སྐྱེ་བའི་ཡ་མཐའ་ཐུག་མེད་ཡིན་པ་དཔོག་ཐུབ། འོ་ཅག་གིས་ཞིབ་ཏུ་དཔྱད་ན་ང་ཞེས་བཏགས་སའི་གཞི་ལུས་ངག་ཡིད་གསུམ་འདུས་པའི་བདག་ཉིད་ཅན་གྱི་ཕུང་པོ་ལྔ་པོ་འདི་ལ་བཏགས་པ་ཡིན། ལུས་ནི་ཕ་མའི་རྒྱུ་རྐྱེན་ལས་བྱུང་བ་དང་ངག་ཀྱང་དེ་ལ་བརྟེན་པ་ཞིག་ཡིན། སེམས་ཞེས་གསལ་ཞིང་རིག་པའི་ཆ་སྐད་ཅིག་མའི་རྒྱུན་འདི་ལ་ང་ཞེས་གཙོ་བོ་འཛིན། ད་ལྟའི་སེམས་འདི་གང་ལས་བྱུང་ན་སྔ་མའི་སེམས་ཀྱི་རྒྱུན་ལས་བྱུང་མི་ཟེར་ཐབས་མེད་ཡིན། དེས་ན་ལུས་རྟེན་འདིའི་སེམས་ཀྱང་སྐྱེ་བ་སྔོན་མའི་སེམས་ཀྱི་རྒྱུན་ལས་བྱུང་བ་རང་ཤུགས་ཀྱིས་གྲུབ། ཅིའི་ཕྱིར་ཞེ་ན། དཔེར་ན་ད་ལྟའི་སེམས་བཞིན་ཟེར་ཆོག འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྐྱེ་བ་གྲངས་མེད། ཤི་བ་ཡང་གྲངས་མེད་པའི་སྡུག་བསྔལ་མྱོང་ན་སྐྱེ་བ་ཐམས་ཅད་སྐྱེ་བ་རྣམ་པ་བཞི་ལ་བརྟེན་ནས་བྱུང་བ་འབའ་ཞིག་ཡིན། མངལ་སྐྱེས་དང་སྒོང་སྐྱེས་དྲོད་སྐྱེས་དང་རྫུས་སྐྱེས་བཞིའི་ནང་མ་འདུས་པའི་སྐྱེ་བ་ཞིག་མེད། དེ་ཡང་མངལ་སྐྱེས་དང་སྒོང་སྐྱེས་གཉིས་པོ་ཕ་མ་ལ་བརྟེན་ནས་སྐྱེ་བ་ཡིན་པས། སེམས་ཅན་ཐམས་ཅད་གཅིག་གིས་གཅིག་ཕ་མ་བྱས་མ་མྱོང་བ་ཞིག་ཡོད་པ་མ་རེད། ད་ལྟ་ལས་དང་པོ་བ་ཞིག་ལ་མཚོན་ན་སྙིང་རྗེ་སྒོམ་སླ་བའི་ཕྱིར་དུ་སེམས་ཅན་ཐམས་ཅད་དང་པོ་མ་ཤེས་པ་ནས་སྦྱོང་བ་ཡིན་མ་གཏོགས། དོན་དངོས་ཐོག་ནས་བཤད་ན་དགྲ་བྱས་པའང་གྲངས་ཀྱིས་མི་ཆོད་པ་ཡིན་ཏེ། སེམས་ཅན་གཅིག་གིས་གཅིག་ལ་དགྲ་བྱས་ནས་མགོ་བཅད་རེས་བྱས་པའི་མགོ་ཐམས་ཅད་ད་ལྟ་ཕྱོགས་གཅིག་ཏུ་སྤུངས་རྒྱུ་ཡོད་ན་རིའི་རྒྱལ་པོ་རི་རབ་བས་ཀྱང་མཐོ་ཞིང་ཚངས་པའི་འཇིག་རྟེན་ཡན་ལ་འགྲོ་ངེས་ཡིན། ཡང་ཕན་ཚུན་གཉེན་དུ་གྱུར་ནས་གཅིག་ཤི་ཚེ་གཅིག་གིས་སྡུག་བསྔལ་བྱས་ནས་ངུས་པའི་མཆི་མ་བསགས་ན་རྒྱ་མཚོའི་ཆུ་ལས་ཀྱང་མང་ངེས་ཞིག་ཡིན་པར་གསུངས། དེས་ན་ད་ལྟའི་དགྲ་བོ་སྙིང་གནག་ས་འདི་ཡང་སྐྱེ་བ་སྔོན་མའི་ཕ་མ་ཡིན་ངེས་པས་ཐམས་ཅད་ཕ་མ་ཡིན་པ་འདྲ་ན་ཕ་མ་བྱེད་སྔ་ཕྱི་ཙམ་ལ་ཁྱད་ཕྱེ་མི་རུང་། རང་གི་ན་ལོའི་ཨ་མ་དང་ད་ལོའི་ཨ་མ་གཉིས་གཅིག་ཡིན་པས་གདུང་ཞེན་ཆེ་ཆུང་བྱེད་མི་འོས་པ་བཞིན་ནོ། །དེས་ན་སྐྱེ་བ་སྔོན་མའི་མ་དང་ད་ལྟའི་མ་གཉིས་ཀ་མ་ཡིན་ལུགས་ཕྱོགས་ཀུན་ནས་འདྲ་བས་ཡུན་རིང་ཐུང་གིས་ཁྱད་པར་ཕྱེ་བ་ལ་རྒྱུ་མཚན་མེད། དྲིན་ཆེ་ཆུང་གི་ཕྱོགས་ནས་བསམས་ན་ལོ་སྔ་མའི་སྲོག་སྐྱབས་པའི་དྲིན་ཆེན་དང་ད་ལོའི་སྲོག་སྐྱབས་པའི་དྲིན་ཆེན་གཉིས་སྲོག་སྐྱབས་ལུགས་འདྲ་བ་ལྟར། དེ་བཞིན་དུ་སྐྱེ་བ་སྔོན་མའི་ཕ་མའི་དྲིན་དང་ད་ལྟའི་ཕ་མའི་དྲིན་གཉིས་གཅིག་ཡིན། དེ་གཉིས་མི་འདྲ་སྟེ་སྐྱེ་བ་སྔོན་མའི་ཕ་མའི་དྲིན་མི་དྲན་པའི་ཕྱིར་སྙམ་ན། མ་ཡི་དྲིན་མི་ཤེས་པ་ནི་ཚེ་འདིའི་ཕ་མ་ལའང་ཡོད་ཆོག་སྟེ་དཔེར་ན་དམག་འཁྲུགས་དུས་རོ་གསེང་ན་ལུས་སོང་བའི་བྱིས་པ་ཆུང་ངུ་ཕ་མ་སུ་ཡིན་མི་ཤེས་ནི་དེ་འདྲ་ཡོད་སྲིད་པས་ཕ་མ་དྲིན་ཆེན་མིན་པའི་སྒྲུབ་བྱེད་དུ་མི་འགྲོ། དེས་ན་ད་ལྟའི་སྐབས་སུ་དགྲ་གཉེན་བར་མར་གྱུར་བའི་སེམས་ཅན་ཐམས་ཅད་ད་ལྟའི་ཚེ་ལུས་འདིའི་ཕ་མ་བཞིན་དུ་སེམས་མ་སྙོམས་ཀྱི་བར་དུ་བསྒོམས་ནས་སེམས་ཅན་ཐམས་ཅད་མར་ཤེས་པ་ཞིག་འོང་དགོས། འདི་མ་སྐྱེས་ན་སྙིང་རྗེ་ཡང་དག་པ་ཞིག་རྒྱུད་ལ་སྐྱེ་མི་ཐུབ། སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ་གསུངས་པས། མགོ་རྒྱ་གར་སྐད་ནས་ཆོས་སྦྱོང་དུས་སྙིང་རྗེར་སྦྱོང་དགོས། སྙིང་རྗེ་དང་བྱམས་པ་ཕྱོགས་རིས་ཅན་རེད་ཤོར་ན་མི་འོས་པས་དང་པོ་བཏང་སྙོམས་ཚད་མེད་ནས་སྦྱངས་ཏེ་སེམས་ཅན་ཐམས་ཅད་སྙིང་རྗེའི་ཡུལ་དུ་སྙོམས་པར་དྲང་སྲོང་གི་མགྲོན་འགྱེད་པ་ལྟ་བུ་ཡིན་པས། དང་པོ་རང་ཉིད་ཀྱི་ཨ་མ་རྒན་མོ་ལྟ་བུ་ཞིག་ད་ལྟ་གསོད་སར་ཁྲིད་པའི་བློ་བཞག་སྟེ་བསྒོམ། དེ་ནས་རིམ་གྱིས་གཉེན་ཉེ་རིང་གྲོགས་དགའ་མཛའ། དེ་ནས་བར་མ་དེ་ནས་དགྲ་བོ་དང་བཅས་པ་ལ་བསྒོམ། མདོར་ན་བཏང་སྙོམས་ཚད་མེད་དང་སྙིང་རྗེ་ཚད་མེད་ལ་བློ་འབྱོངས་ནས་། མཐར་བྱམས་པ་དང་དགའ་བ་སྟེ་ཚད་མེད་བཞི་བསྒོམས་པ་སྔོན་དུ་སོང་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་བསྐྱེད་པ་ནི་སྔ་འགྱུར་རང་ལུགས་ཡིན། ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་ཁྲིད་སྲོལ་ལྟར། རྒྱུ་འབྲས་མན་ངག་བདུན་ལྡན་གྱིས་སྦྱོང་ན་ཡང་འདྲ་བ་ཡིན། དང་པོ་བཏང་སྙོམས་ཚད་མེད་ལ་བློ་སྦྱོང་། དེ་ནས་སེམས་ཅན་ཐམས་ཅད་ལ་མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་བཅོས་མིན་ཞིག་རྒྱུད་ལ་སྐྱེ་བ་དང་རྣམ་པ་བཞི། དེའི་ཐོག་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་སོགས་བསྒོམས་ནས། བདག་གཞན་མཉམ་བརྗེ་དང་བདག་པས་གཞན་གཅེས་དང་། བྱང་ཆུབ་འཇུག་པ་སེམས་བསྐྱེད་ཕར་ཕྱིན་དྲུག་ལ་འཇུག་པ་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་བསླབ་པ་ཡིན། མདོར་ན་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་ཆེན་པོ་བཞི་པོ་གང་ཡིན་ཡང་། དཔེར་ལམ་ཤར་ལྷོ་ནུབ་བྱང་གང་ནས་བརྒྱུད་ན་རང་ཕྱིན་སར་གཅིག་པ་ལྟར། མདོར་འབབ་ས་རྫོགས་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་དམིགས་ཡུལ་འདྲ་བ་ཡིན། འོ་ཅག་གིས་ད་རེས་ཀུན་བཟང་བླ་མའི་ཞལ་ལུང་གི་ཁྲིད་འདི་ལུང་ཞུས་པ་ལྟ་བུ་གོ་ལོ་དང་ཐོས་ལོ་བྱས་ནས་འཇོག་མི་ཉན། འདི་མན་ངག་གི་ཁྲིད་ཡིག་ཡིན་པས་གདམས་ངག་ལག་ཁྲིད་ཀྱི་སྐབས་སུ་ངེས་པར་ཁྲིད་སྦྱོང་ལ་ནན་གཟབ་བྱེད་པ་གལ་ཆེ། ཐུན་དང་ཐུན་མཚམས་ཕྱེ་ནས་བསྒོམ་དགོས་པས་ཐུན་མགོར་གསོལ་འདེབས་བླ་མའི་རྣལ་འབྱོར་དང་སྦྲགས་ནས་ཐུན་ནང་བསྒོམ་བྱ་བསགས་སྦྱོང་གི་གནད་གང་ཡིན་ཡང་དེ་དང་དེ་ལ་ཚུལ་བཞིན་རྒྱུད་ལ་སྐྱེ་བར་གསོལ་བ་གདབ། མོས་གུས་དང་དད་པ་སྙིང་ནས་བྱ། དམ་བཅའ་དང་བཅས་ཐུན་ལ་འཇུག་སྟེ། ཐུན་མཇུག་བསྔོ་བ་དང་སྨོན་ལམ་བྱེད་དགོས། ཐུན་རྗེས་ཧར་ལངས་མི་བྱེད་པར་ངས་ད་རེས་ཐུན་ཅི་ལྟ་བུ་རེད་སོང་སྙམ་ནས་རང་གི་རང་ལ་བརྩིས་ལེན་བྱེད་ཅིང་ཐུན་རྗེས་མར་དེ་བས་བཟང་ཞིག་བྱེད་དགོས་བསམ། ཐུན་མཚམས་ཀྱང་དྲན་ཤེས་དང་མ་བྲལ་བཞིན་དུ་བག་ཡོད་པས་སྤྱོད་ལམ་ལ་འཇུག རྒྱུན་དུ་འཁྲུལ་སྣང་འཁོར་བའི་བྱ་བཞག་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་ལྟ་བ་དང་། དགྲ་གཉེན་ཆགས་སྡང་ཐམས་ཅད་བྱིས་པའི་རྩེད་མོ་དང་འདྲ་བ་ཡིན་པ་ལ། རྒན་པོ་རྣམས་ཀྱིས་བྱིས་པའི་རྩེད་མོ་ལ་ཇི་མི་སྙམ་པ་བཞིན་དུ་སྣང་མེད་དུ་བཞག་ནས། མདོར་ན་བསམ་རྒྱུ་ཆོས་ལས་མེད་པ། སྐྱིད་སྡུག་གང་བྱུང་གི་བློ་སྣ་བླ་མར་གཏོད་པ་ཞིག་དགོས་པ་ནི་གདམས་པའི་སྙིང་པོ་གཅིག་ཡིན། སྐབས་སུ་བབས་པ་གང་ཞིག་གསན་པར་བྱ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ་འདི་ཉིད་འཆད་པ་ལ། ཐུན་མིན་ནང་གི་སྔོན་འགྲོའི་སྐབས་ལས་དེ་རིང་ཚོགས་བསགས་པ་མཎྜལ་གྱི་ཁྲིད་ཡིན་ཏེ། ཀུན་རྫོབ་སྣང་བའི་ཆོས་ཀུན་དོན་ལ་རང་བཞིན་མ་གྲུབ་པ་རྫུན་པར་ཤེས་ཀྱང་ཐབས་ཤེས་ཡ་མ་བྲལ་བའི་ཚོགས་གཉིས་རྒྱ་ཆེན་གསོག་ཅིང་། དོན་དམ་སྤྲོས་པ་དང་བྲལ་པའི་སྟོང་ཉིད་སྒོམ་མེད་འཛིན་བྲལ་རྟོགས་ཀྱང་རྟག་ཏུ་གཡེངས་བ་མེད་པར་མཉམ་པར་འཇོག ཚོགས་གཉིས་ཟུང་འཇུག་གི་ལམ་ནས་སྐུ་གཉིས་ཟུང་འཇུག་སྔ་ནས་མངོན་དུ་གྱུར་ཀྱང་ད་དུང་གདུལ་བྱའི་སྣང་ངོར་ལམ་ལ་འབད་པའི་བརྩོན་འགྲུས་གཞན་དོན་དུ་རྩོམ་པ་མི་འདོར་བ། མཚུངས་མེད་བླ་མ་དམ་པའི་ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་སྐབས་ཀྱི་ཕྱག་འཚལ་བ་དང་བཅས་ཏེ།

༼༡ཚོགས་བསགས་དགོས་པའི་རྒྱུ་མཚན།

དོན་བཞི་པ་ཚོགས་བསགས་པ་མཎྜལ་གྱི་ཁྲིད་ནི། གོང་དུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱིས་འགལ་རྐྱེན་སྡིག་སྒྲིབ་བཤགས་པས་མི་ཆོག ད་དུང་མཐུན་རྐྱེན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་དགོས། མདོ་ལམ་ནས་བསྐལ་ཆེན་གྲངས་མེད་གཅིག་གི་ཡུན་ལ་བསགས་སྦྱོང་བྱས་ནས་ད་གཟོད་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་དགོས་ན། སྔགས་ཀྱི་ལམ་ནི་བྱ་སླ་ཞིང་སྟབས་བདེ་བ་ཚོགས་བསགས་པའི་སྒོ་ཐམས་ཅད་འདུས་ཤིང་ཆོད་ཆེ་བ་བླ་མ་སྐུ་གསུམ་གྱི་ཞིང་ཁམས་སུ་མཎྜལ་འབུལ་བའི་ཁྲིད་ཡིན། མཎྜལ་ཞེས་པའི་སྒྲ་ལས་དྲངས་ན་དཀྱིལ་འཁོར་ལ་འཇུག དེ་ཡང་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་སྣང་མེད་ཡེ་ཤེས་ཀྱི་ཚོགས་གཉིས་མ་རྫོགས་ན། དག་པ་གཉིས་ལྡན་གྱི་སངས་རྒྱས་ཆོས་སྐུ་དང་གཟུགས་སྐུ་རྣམ་གཉིས་ཐོབ་པའི་ཐབས་མེད། འདི་རྒྱུ་འབྲས་བསྐྱེད་བྱ་སྐྱེད་བྱེད་མཚན་ཉིད་པ་མིན་ཡང་རྐྱེན་ལ་རྒྱུ་ཡི་མིང་གིས་བསྙད་དེ་བཏགས་པ་ཙམ་ཡིན། དེ་བཞིན་དུ་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་མ་རྫོགས་པར། གནས་ལུགས་སྟོང་པ་ཉིད་ཀྱི་དོན་མ་ནོར་བ་དེ་ཡང་རྒྱུད་ལ་སྐྱེ་མི་ནུས་ཏེ། མདོ་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་གསུངས། དེ་བཞིན་དུ་གཞན་ཡང་། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས། སྟོང་ཉིད་མངོན་དུ་རྟོགས་ནས་ཀྱང་། ད་དུང་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པར་ལམ་གོང་ནས་གོང་དུ་བགྲོད་དགོས་པས་ན། ཉན་རང་དང་བྱང་སེམས་གཉིས་ཚོགས་གཉིས་གསོག་ཚུལ་ལ་རྒྱུ་བསམ་པ་དང་སྦྱོར་བ་དམིགས་རྣམ་དང་། འབྲས་བུ་ཐོབ་བྱ་སྟེ་གསུམ་གྱི་ཁྱད་པར་ཡོད། ཉན་རང་གིས་སྣང་བཅས་བསོད་ནམས་ཚོགས་རང་ལམ་གྱི་བསླབ་གསུམ་ཉམས་སུ་བླངས་ནས་སྣང་མེད་ཡེ་ཤེས་ཀྱི་ཚོགས་གང་ཟག་གི་བདག་དང་ཆོས་ཀྱི་བདག་རགས་པ་གཟུང་བ་རང་བཞིན་མེད་པར་རྟོགས་པ་ཙམ་ཡིན་ཡང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པར་ཐེག་ཆེན་གྱི་ལམ་ལ་ཞུགས་དགོས། བྱང་ཆུབ་སེམས་དཔའི་ལམ་ནས་སྤྱིར་སྦྱིན་སོགས་ལྔ་ཐབས་སྤྱོད་པའི་ཕྱོགས་དང་། ཤེས་རབ་ཀྱི་ཕར་ཕྱིན་སྣང་མེད་ཡེ་ཤེས་ཀྱི་ཚོགས་བཤད་ཀྱང་དོན་གྱི་ཐོག་ནས་སྦྱིན་སོགས་རེ་རེ་བཞིན་དུ་ཐབས་སྣང་བའི་ཆ་ནས་བསོད་ནམས་ཀྱི་ཚོགས། ཤེས་རབ་སྟོང་པའི་ཆ་ནས་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཡིན། འོན་ཀྱང་ལས་དང་པོ་བས་ཚོགས་གཉིས་རེས་འཇོག་ལས་འོང་དཀའ་བས་གོང་ལྟར་ཡིན། འཕགས་པའི་ས་ཐོབ་ནས་བཟུང་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཕར་ཕྱིན་དྲུག་གི་རྣམ་པ་ཤར་བས་སྣང་བའི་ཕྱོགས་ཐམས་ཅད་བསོད་ནམས་ཀྱི་ཚོགས་དང་། འཁོར་གསུམ་འཛིན་པ་དང་བྲལ་བའི་ཆ་ནས་སྟོང་པའི་ཕྱོགས་ཡེ་ཤེས་ཀྱི་ཚོགས་སུ་བཞག་པ་ཡིན། དེ་བཞིན་དུ་མདོ་སྔགས་ཀྱི་རིམ་པས་ལམ་གོང་ནས་གོང་དུ་བགྲོད་ལུགས་ལ་ཁྱད་པར་ཡོད། དེས་ན་འབྲས་བུ་སྐུ་གཉིས་ཐོབ་པ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ལ་འབད་དགོས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ཆེན་པོ་ཏེེ་ལོ་པའི་ཞལ་ནས། ན་རོ་པ་ལ་བུ་ཞེས་བོས་ནས། སྣང་བ་རྟེན་གཡོའི་དངོས་པོ་འདི་རྟེན་ཅིང་འབྲེལ་བ་འབྱུང་བའི་དབང་གིས། སྣང་བ་འདི་དག་ཐམས་ཅད་དོན་སྐྱེ་བ་མེད་པ་སྐྱེ་འགག་གནས་གསུམ་དང་བྲལ་བར་མ་རྟོགས་བར། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་ཤིང་རྟའི་འཕང་ལོ་དང་འདྲ་བ་ཡིན་པ་ལ་དུས་ནམ་དུ་ཡང་འབྲལ་བར་མ་བྱེད་ཅིག་ནཱ་རོ་པ་ཞེས་དང་། རྣལ་འབྱོར་དབང་ཕྱུག་བིརྦ་པའི་དོ་ཧའམ་ཉམས་མགུར་ལས་ཀྱང་། ཀུན་རྫོབ་བསོད་ནམས་བསགས་པ་ལ་བརྟེན་ཏེ་སངས་རྒྱས་ཐོབ་པར་མི་རེ་བའི་གདིང་ཆེན་ལྡན་པར་གྱུར་བའི་སྐབས་ཡིན་ཡང་། དམིགས་བཅས་བསོད་ནམས་ཀྱི་ཚོགས་ཆེན་དེ་མི་གཅོག་པར་ཚོགས་གཉིས་ཟུང་འབྲེལ་དུ་བསགས་པ་ལ་ཅི་ནུས་འབད་པར་བྱ་དགོས། །ཞེས་གདམས་པ་དང་། མཉམ་མེད་དྭགས་པོ་རིན་པོ་ཆེའི་ཞལ་ནས་ཀྱང་། བསགས་སྦྱང་རང་སར་དག་སྟེ་ལྟ་དགོངས་མཐོན་པོ་གྱུར་ཀྱང་ཚོགས་ཆུང་ངུ་ནས་བསགས་དགོས་ཞེས་གསུངས། དེས་ན་ཚོགས་བསགས་པའི་ཐབས་ལ་བསམ་གྱིས་མི་ཁྱབ་པ་ཞིག་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་གདུལ་བྱའི་ཁམས་དབང་མོས་པ་དང་འཚམས་པ་གསུངས་པ་ཡིན་ཡང་། དེའི་ནང་ནས་ཐབས་མཆོག་དུ་གྱུར་པ་ནི་མཎྜལ་འབུལ་བ་འདི་ཡིན་ཞིང་། རྒྱུད་ལས། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཞིང་ཁམས་ཇི་སྙེད་ཡོད་པ་དེ་སྙེད་ཐམས་ཅད་ལ་ཞེས་སྒྲུབ་པའི་མཎྜལ་བསྟན། སྟོང་གསུམ་གྱི་སྟོང་ཆེན་པོའི་ཞིང་ཁམས་མ་ལུས་པ། ཐམས་ཅད་དུ་ལྷ་དང་མིའི་འདོད་པའི་ཡོན་ཏན་སྣ་ཚོགས་པས་བརྒྱན་པ་ཡི་ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས་བཅས་མཆོད་པ་བྱས་ན་མཐར་ཐུག་སངས་རྒྱས་ཡེ་ཤེས་སྐུ་བཞིའི་བདག་ཉིད་ཅན་རྫོགས་ཏེ་མངོན་དུ་གྱུར་བ་ཡིན་ཞེས་པ་ལྟར་དེ་ལ་མཎྜལ་འབུལ་བའི་དུས་སུ། ཆོས་བརྒྱུད་འདིའི་རང་ལུགས་ཀྱི་དམ་པ་གོང་མའི་ཕྱག་ལེན་ལ་སྒྲུབ་པའི་མཎྜལ་དང་མཆོད་པའིམཎྜལ་ཞེས་རྣམ་པ་གཉིས་སུ་དབྱེ་ཡོད། མཆོད་པ་འབུལ་བའི་ཚེ་སྤྱིར་དག་པར་རྣམ་པ་གསུམ་ཚང་དགོས། འབུལ་མཁན་གྱི་བསམ་པ་དག་པ་དང་གཅིག འབུལ་ཡུལ་གྱི་ཞིང་ས་དག་པ་དང་གཉིས། འབུལ་རྒྱུའི་དངོས་པོ་དག་པ་དང་གསུམ་ཡིན་ནོ། །བསམ་པ་དག་པ་ནི། ཚེ་འདིའི་འཇིགས་སྐྱོབས་དང་ལེགས་སྨོན་ཙམ་མ་ཡིན་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་བཟུང་བའི་ཕྱིར་དུ་ཡིན་པ། ཡུལ་དག་པ་ཕྱི་རོལ་བའི་སྟོན་པ་ལ་སོགས་པ་ལྟ་བུ་མ་ཡིན་པར་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། དངོས་པོ་དག་པ་རྒྱུ་བཟང་བ་སྤུས་གཙང་བ་བཀོད་ལེགས་པ་བཅས་མཆོད་དགོས་པས། དེ་ལ་མཎྜལ་གྱི་རྒྱུ་ནི། སྒྲུབ་པ་པོ་རང་གི་འབྱོར་པ་དང་བསྟུན་ནས་རབ་གསེར་དངུལ་ལ་སོགས་རིན་པོ་ཆེའི་མཎྜལ། འབྲིང་འཁར་བ་དང་ལི་ལ་སོགས་པ་རྒྱུ་དག་པ། མེད་ན་ཐ་ན་རྡོ་ལེབ་དང་ཤིང་ལེབ་ལ་སོགས་པའི་སྟེགས་འཇམ་པོས་ཀྱང་རུང་། དེ་ལ་འགོད་རྒྱུའི་ཚོམ་བུ་ནི། རབ་གཡུ། བྱི་རུ། མུ་མེན། མུ་ཏིག་ལ་སོགས་པ་རིན་པོ་ཆེ། འབྲིང་ཨ་རུ་ར། སྐྱུ་རུ་ར་ལ་སོགས་པའི་སྨན་གྱི་འབྲས་བུ་བཟང་པོ་དྲུག་སོགས། ཐ་མ་ཡིན་ཡང་ནས། འབྲས། གྲོ་སྲན་མ་ལ་སོགས་འབྲུའི་རིགས་བྱེད། ཡང་ཐ་ཡང་རྡོ་དང་གསེག་མ། བྱེ་མ་ལ་སོགས་པས་ཀྱང་དམིགས་པའི་རྟེན་ཙམ་རུང་སྟེ་གཙོ་བོ་བསམ་པ་དག་ཅིང་སེར་སྣ་མེད་པ་དགོས། མཎྜལ་གྱི་གཞི་དང་འགོད་རྒྱུའི་དངོས་པོ་བཟང་ངན་གང་ལྟར་ཡང་མཎྜལ་གྱི་གཞི་དེ་བྱི་དོར་ལེགས་པར་བྱས་ལ།

༼༢མཎྜལ་འབུལ་བ་དངོས།

དང་པོ་སྒྲུབ་པའི་མཎྜལ་ཚོམ་བུ་ཕྱོགས་བཞི་དབུས་དང་ལྔར་བཀོད། དེའི་དབུས་ཀྱི་ཚོམ་བུ་དེ་སངས་རྒྱས་རྣམ་པར་སྣང་མཛད་ལ་བུདྡྷ་འམ་སངས་རྒྱས་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཚོམ་བུ་དེ་སངས་རྒྱས་རྡོ་རྗེ་མི་བསྐྱོད་པ་ལ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ལྷོའི་ཚོམ་བུ་དེ་སངས་རྒྱས་རིན་ཆེན་འབྱུང་ལྡན་ལ་རིན་ཆེན་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ནུབ་ཀྱི་ཚོམ་བུ་དེ་སངས་རྒྱས་སྣང་བ་མཐའ་ཡས་ལ་པདྨ་རིགས་ཀྱི་ལྟ་ཚོགས་ཀྱིས་བསྐོར་བ། བྱང་གི་ཚོམ་བུ་དེ་སངས་རྒྱས་དོན་ཡོད་གྲུབ་པ་ལ་ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བར་བསམ། ཡང་ན་དབུས་ཀྱི་ཚོམ་བུ་དེ་རྩ་བའི་བླ་མ་དང་ཨོ་རྒྱན་ཆེན་པོ་དབྱེར་མེད་པ་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་ཐོ་བརྩེགས་སུ་བཞུགས་པ། མདུན་གྱི་ཚོམ་བུ་དེ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བ། གཡས་ཀྱི་ཚོམ་བུ་དེ་འཇམ་དབྱངས་ཕྱག་ན་རྡོ་རྗེ་ལ་སོགས་པ་ཉེ་བའི་སྲས་ཆེན་བརྒྱད་ལ་བྱང་སེམས་འཕགས་པའི་དགེ་འདུན་གྱི་བསྐོར་བ། གཡོན་གྱི་ཚོམ་བུ་དེ་ཉན་ཐོས་མཆོག་གཉིས་ལ་ཉན་རང་འཕགས་པའི་དགེ་འདུན་གྱིས་བསྐོར་བ། རྒྱབ་ཀྱི་ཚོམ་བུ་དེ་འོད་ཀྱི་དྲྭ་མིག་གི་ཀློང་ན་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པར་བཞུགས་པ་སྟེ། སྐྱབས་འགྲོའི་ཚོགས་ཞིང་ལྟར་གསལ་གདབ། གང་ལྟར་ཡང་སྒྲུབ་པའི་མཎྜལ་དེ་མཆོད་སྟེགས་ལ་སོགས་པར་དགོད། འབྱོར་ན་མཆོད་པ་སྣ་ལྔ་སོགས་ཀྱིས་བསྐོར། སྐུ་རྟེན་དུ་སྟོན་པ་ཐུབ་པའི་དབང་པོ་དང་གསུང་རྟེན་མདོ་སྡུད་པ་དང་གསང་སྙིང་རྩ་བ་དང་། ཐུགས་རྟེན་བཀའ་གདམས་མཆོད་རྟེན་ལ་སོགས་པ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དེ་དག་དགོས་པའི་ཞལ་རྒྱུན་ཡོད། དེ་རྣམས་གྱི་མདུན་ནས་འབུལ་བའམ། ཤིན་ཏུ་སྤྲོས་པ་ཆུང་བའམ་འབྱོར་བ་དམན་ནས་མ་འབྱོར་ཞིང་སྟབས་མ་བདེ་ན་སྒྲུབ་པའི་མཎྜལ་མེད་ཀྱང་རུང་། གང་ལྟ་ཡང་ཚོགས་ཞིང་ཡིད་ཀྱིས་གསལ་གདབ། དེ་ནས་སྟན་ལ་བདེ་བར་འདུག་སྟེ་མཆོད་པའི་མཎྜལ་གྱི་གཞི་དེ་ལག་པ་གཡོན་གྱིས་བཟུང་། གཡས་ཀྱི་མཁྲིག་མ་ལ་ཤེས་རབ་བསྐྱེད་པའི་རྩ་ཡོད་ཅིང་ཤེས་རབ་སྐྱེ་བའི་དགོས་པ་ཡོད་པས་ཡུན་རིང་གཡས་བསྐོར་ལན་གསུམ། གཡོན་བསྐོར་ལན་གསུམ་གསུངས་པས་ཕྱི་བཞིན་དུ་ཡིད་ཚོགས་ཞིང་སོགས་ལ་དམིགས་པ་ལས་མ་ཡེངས་པའི་སྒོ་ནས་ཡན་ལག་བདུན་པ་སོགས་བྱ། དེ་ཡང་གཞི་ཆོས་དབྱིངས་སྐྱེ་བ་མེད་པའི་མཎྜལ་ལ། གཞི་སྣང་མ་རིག་པའི་དྲི་མ་ཐམས་ཅད་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཕྱིས་ཤིང་དག་པར་བསམ་ནས་ཕྱི་དགོས་གསུངས། ངག་ཏུ་འདོན་བྱ་འབུམ་ལྔ་གསོག་སྐབས་སམ་རྒྱུན་གྱི་ཐུན་བཞི་སོགས་ཀྱི་སྐབས་ཐུན་རེ་བཞིན་སྔོན་འགྲོའི་ངག་འདོན་རྒྱས་པར་ཚར་རེ་འདོན་དགོས་པ་དཔལ་སྤྲུལ་རིན་པོ་ཆེའི་ཕྱག་ལེན་ཡིན། ཡང་ན་ཐོར་ཐུན་ལ་རྒྱས་པར་འདོན་ནས་ཐུན་རྗེས་མ་རྣམས་ལ་བསྡུས་པ་རེ་འདོན་པར་བྱེད་ཀྱང་ཆོག ཡང་ཡིག་བརྒྱ་ལ་སོགས་པ་གསོག་སྐབས་གོང་གི་སྐྱབས་འགྲོ་སོགས་ཅི་རིགས་རེ་བསྒོམ་དགོས་གསུངས། དེ་ཡང་མཎྜལ་ལ་མ་དག་པ་ཞིག་ཕྱི་རྒྱུ་ཡོད་པ་ཁོ་ནའི་དོན་གྱིས་བྱི་དོར་བྱེད་པ་མིན། རང་རྒྱུད་སྒྲིབ་གཉིས་ཀྱི་དྲི་མ་འདག་པའི་ཆེད་དུ། སྒྲིབ་སྦྱོང་དུ་དཀའ་ཚེགས་ཀྱི་སྒོ་ནས་མཎྜལ་ལ་བྱི་དོར་བྱེད་པ་ཡིན་པས་ན། སྔོན་གྱི་བཀའ་གདམས་པ་ཆེན་པོ་དག་གི་ཕྱག་གི་མཁྲིག་མའི་མདུན་ངོས་ཀྱིས་མཎྜལ་ཕྱིས་པས་བརྡོལ་ནས་རྨར་སོང་བའི་ཚེ། ཟུར་ངོས་ཀྱིས་ཕྱིས་ཤིང་། དེ་ཡང་བརྡོལ་བའི་ཚེ་རྒྱབ་ངོས་ཀྱིས་ཕྱིས་པ་སོགས་ཀྱི་ལོ་རྒྱུས་ཡོད་པ་ཡིན། དེས་ན་མཎྜལ་གྱི་གཞི་ལ་བྱི་དོར་བྱེད་པའི་ཚེ་ཡང་སྣམ་རས་སོགས་གཞན་གྱིས་མི་ཕྱི་བར། ལག་པའི་མཁྲིག་མ་ཁོ་ནས་ཕྱི་བ་སོགས་སྔོན་གྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དག་གི་ཕྱག་སྲོལ་ཡིན་པས་དེ་ལྟར་བྱ། དེ་ནས་ཚོམ་བུ་འགོད་པའི་ཚེ། མཎྜལ་སོ་བདུན་མ་འདི་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་མཛད་པ་སྟེ། འཇུག་པ་བདེ་བས་གསར་རྙིང་རིས་མེད་ལ་ཡོངས་གྲགས་སུ་ཁྱབ་ཆེ་བས། སྐབས་འདིར་ཡང་དང་པོ་དེ་ལྟར་ཐེངས་རེ་དབུལ་བའི་ཕྱག་སྲོལ་ཡོད་པས་དེ་ལྟར་བྱ། གཞན་དུ་གསར་རྙིང་གང་ལ་ཡང་རང་རང་སོ་སོའི་ལུགས་ཀྱི་མཎྜལ་འབུལ་ཐབས་དུ་མ་ཡོད་ཅིང་། ཁྱད་པར་རྙིང་མའི་གཏེར་ཁ་རེ་རེ་ལ་ཡང་མཎྜལ་རེ་དང་། ཀློང་ཆེན་སྙིང་ཐིག་གི་རང་ལུགས་འདིར། དེ་ཡང་ཕྱི་སྤྲུལ་སྐུའི་མཎྜལ་མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་སྤྲུལ་སྐུའི་ལྷ་ཚོགས་ལ་འབུལ་བ་དང་། ནང་ལོངས་སྐུའི་མཎྜལ་རང་གི་ལུས་རྡོ་རྗེ་ཕུང་པོའི་རྩ་ཐིག་རླུང་གསུམ་ཡེ་ཤེས་ཀྱི་རང་བཞིན་དག་པ་ཅན་གྱི་མཎྜལ་ལོངས་སྐུའི་ལྷ་ཚོགས་ལ་འབུལ་བའམ། ཡང་ན་པགས་པ་དབང་ཆེན་གསེར་གྱི་ས་གཞི། ཁྲག་དྲི་བཟང་གི་ཆག་ཆག ཡན་ལག་བཞི་གླིང་བཞི། ཉིང་ལག་རྣམས་གླིང་ཕྲན། མིག་གཉིས་ཉི་ཟླ། དབང་ཡུལ་གཞན་རྣམས་མཆོད་པའི་ལྷ་མོ་སོགས་སུ་དམིགས་ནས་ལོངས་སྐུའི་ལྷ་ཚོགས་ལ་འབུལ་བ་དང་། གསང་བ་ཆོས་སྐུའི་མཎྜལ་ཀ་དག་གདོད་མའི་གཞི་ལ་ལྷུན་གྲུབ་སྣང་བ་བཞི་པོ་ཚོམ་བུའི་ཚུལ་དུ་བཀོད་དེ་ཆོས་སྐུའི་ལྷ་ཚོགས་ལ་འབུལ་བ་སོགས་སྐུ་གསུམ་གྱི་མཎྜལ་རྒྱས་པར་འབུལ་བའི་ཆོ་ག་ཀུན་མཁྱེན་ཆེན་པོའི་ཞལ་གསུང་མ་སྙིང་ཐིག་མ་བུ་རྣམས་ན་དུ་མ་ཡོད་པ་ལྟར་ཡིན་པས་གང་ལྟར་དབུལ་ཡང་ཆོག མ་ཟད་སློབ་དཔོན་སངས་རྒྱས་གསང་བས་བཞེད་པ་ཚོམ་བུ་བཅུ་གསུམ་མ་དང་། ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱིས་ཚོམ་བུ་བཅུ་བདུན་མ་དང་། སློབ་དཔོན་འཇམ་དཔལ་གྲགས་པས་བཞེད་པ་ཚོམ་བུ་ཉེར་གསུམ་མ་དང་། དེའི་སྟེང་དུས་འཁོར་ལས་སྒྲ་གཅན་དང་དུས་མེ་གཉིས་སྣོན་པས་ཉེར་ལྔའང་ཡོད། སོ་བདུན་མ་ལྟར་འབུལ་བའི་ཚེ། དང་པོ། ཨོཾ་བཛྲ་བྷཱུ་མི་སོགས་ཀྱི་ཚེ། མཎྜལ་ལག་གཡོན་གྱིས་བཟུང་བཞིན་པ་ལ། སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་རྒྱུད་བརླན་པའི་བརྡ་རུ་གཡས་པས་མཐེབ་སྲིན་གྱིས་བ་བྱུང་ལྔ་དང་དྲི་བཟང་གི་ཆུས་ཆག་ཆག་གདབ། བ་བྱུང་ལྔ་ནི། དགོན་པའི་རྩྭ་ཟོས་གཙང་མ་ཡི། །བ་ཡི་མར་དང་འོ་མ་ཞོ། །བཤང་བ་གཅིན་དང་བཅས་པ་ལ། །བ་བྱུང་ལྔ་ཞེས་རྒྱལ་བས་གསུངས། །ཞེས་སོ། དེ་ནས་གཡས་པའི་མཐེབ་སྲིན་གྱིས་མེ་ཏོག་གི་ཚོམ་བུ་ཞིག་བཟུང་སྟེ། ཨོཾ་བཛྲ་རེ་ཁེ་སོགས་ཀྱི་སྔགས་ཚིག་དང་སྦྲགས་ནས། མཎྜལ་གྱི་གཞི་ལ་གཡས་སུ་བསྐོར་ཞིང་མཐར་དབུས་སུ་ཧཱུྃ་ཞེས་བརྗོད་པ་དང་མཉམ་དུ་བཞག་པས་བགེགས་བསལ་བར་བསམ་ཞིང་། བཟོས་པའི་ལྕགས་རི་འགོད་རྒྱུ་ཡོད་ན་ཡང་སྐབས་འདིར་འོག་མ་དགོད། དེ་ནས་རི་ཡི་རྒྱལ་པོ་རི་རབ་ཅེས་བརྗོད་པའི་ཚེ། མཎྜལ་དེའི་སྟེང་དུ་འབྱུང་བ་རིམ་བརྩེགས་དཀྱིལ་འཁོར་གྱི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་རྒྱ་ཁྱོན་ཚད་ལས་འདས་པ་དང་རིའི་རྒྱལ་པོ་རི་རབ་ཀྱི་རྣམ་པ་ཡང་གསལ་བཏབ་ནས་དབུས་སུ་མཎྜལ་གྱི་ཚོམ་བུ་ཆེ་བ་གཅིག་དགོད། དེ་ནས་ཤར་ལུས་འཕགས་པོ་ལ་སོགས་པ་གླིང་བཞི་འགོད་པའི་ཚེ། ཤར་རང་ཕྱོགས་སམ་ཡང་ན་འབུལ་ཡུལ་གྱི་ཕྱོགས་གཉིས་གང་བྱས་ཀྱང་འདྲ་བས་ཁྱད་མེད། གང་ལྟར་ཡང་ཤར་ནས་རིམ་པས་གཡས་སྐོར་གྱིས་དགོད་པའི་ཚེ། དམིགས་པ་ཤར་ལུས་འཕགས་པོ་གླིང་དབྱིབས་ཟླ་གམ་ཆུ་ཤེལ་གྱི་རང་བཞིན་ཅན། ལྷོ་འཛམ་བུའི་གླིང་དབྱིབས་སོག་ཁ་བེེཌཱུརྱའི་རང་བཞིན་ཅན། ནུབ་བ་ལང་སྤྱོད་ཟླུམ་པོ་པདྨ་རཱ་གའི་རང་བཞིན་ཅན། བྱང་སྒྲ་མི་སྙན་གྲུ་བཞི་གསེར་གྱི་རང་བཞིན་ཅན་དུ་བསྒོམ། ལུས་དང་ལུས་འཕགས་སོགས་གླིང་སོ་སོའི་དབྱིངས་དང་མཐུན་པའི་རང་མདོག་ཅན་གྱི་གླིང་གཡོག་དགོད་པའི་ཚེ། གླིང་རང་རང་གི་ནུབ་དང་ཤར་དུ་གླིང་གཡོག་གཉིས་རེ་རིམ་པ་ལྟར་དགོད། དེ་ནས་རིན་པོ་ཆེའི་རི་བོ་ཤར། རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་དཔག་བསམ་གྱི་ལྗོན་ཤིང་དགོས་འདོད་ཐམས་ཅད་འབྱུང་བའི་རང་བཞིན་ཅན་དེ་ཉིད་ལྷོ། དམར་སེར་གཟུགས་བཟང་ཞིང་ལྟ་ན་སྡུག་པའི་འདོད་འཇོའི་བ་ནུབ། རོ་བཅུད་ཕུན་སུམ་ཚོགས་པའི་མ་སྨོས་པའི་ལོ་ཏོག་བྱང་དུ་དགོད་ལྕགས་རི་གཞན་རྣམས་ཀྱང་རིམ་པར་དགོད། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་དབང་བའི་རྒྱལ་སྲིད་བདུན་ཏེ་འཛམ་བུའི་ཆུ་གསེར་ལས་གྲུབ་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། ནོར་བུ་རིན་ཆེན་བཻཌཱུརྱ་ཟུར་བརྒྱད་པ་དཔག་ཚད་བརྒྱ་རུ་འོད་ཀྱིས་ཁྱབ་ཅིང་ཅི་འདོད་འབྱུང་བ། བཙུན་མོ་རིན་ཆེན་གཟུགས་མཛེས་ཤིང་བལྟ་ན་སྡུག་པ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་ཡོན་ཏན་བརྒྱད་དང་ལྡན་པ། བློན་པོ་རིན་ཆེན་གཟི་བྱིན་བཟོད་པར་དཀའ་བ་རྒྱལ་པོའི་ཐུགས་ཀྱི་གང་འདོད་ཐམས་ཅད་སྐད་ཅིག་གིས་བསྒྲུབ་ནུས་པ། གླང་པོ་རིན་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་ནོར་བུའི་དྲ་བས་གཡོགས་པ། རྟ་མཆོག་རིན་ཆེན་སྤུ་མདོག་བྱ་རྨ་བྱའི་མགྲིན་པ་ལྟར་མཛེས་ཤིང་འཛམ་གླིང་ཉིན་གཅིག་བསྐོར་ནུས་པའི་བང་འགྲོས་མགྱོགས་པ། དམག་དཔོན་རིན་ཆེན་སྙིང་སྟོབས་ཆེ་ཞིང་སྒྱུ་རྩལ་ལ་མཁས་པ་དཔུང་ཚོགས་ཡན་ལག་བཞི་དང་ལྡན་པ། ཁ་དོག་མཐིང་ག་དགོས་འདོད་ཐམས་ཅད་འབྱུང་བའི་རང་བཞིན་ཅན་གྱི་གཏེར་ཆེན་པོའི་བུམ་པ་དང་བརྒྱད་རིམ་པས་ཕྱོགས་བཞི་དང་མཚམས་བཞིར་བཀོད། དེ་ནས་སྒེག་མོ་ལ་སོགས་པའི་ཕྱི་སྒེག་བཞི་ཕྱོགས་བཞི་དང་། མེ་ཏོག་མ་ལ་སོགས་པའི་ནང་སྒེག་བཞི་སྟེ་མཆོད་པའི་ལྷ་མོ་རྣམས་ཀྱང་རང་རང་གི་ཕྱག་མཚན་མཆོད་རྫས་ཐོགས་པ་བསྒོམ་ཏེ་མཚམས་བཞིར་དགོད། དེ་ནས་མེ་ཤེལ་ལས་གྲུབ་པའི་ཉི་མ་ཤར། ཆུ་ཤེལ་ལས་གྲུབ་པའི་ཟླ་བ་ནུབ། རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ལྷོ། ལྷ་རྫས་ལས་གྲུབ་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲང་ཞིང་ལྡེམ་པ་བྱང་དུ་བཀོད་ལ། དེ་ནས་ལྷ་དང་མི་ཡི་ལོངས་སྤྱོད་མ་ཚང་བ་མེད་པ་ཞེས་པའི་ཚེ། དེ་དག་གི་སྟེང་དུ་གོ་མཚམས་མེད་པར་སྤུངས་ནས་ཏོག་དང་རྒྱན་ལ་སོགས་པ་ཅི་ཡོད་ན་བཞག འདི་ཉིད་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། ཞེས་བརྗོད་དོ། །འདི་སྐབས་སུ་ཁ་ཅིག་གིས་མ་ཚང་བ་མེད་པ། ཚང་ཞིང་ཡིད་དུ་འོང་བ་འདི་ཉིད་ཟེར་བ་ཡོད་ཀྱང་དེ་ནི་གཞུང་ན་མེད་པས་ལྷག་པ་ཡིན་ཞེས་རྗེ་བླ་མས་གསུངས་པས་མ་འདོན་ཡང་ཆོག འདི་དག་གི་དམིགས་རིམ་རྣམས་རྗེ་བླ་མས་ཞལ་ཁྲིད་མཛད་དུས་འདི་ཙམ་ལས་གསུང་སྲོལ་མེད་པས་འདིར་ཡང་དེ་ལྟར་བྱས་ནས་མ་བྲིས་པ་ཡིན་ལ། འོན་ཀྱང་ཁྲིད་ཡིག་རྩ་བར་དགོངས་འདུས་རྣམ་བཤད་ལས་འཇིགས་གླིང་གིས་གསུངས་པ་ལ་ཞལ་འཕང་མཛད་པ་ལྟར་གོང་དུ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི་ཚུལ་རྒྱས་པར་ཞིབ་ཏུ་ཤེས་པར་འདོད་པ་དག་གིས་དེར་བལྟ་བར་བྱའོ། །མཎྜལ་འབུལ་ཚེ་དང་པོ་སོ་བདུན་མས་རྒྱས་པར་བཤམས་པ་ལྟར་ལག་པས་བཏེགས་ནས་སྐུ་གསུམ་གྱི་མཎྜལ་དམིགས་པ་དང་སྦྲགས་ཏེ་འདོན་པས་ཆོག་པ་ལས་སླར་བཤམས་མི་དགོས་པ་ནི་བླ་མའི་ཕྱག་ལེན་ཡིན་ནོ། །དེ་ནས་སྐུ་གསུམ་གྱི་མཎྜལ། སྙིང་ཐིག་རང་གཞུང་ལྟར་འབུལ་བ་ལ། དང་པོ་ཐུན་མོང་སྤྲུལ་སྐུའི་མཎྜལ། རྣམ་པར་སྣང་མཛད་གངས་ཅན་འཚོའི་དབུས་གཙུག་ཏོར་ནས་ཕྱག་མཉམ་བཞག་ལྷུང་བཟེད་ཀྱི་བར་ལ་མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་བཅུ་གསུམ་པ་ཐུགས་ཀའི་ཐད་ཀྱི་པདྨའི་ཟེའུ་ཕྲུམ་ཕྲུམ་གཅིག་གི་དབུས་ན་མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་སྟེ་དུང་ཕྱུར་བཅུ་ཡོད། སྔར་ཚོམ་བུ་བཀོད་པའི་སྐབས་བཤད་པ་དེ་ལྟ་བུའི་མཐོ་རིས་མིའི་གླིང་བཞི་གླིང་ཕྲན་བདུན་དང་བཅས་པ། མཐོ་རིས་ལྷའི་གནས་ནི་འདོད་ལྷའི་གནས་དྲུག རྒྱལ་ཆེན་རིགས་བཞི་ནི། རི་རབ་ཀྱི་བང་རིམ་བཞི་པ་མན་དང་ཉི་ཟླ་གཟའ་སྐར་གྱི་གནས་སོགས་ན་གཙོ་བོ་ཆགས་ཡོད། རི་རབ་ཀྱི་སྟེང་ན་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ཉེ་དབང་སོ་གཉིས་ཀྱི་མཁར། ལྷའི་དབང་པོ་རྒྱལ་བྱིན་གྱི་ཕོ་བྲང་རྣམ་རྒྱལ་ཁང་བཟང་ལ་སོགས་དང་། དེ་སྟེང་ནམ་མཁའ་ལ་བརྟེན་པའི་གནས་བཞི་ཡོད་དེ། འཐབ་བྲལ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་བཞི་པོ་ཡིན། འདོད་ཁམས་ལས་གྱེན་དུ་འཕགས་པའི་ནམ་མཁའ་ན་གཟུགས་ཁམས་གནས་རིས་བཅུ་བདུན་དང་། དེ་དག་ལས་འདས་པའི་གོང་རོལ་ན་འོག་མིན་རྣམ་མཛེས་ཆེན་པོ་ཡོད། གཟུགས་མེད་པའི་རིས་ལ་དངོས་སྣང་གཟུགས་སུ་གྲུབ་པར་མེད་པ་ཡིན། དེ་དག་ལས་གླིང་བཞི་རི་རབ་ཚངས་རིས་ཀྱི་ལྷ་གནས་དང་བཅས་པ་དེ་གཅིག་ལ་བརྩིས་ནས། དེ་འདྲ་སྟོང་སོང་བའི་ཚེ། སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་བྱ། དེའི་མཐར་ན་ལྕགས་རི་ལྷ་འཐབ་བྲལ་དང་མཉམ་པ་གཅིག་གིས་བསྐོར་ཡོད། སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ན། གླིང་བཞི་པའི་འཇིག་རྟེན་སྟོང་ཡོད་པ་དེ་གཅིག་ལ་བརྩིས་ནས། དེ་འདྲ་བའི་སྤྱི་ཕུད་ཀྱི་འཇིག་རྟེན་སྟོང་སོང་བའི་ཚེ། སྟོང་གཉིས་པ་བར་མའི་འཇིག་རྟེན་ཞེས་བྱ། དེའི་མཐར་ན་བསམ་གཏན་དང་པོའི་ལྷ་གནས་དང་མཐོ་ཚད་མཉམ་པའི་ལྕགས་རི་གཅིག་གིས་བསྐོར་ཡོད། སྟོང་གཉིས་པ་བར་མའི་འཇིག་རྟེན་དེ་གཅིག་ལ་བརྩིས་ནས། དེ་འདྲ་བ་སྟོང་སོང་བའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ། དེའི་མཐར་ན་བསམ་གཏན་བཞི་བའི་ལྷ་གནས་དང་མཐོ་ཚད་མཉམ་པའི་ལྕགས་རི་གཅིག་གིས་བསྐོར་ཡོད། དེ་ན་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་པ་ནི། སངས་རྒྱས་སྤྲུལ་པའི་སྐུ་གཅིག་གི་གདུལ་ཞིང་ཡིན་ཏེ། དཔེར་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་མི་འཇེད་འཇིག་རྟེན་གྱི་ཁམས་ཞེས་པ་ལྟ་བུ་ཡིན། དེས་མཚོན་ནས་གངས་ཅན་མཚོ་རིགས་ལྔའམ་རིགས་ཆུང་གི་དབྱེ་ན་ཉི་ཤུ་རྩ་ལྔ་པོ་དེ་དག་མདུན་གྱི་པདྨ་རྣམས་ཀྱི་ཟེའུ་འབྲུ་དང་འདབ་མའི་རྡུལ་ཕྲན་རེ་རེ་རྙེད་ན་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་མ་འདྲེས་པར་སྣང་བ་ཡིན་ཏེ། སྐྲ་རྩེའི་ཁྱོན་ཙམ་གྱི་ཆ་ལ་ཡང་རྡུལ་རྙེད་ཀྱི་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་སྣང་བ་དང་། དེས་མཚོན་ནས་སྐུའི་བ་སྤུའི་ཁུང་བུ་རེ་རེ་ནས་སྤོས་ཆུའི་རྡུལ་ཕྲ་རབ་རེ་རེ་ལ་ཡང་ཞིང་ཁམས་རྒྱ་མཚོ་ལྟ་བུར་བཀོད་པ་ཡོད་པས། དེ་ལྟ་བུའི་ཞིང་ཁམས་གྲངས་མེད་བསམ་གྱིས་མི་ཁྱབ་པ་དག་ན་ལྷ་དང་མི་ཡི་ཡོ་བྱད་དམ་པ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བློ་ཡིས་བླངས་ནས། དེའི་སྟེང་དུ་རང་གི་ལུས་ལོངས་སྤྱོད། ཚེ་བསོད་ནམས། ཁ་རྗེ་དབང་ཐང་། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་བདེ་སྐྱིད་བདེ་བའི་དངོས་པོ་དང་བཅས་པ། གཅེས་དགུ་ཕོངས་དགུ་ཐམས་ཅད་མ་ལུས་ལུས་པ་མེད་པ་སྤུངས་ཏེ་ཆགས་པ་དང་ཞེན་པའི་སེར་སྣའི་དྲི་མ་ཏིལ་འབྲི་ཙམ་ཡང་མེད་པར་བླ་མ་སྤྲུལ་སྐུའི་ལྷ་ཚོགས་ལ་འབུལ་བ་ནི་ཐུན་མོང་སྣང་ཚུལ་སྤྲུལ་སྐུའི་མཎྜལ། དེའི་སྟེང་དུ་མ་དག་པ་སྤྲུལ་སྐུའི་ཞིང་ཁམས་ཐམས་ཅད་ཀྱི་གནས་ཚུལ་དག་པ་ལོངས་སྐུའི་ཞིང་ཁམས་ངེས་པ་ལྔ་དང་ལྡན་པའི་རང་བཞིན་ཡིན་ཏེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པ་སོགས་ཡེ་ཤེས་རིན་པོ་ཆེ་རང་སྣང་བའི་ཞིང་ཁམས་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་ཞིང་ཁམས་ན། སྟོན་པ་ངེས་པ་དབུས་ན་རྣམ་པར་སྣང་མཛད་གངས་ཅན་མཚོ། ཤར་ན་རྡོ་རྗེ་སེམས་དཔའ་གངས་ཆེན་མཚོ། ལྷོ་ན་རིན་ཆེན་འབྱུང་ལྡན་གངས་ཆེན་མཚོ། ནུབ་སྣང་བ་མཐའ་ཡས་གངས་ཆེན་མཚོ། བྱང་དོན་ཡོད་གྲུབ་པ་གངས་ཆེན་མཚོ་སྟེ་རིགས་ལྔའམ། ཡང་རིགས་ཆུང་གིས་དབྱེ་ན། དབུས་ན་སྐུ་ཡི་རིགས་ལྔ། ཤར་ན་རྡོ་རྗེའི་རིགས་ལྔ། ལྷོ་ན་ཡོན་ཏན་རིགས་ལྔ། ནུབ་ན་པདྨའི་རིགས་ལྔ། བྱང་ན་ལས་ཀྱི་རིགས་ལྔ་སྟེ་ཉི་ཤུ་རྩ་ལྔ། དེ་དག་ཐམས་ཅད་ཀྱང་འཁོར་ངེས་པ་ས་བཅུའི་སེམས་དཔའ། ཆོས་ངེས་པ་ཐེག་པ་ཆེན་པོ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོའི་རང་བཞིན་ཅན། དེ་ལྟ་བུ་བཀོད་པ་ཆེན་པོ་ལྔའི་ཞིང་ཁམས་ན་ཞིང་གི་བཀོད་པ་དང་གཞལ་མེད་ཁང་གི་གཞི་དང་རྒྱ་དང་རྒྱན་དང་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་། སྒེག་པ་མ་དང་གླུ་མ་སོགས་འདོད་ཡོན་གྱི་ལྷ་མོ་སྤྲིན་འཁྲིགས་པ་ལྟ་བུའི་མཆོད་རྫས་གྲངས་མེད་པས་བརྒྱན་པ་རང་ཉིད་ཀྱི་བློས་དཔག་ཏུ་མེད་པ་དག་སྤྲུལ་ནས། བླ་མ་ལོངས་སྐུའི་ལྷ་ཚོགས་ལ་འབུལ་བ་ནི། ཐུན་མིན་གནས་ཚུལ་ལོངས་སྐུའི་མཎྜལ། དེ་ལྟར་མ་དག་པར་སྣང་བའི་སྤྲུལ་སྐུའི་མཎྜལ་དང་། དག་པར་སྣང་བ་ལོངས་སྐུའི་མཎྜལ་གཉིས་པོ་དེ་ལ་ཁྱབ་བྱེད་ཆོས་སྐུའི་མཎྜལ་ཏེ། དེ་ཡང་ཆོས་ཀྱི་སྐུ་འཁོར་འདས་གང་དུ་ཡང་རྒྱ་མ་ཆད། ཡོད་མེད་ཀྱི་མཐའ་གང་དུ་ཡང་མ་ལྷུངས་པས་ཆོས་དབྱིངས་སྐྱེ་བ་མེད་པ་མཎྜལ་གྱི་གཞིའི་ཚུལ་དུ་བཞག་ནས། མ་དག་འཁོར་བའི་ཆོས་དང་དག་པ་ལམ་དང་མྱང་འདས་ཀྱི་ཆོས་ཐམས་ཅད་དང་། ཁྱད་པར་ཆོས་ཉིད་མངོན་སུམ་ཉམས་འཕེལ་རིག་པ་ཚད་ཕེབས་ཆོས་ཉིད་ཟད་པ་སྟེ་ལྷུན་གྲུབ་སྣང་བ་བཞི་ལ་སོགས་པ་དང་། དེའི་སྟེང་རང་གི་སེམས་ཉིད་སྐྱེ་བ་མེད་པ་ལས་རྩལ་འགགས་མེད་དུ་ཤར་བའི་རྟོག་ཚོགས་མ་སྤངས་ཡེ་ཤེས་སུ་གང་ཤར་བར་ཐམས་ཅད་ཚོམ་བུའི་ཚུལ་དུ་མ་བཀོད་ཡེ་རྫོགས་སུ་གནས་པ་ཐམས་ཅད་བློས་བླངས་ནས་བཀོད་དེ། བླ་མ་ཆོས་སྐུའི་ལྷ་ཚོགས་ལ་འབུལ་བ་ནི། ཁྱད་པར་ཁྱབ་བྱེད་ཆོས་སྐུའི་མཎྜལ་ཡིན་པས། དེ་ལྟ་བུའི་དམིགས་གནད་ཁོང་དུ་ཆུད་པའི་ངང་ནས། མོས་གུས་ཀྱི་གདུང་བ་དང་བཅས་བཞིན་རྒྱས་སྤྲོས་བྱས་ན་སྐུ་གསུམ་གྱི་མཎྜལ་བཀོད་ལུགས་ཟུར་དུ་ཡོད་པ་ལྟར་བྱེད་ཀྱང་འགལ་བ་མེད། གང་ལྟར་ཡང་ཚིག་དོན་རྣམས་ཡིད་ལ་དྲན་དགོས་པས་ཨོཾ་ཨཱཿཧཱུཾ། སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་། །སོགས་བརྗོད། ཐོག་མར་ཨོྃ་ཨཱཿཧཱུྃ་ཞེས་སྐུ་གསུམ་མཚོན་བྱེད་ཀྱི་ཡིག་འབྲུས་སྣ་དྲངས་ཏེ། དང་པོ་སྤྲུལ་སྐུའི་མཎྜལ་ནི། གླིང་བཞི་རི་རབ་ལྷ་གནས་དང་བཅས་པའི་སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཞིང་ན་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་པའི་རྟགས་རྫས་བརྒྱད་ལ་སོགས་པ་ལྷ་མིའི་ཡོ་བྱད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པས་ཡོངས་སུ་གཏམས་ཤིང་གང་བ་དང་། བྱེ་བྲག་ཏུ་བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ལྟོས་མེད་དུ་ཡོངས་སུ་འབུལ་བར་ཡིན་གྱི། དམ་པའི་ཆོས་ཀྱི་འཁོར་ལོས་འགྲོ་བ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་སྒྱུར་བའི་རྒྱལ་སྲིད་དམ་པ་སྤྲུལ་བའི་སྐུ་ཐོབ་པར་ཤོག་བསམ་དགོས། གཉིས་པ་ལོངས་སྐུའི་མཎྜལ་ནི། འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་ཁམས་ན་ངེས་པ་ལྔ་དང་ཁ་སྦྱོར་ཡན་ལག་བདུན་ལྡན་རིགས་ལྔའི་ཚོམ་བུའི་རྣམ་པ་ཅན་ལ། སྒེག་པ་མ་ལ་སོགས་འདོད་ཡོན་གྱི་ལྷ་མོ་གྲངས་མེད་པས་མཆོད་པའི་སྤྲིན་ཕུང་བསམ་གྱི་མི་ཁྱབ་ཅིང་མཐའ་ཡས་པ་ཐོགས་པ་ཕུལ་བས་ལྷུན་གྲུབ་ལོངས་སྐུའི་ཞིང་ཁམས་ལ་སྤྱོད་པར་ཤོག་ཅིག་ཅེས་བསམ། གསུམ་པ་ཆོས་སྐུའི་མཎྜལ་ནི། གོང་གི་ལོངས་སྐུའི་མཎྜལ་དེའི་སྟེང་གི་དབྱིངས་ལ་ཁྱད་པར་ཆོས་སྐུའི་མཎྜལ་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ཉིད་སེམས་ཀྱི་ཆོས་ཉིད་དུ་གདོད་ནས་གཞོན་ནུ་བུམ་སྐུའི་ཚུལ་དུ་བཞུགས་པ་ཡིན་པ་ལ། དེ་ལྟར་སྣང་སྲིད་རྣམ་པར་དག་པ་གཞོན་ནུ་བུམ་པའི་སྐུ་ཡི་གཞི་དེ་ལ། ཐུགས་རྗེ་མ་འགག་འོད་གསལ་གྱི་སྣང་ཆ་ཆོས་ཉིད་རོལ་བའི་རྒྱན་དུ་ཤར་བའི་སྐུ་དང་ཐིག་ལེའི་འཛིན་པ་རྣམ་པར་དག་པའི་ཞིང་སྐུ་ཕོ་བྲང་གསུམ་གྱི་སྣང་ཆ་ཚོམ་བུའི་ཚུལ་དུ་ཕུལ་བས་ན། ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག་ཅིགཅེས་སྨོན་ལམ་འདེབས་པ་བཅས་པས་ཚིག་རྗེས་དོན་དྲན་དགོས། གྲངས་གསོག་པའི་ཚེ་ལག་གཡོན་གྱིས་མཎྜལ་དང་པོ་ཕུལ་བ་ལྟར་བཟུང་ནས། གཡས་ཀྱིས་མཎྜལ་ཚར་རེ་བཞིན་ཚོམ་བུ་རེ་དབུལ་ཞིང་གསག དེ་ལྟར་བྱས་པས་ལག་པ་གཡོན་པ་ཤིན་ཏུ་ན་སྟེ་མཎྜལ་གཏན་ནས་བཟུང་མི་ནུས་པ་ལྟ་བུར་མ་གྱུར་གྱི་བར་དུ་སྙིང་རུས་བསྐྱེད་དེ། མཎྜལ་ལག་པས་བཏེག་ནས་བཟུང་། དེ་ཡང་ཆོས་ལ་དཀའ་སྤྱད་དང་སྙིང་རུས་བྱེད་ཟེར་བ་དེ་ཟ་མ་ཟ་རྒྱུ་མེད་པ་ཙམ་ཁོ་ན་ལ་མི་ཟེར་ཏེ། དུས་དང་གནས་སྐབས་ཐམས་ཅད་དུ་ཆོས་ཕྱིར་བསྒྲུབ་པར་དཀའ་བ་ཐམས་ཅད་ལ་སྙིང་རུས་བྱས་ནས་ཉམས་སུ་ལེན་པ་དེ་ཡིན་པས་ན། འདི་ཙམ་གྱི་དཀའ་སྤྱད་ལ་བརྟེན་པས་ཀྱང་བཟོད་པ་དང་བརྩོན་འགྲུས་ལ་བརྟེན་ནས་ཚོགས་རྫོགས་སྟོབས་ཆེན་བ་ཡིན་པས་དེ་ལྟར་འབད་དེ་ཉམས་སུ་བླང་། མཎྜལ་གྱི་གཞི་དེ་ཉིད་ཅིས་ཀྱང་བཟུང་མི་ནུས་པ་ན་མདུན་སྟེགས་ལ་སོགས་པའི་སྟེང་དུ་བཞག་སྟེ། ཚོམ་བུ་དབུལ་བཞིན་གྲངས་གསོག་ཅེས་གསུངས་པས་སྐུ་གསུམ་གྱི་མཎྜལ་སྟོང་གསུམ་མ་ཕུལ་བའི་ཕྱག་བཞེས་རྒྱས་པར་ཡོད་པ་ཡང་སེམས། ཇ་སྐབས་ལ་སོགས་པར་མཚམས་ཐམས་ཅད་དུ་སྔར་དབུལ་བའི་བཀོད་པ་དེ་བསྡུས་ནས། ཚོམ་བུ་སོ་བདུན་མ་སྔར་ལྟར་དབུལ་ཞིང་གྲངས་གསོག་པ་སོགས་བྱ་དགོས་ཀྱི་སླ་ཆོས་མི་རུང་། དེ་ལྟ་བུའི་སྒོ་ནས་མཎྜལ་འབུམ་ཕྲག་གཅིག་འགྲོ་ངེས་བྱ་དགོས་ལ། སྐབས་འགར་སྐུ་གསུམ་གྱི་མཎྜལ་རྒྱས་པར་འབུལ་མི་ནུས་པ་དག་གིས། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས། མཎྜལ་ཚོམ་བུ་བདུན་མ་ཁོ་ན་ཕུལ་ཀྱང་ཆོག འོ་ན་སྐུ་གསུམ་གྱི་མཎྜལ་ཕུལ་དགོས་པས་འདི་སྤྲུལ་སྐུའི་མཎྜལ་རྐྱང་པ་མ་ཡིན་ནམ་སྙམ་ན། སྐྱོན་མེད་དེ་སྤྲུལ་སྐུ་ལའང་སྐུ་གསུམ་ཡེ་རྗོགས་སུ་གནས་ཤིང་སྐུ་གསུམ་གྱི་བདག་ཉིད་ཅན་ཡིན་པས་ན་རུང་བ་ཡིན་པའི་ཞལ་རྒྱུན་ཡོད། སངས་རྒྱས་ཞིང་ལ་དམིགས་ཏེ་ཕུལ་བ་ཡིས་གསུངས་ན་སངས་རྒྱས་སྐུ་གསུམ་འདུས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། ཁོ་བོའི་བླ་མའི་ཕྱག་ལེན་ལྟར་བྱས་ན་དང་པོ་མཎྜལ་སོ་བདུན་མ་ཞིག་འགོ་ནས་བཤམས། དེར་ལག་པ་གཉིས་ཀས་བཏེག་བཞིན་སྐུ་གསུམ་མཎྜལ་ཡང་དམིགས་པ་དང་སྦྲགས་ཏེ་འདོན། དེ་ནས་ས་གཞི་སྤོས་ཆུས་མ་གསོག་ཚེ་མཎྜལ་མར་བཤིག་ནས་ལྕགས་རི་དང་ཏོག་སོགས་ཟུར་དུ་བཞག་ནས་གཡོན་པས་མཎྜལ་གྱི་གཞི་དེ་བཟུང་། གཡས་པས་ཚོམ་བུ་བདུན་མ་འདོན་པ་དང་སྦྲགས་ནས་བླུག་དགོས། ཐེངས་རེ་བཞིན་ལག་པའི་འཁྲིག་མས་ཕྱི་བཞིན་ཕུལ་ནས་ཕྲེང་བ་ཡང་གཅད། ཐུན་མཚམས་ཉེ་བ་ན་སྐུ་གསུམ་མཎྜལ་འདོན་བཞིན་ལྕགས་རི་ཏོག་བཅས་ཚར་གཅིག་བཤམས། ཡང་ཐུན་རྗེས་མའི་འགོ་ལེན་དུས་སོ་བདུན་མ་བཤམས་པ་སོགས་སྔར་བཞིན་མཛད། ཁོ་བོའི་བླ་མ་ནི་མཁན་པོ་གཞན་དགའ་སང་གི་ཉེ་གནས་ཡིན་པས་རྒྱ་བོ་ཕུ་ལ་ལོ་མང་པོར་མཉམ་དུ་དཔལ་སྤྲུལ་དང་ལུང་རྟོགས་གཉིས་ལྟར་བཞུགས་ཤིང་། གནས་དེ་ནས་འབུམ་ལྔ་ཚར་མང་པོ་ཞིག་བསགས་མྱོངས་པར་གསུངས། ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ང་དྲུག་ལོ་ང་ལོ་བཅུ་གསུམ་ཡིན་ལྷ་སའི་ཇོ་བོའི་མདུན་ནས་ཁོ་བོའི་བཀའ་དྲིན་སུམ་ལྡན་གྱི་བླ་མ་མཁན་ཆེན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་སང་དང་། རྫོགས་ཆེན་རིན་པོ་ཆེ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། རྫོགས་ཆེན་འབྲུག་པ་སྐུ་ཆེན་ཁོང་རྣམ་པ་གསུམ་གྱིས་ཇོ་བོའི་མདུན་དུ་མཎྜལ་འབུམ་ཐེར་གསོག་སྐབས་ཀྱང་དེ་བཞིན་མཛད་ནས་མཚམས་རེ་ཇོ་བོ་ཞལ་ལ་ཡང་དང་ཡང་དུ་མཇལ་བཞིན་བཞུགས་དར། ངས་ཀྱང་དེའི་སྐབས་ཕྱག་འཚལ་ནས་ཁྲི་བདུན་ལྷག་གསོག་ཐུབ་པ་བྱུང་། གང་ལྟར་ཡང་དང་པོ་སྦྱོར་བ་སེམས་བསྐྱེད་ཀྱི་རྩིས་ཟིན་པ་དང་། བར་དུ་དངོས་གཞི་དམིགས་པ་མེད་པ་དང་། ཐ་མར་མཇུག་བསྔོ་བའི་རྒྱས་ཡོངས་སུ་ཐེབས་པ་སྟེ། དམ་པ་གསུམ་གྱི་རྩིས་ཟིན་པ་གལ་ཆེ་བ་ནི་འབུམ་ལྔའི་བསགས་སྦྱངས་སོགས་དགེ་སྦྱོར་ཐམས་ཅད་ལ་འདྲའོ། །དེ་ལྟར་མཎྜལ་འབུལ་བ་འདིའི་སྐབས་སུ་ནས་དང་གྲོ་དང་འབྲས་ལ་སོགས་པ་འབྲུའི་མཎྜལ་འབུལ་བའི་ཚེ། རང་ལ་འབྱོར་པ་ཡོད་ན་མཎྜལ་གྱི་མཆོད་འབྲུ་རྙིང་པ་ཡང་ཟློས་གཏན་ནས་མི་བྱ་ཞིང་། གསར་པ་ཁོ་ནས་དབུལ། དེ་ལྟར་ཕུལ་ཚར་བ་དེ་ཡང་བྱ་བྱིའུ་དང་ལོང་སྤྲང་ལ་སོགས་པར་སྦྱིན་པར་གཏོང་བའམ། སྐུ་གསུང་ཐུགས་རྟེན་ལ་སོགས་པའི་དྲུང་དུ་སྤུངས་ཏེ་འཇོག་པ་སོགས་གང་རུང་བྱ་ཞིང་། རང་གིས་བདག་དུ་བཟུང་ནས་ཟས་སུ་ལོངས་སྤྱོད་པ་སོགས་གཏན་ནས་མི་བྱ། མ་འབྱོར་ན་ཅི་འབྱོར་པའི་ཚོད་དུ་མཆོད་འབྲུ་གསར་རྙིང་བརྗེ་བ་དང་། དབུལ་པོ་དང་བྱ་བཏང་སོགས་ཡིན་ན་འབུལ་ཐེངས་གཅིག་གི་མཆོད་འབྲུ་ཁོ་ན་ཡང་ནས་ཡང་དུ་ཕུལ་ཀྱང་རུང་། གང་ལྟར་ཡང་དེའི་ནང་ས་རྡུལ་དང་ཡུག་པོ་བྱ་བྲུན་ལ་སོགས་པ་ལྷད་ཐམས་ཅད་བསལ་ཏེ་དངོས་པོ་གཙང་བར་བཀྲུ་བ་སོགས་བྱ་ཞིང་། གུར་གུམ་ལ་སོགས་པ་དྲི་བཟང་པོའི་ཆུས་ཁ་དོག་སེར་པོ་བསྒྱུར་ཅིང་མཛེས་པ་དང་རླན་ཕབ་སྟེ་འབུལ། ཅི་ནས་ཀྱང་འབྱོར་པ་མེད་པའི་དབུལ་པོ་ལ་སོགས་པའི་རིགས་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཁམས་དངོས་སུ་བློས་སྤྲུལ་ཏེ་འབུལ་ནུས་པའི་དབང་རབ་རྣམས་ལ་དགོངས་ནས། ས་དང་གསེག་མ་ལ་སོགས་པས་ཀྱང་དབུལ་རུང་བར་གསུངས་པ་ཡིན་གྱི། རང་ལ་འབུལ་རྒྱུའི་དངོས་པོ་ཡོད་བཞིན་དུ་མཆོད་སྦྱིན་གྱི་ཕྱོགས་སུ་གཏོང་མི་བྲ་བར། སྔགས་དང་དམིགས་པ་ལ་སོགས་པས་སྦྱོང་སྤེལ་བསྒྱུར་ཆོག་པའི་རྒྱུ་མཚན་བདེན་བདེན་ཡིན་ཡིན་མོ་མང་པོ་བཀོད་ནས། ཡིན་རློམ་བྱེད་པ་ནི་རང་མགོ་རང་གིས་བསྐོར་བ་ཡིན། དེར་མ་ཟད་རྒྱུད་དང་མན་ངག་ཐམས་ཅད་ནས། གཙང་ཞིང་གཙང་མར་སྦྱར་པའི་མཆོད་པའི་ཚོགས། །ཞེས་དང་། གཙང་མར་སྦྱར་བའི་མཆོད་ཡོན་འདི། །ཞེས་སོགས་གསུངས་ཀྱི། བཙོག་ཅིང་བཙོག་པར་སྦྱར་བ་སོགས་མ་གསུངས་པས། རང་གི་ཁ་འཕྲོ་དང་འབགས་བཙོག་སོགས་མཆོད་རྫས་སུ་བྱེད་པ་དང་། ནས་ཀྱི་འགོ་མ་རང་གི་ཟ་རྒྱུ་དང་། སྙིགས་མ་མཆོད་འབྲུ་དང་བཅའ་རྩམ་སོགས་བྱེད་པ་དང་། དེ་བཞིན་དུ་སྔོན་གྱི་བཀའ་གདམས་པ་དག་གི་ཞལ་ནས། ཟས་ཀྱི་དངོས་པོ་བཟང་པོ་རང་གིས་བྱས་ཏེ་ཞན་ས་ཐུད་ཀྱི་སྔོ་ས་དང་། ལོ་མའི་སེར་ས་ནས་དཀོན་མཆོག་ལ་ཕུལ་བས་མི་འོང་གསུངས་པ་ལྟར། མར་ལ་སོགས་པའི་ཁ་ཚ་ས་དང་། རུལ་ས་ནས་མཆོད་གཏོར་གྱི་བཅའ་མར་དང་མར་མེ་འབུལ་ཞིང་། མི་མཐོང་སར་ལེགས་ས་ནས་རང་གི་ཟ་བ་སོགས་ནི་བསོད་ནམས་ཟད་པའི་རྒྱུ་ཡིན་པས་སྤང་དགོས། ཞལ་ཟས་དང་གཏོར་མ་ལ་སོགས་བཅའ་བའི་ཚེ་ཡང་། ཟན་གྱི་དཀའ་སླ་རང་གང་ཟ་བའི་ཚོད་ཙམ་བྱེད་དགོས་ཀྱི། བཟོ་སླ་བ་ལ་བསམ་ནས་གཏོར་ཟན་སླ་མོ་བྱེད་པ་ནི་མི་རུང་སྟེ། ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས། བོད་ཕྱུག་པོ་མི་འོང་གཏོར་ཟན་སླ་མོ་བྱེད་ཀྱིན་འདུག་པ། ཞེས་གསུངས། དེ་བཞིན་དུ་ཇོ་བོའི་ཞལ་ནས། བོད་ན་བསོད་ནམས་བསགས་པ་ལ་ཆུ་གཅིག་པོས་ཀྱང་ཆོག་པར་འདུག རྒྱ་གར་རྒྱ་ནག་སོགས་ཚད་ཁུངས་ཆེ་བས་བོད་ཀྱི་ཆུ་འདི་འདྲ་བའི་ལེགས་པ་མེད་གསུངས་པ་ལྟར། རང་གི་བརྩོན་འགྲུས་ནུས་ན་ཚོགས་བསགས་པ་ལ་ཆུ་གཙང་མས་ཡོན་ཆབ་ཕུལ་བ་ཡང་ཕན་ཡོན་བསམ་གྱི་མི་ཁྱབ། གཞན་འབྱོར་བ་རྒྱ་ཆེན་མེད་ན་དབྱར་ཁ་ལྟ་བུ་ཆུ་གཙང་མ་ཡོད་སའི་ཆུ་ཁ་ཞིག་ན་གུར་ཆུང་ཞིག་ཕུབ་ཏེ། དཀོན་མཆོག་གི་རྟེན་གང་རུང་བཤམས་པའི་མདུན་ཆུ་མཆོད་འབུམ་ཐེར་རེ་གཉིས་ཕུལ་ན་ཅི་འདྲའི་བསོད་ནམས་མི་ཆེ། ཡོན་ཆབ་དེ་ཡང་ཏིང་བདུན་སོགས་དབུལ་པའི་སྣོད་ཀྱང་བྱི་དོར་ལེགས་པར་བྱས། གྲལ་ལ་བསྒྲིག་པའི་ཚེ་ཡང་བར་ཡངས་དྲགས་པ་དང་དོགས་དྲགས་པ་སོགས་མེད་པའི་འཚམས་པ་དང་ཏིང་བདུན་ཆེ་བ་ཡིན་ན་བར་སོར་གང་དང་། ཆུང་ན་ནས་འབྲུ་གློ་གཤིབས་གཉིས་རེའི་བར་འཇོག་དགོས། ཡ་ཡོ་འཁྱག་འཁྱོག་མེད་པ་དང་། ཆུ་ནང་དུ་འབྲུ་དང་སྤུ་རྡུལ་སྲོག་ཆགས་སོགས་མ་འདྲེས་པ་དང་། མ་གང་བ་དང་ཧ་ཅང་གང་དྲགས་པ་སོགས་མ་ཡིན་པར་མཆོད་སྟེགས་བང་རིམ་ཅན་ཡིན་མིན་གང་ལྟར་ཡང་དེ་ཉིད་ཀྱི་སྟེང་དུ་ཆུ་བོ་བ་དང་ཁ་རླངས་ཕོག་པ་ལ་སོགས་ཀྱང་མེད་པར་རྒྱུ་བཟང་བ་སྤུས་གཙང་བ་བཀོད་ལེགས་པ་བཅས་མཛེས་ཤིང་ཡིད་དུ་འོང་བ་ངོ་ཚ་འཇིགས་སྐྲག་བག་ཡོད་བཅས་བྱ། ཆུ་དེ་ཡང་དང་པོ་ཕྲ་བ་དེ་ནས་སྦོམ་པ་མཐར་ཕྲ་བར་ནས་འབྲུ་ལྟར་སྣེ་གཉིས་ཕྲ་བ་དང་དཀྱིལ་སྦོམ་བ་བླུག་དགོས། ཡོན་ཆབ་བཤམས་པའི་ཚེ་ན་རང་གི་གཡོན་ཕྱོགས་ཡུལ་གྱི་གཡས་ཕྱོགས་ནས་འགོ་བཟུང་ཏེ་བཤམས། མར་གཤེགས་དུས་རང་གི་གཡས་ཕྱོགས་མཆོད་ཡུལ་གྱི་གཡོན་ཕྱོགས་ནས་བསྡུ་དགོས། དེ་བཞིན་དུ་བཟང་སྤྱོད་ལས་ཀྱང་། བཀོད་པ་ཁྱད་པར་འཕགས་པའི་མཆོག་རྣམས་ཀྱིས། །ཞེས་གསུངས་པ་ལྟར། མཆོད་པའི་རྣམ་པ་གང་ཡིན་ཡང་ཐ་ན་བཤམ་ཚུལ་དང་བཀོད་ཚུལ་ཡན་ཆད་མཛེས་ཤིང་ཡིད་དུ་འོང་བ་བྱས་ན། རྒྱལ་བ་སྲས་བཅས་ལ་གུས་པའི་རྒྱུས་རང་གི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པ་ཡིན་པས་ཅི་ནས་ཀྱང་དེ་ལྟ་བུ་ལ་སླ་ཆོས་མི་བྱེད་པར་འབད་པར་བྱ་དགོས་སོ། །ཏིང་བདུན་བཤམས་ནས་ཟླ་ཞག་མང་པོ་ལུས་པ་དང་མ་བཤམས་ནས་དེ་བཞིན་ལུས་པ་སོགས་མི་རུང་། རང་གི་བསོད་ནམས་དང་ཟ་ཐང་ཉམས་འགྲོ། ཐོད་པའི་ཨ་ཡིག་དཀར་པོ་དང་པོ་ནས་མེད་པའི་ཐོག་བསོད་ནམས་མ་ཡིན་པ་བསགས་ན་ཇེ་སྡུག་ཇེ་མཐའ་ལས་ཅི་ཡོད། ཡང་རང་ལ་འབྱོར་པ་གཏན་ནས་མེད་པ་དང་ལུས་སྟོབས་ཞན་ནས་མཆོད་པ་ཕུལ་མི་ནུས་པ་སོགས་ཀྱིས་བསམ་པ་རྣམ་པར་དག་པའི་སྒོ་ནས་འབགས་བཙོག་དང་དམན་པ་སོགས་དབུལ་མི་རུང་བ་ཡང་མ་ཡིན་ཏེ། རྒྱལ་བ་སྲས་བཅས་ལ་གཙང་སྨེའི་འཛིན་རྟོག་མེད་པས་ན། སྔོན་དབུལ་མོ་གྲོང་ཉུག་མས་བཅོམ་ལྡན་འདས་ལ་མར་མེ་ཕུལ་བའི་ལོ་རྒྱས་དང་། དེ་བཞིན་དུ་མཛེ་མོ་ཞིག་གིས་སློང་མོ་བྱས་པས་འབྲས་ཁུ་ཞིག་རྙེད་པ། ཉན་ཐོས་འོད་སྲུང་ཆེན་པོ་ལ་ཕུལ་བའི་ཚེ། འབྲས་ཁུའི་ནང་དུ་སྦྲང་བུ་ཞིག་ལྷུང་བ་བསལ་བར་བརྩམས་པས། མཛེ་མོའི་མཛུབ་མོ་ཡང་འབྲས་ཁུའི་ནང་དུ་ཆད་ཀྱང་། འོད་སྲུང་ཆེན་པོས་དེའི་བསམ་པ་རྫོགས་པའི་ཕྱིར་གསོལ། དེས་ཉིན་གཅིག་གི་བསོད་སྙོམས་ཀྱི་གོ་ཡང་ཆོད་པར་མཛད་པས་མཛེ་མོ་ཡང་དགའ་སྟེ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་སྐྱེས་པ་ལྟ་བུ་ཡིན་ནོ། །དེས་ན་མཎྜལ་དབུལ་བའི་དུས་སུ་ཡང་བསམ་པ་རྣམ་པར་དག་པའི་སྒོ་ནས། རང་གིས་གང་འབྱོར་བ་དེ་དངོས་གཙང་ཞིང་ཡིད་འོང་དུ་བར་བྱས་ནས་དབུལ་བ་ནི་གནད་དམ་པ་ཡིན་ལ། དེ་ལྟ་བུའི་མཎྜལ་འབུལ་བ་ལ་སོགས་ཚོགས་གསོག་པའི་ཐབས་ལ་འབད་པ་འདི་ནི་ལམ་གྱི་གནས་སྐབས་ཐམས་ཅད་དུ་འདོར་དུ་མི་རུང་བའི་ཉམས་ལེན་ཡིན་ཏེ། རྒྱུད་ལས་ཀྱང་། ཚོགས་མ་བསགས་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །ཞེས་གསུངས། ཚོགས་མ་བསགས་པར་དངོས་གྲུབ་འབྱུང་དུ་རེ་བ་ནི། ཆུ་ཁའི་བྱེ་མ་བཙིར་ནས་སྣུམ་སྒྲུབ་པ་དང་འདྲ་སྟེ། བྱེ་མ་དོ་པོ་ཡ་བརྒྱ་བཙིར་ཡང་དེའི་ཁོང་ན་སྣུམ་གྱི་ཆ་སྤུའི་རྩེ་མོ་ཙམ་ཡང་འོང་རྒྱུ་མེད། ཚོགས་བསགས་པ་ལས་དངོས་གྲུབ་འདོད་པ་ནི་ཏིལ་འབྲུ་བཙིར་ནས་སྣུམ་སྒྲུབ་པ་དང་འདྲ། ཏིལ་ཅི་ཙམ་བཙིར་ཡང་དེ་ཙམ་གྱི་ཏིལ་མར་འབྱུང་ལ། ཐ་ན་ཏིལ་འབྲུ་གཅིག་སེན་མོའི་སྟེང་དུ་བཙིར་ཡང་། དེས་སེན་མོའི་སྟེང་ཐམས་ཅད་སྣུམ་ཀྱི་ལེ་འོང་བ་ཡིན། དེ་བཞིན་དུ་ཚོགས་མ་བསགས་པར་དངོས་གྲུབ་འདོད་པ་ནི་ཆུ་དཀྲོགས་ནས་མར་སྒྲུབ་པ་དང་འདྲ་ལ། ཚོགས་བསགས་ནས་དངོས་གྲུབ་འདོད་པ་ནི་འོ་མ་དཀྲོགས་ནས་མར་འདོད་པ་རང་འདྲ། ཞེས་གསུངས། དེས་ན་མཐར་ཐུག་མཆོག་གི་དངོས་གྲུབ་ཐོབ་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་འབྲས་བུ་མ་ནོར་བ་དེ་ཡིན་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པར་ངོ་བོ་ཡེ་དག་དང་གློ་བུར་བྲལ་དག་གི་དག་པ་གཉིས་ལྡན་གྱིས་སངས་རྒྱས་ཐོབ་ཐབས་མེད་པ་སྔར་ཡང་བསྟན་ལ། མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་གསུངས། ཚོགས་གཉིས་ཀྱི་འབྲས་བུ་སྐུ་གཉིས་ཐོབ་པ་འདི་ལ་གསར་རྙིང་གི་བཞེད་པ་བཤད་ཚུལ་གྱི་ཁྱད་པར་ཡོད་དེ། སྔ་འགྱུར་རང་ལུགས་ལྟར་ན་ངོ་བོ་ཡེ་དག་གི་སངས་རྒྱས་རྒྱལ་བ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་བཙལ་ཡེ་རྫོགས་སུ་གནས་ཀྱང་ལམ་ཚོགས་གཉིས་ལ་མ་བརྟེན་ན་མངོན་སུམ་དུ་མི་འགྱུར་ཏེ། དཔེར་ན་ཉི་མ་ལ་འོད་ཟེར་རང་ཆས་སུ་ཡོད་ཀྱང་སྤྲིན་གྱིས་བསྒྲིབས་ནས་མི་སྣང་བ་ལ་སྤྲིན་སེལ་དགོས། སྤྲིན་སེལ་བྱེད་ཀྱང་རླུང་མེད་ན་མི་འབྱུང་བས་རླུང་དེ་ཉིད་ཉི་མ་བསྐྱེད་བྱེད་དངོས་མ་ཡིན་པར་ལྟར། ཚོགས་གཉིས་མ་བསགས་ན་འབྲས་བུ་སྐུ་གཉིས་མི་ཐོབ་ཀྱང་ཚོགས་གཉིས་དེ་སྐུ་གཉིས་བསྐྱེད་པའི་རྒྱུ་མཚན་ཉིད་པ་མ་ཡིན་པས་རྐྱེན་ལ་རྒྱུའི་མིང་གིས་བཏགས་པ་ཡིན། དེས་ན་ཉན་རང་དགྲ་བཅོམ་ནས་རྫོགས་པའི་བྱང་ཆུབ་ཆེན་པོའི་བར་ཐམས་ཅད་ཀྱི་འབྲས་བུ་དེ་དག་ཚོགས་གཉིས་མ་བསགས་ན་འབྲས་བུ་མི་ཐོབ་ལ། དེ་ཡང་ཚོགས་གཉིས་བསགས་ཚུལ་དང་འབྲས་བུ་ཐོབ་ཚུལ་ཀུན་འདྲ་བ་ཡང་མ་ཡིན་ཏེ། སྤྱིར་ཉན་རང་བྱང་སེམས་ཀྱིས་འབྲས་བུ་ཐོབ་ཚུལ་གོང་དུ་སོང་ཡང་། རྒྱུ་བསམ་པ་དང་། སྦྱོར་བ་དམིགས་རྣམ་དང་། འབྲས་བུ་ཐོབ་བྱའི་སྒོ་ནས་ཁྱད་པར་ཤིན་ཏུ་ཆེ། སྔགས་ཕྱི་རྒྱུད་ཀྲི་ཡོག་སྡེ་གསུམ་གྱི་མཚན་བཅས་ཀྱི་རྣལ་འབྱོར་ཐམས་ཅད་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། མཚན་མེད་ཀྱི་རྣལ་འབྱོར་ཐམས་ཅད་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཡིན། དེ་གཉིས་ཟུང་དུ་འཇུག་པའི་འབྲས་བུ་རིགས་གསུམ་རིགས་བཞི་རིགས་ལྔ་རྡོ་རྗེ་འཛིན་པའི་འབྲས་བུ་ཐོབ་པ་ཡིན། ནང་རྒྱུད་མ་ཧཱ་ཡོ་གའི་ཐབས་བསྐྱེད་པའི་རིམ་པ་ཐམས་ཅད་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་རྫོགས་པའི་རིམ་པ་ཐམས་ཅད་སྣང་མེད་ཡེ་ཤེས་ཀྱི་ཚོགས། ངོ་བོ་སྟོང་པ་ཉིད། གདངས་སྙིང་རྗེ་ཆེན་པོ། རྣམ་པ་རྒྱུའི་ཡི་གེ་སྟེ་ཏིང་འཛིན་གསུམ་གྱི་ཐབས་ཤེས་ཟུང་འཇུག་ལ་བརྟེན་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་དང་། ཨ་ནུ་ཡོ་གའི་བསྐྱེད་རིམ་ཆ་ཙམ་དང་རྩ་རླུང་ཐིག་ལེ་ལ་དམིགས་པའི་འཕྲུལ་འཁོར་གྱི་བྱེད་བཅིང་ཐམས་ཅད་དང་། རྗེས་སྒྱུ་མའི་ལྷ་སྐུར་ལྡང་བ་རྣམས་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཐབས་དེ་ལས་བྱུང་བའི་དགའ་བཞིས་དྲངས་པའི་ཡེ་ཤེས་ནི་སྣང་མེད་ཡེ་ཤེས་ཀྱི་ཚོགས། སྐུ་སྒྱུ་ལུས། ཐུགས་དཔེ་དོན་གྱི་འོད་གསལ་གཉིས་ཟུང་དུ་འཇུག་པའི་དག་དང་མ་དག་པའི་སྒྱུ་ལུས་ལྷ་སྐུར་ལྡང་བ་དེ་ཚོགས་གཉིས་ཟུང་འཇུག་ཡིན། རྫོགས་ཆེན་ཨ་ཏི་ཡོ་གའི་ཀ་དག་ཁྲེགས་ཆོད་ལ། ངོ་བོ་སྟོང་པའི་ཡེ་ཤེས་སྣང་མེད་ཡེ་ཤེས་ཀྱི་ཚོགས་དང་། ལྷུན་གྲུབ་ཐོད་རྒལ་སྣང་བ་བཞི་རང་བཞིན་གསལ་བའི་ཡེ་ཤེས་བསོད་ནམས་ཀྱི་ཚོགས། ཀ་དག་དང་ལྷུན་གྲུབ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཟུང་དུ་འཇུག་པ་རྣམས་ཚོགས་གཉིས་ཟུང་འཇུག་ཆེན་པོ་ཡིན་པས་བདག་འཛིན་དང་བག་ཆགས་སོགས་ཤེས་བྱའི་འཁྲུལ་རྟོག་གི་ཆ་འཛིན་པའི་སྒོ་ལྔའི་རྣམ་ཤེས་དང་། ཡིད་ཤེས་དང་ཉོན་ཡིད་ཀུན་གཞི་སྟེ་ཚོགས་བརྒྱད་ཉེ་བར་ལེན་པའི་སྤྲིན་ཕུང་འདྲ་བ་དེ་དག་རྣམ་པར་དག་པའི་ཡེ་ཤེས་དཔེ་ཉི་མའི་སྙིང་པོ་ལ་མུན་པ་མི་གནས་པ་ལྟར་སྒྲིབ་པའི་ཚོགས་གང་ཡང་མེད་པའི་རང་བཞིན་འོད་གསལ་བ་ཡིན། གཞི་ལམ་འབྲས་གསུམ་རིག་པ་ཀ་དག་གཅིག་ལས་འགྱུར་བ་མེད་ཀྱང་ལྡོག་ཆ་ནས་སྐུ་ལྔའམ་བསྡུ་ན་ཆོས་གཟུགས་ཀྱི་སྐུ་གཉིས་ཐོབ་ཏེ། དམིགས་བཅས་བསོད་ནམས་ཀྱི་ཚོགས་རྫོགས་པས་གཟུགས་སྐུ་དམ་པ་དང་། དམིགས་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་པས་ཆོས་སྐུ་དམ་པ་ཐོབ་པ་ཡིན་ནོ། །དེ་བཞིན་དུ་གནས་སྐབས་འཇིག་རྟེན་པའི་དངོས་གྲུབ་རྐང་འགྱོགས་མིག་སྨན་སོགས་ཐམས་ཅད་ཀྱང་བསོད་ནམས་ཀྱི་ཚོགས་རྫོགས་པ་ལས་འབྱུང་གི། རང་གིས་ཚོགས་མ་བསགས་པར་འབད་རྩོལ་ཅི་ཙམ་ཆེ་ཡང་ཕན་པ་མེད་དེ། དཔེར་ན་འཕྲལ་གྱི་ལོངས་སྤྱོད་ཟས་ནོར་ཙམ་ལའང་སྔོན་གྱི་བསགས་རྒྱབ་ཀྱིས་འབྱོར་པ་ཁ་ཅིག་ནི་ཚེ་འདིར་འབད་རྩོལ་ཅུང་ཟད་མ་བྱས་ཀྱང་ཚེ་སྔོན་བསོད་ནམས་བསགས་སྟོབས་ལས་རང་བཞིན་གྱིས་ལོངས་སྤྱོད་ཀྱིས་མི་གཏོང་བ་དང་། ཡང་ཁ་ཅིག་ནི་ཚེ་གཅིག་ཏུ་ཚོང་དང་སོ་ནམ་ལ་སོགས་ཐབས་སྣ་ཚོགས་པའི་སྒོ་ནས་རྒྱུ་ནོར་གསོག་བྲུན་གྱི་འབད་རྩོལ་ལ་བརྩོན་ཀྱང་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པར་མཐར་མུ་གེས་འཆི་བ་ལ་སོགས་པ་ཚེ་འདིར་མཐོང་ཆོས་སུ་གྱུར་པས་ཀྱང་ཤེས་ལ། དེ་བཞིན་དུ་ནོར་ལྷ་དང་ཆོས་སྐྱོང་སོགས་བསྒྲུབས་ནས་རྒྱུ་ནོར་གྱི་དངོས་གྲུབ་འདོད་པ་ཡང་རང་ལ་སྔོན་བསགས་ཀྱི་སྦྱིན་འབྲས་མེད་ན། ཆོས་སྐྱོང་ནོར་ལྷ་དེ་དག་གིས་སྦྱིན་མི་ནུས་ཏེ། སྔོན་རི་ཁྲོད་པ་ཞིག་འཚོ་བས་དབུལ་ནས་དམ་ཅན་བསྒྲུབས་པས་དངོས་སུ་གྲུབ་ནས་མི་དང་མི་ལབ་པ་བཞིན་བྱུང་ཡང་དངོས་གྲུབ་ཅི་ཡང་མ་བྱུང་བ་ལ་དམ་ཅན་ན་རེ། ཁྱོད་ལ་སྔོན་གྱི་སྦྱིན་འབྲས་ཅུང་ཟད་ཀྱང་མེད་པས། ཁོ་བོས་དངོས་གྲུབ་སྦྱིན་མི་ནུས་པར་འདུག་ཟེར། ཉིན་གཅིག་སྤྲང་པོ་མང་པོ་ཞིག་གི་གྲལ་དུ་ཐུག་པ་ཕོར་གང་རྙེད་དེ་སླར་འོང་བས་དམ་ཅན་ན་རེ། དེ་རིང་ངས་ཁྱོད་ལ་དངོས་གྲུབ་བྱིན་པ་ཨེ་ཤེས་ཟེར། ཐུག་པ་ཕོར་གང་རྙེད་དེ་དེ་ནི་ང་མིན་ཡང་སྤྲང་པོ་ཐམས་ཅད་ལ་འདུག ཁྱོད་ཀྱི་དངོས་གྲུབ་བམ་དེ་ནི་མ་ཤེས་བྱས་པས། ཐུག་པ་བླུད་པའི་ཚེ་ཁྱེད་རང་གི་ཕོར་པའི་ནང་དུ་ཚིལ་རྡོག་ཆེན་པོ་ཞིག་ལྷུང་བ་དེ་ངའི་དངོས་གྲུབ་ཡིན་པ་ལ་ཟེར་སྐད། དེས་བས་ན་བསོད་ནམས་མ་བསགས་ན་དམ་ཅན་དང་ནོར་ལྷ་སོགས་ཀྱི་མི་ཕན་པ་ཡིན་པས་རང་ལ་སྔོན་བསགས་མེད་ན་ནོར་སྒྲུབ་ལ་སོགས་པས་ཀྱང་དབུལ་བ་བསལ་མི་ནུས་ཏེ། འཇིག་རྟེན་པའི་ནོར་ལྷ་ལ་སོགས་པས་ལོངས་སྤྱོད་ཀྱི་དངོས་གྲུབ་སྟེར་ནུས་ན། འཇིག་རྟེན་ལས་འདས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དེ་དག་རྣམས་ལས་མཐུ་སྟོབས་དང་རྫུ་འཕྲུལ་བརྒྱ་སྟོང་འགྱུར་གྱི་ཆེ་ཞིང་། མ་བཅོལ་བར་ཡང་སེམས་ཅན་ཐམས་ཅད་ལ་མ་ཡིས་བུ་ལ་གཟིགས་པ་ལྟར་ཕན་པར་མཛད་པ་ཤ་སྟག་ཡིན་པས། དེ་དག་གིས་འཇིག་རྟེན་གྱི་ཁམས་འདི་ལོངས་སྤྱོད་ཀྱི་ཆར་ཕབ་སྟེ་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་ཅིག་ཅར་དུ་བསལ་བར་ངེས་པ་ལ་དེ་ལྟར་མ་མཛད་པ་སེམས་ཅན་རང་གི་བསོད་ནམས་ལ་རག་ལས་པའི་ཕྱིར་རོ། །དེས་ན་ལོངས་སྤྱོད་དང་འབྱོར་པ་ལ་སོགས་པ་རྣམས་ཀྱང་བསོད་ནམས་བསགས་པའི་འབྲས་བུ་ཁོ་ན་ལས་འབྱུང་བ་ཡིན་པས་ན། འབད་རྩོལ་རི་བོ་ཙམ་བྱེད་པ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བ་ཡིན་ནོ། །ལར་ད་ལྟའི་དུས་ན་རང་རེ་མཐའ་འཁོབ་ཀྱི་ཡུལ་ལ་ལྟོས་པའི་ལོངས་སྤྱོད་དང་དབང་ཐང་ཕྲ་མོ་ཙམ་རེ་སྐྱེས་པ་ལ། ཐམས་ཅད་ཀྱིས་བླ་མ་མཁྱེན་དེ་ཇི་ལྟ་བུ་ཞིག་ཡིན་ནམ་ཟེར་ནས་ཧ་ལས་འདོགས་བྱེད་ཀྱང་། དེ་ཙམ་རེ་ལ་བསོད་ནམས་ཆེན་པོར་རང་བསགས་དགོས་བར་མི་འདུག་སྟེ། ཞིང་དང་བསམ་པ་དག་ན་མི་དབང་ང་ལས་ནུས་སྲན་རྡོག་བདུན་གྱི་སྦྱིན་འབྲས་ཀྱིས། སུམ་ཅུ་རྩ་གསུམ་མན་ཆད་དབང་བྱས་པའི་ལོ་རྒྱུས་དང་། རྒྱལ་པོ་གསལ་རྒྱལ་ལྟ་བུའི་མངའ་ཐང་ཡང་ཟན་དྲོན་ལན་ཚྭ་མེད་པ་ཞིག་གི་སྤྱིན་འབྲས་སུ་གསུངས་པ་དང་། སྔོན་ཇོ་བོ་རྗེ་ལྷ་གཅིག་བོད་ལ་ཕེབས་པའི་དུས་བོད་ཡུལ་ཀུན་ད་ལྟ་ལས་ཆེས་འབྱོར་ཞིང་རྒྱས་པའི་དུས་ཡིན་ཡང་། ཇོ་བོའི་ཞལ་ནས། བོད་པྲེ་ཏ་པུ་རིའི་རྒྱལ་ཁམས་དངོས་སུ་འདུག བོད་ཡུལ་ན་ཞིང་དག་པ་ཞིག་ལ་ནས་བྲེ་གང་སྦྱིན་པར་བཏང་བའི་སྦྱིན་འབྲས་ལ་ལོངས་སྤྱོད་མཁན་མི་འདུག་ཅེས་གསུངས། དེས་ན་འཕྲལ་གྱི་ཟང་ཟིང་དང་དབང་ཐང་ཅུང་ཟད་རེ་ལ་ངོ་མཚར་རྨད་དུ་འཛིན་པ་ནི། གཅིག་ཏུ་རང་ཉིད་བློ་ཆུང་བ་དང་། གཉིས་སུ་འཇིག་རྟེན་འདིར་སྣང་གི་ཞེན་པ་ཆེ་བ་དང་། གསུམ་དུ་ལས་འབྲས་ཀྱི་འཕེལ་ཚུལ་སྔར་ཨ་ཤོ་ཀའི་འབྲས་བུ་བསྟན་པ་སོགས་ཀྱི་གནད་ཅི་བཞིན་མ་གོ་བའམ། གོ་ཡང་ཡིད་མ་ཆེས་པའི་རྟགས་བསྟན་པ་ཡིན་པས། སྙིང་ནས་འཁོར་བར་ངེས་འབྱུང་གི་བློ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་པ་ཞིག་ཡིན་ན། གཞན་གྱི་ལོངས་སྤྱོད་ལ་བརྣབ་སེམས་དང་ཆགས་ཞེན་མེད་པར་འཇིག་རྟེན་འདིར་སྣང་གི་གནས་སྐབས་ཀྱི་ཕུན་ཚོགས་འཛོམས་པའི་ཕྱུག་པོ་ཀླུ་ལྟ་བུ། མཐོན་པོ་གནམ་ལྟ་བུ། བཙན་པོ་ཐོག་ལྟ་བུ། འཕྱོར་པོ་འཇའ་ཚོན་ལྟ་བུ་ཇི་འདྲ་བ་མཐོང་ཡང་། དེ་ལ་རྟག་པ་དང་བརྟན་པ་སྙིང་པོ་ཏིལ་གྱི་ཤུན་པ་ཙམ་ཡང་མེད་པར་ཤེས་ནས། མཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟར་ཞེ་ལོག་གེ་བ་ཞིག་དགོས་པ་ཡིན། དེར་མ་ཟད་ཚེ་འདིའི་ལོངས་སྤྱོད་ལ་སོགས་པ་ལ་ཆེད་དུ་རེ་ནས་ཚོགས་བསགས་པ་ལ་འབད་པ་སོགས་ཀྱང་འཇིག་རྟེན་པ་ཕལ་པ་ལ་རུང་གི། ངེས་འབྱུང་གི་ཆོས་ཡང་དག་པ་ནི་ཕྱོགས་དང་ཉེ་བ་མ་ཡིན་ཏེ། ཐར་པའི་གོ་འཕང་ཐོབ་པའི་ཆོས་ཡང་དག་པ་འདོད་ན། སྔར་ཡང་ནས་ཡང་དུ་སྨོས་པ་ལྟར་འཇིག་རྟེན་ཚེ་འདིའི་ནོར་རྫས་དང་གཉེན་བཤེས་ལ་ཞེན་པ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས། གནས་དབེན་པ་ཁོ་ན་བསྟེན་ཏེ་ན་དགའ་དང་ཤི་སྐྱིད་ཀྱི་ངང་ནས་བསྒྲུབ་པ་ཉམས་ལེན་བྱེད་པ་ཞིག་དགོས་ཏེ། མཉམ་མེ་དྭགས་པོ་རིན་པོ་ཆེ་ལ་སློབ་མ་ཞིག་གིས། ད་ལྟ་སྙིགས་མའི་དུས་འདིར་ཆོས་ཡང་དག་པ་ཞིག་སྒྲུབ་པ་ལ་ཟས་གོས་དང་ཡོ་བྱད་དཀའ་བར་འདུག་པས། ནོར་སྒྲུབ་དུམ་པ་རེ་བྱའམ། བཅུད་ལེན་བཟང་པོ་རེ་སློབ་བམ། ཡང་ན་ངེས་པར་འཆིར་འཇུག་ནུས་པ་ཞིག་དགོས་པ་ཡིན་ནམ། གང་ལགས་ཞུས་པས་ནོར་སྒྲུབ་བྱས་ཀྱང་རང་ལ་སྔོན་གྱི་སྦྱིན་འབྲས་མེད་ན་འོང་བ་ཡང་དཀའ་ཞིང་། སྙིང་ནས་ཆོས་བཞིན་བྱེད་པ་ལ་ཚེ་འདིའི་ཆེད་དུ་ནོར་སྒྲུབ་པ་ཡང་འགལ། བཅུད་ལེན་བྱས་ཀྱང་སྔོན་བསྐལ་པ་ཡར་དར་ལ་ས་རྡོ་ཆུ་ཤིང་ལ་སོགས་པའི་བཅུད་མ་ཤོར་བའི་དུས་ལྟ་བུ་དེང་སང་མི་འོང་བས། ད་ལྟའི་དུས་ན་དེ་གཉིས་ཀའི་ཕན་མེད། ངེས་པར་འཆིར་བཅུག་པ་ཡང་མི་འོང་སྟེ། དལ་འབྱོར་ཚང་བའི་ལུས་རྟེན་ད་རེས་ཀྱི་འདི་འདྲ་བ་ཕྱིན་ཆད་རྙེད་པར་དཀའ། འོན་ཀྱང་ངེས་པར་ཤི་མ་ཤི་མེད་པར་ཉམས་སུ་ལེན་ནུས་པའི་བློ་ཞིག་སྙིང་ཐག་པ་ནས་སྐྱེས་ན། དེའི་དུས་སུ་ལྟོ་གོས་ཀྱིས་ཕོངས་པ་མི་འོང་སྟེ། ཆོས་པ་མུ་གེས་ཤི་བའི་དཔེ་མེད། བཅོམ་ལྡན་འདས་ཀྱིས་ཀྱང་ཕྱེ་བྲེ་རེ་ལ་མུ་ཏིག་བྲེ་རེ་འཇལ་བའི་མུ་གེ་བྱུང་ཡང་སངས་རྒྱས་ཀྱི་རྗེས་འཇུག་ཟས་གོས་ཀྱིས་མི་ཕོངས་པར་གསུངས། ཞེས་གསུངས། དེས་ན་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་ཚོགས་བསགས་པ་དང་སྒྲིབ་སྦྱོང་གང་བྱེད་ཀྱང་། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱེད་པ་ཉག་གཅིག་ཡིན་པས། རང་གི་ཚེ་འདིའི་ཆེད་དུ་ཟས་ནོར་སོགས་སྒྲུབ་པ་ལྟ་ཡང་ཅི་སྨོས། རང་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་ཀྱང་ཐེག་པ་ཆེན་པོའི་ལམ་གཏན་ནས་མ་ཡིན་པས་ན། ཚོགས་བསགས་དང་སྒྲིབ་སྦྱོང་གང་དང་གང་བྱེད་ཀྱང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པ་ལས། རང་འདོད་ཀྱི་བློ་དང་གཏན་ནས་མ་འདྲེས་པ་ཞིག་ཅིས་ཀྱང་གལ་ཆེའོ། དེ་ལྟར་རང་འདོད་ཀྱི་བློ་དང་མ་འདྲེས་པ་བྱས་ན་རང་དོན་དང་ཚེ་འདིའི་བདེ་སྐྱིད་སོགས་མི་འདོད་ཀྱང་ཞོར་ལ་འབྱུང་བ་ཡིན་སྟེ། མེ་འབུད་པའི་ཚེ་དུད་པ་ཞོར་ལ་འབྱུང་བ་དང་། ཕྱི་མའི་དོན་ཆེན་ལོ་ལེགས་ཀྱི་ནས་བཏབ་པས་ཚེ་འདིའི་དོན་སོག་མ་ལྟ་བུ་དེ་ཞོར་ལ་འབྱུང་བ་ལྟ་བུ་ཡིན་པས་ན་དེ་དག་ལ་ཆེད་དུ་གཉེར་བའི་བློ་ནི་དུག་བཞིན་དུ་སྤང་བར་བྱ་དགོས་སོ། །དེ་ཡན་ཆད་ཀྱིས་མཎྜལ་གྱི་ཁྲིད་དངོས་བསྟན་ཟིན་པས་དེ་དང་འབྲེལ་བ།

༼ས༽ཀུ་སཱ་ལིའི་ཚོགས་གསོག

ལྔ་པ་བདུད་བཞི་ཅིག་ཅར་དུ་གཅོད་པ་ཀུ་སཱ་ལིའི་ཚོགས་གསོག་ནི། གཅོད་བྱ་བདུད་བཞི་ནི། མཚན་ཉིད་ཐེག་པའི་སྐབས་ལྟ་ན་ཟག་པ་དང་བཅས་པ་ཕུང་པོའི་བདུད། སྲོག་ལ་བར་དུ་གཅོད་པ་འཆི་བདག་གི་བདུད། ཐར་བ་ལ་གེགས་བྱེད་པ་ཉོན་མོངས་པའི་བདུད། བྱང་ཆུབ་ཐོབ་པ་ལ་གེགས་བྱེད་པ་ལྷས་བུའི་བདུད་དང་བཞིའོ། །གཞན་ཡང་གང་འཆི་བར་བྱེད་པ་ཕུང་པོའི་བདུད། གང་གིས་འཆི་བར་བྱེད་པ་ཉོན་མོངས་པའི་བདུད། འཆི་བ་རང་གི་ངོ་བོ་འཆི་བདག་གི་བདུད། འཆི་མེད་ཞི་བའི་གོ་འཕང་ལ་བར་དུ་གཅོད་པ་ལྷས་བུའི་བདུད་དང་བཞི། སྐབས་འདིའི་སྔགས་ཀྱི་ལུགས་སམ་གཅོད་ལུགས་ལྟར་ན། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་དྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུ། །ཞེས་གསུངས་པས་ཕྱི་འབྱུང་བཞིའི་གནོད་པ་དགྲ་ཇག་གཅན་གཟན་འདྲེ་ལ་སོགས་པས་ལུས་སེམས་ལ་གནོད་པ་ཐོགས་བཅས་བདུད། ནང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་བར་བྱེད་པས་ཐོགས་མེད་བདུད། ནང་ཏིང་ངེ་འཛིན་གྱི་དྲོད་དང་ནུས་པ་ཅུང་ཟད་རེ་ཐོབ་པར་ཆེད་དུ་འཛིན་པ་དགའ་དྲོད་ཀྱི་བདུད། ནང་ང་བདག་སྙེམས་བྱེད་ཀྱིས་ཕུང་པོ་ལྔ་ལ་ང་མེད་ལ་ང་རུ་འཛིན་པའི་རྟོག་པ་སྙེམས་ཀྱི་བྱེད་བདུད་ཡིན་པས་བདུད་བཞིའི་རྩ་བ་འདི་ལ་ཐུག་ཡོད། དེ་ལ་འདིར་ཀུ་སཱ་ལིའི་ཚོགས་གསོག་ཅེས་ལུས་སྦྱིན་ཉུང་ངུ་ཞིག་འབྱུང་བ་འདི། སྤྱིར་སེམས་ཉིད་ངལ་གསོ་སོགས་ནས་བླ་མའི་རྣལ་འབྱོར་དང་འབྲེལ་པར་འབྱུང་བས། བླ་མའི་རྣལ་འབྱོར་གྱི་ཆ་ལག་ཏུ་བྱས་ཀྱང་ཆོག་མོད་ཀྱི། འདི་ཡང་ཚོགས་བསགས་པའི་ཐབས་ཤིག་ཡིན་པས་ཚོགས་བསགས་པ་མཎྜལ་གྱི་ཡན་ལག་ཏུ་བྱས་ཀྱང་མི་འགལ་བས་ན། སྐབས་འདིར་མཎྜལ་དང་སྦྲེལ་ཏེ་གསུངས་པ་བླ་མ་གོང་མའི་བཀའ་སྲོལ་ལ་ཡོད་པ་བཞིན་འདིར་ཡང་དེ་ལྟར་འཆད་དོ། །སྤྱིར་གཅོད་ལ་ངོ་བོ། སྒྲ་དོན། དབྱེ་བ་བཅས་ཡོད། ངོ་བོ་ནི། ཕ་ནི་ཕ་རོལ་ཕྱིན་པ་དང་། །ཊ་ནི་གསང་བ་སྔགས་ཀྱི་ལམ། །དེ་གཉིས་ཟུང་དུ་འབྲེལ་བས་ཕཊ། །ཅེས་གསུངས་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པ་དམ་ཆོས་བདུད་ཀྱི་གཅོད་ཡུལ་འདིས་འཁོར་བར་འཆིང་བྱེད་ཀྱི་བདུད་བཞི་པོ་སེམས་ཀྱི་སྙེམས་རྟོག་ངར་འཛིན་ཁོ་ནའི་སྟེང་དུ་གཅོད་པར་བྱེད་པ་ཡིན་ནོ། །སྒྲ་དོན་ནི། གདམས་པའི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། བྱང་ཆུབ་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད། །སྟོང་ཉིད་ལྟ་བས་འཁོར་བའི་འཁྲུལ་རྟོག་གཅོད། །ཅེས་གསུངས་པ་ལྟར་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད་པ་དང་། སྟོང་ཉིད་ཀྱི་ལྟ་བས་ཁམས་གསུམ་འཁོར་བའི་རྩ་བ་མ་རིག་བདེན་འཛིན་གྱི་འཁྲུལ་བའི་རྟོག་པ་སྐྱེ་མེད་ཀྱི་དབྱིངས་སུ་གཅོད་པས་ན་གཅོད་གསུངས། དབྱེ་བ་ནི། རྗེ་མི་ལས། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །ཅེས་གསུངས་པ་ལྟར་ཡིན། གཅོད་འདི་གང་ལས་བྱུང་བའི་ཕུགས་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་གྲུབ་ཆེན་དམ་པ་སངས་རྒྱས་ནས་བྱུང་བ་ཡིན། ཁོང་གིས་སློབ་དཔོན་ཨིཎྚ་བྷི་ཏི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་མཚན་ཉིད་དང་སྒྲ་རིག་གི་བླ་མ་བཅུ་གཅིག ཕ་རྒྱུད་ཡོ་ག་རླུང་གི་བླ་མ་བཅུ་གཅིག མ་རྒྱུད་བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིག ཕྱག་རྒྱ་ཆེན་པོ་བརྡ་ཡི་བླ་མ་བཅུ་གཅིག རིག་པ་ངོ་སྤྲོད་དོན་གྱི་བླ་མ་བཅུ་སྟེ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་ཙམ་བསྟེན་ནས་དེ་དག་གི་གདམས་པ་ཉམས་བཞེས་མཛད། ཡི་དམ་གྱི་ལྷ་བཅུ་གཉིས་སོགས་དང་། མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གི་ཞལ་གཟིགས་པ་སོགས་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས་ནས་བོད་དུ་སྔ་ཕྱི་ལན་ལྔ་ཕེབས། འདིའི་བརྒྱུད་པ་ལ་ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། གཉིས་མེད་དོན་གྱི་བརྒྱུད་པ། མཁའ་འགྲོ་ཉམས་ཀྱི་བརྒྱུད་པ་སོགས་མང་ལ། ཞུ་བ་པོའི་གང་ཟག་གིས་དབྱེ་ན་ཕོ་བརྒྱུད་དང་མོ་བརྒྱུད་གཉིས། ངོ་བོ་ཐོག་ནས་གཞུང་ཁྲིགས་ཅན་དང་ཁ་འཐོར་གཉིས་སོགས་ཡོད། བྱོན་ཚུལ་གྱིས་དབྱེ་ན་སྔ་དར་དང་ཕྱི་དར་གཉིས། རིང་བརྒྱུད་དང་ཉེ་བརྒྱུད་ཀྱི་སྒོ་ནས་དབྱེ་ན་བཀའ་མ་དང་གཏེར་མ་གཉིས་སོགས་ཡོད། དེའི་ནང་ནས་གཙོ་ཆེ་བར་ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ནི་ཕ་གཅིག་དམ་པ་རང་ལས་བརྒྱུད་པ་ཡིན། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ནི། མ་གཅིག་ལབ་ཀྱི་སྒྲོལ་མ་ནས་བརྒྱུད་པ་ཞིག་ཡིན། གཞན་ལ་ཕོ་གཅོད་མོ་གཅོད་ཀྱིས་དབྱེ་ན། ཕོ་གཅོད་ནི་ཕ་གཅིག་དམ་པ་ནས་བརྒྱུད་པ་བྲུལ་ཚོ་དྲུག་པ་དང་། ལ་བཟླ་སྐོར་གསུམ་ལ་སོགས་པ་ཡོད། མོ་གཅོད་ནི། མ་གཅིག་གིས་ཤེར་ཕྱིན་བཀླགས་པས་སྟོང་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེས། ཕ་གཅིག་དམ་པས་སྙིང་གཏམ་ཚིག་གཅིག་གསུངས་པས་རྒྱུད་གྲོལ་ཏེ་གྲུབ་པའི་ས་མཐོར་གཤེགས་པ་ཡིན། དེའི་བརྒྱུད་པ་མ་གཅིག་ཉིད་ཀྱིས་དགོངས་ཉམས་ལས་འཁྲུངས་པའི་དམ་ཆོས་གཅོད་ཡུལ་ཕག་མོའི་སྐོར་ཊཱིཀ་ཆེན་ཊཱིཀ་ཆུང་སོགས་གཞུང་དང་གདམས་ངག་མང་པོ་ཡོད་པ་རེད། གཅོད་འདི་ལ་མཚོན་པ་དཔེ་དྲུག་གི་ཆེ་བ་བརྗོད་ན། བདུད་བཞི་དབྱིངས་སུ་གཅོད་པའི་མན་ངག་འདི་གངས་དཀར་གྱི་རི་བོ་དང་འདྲ་སྟེ་གངས་ལ་ཁ་བ་བབ་ཀྱང་དཀར་ལ་མ་བབས་ཀྱང་དཀར་བ་བཞིན། གཅོད་མཁན་རྣལ་འབྱོར་པ་ལ་ཐོས་པའི་ཤེས་རབ་དེ་ཡོད་ཀྱང་ལེགས་ལ་མེད་ཀྱང་ཆོག གཅོད་ཀྱི་མན་ངག་འདི་སེང་གེ་དཀར་མོ་དང་འདྲ་སྟེ་ཐམས་ཅད་ཟིལ་གྱིས་གནོན་ལ་གཅིག་པུར་ཉམས་ང་མེད་པ་བཞིན། གཅོད་བྱེད་རྣལ་འབྱོར་པ་གྲོགས་མང་པོ་དང་འགྲོགས་ཀྱང་ཆོག་ལ་གཅིག་པུར་འགྲིམས་ཀྱང་ཆོག་པ་ཡིན། ཟབ་ཆོས་ཀྱི་མན་ངག་འདི་ལྷ་ཡི་རྔ་བོ་ཆེའི་སྒྲ་སྐད་དང་འདྲ་སྟེ་རྔ་ཆེན་ལ་རོལ་མོ་གཞན་གྱི་སྒྲ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་བཞིན། གཅོད་མཁན་རྣལ་འབྱོར་པ་དེ་ལ་དགེ་སྦྱོར་གྱི་གྲོགས་གཞན་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ཡིན། གཅོད་ཀྱི་མན་ངག་འདི་དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ་གྲུབ་ཆུ་ལ་མི་མང་ཉུང་གི་ཚོད་དང་འཚམས་པར་འབྱུང་བ་བཞིན། འདིར་གང་ཟག་གི་བློ་ཚོད་དང་འཚམས་པར་བསླབ་ཏུ་ཡོད། གཅོད་ཡུལ་གྱི་གདམས་པ་འདི་གསེར་གཡུ་ཆག་པའི་དུམ་བུ་དང་འདྲ་སྟེ་ཆེ་ན་རིན་ཐང་ཆེ་ལ། ཆུང་ནའང་དེ་དང་འཚམས་པའི་རིན་ཐང་ཡོད་པ་བཞིན། རྣལ་འབྱོར་པས་གཅོད་སྐོར་རྒྱ་ཆེན་པོ་ཤེས་ན་ཡོན་ཏན་དཔག་ཏུ་མེད་པ་ཡོད་ལ་ཅུང་ཟད་ཙམ་ཤེས་པས་ཀྱང་རང་གཞན་ལ་ཕན་ཐོགས་པ་ཡིན་ནོ། །གཅོད་ཡུལ་གྱི་གདམས་པ་འདི་རྟ་བཟང་པོའི་སྤུ་དང་འདྲ་སྟེ་རྟ་མཆོག་གཟུགས་འགྲོས་ལེགས་པ་ལ་སྤུ་མདོག་ལ་ཁྱད་པར་མེད་པ་བཞིན། གཅོད་ཡུལ་མཐར་ཕྱིན་པའི་གང་ཟག་དེ་མཆོག་དམན་གང་ཡིན་ཡང་གཞན་ལས་བྱིན་རླབས་ཆེ་བར་གསུངས་པ་ཡིན་ནོ། །དེ་ལ་ཀུ་སཱ་ལི་ཞེས་པ་ནི། སྤྲང་པོའི་དོན་ཡིན་པས་ཚེ་བློས་བཏང་གི་རྣལ་འབྱོར་རི་ཁྲོད་པ་ལྟ་བུ་འཇིག་རྟེན་གྱི་བྱ་བ་མེད་པར་ཚོགས་གསོག་པའི་ལོངས་སྤྱོད་གཞན་མི་རྙེད་པ་རྣམས་ཀྱིས་སེམས་ཀྱི་དམིགས་པ་ལ་བརྟེན་ནས་ནང་ཕུང་པོའི་གཅེས་འཛིན་བོར་ནས་རང་གི་ལུས་ཀྱི་མཆོད་སྦྱིན་བྱེད་པ་ཡིན། དེ་ཡང་ཁང་ཁྱིམ་ཡོ་བྱད་ནོར་རྫས་སོགས་དངོས་པོ་གཞན་ཐམས་ཅད་ཀྱང་རང་གི་ལུས་འདི་བསྲུང་ཞིང་གསོ་བའི་ཆེད་དུ་འབད་རྩོལ་དང་རྩོལ་སྒྲུབ་གསོག་འཇོག་དང་གཅེས་སྤྲས་སོགས་བྱེད་པ་ཡིན་ལ། ལོངས་སྤྱོད་གཞན་ཐམས་ཅད་ལས་ཀྱང་རང་གི་ལུས་འདི་ཉིད་གཅེས་འཛིན་ཆེ་བར་ངེས་པས་ན། ལུས་ལ་གཅེས་འཛིན་བཅད་དེ་ལུས་ཀྱི་མཆོད་སྦྱིན་བྱ་བ་ནི། ཟང་ཟིང་གི་དངོས་པོ་གཞན་གྱི་མཆོད་སྦྱིན་བྱ་བ་ལས་ལྷག་པར་ཡང་ཕན་ཡོན་ཆེ་བ་ཡིན་ཏེ། ཇི་སྐད་དུ། རྟ་དང་གླང་པོ་བརྒྱ་འགྱུར་ཡིན། །བུ་དང་ཆུང་མ་སྟོང་འགྱུར་ཡིན། །ལུས་ཀྱི་མཆོད་སྦྱིན་འབུམ་འགྱུར་ཡིན། །ཞེས་དང་། མ་གཅིག་གི་ཞལ་ནས། ཆགས་མེད་ལུས་སྦྱིན་བྱེད་པ་དེ། །ཚོགས་གཉིས་ཡིན་པར་མ་ཤེས་ནས། །ཕུང་པོ་གཅེས་འཛིན་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཞེས་གསུངས། གོང་དུ་བཤད་པའི་བདུད་བཞིའི་རྩ་བ་ནང་ང་བདག་སྙེམས་བྱེད་ཀྱི་བདུད་བདག་འཛིན་འདི་ལ་ཐུག་པས། འདི་བཅད་པ་ལ་ཐབས་ཀྱིས་བཅད་པ་དང་། ཤེས་རབ་ཀྱིས་བཅད་པའི་ཐབས་གཉིས་ཡོད། དང་པོ་ནི། ཐོག་མ་མེད་པའི་དུས་ནས་བདག་ཏུ་འཛིན་པ་འདིས་ད་ལྟའི་བར་གྱི་སྡུག་བསྔལ་ཐམས་ཅད་བསྐྱེད་ལ། ད་དུང་ཡང་འདི་མ་སྤངས་ན་ཐ་མ་མེད་པའི་བར་དུ་གནོད་སྐྱེལ་ངེས་པ་ཡིན་པས་རིན་ཆེན་བྱང་ཆུབ་ཀྱི་སེམས་སྐྱེ་བར་བྱེད་པ་ཚད་མེད་བཞི་དང་། བདག་གཞན་མཉམ་བརྗེས་བྱང་ཆུབ་ཀྱི་སེམས་བསྒོམས་ནས་བདག་རང་དོན་གྱི་འཁྲི་བ་རྩ་བ་ནས་མ་ཆོད་ཀྱི་བར་བསྒོམ་ཞིང་སེམས་ཅན་ཐམས་ཅད་ལ་མ་དང་རང་བུའི་འདུ་ཤེས་བཞག་ནས་དེ་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་ཆ་རྐྱེན་དུ་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཡོངས་སུ་བཟུང་བའི་གཞི་གསུམ་ལ་ཞེན་འཛིན་ཆོད་དགོས། དེ་ཆོད་ན་རིན་ཆེན་བྱང་ཆུབ་ཀྱི་སེམས་ཀྱིས་ནང་སྙེམས་བྱེད་ཀྱི་བདུད་ནང་ནས་ཆོད་པས་གཅོད་ཀྱི་ནང་ནས་མཆོག་ཏུ་གྱུར་བ་གཅོད་རབ་བ་ཉལ་ཉལ་ཟེར་བ་དེ་ཡིན་པས་སྤྲོས་པ་གཞན་ཅི་ཡང་མི་དགོས། གཉིས་པ་ཤེས་རབ་ཀྱི་གཅོད་པ་ནི། བདག་འཛིན་གཅོད་པར་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ངོ་སྤྲད་ཅིང་། བསྒོམ་པས་དེའི་ངང་སྐྱོང་བ། སྤྱོད་པས་བོག་དབྱུང་དགོས་ན་ཡང་། འདིར་གོ་བདེ་བར་བཤད་ན་ཆོས་ཐམས་ཅད་སྨྲ་བསམ་བརྗོད་མེད་སྐྱེ་འགག་གནས་གསུམ་དང་བྲལ་བ་ནམ་མཁའ་ལྟ་བུའི་རང་བཞིན་སྤྲོས་བྲལ་བློ་འདས་ཆེན་མོ་ཡུམ་ཤེར་ཕྱིན་གྱི་དགོངས་དོན་གཏན་ལ་ཕེབས་ན་ཤེས་རབ་ཀྱི་སྟོབས་ཀྱིས་བདུད་བཞི་གཅིག་ཅར་དུ་གཅོད་པ་ཡིན། ལུས་སྦྱིན་དངོས་ལ་དེ་ཡང་དང་པོ་རང་ཉིད་དམིགས་པ་ལ་གོམས་པོ་ཡོད་ན་རྣམ་ཤེས་ནམ་མཁར་སྤར་ཏེ། སྤྱི་གཙུག་ཏུ་ཐོན་པ་དང་། རྣམ་ཤེས་དེ་ཉིད་སྐད་ཅིག་གིས་ཁྲོས་མར་བསྐྱེད་ཀྱང་འདྲ། དེ་ལྟར་མིན་ན་རང་གི་སྙིང་དབུས་སུ་སེམས་རྣམ་པར་ཤེས་པའི་ངོ་བོ་མ་གཅིག་ཁྲོས་མ་ནག་མོ་སྐུ་གར་ཐབས་ལིང་ངེ་ཡོད་པ། ཕྱག་གཡས་དུག་གསུམ་གཅོད་པའི་གྲི་གུག་ནམ་མཁར་ཕྱར་ཞིང་ཕྱག་གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། རྣ་ལྟག་གཡས་སུ་ཕག་ཞལ་ནག་པོས་ངུར་སྒྲ་སྒྲོགས་པ་ཁྲོ་མོའི་ཆ་བྱད་ཅན་དེ་ལྟ་བུ་ཞིག་བསྐྱེད་ལ། ཐབས་ཤེས་འབྲེལ་བའི་ཡི་གེ་ཕཊཿཅེས་བརྗོད་པའི་ཚེ་སྙིང་དབུས་སུ་སེམས་རྣམ་པར་ཤེས་པའི་ངོ་བོ་མ་གཅིག་ཁྲོས་མ་ནག་མོ་དེ་རྩ་དབུ་མའི་ལམ་བརྒྱུད་དེ་སྤྱི་བོ་ཚངས་པའི་བུ་ག་ནས་རྒྱངས་ཀྱིས་ཐོན་པའི་མོད་ལ་རང་གི་ལུས་དེ་ཉིད་རོ་རུ་གྱུར་ནས་ལིང་གིས་འགྱེལ། སྤྱིར་ན་སེམས་ཚོལ་གྱིས་གཞི་རྩ་མ་ཆོད་པར་ཡུམ་དོན་ངོ་འཕྲོད་ལུགས་མེད་པས་སེམས་ཀྱི་གཞི་རྩ་དང་པོར་ཆོད་པར་བྱས་ཏེ། དེ་ནས་དབྱིངས་རིག་སྲེ་བ་དངོས་ལ། རིག་པ་ཕུང་པོའི་གཟེབ་ཀྱིས་བཏུམས་ནས་གཅེར་བུར་འབུད་མི་ཐུབ་པ་དེ། དམིགས་པས་རྟེན་དང་ཕྲལ་ཏེ་རིག་པ་རྟེན་མེད་དུ་ཕྱུངས་ནས་དབྱིངས་རིག་སྲེ་བ་ཞེས་པར་འགྱུར་ཏེ་འདི་ནི་གཅོད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡིན་གསུངས། སེམས་ཀྱི་ཐིག་ལེ་དེ་ཉིད་མས་རིམ་ནས་ཡར་སྤར་ཏེ་ལུས་སེམས་བྲལ་ལུགས་འདི་ལ་རིགས་དྲུག་གནས་སྦྱོང་ཡང་ཚང་གསུངས། དེ་ལྟར་དབྱིངས་རིག་སྲེ་བ་ཚད་ལྡན་ཞིག་བྱུང་ན་དེའི་སྟེང་ནས་ཕུང་པོ་གཟན་སྐྱུར་བྱས་ན་ལུས་ལ་རང་ལུས་སུ་མི་འཛིན་པར་རྩྭ་དང་རྩིག་པ་ལྟ་བུའི་བློ་འཆར་བདེ་བས་གཅེས་འཛིན་གྱི་འཁྲི་བ་བཙན་ཐབས་སུ་གཅོད་པའི་མན་ངག་གི་རལ་གྲི་རྣོན་པོའོ། །དབྱིངས་རིག་སྲེ་བ་བྱང་ཚེ་ལུས་སེམས་མ་ཕྲལ་བར་ཡུམ་དོན་བསྐྱང་ན་ཡང་འདྲ་གསུངས། དེ་ཡང་ནམ་མཁའ་སྒོ་འབྱེད་དུས་དབྱིངས་རིག་བསྲེས་ཐོག་དེར་རྩེ་གཅིག་བཞག གལ་ཏེ་བཞག་ཐོག་ཏུ་མ་གནས་ན་ཕུང་པོ་གཟན་སྐྱུར་གྱིས་ཞེན་འཛིན་གཅོད་དེ། དེ་ཀའི་ངང་ལ་ཡང་དབྱིངས་རིག་བསྲེ་སྟེ། འདིའི་ཐད་ནས་ཤེས་པ་གཏད་མེད་དུ་བཞག་པས་གློ་བུར་བའི་དམིགས་རྟེན་ཅན་གྱི་བློའི་སྤྲོས་པ་ཤས་ཇེ་ཆུང་ལ་རིམ་གྱིས་སོང་ནས། རྟེན་མེད་ཀྱི་ཤེས་རིག་གཉུག་མའི་ཆ་ཞིག་རྗེན་ལ་ཕུད་ཡོད། དེ་ཀ་བཟོ་མེད་རང་བབས་སུ་དེའི་ངང་བསྐྱང་བ་ལས་ལྷག་པ་ནི་རྫོགས་ཆེན་ཁྲེགས་ཆོད་ཀྱི་དགོངས་པའང་དེ་ལས་གཞན་དུ་མ་གྱུར་བ་ཞིག་ཡིན། དེ་ཡང་ད་ལྟའི་ལུས་འདི་ལྟ་བུ་རིད་ཅིང་ཆུང་བ་མ་ཡིན་པར་ཆེ་བ་ཚོ་བ་སྣུམ་པ་སྟོང་གསུམ་གྱི་རྒྱ་ཁྱོན་དང་མཉམ་པ་གཅིག་ཏུ་བསྒོམ། དེ་ནས་རང་ཉིད་མ་གཅིག་ཁྲོས་མ་ནག་མོར་གསལ་བའི་ཕྱག་གཡས་ཀྱི་གྲི་གུག་དེས་རང་གི་ལུས་བེམ་པོ་དེའི་སྨིན་མཚམས་སུ་ཚད་ཙམ་བྱས་པས་ཐོད་པ་སྒར་གྱིས་བཀོག ཐོད་པ་དེ་ཡང་ད་ལྟའི་འདི་ལྟ་བུ་ཆུང་ཆུང་མ་ཡིན་པ་སྟོང་གསུམ་གྱི་རྒྱ་ཁྱོན་དང་མཉམ་པའི་ཆེན་པོ་གཅིག་ཏུ་བསྒོམ། དེ་ནས་ཁྲོས་མའི་ཕྱག་གཡོན་པས་ཐོད་པ་དེ་བླངས་ནས་མི་མགོའི་སྒྱེད་པུ་རི་རབ་དང་མཉམ་པ་གསུམ་གྱི་སྟེང་དུ་དཔྲལ་བ་རང་ལ་བསྟན་ཏེ་བཀོད། ཡང་ཁྲོས་མ་གསལ་བའི་ཕྱག་གཡས་ཀྱི་གྲི་གུག་དེས་བམ་རོ་དེ་ཉིད་ལིང་གིས་བླངས་ཏེ་ཐོད་པའི་ནང་དུ་བཞག དེ་ནས་ཐོད་པའི་སྟེང་གི་ནམ་མཁར་བདུད་རྩིའི་རང་བཞིན་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་བསྟན་ཞིག་དང་། ཐོད་པའི་འོག་ཏུ་མེའི་རང་བཞིན་ཡི་གེ་ཨ་ཐུང་དམར་པོ་ཞིག་བསྒོམ། དེ་ནས། ཨོཾ་ཨཱཿཧཱུཾ་ཞེས་སྐུ་གསུམ་གྱི་ཡི་གེ་གསུམ་བརྗོད་པའི་ཚེ་ཨ་ཐུང་ལས་མེ་འབར་ཐོད་པ་དྲོས་ནང་གི་བམ་རོ་དེ་བདུད་རྩིའི་རང་བཞིན་དུ་སོ་རོ་རོ་ཞུ་ནས་ཁོལ་ཏེ་ཐོད་པའི་ཁ་གང་ནས་འབགས་བཙོག་དང་དྲི་མ་མ་དག་པའི་ཆ་ཐམས་ཅད་ལྦུ་བ་དང་སྤྲིས་མའི་རྣམ་པར་ཕྱིར་ལུད་དེ། རླངས་པ་ཧྃ་ཡིག་ལ་ཕོག་པས་ཧྃ་ཡིག་ཀྱང་དྲོས་ཏེ་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པ་ཡང་གཉིས་མེད་དུ་འདྲེས་ཤིང་མཐར་ཧྃ་ཡིག་ཀྱང་འོད་དུ་ལྟེམ་གྱིས་ཞུ་ནས་ཐོད་པའི་བདུད་རྩི་དང་གཉིས་མེད་དུ་ཐིམ་པར་བསམས་ལ། ཕཊ༔ལུས་གཅེས་འཛིན་སོགས་འདོན་བསྒོམ་སྦྲགས་མ་བརྗོད། ཕཊ་ཅེས་གཅོད་བྱེད་ཐབས་ཀྱི་ཡི་གེ་ཕ་དང་བསྡུ་བྱེད་ཤེས་རབ་ཀྱི་ཡི་གེ་ཊ་གཉིས་ཟུང་དུ་འབྲེལ་བ་ཐབས་ཤེས་ཟུང་འཇུག་ཡིན། དེས་འགོ་བླངས་ཏེ་རང་ལུས་ལ་གཅེས་འཛིན་གྱི་ཞེན་པ་བོར་བས་ལྷས་བུའི་བདུད་བཅོམ། རང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་སྤྱི་བོ་ཚངས་པའི་སྒོ་ནས་ནམ་མཁའི་དབྱིངས་སུ་ཐོན་ཏེ་དབྱིངས་རིག་དབྱེར་མེད་དུ་བསྲེས་ནས་མཉམ་པར་བཞག་པས་འཆི་བདག་གི་བདུད་བཅོམ། དེ་ནས་སྐད་ཅིག་གིས་རང་རིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོར་གྱུར་ཏེ་དར་དང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། སྤྱི་བོར་ཕག་ཞལ་གྱིས་མཚོན་པའི་ཕྱག་གཡས་པ་ན་ཉོན་མོངས་པའི་བདུད་བཅོམ་པའི་མཚོན་བྱེད་གྲི་གུག་གི་ཕྱག་རྒྱ་ནམ་འཁའ་ལ་འཕྱར་བས། གཟུགས་ཕུང་པོའི་བདུད་བཅོམ་པར་ཐོད་པ་སྨིན་མཚམས་ནས་བྲེགས་ཏེ། ཕྱག་གཡོན་ལས་བྱེད་ཀྱི་ཚུལ་གྱིས་སྟོང་གསུམ་དང་མཉམ་པར་གྱུར་པའི་བྷནྡྷ་ཐོགས་པ་དེ་ཉིད། སྐུ་གསུམ་གྱི་མཚོན་བྱེད་མི་མགོའམ་ཐོད་པའི་སྒྱེད་པུ་རི་རབ་ཙམ་གསུམ་གྱི་ཁར་བཞག་པའི་ནང་དུ་རྒྱ་ཆེ་བ་ཚོ་ཞིང་སྣུམ་པའི་སྟོང་གསུམ་གང་བའི་བམ་རོ་དེ་ཉིད་དུམ་བུར་བཅད་དེ་བླུགས། འོག་ཨ་ཐང་ལས་ཡེ་ཤེས་ཀྱི་མེ་འབར་བ་དང་། སྟེང་ནས་ཧཾ་ཡིག་གི་རྣམ་པ་དཀར་པོ་མགོ་ཐུར་བསྟན་དུ་གནས་པས་བདུད་རྩིའི་རྒྱུན་འཛག་སྟེ་ཞུ་ཞིང་ཁོལ། འབྲུ་གསུམ་གྱི་ནུས་པས་སྦྱོང་སྤེལ་བསྒྱུར་བར་བསམ་བཞིན་རང་གིས་ངག་ནས་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པའི་ཚེ། ཨོཾ་གྱིས་ཁ་དོག་དྲི་རོ་ལ་སོགས་པའི་མ་དག་པའི་སྐྱོན་ཐམས་ཅད་རླངས་པ་སྔོ་དམར་གྱི་རྣམ་པས་ཕྱིར་ཐོན་ཏེ་སྦྱངས། ཨཱཿཡིས་དག་པ་ཡེ་ཤེས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་མང་པོར་སྤེལ། ཧཱུྃ་གིས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་རང་བཞིན་གང་ལ་གང་འདོད་ཀྱི་དངོས་པོར་བསྒྱུར་ཏེ། ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འདོད་རྒྱུ་ཡིད་བཞིན་གྱི་སྤྲིན་འཕྲོ་བའི་རོལ་པ་དང་རང་བཞིན་དུ་གྱུར་པར་བསམ། དེ་ནས་རང་གི་མདུན་གྱི་ནམ་མཁར་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ལ་སོགས་པས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་ཉི་ཟླ་པདྨ་དར་ཟབ་འབོལ་བརྩེགས་དང་བཅས་པའི་སྟེང་དུ། དྲིན་ཅན་རྩ་བའི་བླ་མ་སྐུ་དངོས་སུ་ཧེ་རུ་ཀཿ་རྣལ་འབྱོར་བའི་ཆས་ཅན་ཕྱག་གཡས་པས་ཐོད་པའི་ཌཱ་མ་རུ་འཁྲོལ་ཞིང་། གཡོན་པས་བྷནྡྷ་བཅུད་ལྡན་དཀུ་ལ་བརྟེན་ཅིང་ཞབས་གཉིས་རོལ་བའི་སྟབས་སུ་བམ་རོ་ལ་སོགས་པའི་གདན་གྱི་ཁར་བཞུགས་པ། དེའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་གྱི་ལྷ་ཚོགས། འོག་ན་མ་དང་མཁའ་འགྲོ། ཐོད་པའི་ཁའི་ཐད་ཀྱི་ནམ་མཁའ་ལ་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས། ལྷ་ཆེན་བརྒྱད། འཇིགས་བྱེད་དགུ། ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞི། བཟའ་བརྒྱད། རྒྱུ་སྐར་ཉེར་བརྒྱད། ཀླུ་བརྒྱད་དང་བདུན་ཅུ་རྩ་ལྔ་བོ་དེ་ལ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་ཞེས་འཇིག་རྟེན་ན་དབང་ཆེ་བའི་འཇིག་རྟེན་སྐྱོང་བ་སྟོན་པའི་ཞལ་མཇལ་ཞིང་བསྟན་པ་ལ་དགའ་བའི་དཀར་ཕྱོགས་སྐྱོང་བ་ཆེན་པོ་ཡིན། བཀའ་ཉན་བསྟན་པ་སྲུང་བའི་དབང་ཕྱུག་མ་ཧཱ་དེ་བ་སོགས་བསྟན་པ་སྲུང་བའི་དྲེགས་པའི་འཆི་བདག་ནག་པོ་ཡབ་ཡུམ་སོགས་སྔགས་བདག་དྲེགས་པ་བཅོ་བརྒྱད། རྣལ་འབྱོར་བ་ལ་ཁ་འཛིན་སྡོང་གྲོགས་བྱེད་པའི་འགོ་བའི་ལྷ་ལྔ། སྲུང་བྱེད་ཀྱི་ལྷ་ལྔ། སྐྱོབ་པའི་ལྷ་དགུ་སོགས། མདོར་ན་ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་སྲུང་མའི་ཚོགས་དང་ཡུལ་ལྷ་གཞི་བདག་ལ་སོགས་པ་འཁོད། དེའི་འོག་གི་ས་གཞིའི་སྟེང་དུ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་བགེགས་རིགས་ལན་ཆགས་ཀྱི་མགྲོན་གཙོ་བོར་གྱུར་པའི། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་བསྐྱེད། དེ་ནས་སྟེང་གི་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀོན་མཆོག་སྲི་ཞུའི་མགྲོན་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུ་ཅན་གྱིས་བདུད་རྩིའི་བཅུད་དྲངས་ཏེ་གསོལ། ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམ་སྟེ་ཐུགས་དམ་བསྐང་། རང་གཞན་སེམས་ཅན་དེ་དག་གི་ཚོགས་རྫོགས། སྒྲིབ་པ་གཉིས་དག དམ་ཚིག་ཉམས་ཆག་བྱང་། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ། བར་ན་ཡི་དམ་བྱ་སྤྱོད་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་བཞི་དང་བླ་མེད་ལ་ཕ་རྒྱུད་ཕ་རྒྱུད་གཉིས་མེད་རྒྱུད་ཀྱི་དབྱེ་བས་རྒྱུད་སྡེ་དྲུག་གི་ལྷ་ཚོགས་མགོན་པོ་ཡོན་ཏན་མགྲོན་རྣམས་ཀྱི་ལྗགས་རང་རང་གི་ཕྱག་མཚན། རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ་ལ་སོགས་པའི་རྣམ་པ་ཅན་གྱི་སྦུ་གུས་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བར་བསམ་། རང་གི་ཚོགས་རྫོགས་སྒྲིབ་པ་དག དམ་ཚིག་ཉམས་ཆག་བྱང་། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། ཡེ་ཤེས་དང་ལས་ལས་གྲུབ་པའི་དཔའ་བོ་མཁའ་འགྲོ་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་སྲུང་མ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་དང་། བཅས་པ་ལ་སོགས་པ་དཀར་ཕྱོགས་སྐྱོང་བའི་ཚོགས་དང་བཅས་པ་རྣམས་ཀྱི་ལྗགས་ཉི་ཟེར་གྱི་སྦུ་གུ་ཅན་གྱིས་བདུད་རྩིའི་བཅུད་དྲངས་ཏེ་གསོལ། རང་གི་ཚོགས་རྫོགས་སྒྲིབ་པ་དག དམ་ཆོས་བྱང་ཆུབ་སྒྲུབ་པའི་མི་འདོད་འགལ་རྐྱེན་བར་ཆད་ཐམས་ཅད་བསལ། མཐུན་རྐྱེན་ཡིད་ལ་སྨོན་པའི་ལེགས་ཚོགས་ཐམས་ཅད་སྤེལ་བར་བསམ། དེ་ཡར་མགྲོན་ལ་དཀར་འགྱེད་ཡིན། དེ་ནས་རང་ཉིད་དམིགས་པ་ལ་གོམས་པོ་ཡོད་ན་རང་ཉིད་མ་ཅིག་ཁྲོས་མ་ནག་མོར་གསལ་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་སེར་དམར་ལྗང་མཐིང་ག་བརྒྱ་སྟོང་གྲངས་མེད་པ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུ་ཞིག་སྤྲོས་ནས། དེ་དག་གིས་ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྣོད་ཡེ་ཤེས་ཀྱི་ཀ་པཱ་ལ་བཅུད་ཟག་མེད་ཀྱི་བདུད་རྩིས་གང་བ་རེ་རེ་བྱིན་པས་ངོམས་ཤིང་ཚིམས་པ་བསམ། ཡང་རང་ཉིད་དམིགས་པ་ལ་གོམས་པོ་མེད་ན། རང་ཉིད་ཁྲོས་མར་གསལ་བའི་ཕྱག་གཡོན་པའི་ཐོད་པ་དེ་ཉིད་ཀྱིས་ཐོད་པའི་བདུད་རྩི་བཅུས་ཤིང་གཏོར་བས་ཁམས་གསུམ་རིགས་དྲུག་གི་གནས་སུ་བདུད་རྩིའི་ཆར་བབས་པ་ལ་ཐམས་ཅད་ཀྱིས་འཐུང་བས་ངོམས་ཤིང་ཚིམས་པར་བསམ། དེ་ནི་མར་མགྲོན་ལ་དཀར་འགྱེད་ཡིན། ཡང་བདུད་རྩི་ཁོལ་བའི་རླངས་པ་ལས་ཡར་མཆོད་ཡུལ་མཆོག་གསུམ་རྩ་གསུམ་རྒྱ་མཚོ་ལ་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འཕན་གདུགས། རྒྱལ་མཚན། བླ་རེ། གསེར་གྱི་འཁོར་ལོ་རྩིབས་སྟོང་། དུང་དཀར་གཡས་སུ་འཁྱིལ་བ་ལ་སོགས་པ་ལྷ་དང་མི་ཡི་འདོད་ཡོན་ཡིད་འོང་གི་དངོས་པོ་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་མཆོད། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་སྒྲིབ་པ་དག་པར་བསམ། དེ་ཡར་མགྲོན་ལ་ཁྲ་འགྱེད་ཡིན། ཡང་མར་མགྲོན་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རང་རང་གང་ལ་གང་འདོད་ཅི་ལ་ཅི་འདོད་ཀྱི་ཡོ་བྱད་ཐམས་ཅད་ཆར་བཞིན་དུ་བབས་པས་ཐམས་ཅད་དགའ་མགུ་ཚིམ་ཞིང་ཡི་རང་། ཁྱད་པར་རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་ཐ་མ་ད་ལ་མ་ཐུག་གི་བར་དུ། བསད་པ་ཚེ་ཐུང་བའི་ལན་ཆགས། འཕྲོག་པ་ནོར་དབུལ་བའི་ལན་ཆགས། བརྡུང་བ་ནད་མང་བའི་ལན་ཆགས། གོང་མས་བསྐྱབས་པའི་ལན་ཆགས། འོག་མས་བཀུར་བའི་ལན་ཆགས། བར་མ་མཛའ་པའི་ལན་ཆགས། མཐོ་བ་མཁར་གྱི་ལན་ཆགས། དམའ་བ་ས་ཞིང་གི་ལན་ཆགས། གཉེན་གྲོགས་སྲིད་སྡེའི་ལན་ཆགས། བུ་ཚ་ཕྱུགས་ཀྱི་ལན་ཆགས། བཟའ་བ་ཟས་ཀྱི་ལན་ཆགས། བགོ་བ་གོས་ཀྱི་ལན་ཆགས། བུ་ལོན་འབྲེལ་གྱི་ལན་ཆགས། ཞོ་བཞོས་པའི་ལན་ཆགས། ཁལ་བཀལ་བའི་ལན་ཆགས། རྨོ་རྨོས་པའི་ལན་ཆགས། བེད་དུ་བཅད་པའི་ལན་ཆགས་ལ་སོགས་ཚེ་ལན་སྲོག་ལན། ཤ་ལན། རུས་ལན་ཆགས་པའི་ལན་ཆགས་བུ་ལོན་ཤ་འཁོན་གྱི་བདག་པོ་བདག་མོ་ཐམས་ཅད་སྣོད་བཟུང་སྟེ་བུ་ལོན་བསྙག་པ་ལྟར་དུ་འདུས་པ་ལ། དེ་དག་ཐམས་ཅད་ལ་རང་རང་གང་ལ་གང་འདོད། ཅི་ལ་ཅི་འདོད། ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། ལོངས་སྤྱོད་འདོད་པ་ལ་ལོངས་སྤྱོད། སྐྱེད་ཚལ་འདོད་པ་ལ་སྐྱེད་ཚལ། རྟ་གླང་སོགས་བཞོན་པ་འདོད་པ་ལ་བཞོན་པ། གནས་ཁང་འདོད་པ་ལ་གནས་ཁང་། གཉེན་གྲོགས་འདོད་པ་ལ་གཉེན་གྲོགས་ལ་སོགས་འདོད་གུའི་ལོངས་སྤྱོད་ཟད་པ་མེད་པའི་གཏེར་དུ་གྱུར་ནས་ཆར་ལྟར་བབས་པ་ལ། རང་རང་གིས་ལོངས་སྤྱད་ནས་ལན་ཆགས་འཁོར། བུ་ལོན་སོད། ཤ་མཁོན་བྱང་། སྡིག་སྒྲིབ་དག འགྲོ་དྲུག་གི་སེམས་ཅན་དེ་དག་ཐམས་ཅད་ཀྱང་ངོམས་ཤིང་ཚིམས་ཏེ་དགའ་བར་བསམ། ཡང་དེ་དག་གི་ལྷག་མ་ཉམ་ཆུང་བ་ཁས་ཞན་པ། དབང་ཆུང་བ། ཞ་བོ། ལོང་བ། འོན་པ། ལྐུགས་པ་ལ་སོགས་རིགས་དྲུག་གི་སེམས་ཅན་སྡུག་བསྔལ་གྱིས་གདུང་བ་ཉམ་ཐག་པ་ཐམས་ཅད་ལ་རང་རང་གང་ལ་གང་འདོད་ཀྱི་དངོས་པོ། སྐྱབས་མེད་པ་ལ་སྐྱབས། མགོན་མེད་པ་ལ་མགོན། དཔུང་གཉེན་མེད་པ་ལ་དཔུང་གཉེན། གཉེན་གྲོགས་མེད་པ་ལ་གཉེན་གྲོགས། སྲིད་སྡེ་མེད་པ་ལ་སྲིད་སྡེ། ནད་པ་ལ་གསོ་བའི་སྨན། འཆི་བ་སློང་བའི་བདུད་རྩི། ཞྭ་བོ་ལ་རྫུ་འཕྲུལ་གྱི་རྐང་པ། ལོང་བ་ལ་ཡེ་ཤེས་ཀྱི་སྤྱན། འོན་པ་ལ་ཟག་མེད་ཀྱི་རྣ་བ། ལྐུགས་པ་ལ་ཤེས་རབ་ཀྱི་ལྕེ་ལ་སོགས་པར་གྱུར་ཏེ་ལོངས་སྤྱོད་པས་ཐམས་ཅད་ངོམས་ཤིང་ཚིམས། རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ། ཕོ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ། མོ་ཐམས་ཅད་རྗེ་བཙུན་འཕགས་མ་སྒྲོལ་མའི་གོ་འཕང་ཐོབ་སྟེ། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་བསམ། དེ་ནི་མར་མགྲོན་ལ་ཁྲ་འགྱེད་ཡིན། དེ་ལྟར་དམིགས་པ་མ་ཟིན་བར་དུ་སྦྱོང་སྤེལ་སྒྱུར་བའི་སྔགས་ཨོཾ་ཨཱཿཧཱུཾ་ཁོ་ན་བརྗོད། དེ་ནས། ཕཊཿཡར་མཆོད་ཡུལ་མགྲོན་གྱི་སོགས། གཤིས་རྫོགས་པ་ཆེན་པོ་མ་བཅོས་ཨཿཞེས་བརྗོད་ཅིང་ཞེས་པའི་དོན། ཡར་མཆོད་ཡུལ་དཀོན་མཆོག་སྲི་ཞུའི་མགྲོན་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་མཆོད་པས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམ་སྟེ་ཐུགས་དམ་བསྐངས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བསམ། མར་རིགས་དྲུག་འཁོར་བའི་མགྲོན་ལ་དཀར་འགྱེད་དང་ཁྲ་འགྱེད་བྱས་པས་དེ་ཐམས་ཅད་ཀྱི་ཐུགས་མཉེས་ནས་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་བར་བསམ། དེ་དག་ལས་ཁྱད་པར་དུ་གནོད་བྱེད་བགེགས་ཀྱི་ཚོགས་རྣམས་ལ་བྱིན་པས་བགེགས་ཀྱི་རིགས་དེ་དག་སོ་སོའི་གང་འདོད་པའི་ཡོ་བྱད་དང་། ཤ་ཁྲག་རུས་པའི་ཕུང་པོར་གྱུར་ནས་ལོངས་སྤྱད་པས་ཚིམ། ལན་ཆགས་དང་བུ་ལོན་བྱང་། ནད་གདོན་དང་བར་ཆད་གདུག་སེམས་གནོད་པ་ཐམས་ཅད་དབྱིངས་སུ་ཞི། རྐྱེན་ངན་གྲོགས་སུ་ཤར་བ་དང་། འཁོར་བའི་རྩ་བ་བདག་འཛིན་རྡུལ་དུ་བརླགས་ཤིང་ལུས་ཟག་མེད་འཇའ་ཚོན་གྱི་སྐུ་དང་། སེམས་རྟོག་མེད་ཆོས་ཀྱི་སྐུ་རུ་གནས་གྱུར། མཐར་མཆོད་བྱ་དང་མཆོད་ཡུལ་སོགས་ཀྱིས་མཚོན་པའི་བཟུང་འཛིན་གྱི་རྟོག་ཚོགས་མ་ལུས་པ་ཀུན་རང་བཞིན་གྱིས་མ་གྲུབ་པའི་སེམས་ཀྱི་གཤིས་ལུགས་འོད་གསལ་རྫོགས་པ་ཆེན་པོའི་དབྱིངས་སུ་སྦྱངས་ནས་འཁོར་གསུམ་གྱི་མཚན་མ་དང་བྲལ་བའི་མ་བཅོས་གཉུག་མའི་ཀློང་དུ་ཨཿཞེས་པའི་དོན་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྤྲོས་པའི་མཚན་མའི་དབེན་པ་སྨྲ་བསམ་བརྗོད་པ་དང་བྲལ་བའི་ཡུམ་དོན་གྱི་དགོངས་པ་ཡིན་པས་དེའི་ངང་དུ་མཉམ་པར་ཞོག་ཅེས་པའི་གོ་དོན་ཡིན། མཆོད་བྱ་མཆོད་བྱེད་མཆོད་ཡུལ་དང་བཅས་པ་ཐམས་ཅད་མི་དམིགས་པའི་ངང་ལ་མཉམ་པར་བཞག སྤྱིར་གཅོད་གཞུང་རྣམས་ལས། དཀར་འགྱེད་དམར་འགྱེད་ཁྲ་འགྱེད་ནག་འགྱེད་དེ་འགྱེད་ཆེན་བཞི་བཤད་ཀྱང་། འདིར་དཀར་འགྱེད་དང་ཁྲ་འགྱེད་གཉིས་ལས་དམར་འགྱེད་དང་ནག་འགྱེད་མེད་པ་ཡིན། ལར་ད་ལྟའི་དུས་ན་གཅོད་བྱེད་པར་རློམ་པའི་གཅོད་པ་རྣམས་ནས་ཀྱང་། གཅོད་ཟེར་རྒྱུ་དེ་ལྷ་འདྲེ་མ་རུངས་པ་དག་བསད་བཅད་གཏུབ་བརྡུངས་བསྐྲད་ནས་རླག་པར་བྱེད་པའི་དྲག་ཤུལ་གྱི་ལས་ཤིག་ཡིན་པར་བཟུང་། དེས་ན་གཅོད་པ་ཟེར་བ་དེ་ཡང་དུས་དང་རྣམ་པ་ཐམས་ཅད་དུ་ཡང་ཁྲོས་འཁྲུགས་རྔམ་སྟེ་ཞེ་སྡང་དང་ང་རྒྱལ་ཁོ་ནས་དཔའ་བསྐྱེད་དེ་ཡོད་པ། གཤིན་རྗེའི་ལས་མཁན་ལྟ་བུ་ཞིག་ཡོད་དགོས་སྙམ་ཞིང་ནད་པ་སོགས་ལ་གཅོད་ཀྱི་བྱིན་རླབས་བྱེད་པའི་ཚེ་ཡང་། ཁྲོས་འཁྲུགས་རྔམས་པའི་དྲག་ཤུལ་གྱི་དཔའ་བསྐྱེད་དེ་སྡང་མིག་ཕོར་བ་ཙམ་རེ་བསྒྲད། ཁུ་ཚུར་དང་ཁ་ཕོ་མཉམ་རྡེག་བྱེད་ཅིང་། རྡུང་རྡེག་སྦར་མོ་བཏབ་ནས་ནད་པའི་རྒྱབ་ལ་གྱོན་པའི་གོས་ཧྲུལ་ཡན་ཆད་གཏེད་དེ། གཅོད་པ་ཙམ་པོ་དེས་ལྷ་འདྲེ་འདུལ་ཐུབ་བར་རློམ་པ་འདུག་ཀྱང་། དེ་འདྲ་བའི་ཆོས་ལུགས་དེ་ནོར་བ་ཡིན་ཏེ། མ་གཅིག་གི་ཞལ་ནས་ཀྱང་། ཐོག་མ་མེད་པའི་དུས་ནས་ལས་ངན་གྱི་རྒྱུ་བྱས། རྐྱེན་ངན་གྱི་རླུང་གིས་དེད། འཁྲུལ་སྣང་དང་སྡུག་བསྔལ་ཁོ་ན་ལ་ཁོར་མོ་ཡུག་ཏུ་སྤྱོད། ཤི་ཙམ་ན་ངན་སོང་གི་གཏིང་རྡོ་ལས་འགྲོ་ས་མེད་པའི་ལྷ་འདྲེ་གདུག་པ་ཅན་དེ་དག་ངས་སྙིང་རྗེའི་ལྕགས་ཀྱུས་བཟུང་སྟེ། རང་གི་ཤ་དྲོན་མོ་དང་ཁྲག་དྲོན་མོ་ཟས་སུ་བྱིན་ནས། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་སྣང་བ་བསྒྱུར་ཏེ། རང་གི་འཁོར་དུ་བསྡུ་བ་ཡིན་པ་ལ། མ་འོངས་པའི་གཅོད་མཁན་ཆེན་པོ་རློམ་པ་དེ་དག་གིས་ངའི་སྙིང་རྗེའི་ལྕགས་ཀྱུས་བཟུང་པའི་ནོར་ལྷ་འདྲེ་མ་རུངས་པ་དེ་དག་བསད་པ་དང་། སྐྲོད་པ་དང་། རྡུང་བར་རློམ་པ་ནི་གཅོད་ལོག་བདུད་ཀྱི་བསྟན་པ་དར་བའི་རྟགས་ཡིན་པར་གསུངས་ཤིང་། དེ་བཞིན་དུ་མ་གཅིག་གིས། གཉན་ཁྲོད་གྲོང་ནག་རྟག་ཏུ་འགྲིམ། །གྲོགས་པོ་ནག་མོ་དག་དང་འགྲོགས། །ཉམས་ལེན་འདྲེ་ནག་བརྒྱུད་ལ་བྱེད། །བཟའ་བ་ལོག་འཚོས་དཀོར་ནག་བཟའ། །དམིགས་པ་དུག་འགྱེད་ནག་པོ་གཏོང་། །ལུས་ལ་ཁྱི་ནག་པགས་པ་གྱོན། །མགོ་ལ་དོམ་ནག་པགས་པ་བཞག །མི་རྐང་རྭ་ནག་ཁ་ཅན་འབུད། །ཕཊཿསྒྲ་ཏིང་ཏིང་ཁྱི་ནག་སྐྲོག །སུ་ཞིག་མཐོང་ན་མི་འཇིགས་སམ། །ཀུན་ཕུང་དུག་གི་སྡོང་པོ་འདྲ། །ཞེས་པའི་ནག་པོ་དགུ་ཕྲུག་གི་གཅོད་པ་ལ་སོགས་པ་གཅོད་ལོག་ཇི་སྙེད་ཅིག་འབྱུང་པར་གསུངས་པ་ཐམས་ཅད་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བྲལ་ནས་དྲག་ཤུལ་གྱིས་ལྷ་འདྲེ་འདུལ་བར་རློམ་པ་ཁོ་ནར་འདུག་པའི་ཕྱིར་རོ། །བྱམས་སྙིང་རྗེ་བྲལ་བ་དེ་ལྟ་བུ་དེས་འབྱུང་པོ་ཕྲ་མོ་མཐུ་དང་ནུས་པ་ཆུང་བ་རེ་རེ་གཉིས་གཉིས་གནས་སྐབས་འདུལ་ནུས་པ་ལྟར་འདུག་རུང་། ལྷ་འདྲེ་སྨོན་ལོག་མ་རུངས་པ་གདུག་པ་ཅན་དག་དང་འཕྲད་ན་ཕར་གནོད་མི་དགོས་སླར་ཚུར་ལ་རང་གི་སྲོག་ལ་རྒོལ་བ་ཡང་ཡོད་དེ་དུ་མ་ཞིག་མཐོང་ཐོས་སུ་གྱུར་པས་མཚོན་ལ། ཁྱད་པར་མི་ཚེ་ཆོས་ལ་སྐྱེལ་ཞིང་ཆོས་རྣམ་དག་སྒྲུབ་པའི་གང་ཟག་ཅིག་ལ་འདྲེ་འདུལ་བྱིན་རླབས་ལ་སོགས་སྐྱེས་པ་ལམ་རྟགས་ཀྱི་ཡོན་ཏན་ཡིན་ནམ། བདུད་ཀྱི་བར་ཆད་ཡིན་འབྱེད་ཤེས་དཀའ་སྟེ། ལྷ་འདྲེ་མ་རུངས་པ་དག་གིས་རྒྱུད་བརླམས་པའི་གང་ཟག་ཕལ་མོ་ཆེ་མངོན་ཤེས་དང་ནུས་པ་སོགས་ཡོད་པ་ལྟར་སྣང་ཡང་། ཕུགས་སུ་ཡང་དག་པའི་ཆོས་དང་རྒྱབ་ཇེ་འགལ་ལ་འགྲོ་ཞིང་མཐར་སྙིང་རྗེ་སོགས་དགེ་སེམས་ཏིལ་གྱི་འབྲུ་ཙམ་ཡང་མེད་པར་འགྱུར། དཀོར་རྣམ་སྨིན་གྱི་བུ་ལོན་རི་བོ་ཙམ་ཞིག་ཁུར་གྱིས་ནོན་ཀྱང་། རྙེད་པས་ཚེ་འདི་ཙམ་ལ་ཡང་ཕན་མི་འདོགས་པར་མཐར་འཚོ་བའི་ཟས་གོས་ཙམ་ཡང་མི་རྙེད་པའམ། མི་བྲ་བར་གྱུར་ནས་ཆོས་མེད་ལག་སྟོང་དུ་འཆི་བ་དེ་དག་ནི། སྔར་བཤད་པ་ལྟར་ཉི་ཚེ་བའི་དམྱལ་གནས་ལ་སོགས་པར་སྐྱེ་བར་ངེས་པ་ཡིན་ནོ། །དེས་ན་གཅོད་པས་འདུལ་རྒྱུའི་ལྷ་འདྲེ་ནི། ཕྱི་ན་སུ་ཡང་མེད་པར་ནང་ན་ཡོད་དེ། ཕྱི་འཁྲུལ་སྣང་ལྷ་འདྲེའི་གཟུགས་སུ་སྣང་བ་དེ་ཐམས་ཅད་ཀྱང་ནང་ང་དང་བདག་ཏུ་འཛིན་པའི་ངར་འཛིན་སྙེམས་བྱེད་བདུད་ཀྱི་རྩ་བ་མ་ཆོད་པ་ལས་བྱུང་བ་ཡིན་ཏེ། མ་ཅིག་གི་ཞལ་ནས་ཀྱང་། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་ལ་ཐུག །ཅེས་གསུངས། དེས་ན་འདྲེ་ཞེས་བྱ་བ་བདག་འཛིན་གྱི་འགོང་པོ་སྙེམས་བྱེད་ཀྱི་བདུད་ཡིན་ལ། དེ་ཡང་གཞན་དུ། འདྲེ་མང་པོ་བྱ་བ་འདུ་ཤེས་ཡིན། །འདྲེ་ངར་མ་བྱ་བ་ངར་འཛིན་ཡིན། །འདྲེ་རྒོད་པོ་བྱ་བ་རྣམ་རྟོག་ཡིན། །འདྲེ་དེ་དག་ཆོད་ན་གཅོད་པ་ཟེར། །ཞེས་བྱ་སྟེ། རྗེ་མི་ལས་བྲག་སྲིན་མོ་ལ་གསུངས་པ་ལས་ཀྱང་། འདྲེ་ཁྱོད་ལས་ཐུ་བ་ངར་འཛིན་ཡིན། །འདྲེ་ཁྱོད་ལས་མང་བ་འདུ་ཤེས་ཡིན། །འདྲེ་ཁྱོད་ལས་ལངས་ཤོར་རྣམ་རྟོག་ཡིན། །ཞེས་སོགས་གསུངས། དེ་བཞིན་དུ་གཅོད་ཀྱི་དབྱེ་བ་གསུངས་པ་ཡང་། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །གཅོད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །ཞེས་གསུངས། དེས་ན་གཅོད་བྱེད་པ་ཐམས་ཅད་ཀྱང་མ་རིག་པ་དང་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ་བདག་འཛིན་རྩད་ནས་གཅོད་པ་ལ། ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད་ཅེས་བྱ་བ་ཡིན་པས། བདག་འཛིན་གྱི་རྩ་བ་དེ་མ་བཅད་པར་ཕྱི་འཁྲུལ་སྣང་གི་ལྷ་འདྲེ་བསད་པས་མི་སོད། བརྡུང་བས་མི་ཐུབ། མནན་པས་མི་ནོན། བསྐྲད་པས་མི་འགྲོ་སྟེ། དཔེར་ན་རྩ་བ་མེ་མ་སྤངས་པར་ཡན་ལག་དུ་བ་སྤང་དུ་མི་ནུས་པ་ལྟར་ནང་སྙེམས་བྱེད་ངར་འཛིན་ཀྱི་རྩ་བ་མ་ཆོད་པར་དེའི་རྩལ་ལས་བྱུང་བའི་ཕྱི་འཁྲུལ་སྣང་གི་ལྷ་འདྲེ་མེད་པར་བྱེད་མི་ནུས་ཏེ། བྲག་སྲིན་མོས་ཀྱང་། རྗེ་བཙུན་ལ། འདྲེ་སེམས་ཀྱི་རྩ་བར་མ་ཤེས་ན། །འདྲེ་ང་བས་མི་ཚད་གཞན་ཡང་ཡོད། །ཁྱོད་སོང་ཞིག་བྱས་པས་ང་མི་འགྲོ། །ཞེས་སོགས་ཞུས་པ་ལྟར་དང་། རྗེ་བཙུན་གྱི་ཞལ་ནས་ཀྱང་། འདྲེ་འདྲེ་རུ་བཟུང་ན་གནོད་པ་ཡིན། །འདྲེ་སེམས་སུ་ཤེས་ན་གྲོལ་བ་ཡིན། །འདྲེ་སྟོང་པར་རྟོགས་ན་ཆོད་པ་ཡིན། །ཞེས་དང་། གདོན་གནོད་སྦྱིན་ཕོ་མོའི་སྣང་བ་འདི། །མ་རྟོགས་དུས་ན་བདུད་ཡིན་ཏེ། །ཐོ་འཚམས་བར་དུ་གཅོད་པར་བྱེད། །རྟོགས་ན་བདུད་ཀྱང་ལྷ་ཡིན་ཏེ། །དངོས་གྲུབ་ཐམས་ཅད་ཁྱོད་ལས་འབྱུང་། །ཞེས་སོགས་གསུངས་པ་ལྟར། ནང་འདྲེར་འཛིན་གྱི་རྟོག་པ་རྩད་ནས་གཅོད་པ་ལ་གཅོད་གསུངས་པ་ཡིན་གྱི། འདྲེ་གསོད་པ་མིན། འདྲེ་རྡུང་བ་མིན། འདྲེ་བསྐྲད་པ་མིན། འདྲེ་མནན་པ་མིན། འདྲེ་རླག་པ་མིན། དེས་ན་གཅད་བྱ་ཕྱི་ན་མེད་དེ་ནང་ན་ཡོད་པ་ཤེས་པར་བྱ་དགོས་སོ། །ལར་ཆོས་གཞན་ཕལ་ཆེ་བའི་ལུགས་ལ་ཕྲིན་ལས་ཀྱི་རྣོ་སོ། དྲག་ཤུལ་གྱི་ནུས་མཐུ། མདའ་རྩེ་མདུང་རྩེ་ཐམས་ཅད་ཕྱིར་ལ་བསྐོར་ནས་ཕྱི་དགྲ་བགེགས་ཀྱི་སྟེང་དུ་ཕྲིན་ལས་སྟོན་པ་ཡིན་ཡང་། རང་རེའི་ཆོས་ལུགས་འདི་ལ། རྗེ་བཙུན་མི་ལའི་ཞལ་ནས་ཀྱང་། ངའི་ཆོས་ལུགས་འདི་བདག་འཛིན་རྩད་ནས་བཅད་དེ་ཆོས་བརྒྱད་རླུང་ལ་བསྐུར་ནས་བདུད་བཞི་ཁ་སྐྱེངས་སུ་འཇུག་པའི་ཆོས་ལུགས་ཡིན་གསུངས་པ་ལྟར། ཉམས་སུ་བླངས་ཚད་ཀྱི་ཁ་ནང་ལ་ལོག་ནས་ནང་ངར་འཛིན་གྱི་སྟེང་དུ་མཐུ་རྩལ་ནུས་པ་ཐམས་ཅད་ཡོད་དགུ་རྩལ་སྤྲུགས་སུ་བྱེད་པ་ཡིན། དེས་ན་སྲུངས་ཤིག་སྐྱོབས་ཤིག་བརྒྱ་ཟེར་བ་ལས་ཀྱང་། ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། ལྷ་སྲུང་བརྒྱ་ར་མདར་སྦྲན་པ་ལས་ཀྱང་། ལྷ་འདྲེར་བརྒྱར་ཟ་འཇུག་པ་དགའ་སྟེ། ཇི་སྐད་དུ། ནད་པ་འདྲེ་ལ་གཏད་པ་ཡིན། །སྐྱེལ་མ་དགྲ་ལ་བཅོལ་བ་ཡིན། སྲུངས་ཤིག་སྐྱོབས་ཤིག་བརྒྱ་ལས་ཀྱང་། །ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། །ཨ་མ་ཇོ་མོའི་ཆོས་ལུགས་ཡིན། །ཞེས་གསུངས། ཇི་སྐད་དུ། མལ་ས་གཉན་ས་རི་ཁྲོད། །ལྟ་བ་ལྷ་མེད་འདྲེ་མེད། །སྒོམ་པ་རིག་པ་གཅེར་ཉལ། །སྤྱོད་པ་རོ་མཉམ་ཐོག་རྫིས། །རིམ་གྲོ་ཤ་ཁྱེར་ཁྲག་ཁྱེར། །ཉམས་ལེན་ན་དགའ་ཤི་སྐྱིད། །འབྲས་བུ་རེ་མེད་དོག་མེད། །ཅེས་དང་། ཀུ་སཱ་ལི་ཡི་ཚོགས་བསགས་དེ། །ཚོགས་བསགས་བརྒྱ་ཡི་དོ་ཟླ་མེད། །ཉམས་ལེན་དཀར་འགྱེད་དམར་འགྱེད་དེ། །གཏུམ་མོ་བརྒྱ་ཡི་དོ་ཟླ་མེད། ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་དེ། རིམ་གྲོ་བརྒྱ་ཡི་དོ་ཟླ་མེད། །སོགས་གསུངས། དེས་ན་ནང་འདྲེར་འཛིན་གྱི་རྩ་བ་བཅད་ན་སྣང་བ་དག་པར་ཤར་ནས་བདུད་རིགས་ཆོས་སྐྱོང་དུ་གནས་འགྱུར། ཆོས་སྐྱོང་སྤྲུལ་སྐུར་ཞལ་བསྒྱུར་བ་ཞེས་བྱ་བ་དེ་འབྱུང་བ་ཡིན་པ་ལ། དེ་ལྟར་མ་ཤེས་པར་ད་ལྟ་གཅོད་བྱེད་པར་རློམ་པ་རྣམས་ནས་ལྷ་འདྲེ་ཕྱི་ན་ཡོད་པར་བསམས་ཏེ། རྟག་ཏུ་འདྲེར་འཛིན་གྱི་སྣང་བ་དང་མ་བྲལ་བར་བསྡད་པས་སྣང་བ་ཐམས་ཅད་འདྲེ་དང་རྒྱལ་འགོང་དུ་ཤར་ཏེ། རང་ཉིད་ཀྱང་བློ་སོས་མི་དལ་ཞིང་། གཞན་ལ་ཡང་ཕུ་ཡ་ཀི་ན་འདྲེ། མདའ་མ་ཀི་ན་འདྲེ། འདྲེ་དེ་རེད། བདུད་དེ་རེད། བཙན་དེ་རེད་ངས་རིག་ཡོད། ངས་བཟུང་ཡོད། ངས་བསད་ཡོད། ཁྱོད་ལ་འཇབ་ཀྱིན་འདུག ངས་བསྐྲད་ཡོད། ཕྱི་མིག་གཅིག་བལྟས་བྱུང་། ཟེར་བ་ལ་སོགས་རྫུན་གྱིས་མགོ་སྐོར་ཁོ་ན་གཏོང་ཞིང་ཕོ་བྱས་བྱས་མོའི་དཔའ་སྐད་འདོན། དེ་ཙ་ན་ལྷ་འདྲེ་དང་ཡི་དྭགས་རྣམ་ཀྱིས་ཀྱང་དེའི་རྒྱུས་ལོན་ཏེ། དེ་གར་སོང་དུ་འགྲོ་ཞིང་། བུད་མེད་བླ་ཡངས་མ་ལ་སོགས་པ་རྣམས་ཀྱི་རྒྱུད་ལ་བརླམས་ཏེ། ང་ལྷ་ཡིན། ང་འདྲེ་ཡིན། ང་ཤི་པོ་ཡིན། ང་ཁྱོད་ཀྱི་ཕ་རྒན་ཡིན། མ་རྒན་ཡིན་བྱ་བ་ལ་སོགས་པ་བདེན་བདེན་དང་། ཡིན་ཡིན་མོ་དུ་མ་བཤད། ཁ་ཅིག་ཏུ་ང་ལྷ་ཡིན། ང་ཆོས་སྐྱོང་ཡིན། ང་དམ་ཅན་ཡིན་ལ་སོགས་པ་ཟེར་ཞིང་རྫུན་ལུང་དང་མངོན་ཤེས་དུ་མ་སྒྲོགས་པར་བྱེད་དེ། འདྲེས་བླ་མ་མགོ་གཡོགས། བླ་མས་ཡོན་བདག་མགོ་གཡོགས་པ་ནི། འཇིག་རྟེན་པའི་ཁ་སྐད་ལ། ཕ་མགོ་བུས་གཡོགས་བུ་མགོ་དགྲས་གཡོགས་ཟེར་བ་ལྟར། སྙིགས་མའི་རང་རྟགས་མངོན་དུ་གྱུར་ནས། རྒྱལ་ཁམས་བདུད་ཀྱིས་དབང་བྱེད་པ་ཡིན་ཏེ། ཨོ་རྒྱན་ཆེན་པོའི་ལུང་བསྟན་ལས། སྙིགས་མའི་དུས་ན་སྐྱེས་པའི་སྙིང་ལ་ཕོ་འདྲེ་འཇུག །བུད་མེད་སྙིང་ལ་མོ་འདྲེ་འཇུག །བྱིས་པའི་སྙིང་ལ་ཐེའུ་རང་འཇུག །བཙུན་པའི་སྙིང་ལ་དམ་སྲི་འཇུག །བོད་མི་རེའི་སྙིང་ལ་འདྲེ་རེ་འཇུག །ཅེས་པ་ལྟར་དང་། ཐེའུ་རང་ལྷ་རུ་མཐོང་བའི་དུས། །བོད་སྡུག་པའི་དུས་ལ་བབས་པ་ཡིན། །ཞེས་གསུངས་པའི་ལུང་བསྟན་ཐོག་ཏུ་བབ་པ་ཡིན་ནོ། །དེས་ན་ཕྱི་འཁྲུལ་སྣང་ལྷ་འདྲེ་བགེགས་ཀྱི་རྣམ་པ་ལྟར་སྣང་བ་ལ་བདེན་བདེན་དང་ཡིན་ཡིན་གྱི་རྒྱབ་སྐྱོར་མི་བྱ་བར། ཐམས་ཅད་ཀྱང་རྨི་ལམ་དང་སྒྱུ་མ་ལྟ་བུའི་རྣམ་རོལ་དུ་རྩལ་སྦྱང་། གནས་སྐབས་སུ་གནོད་བྱ་དང་གནོད་བྱེད་ལྟར་སྣང་བའི་ལྷ་འདྲེ་དང་ནད་པ་གཉིས་ཀ་ཡང་། ལས་ངན་དང་འཁྲུལ་སྣང་གི་རྒྱུ་ལས་བྱུང་ཞིང་གནོད་བྱ་དང་གནོད་བྱེད་དུ་འབྲེལ་པ་ཡིན་པས་ན་ཉེ་རིང་དང་ཆགས་སྡང་མི་བྱ་བར། གཉིས་ཀ་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། རང་གི་གཅེས་འཛིན་དང་བདག་འཛིན་རྩ་བ་ནས་བཅད་དེ་ལུས་སྲོག་ཕོངས་པ་མེད་པར་ལྷ་འདྲེའི་གཟན་དུ་སྟེར། རྒྱུད་ཞེ་སྡང་དང་གདུག་རྩུབ་ཞི་སྟེ་ཤེས་རྒྱུད་དམ་པའི་ཆོས་ལ་འཁོར་བའི་ཆོས་བཤད་དང་སྨོན་ལམ་ལ་སོགས་པ་སྙིང་ཐག་པ་ནས་བྱེད། མཐར་ཐུག་གནོད་བྱ་དང་གནོད་བྱེད། ལྷར་སྣང་དང་འདྲེར་སྣང་། བདག་གཞན་གཉིས་སུ་འཛིན་པའི་རེ་དོགས་དང་ཆགས་སྡང་། བཟང་ངན་དང་དགའ་སྡུག་གི་རྟོག་པ་ཐམས་ཅད་རྩ་གདར་བཅད་དེ། ཇི་སྐད་དུ། ལྷ་མེད་འདྲེ་མེད་ལྟ་བའི་གདིང་། །ཡེངས་མེད་འཛིན་མེད་སྒོམ་པའི་གནད། །བླང་མེད་དོར་མེད་སྤྱོད་པའི་གནད། །རེ་མེད་དོགས་མེད་འབྲས་བུའི་གནད། །ཟེར་བ་ལྟར། གཅད་བྱ་གཅོད་བྱེད་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ཀློང་དུ་གདལ་ན། ནང་སྙེམས་བྱེད་གདོན་གྱི་རྩ་བ་ཆོད་དེ་མཐར་ཐུག་དོན་གྱི་ཆོད་ཚད་མངོན་དུ་འགྱུར་བ་ཡིན་ནོ། །བདུད་བཞི་གཅིག་ཆར་དུ་གཅོད་པར་བྱེད་པ་ཀུ་སཱ་ལིའི་ཚོགས་བསགས་འདི་ཡུམ་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དགོངས་པ། མདོ་སྡུད་པ་ལས། རྒྱུ་རྣམས་བཞི་ཡི་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཤིང་། །སྟོང་པར་གནས་དང་སྙིང་རྗེ་ཡོངས་སུ་མི་གཏོང་དང་། ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་ཚིག་བཅད་འདིའི་ཟབ་མོ་གཅོད་ཀྱི་ཁོག་ཐམས་ཅད་ཕུབ་སྟེ་འཆད་པ་ཡིན། བདུད་བཞི་ཞེས་པས་གཅོད་བྱ་ཕྱི་ནང་གི་བདུད་བཞི་བསྟན། གང་གིས་བཅོད་པར་བྱེད་ན་ཤེས་རབ་དང་སྙིང་རྗེ་གཉིས་ཀྱི་སྟོབས་ཀྱིས་བདག་འཛིན་སྙེམས་བྱེད་ཀྱི་བདུད་གཅོད། ཚུལ་ཇི་ལྟར་གཅོད་ན་ཇི་སྐད་སྨྲས་བཞིན་ཞེས་པས། ཟབ་མོ་ཉམས་ལེན་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་ཐམས་ཅད་དམ། ཡང་ན་དམ་ཚིག་རིམ་པ་རྣམས་བསྟན། བདེ་གཤེགས་བྱིན་རླབས་ཅན་ཞེས་པས་ཟབ་མོ་གཅོད་ཀྱི་སྨིན་བྱེད་ཀྱི་དབང་ཐམས་ཅད་བསྟན་པས་དེ་དག་གཅོད་ཡུལ་བརྒྱུད་པའི་བླ་མ་ཞིག་གི་ཞལ་ནས་གསན་དགོས། གཅོད་བྱ་བདུད་བཞི་ནི། གོང་དུ་སྤྱིར་བཤད་ཀྱང་དེ་ལ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་གཞི་ནང་ཕུང་པོ་ལྔ་པོ་འདི་ལ་བརྟེན་ནས་བྱུང་བས་ཕུང་པོའི་བདུད། ཉོན་མོངས་པ་ནི་བརྒྱད་ཁྲི་བཞི་སྟོང་ཡོད་ཀྱང་བསྡུས་ན་དུག་གསུམ་དུག་ལྔ་དེ་ཡང་བསྡུ་ན་ཚུལ་མིན་ཡིད་བྱེད་ཕུང་པོ་ལ་གཙང་བདེ་བདག་རྟག་ཏུ་འཛིན་པའི་བདག་ལྟ་འདིས་ཆགས་སོགས་ཉོན་མོངས་ཐམས་ཅད་བསྐྱེད་ནས་ལས་མི་དགེ་བ་བསགས་ནས་འཁོར་བར་སྐྱེ་བ་ཡིན་པས་ཉོན་མོངས་པའི་བདུད་དང་། རགས་པ་སྐྱེ་རྒ་ན་འཆིས་མི་རྟག་ཕྲ་བ་ཆོས་ཉིད་ཀྱིས་མི་རྟག་པ་ཡིན་པས་རྒྱུན་དང་སྐད་ཅིག་གི་འགྱུར་ཏེ་འཆི་བར་གཏུགས་པ་དེར་འཆི་བདག་གི་བདུད། འདོད་ཁམས་ཀྱི་བདག་པོ་དགའ་རབ་དབང་ཕྱུག་སྡེ་དང་བཅས་པའི་སྨིན་མཚམས་ནས་མེ་ཏོག་མདའ་ལྔ་འཕངས་པས། གང་ལ་ཕོག་ན་སེམས་ཅན་དེའི་ཉོན་མོངས་གང་ཤས་ཆེ་དེ་བསླངས་ནས་དེས་དབང་དུ་སོང་བས་བྱང་ཆུབ་ཀྱི་སེམས་ཉམས་པར་གྱུར་བ་དེ་ལྷས་བུའི་བདུད་ཡིན། བདུད་སྔ་མ་གསུམ་གྱི་རྩ་བ་ནང་ང་བདག་སྙེམས་བྱེད་ཀྱི་བདུད། ཕུང་པོ་ལྔ་ལ་བདག་དང་བདག་གིར་འཛིན་པ་འདི་ལ་ཐུག་པས། འདི་ནང་ནས་ཆོད་ན་ཕྱིའི་བདུད་ཐམས་ཅད་མ་བཅད་ཀྱང་རང་ཤུགས་ཀྱིས་ཆོད་པར་འགྱུར་བ་ཡིན། དེ་གང་གིས་གཅོད་ན་སྟོང་ཉིད་དང་སྙིང་རྗེའི་ཐབས་དང་ཤེས་རབ་ལ་བརྟེན་ནས་གཅོད་དགོས་པར་ཡིན། དེ་ལྟར་ན་དབང་ཐོབ། དམ་ཚིག་དག ལྟ་སྒོམ་གྱི་དྲོད་ཚད་ཀྱང་ཅུང་ཟད་ཡོད་པ། མིན་ཡང་བསྙེན་ཚད་སྔོན་སོང་གིས་བསྐྱེད་རིམ་ལ་བརྟན་པ་ཅུང་ཟད་རེ་ཐོབ་པ་རྣམས་ཀྱིས། མི་ཕོད་པ་ལ་ཐོག་བརྫིས་དང་། བར་ཆད་དངོས་གྲུབ་ཏུ་བསྒྱུར། ལྟས་ངན་གཡང་དུ་ལེན་པའི་གཅོད་པས། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། གསུངས་ན་སྙིང་རྗེ་ཆེན་པོའི་ལྷ་འདྲེས་གཙོས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་གཅིག་ཀྱང་མེད། དེ་དག་ཐམས་ཅད་ལ་མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་ཀྱི་འདུན་པ་དང་བཅས་ཏེ་ཚད་མེད་བཞི་དང་བདག་གཞན་མཉམ་བརྗེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམས་ནས། རང་འདོད་ཀྱི་འཁྲི་བ་རྩད་ནས་གཅོད་དེ་ཡོངས་སུ་བཟུང་བའི་གཞི་གསུམ་པོའི་ཞེན་འཛིན་ཆོད་ན། བདག་འཛིན་རྩད་ནས་བཅད་པ་དོན་གྱི་གཅོད། །ཟེར་བའི་དོན་ཡིན། ཌཱ་དྲིལ་རྐང་གླིང་གིས་འུར་འུར་ཆེམ་ཆེམ་མང་པོ་ཞིག་བྱས་ཀྱང་གཅོད་རབ་ཡིན་པའི་ངེས་པ་མེད། གཅོད་རབ་བ་ཉལ་ཉལ། །གཅོད་ཐ་ཁྱི་ཟུག་ཟུག །གསུངས་པས་སྙིང་རྗེ་བྱང་སེམས་ཀྱི་དྲི་མི་བྲོ་བ་ཞིག་གིས་སྣང་བ་འདྲེ་དང་རྒྱལ་འགོང་ཤར་ནས་གཅད་བྱ་ཕྱི་ན་ཡོད་པར་རློམ་སྟེ་ཕཊ་སྒྲ་སྒྲོགས། རྐང་གླིང་བུས། ཌཱ་དྲིལ་དཀྲོལ་ཏེ་མི་སྐྲོག་ཁྱི་སྐྲོག་བྱེད་པའི་མིང་ལ་གཅོད་ཐ་ཁྱི་ཟུག་ཟུག་ཟེར་བ་དེ་རེད། དེས་ནི་ལྷ་འདྲེ་གདུག་རྩུབ་ཅན་ཐུལ་མ་དགོས་གནོད་པའི་རྒྱུ་ཡིན་གསུངས་པ་ལྟར་རེད། དེ་ལྟར་མིན་པ་ཕོ་ཚོད་ཀྱིས་ལྷ་འདྲེ་ལ་བརྙས་བཅོས་དང་ཆོས་བརྒྱད་ཀྱི་གྲགས་པ་སྒྲུབ་པའི་ཆེད་དང་རང་ཉིད་ཀྱི་བར་ཆད་ཞི་འདོད། རང་གཅེས་འཛིན་གྱིས་གཉན་ས་གཅོད་མདོག་རྣམས་ཀྱི་ནང་གི་བདུད་མ་ཆོད་ན་ཕྱིའི་བདུད་གཅོད་ཐབས་མེད། མདོར་ན་ནང་གི་བདག་འཛིན་གཅོད་པ་འདི་གནད་ཡིན་གསུངས་ལ། གཅོད་འདི་ལ་འགྱེད་ཆེན་བཞི་གསུངས་ཀྱང་། མཆོད་སྦྱིན་གྱི་རིམ་པ་ལས་སྣ་ཚོགས་ཀྱི་བདེ་ཁ་སྒྱུར་བ་ཕྱོགས་འདྲ་ཡིན། འདིའི་སྐབས་སུ་རྫོགས་པ་ཆེན་པོའི་རྣལ་འབྱོར་བས་ལམ་གྱི་ཆ་རྐྱེན་ཚོགས་བསགས་སྒྲིབ་སྦྱངས་དང་འབྲེལ་བ་ལ་དཀར་འགྱེད་དང་ཁྲ་འགྱེད་ཙམ་བསྟན་མཛད་པ་ཡིན་ནོ། །བདག་མེད་གོ་ཡུལ་ཙམ་དུ་ཡོད་ཀྱང་བདག་འཛིན་གྱི་རྟོག་པ་ཉམས་མ་དམས་ནས་རགས་ཤིང་རྒོད་པ་དང་། གཉིས་འཛིན་གྱི་རེ་དོགས་སྤོང་བློ་བྱས་ཀྱང་རེ་དོགས་སྙེམས་བྱེད་ཀྱི་བདུད་ནང་ནས་ལྡངས་བ། བདག་དང་བདག་འདྲ་དུས་སྙིགས་མའི་སེམས་ཅན་བདག་ཏུ་ལྟ་བ་ཅན་འཆིང་བ་དམ་པའི་སེམས་ཅན་རྣམས་ལ། བདག་མེད་དོན་གྱི་གནས་ལུགས་ཡུམ་ཆེན་ཤེས་རབ་ཀྱིཕ་རོལ་ཏུ་ཕྱིན་པའི་དགོངས་དོན་མ་ནོར་བ་རྟོགས་པར་བྱིན་གྱིས་རློབས། ཚོགས་བསགས་པ་མཎྜལ་གྱི་ཁྲིད་དོ།། །།ཞེས་གསུངས་ཤིང་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་། །

ཙ༽ཉིན་བཅུ་བདུན་པར་༼མ༽བླ་མའི་རྣལ་འབྱོར་གྱི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽མཚམས་སྦྱོར་གྱི་གདམས་ངག

རང་ཅག་ཐམས་ཅད་ཀྱིས་དུས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། སྲིད་རྩེ་ནས་མནར་མེད་ཀྱི་བར་ལ། ལུས་འདི་བླངས་དང་འདི་མ་བླངས་བྱ་བ་མེད་པའི་སྒོ་ནས་གནས་འདི་ན་མ་འཁོར་བྱ་བ་ཞིག་ཀྱང་མེད་ལ། དེ་ཡང་ཐེངས་གཅིག་འཁོར་བས་མ་ཚད་འཁོར་བའི་འཁོར་ལོར་ཚད་བཟུང་དུ་མེད་པས། རང་རེ་སེམས་ཅན་རེ་རེས་སྐྱེ་ཤི་བདེ་སྡུག་མྱོང་བའི་གྲངས་ཀྱང་གཞལ་དུ་མེད། འོན་ཀྱང་ད་རེས་ཀྱི་སྐབས་འདི་ནི་ཚེ་སྔོན་དམ་པའི་སྐྱེས་བུ་ཞིག་དང་བཟང་འབྲེལ་གྱི་སྐལ་བའམ། མིན་ན་ངན་འབྲེལ་འཁོར་བ་མཐའ་ཅན། སྤྱིར་འཁོར་བ་དགོས་ངན་སོང་གི་དུཿ་ཁ་མང་པོར་བརྒྱུད་བརྒྱུད་དེ་མཐར་གཞུག་ཐར་བའི་ས་བོན་ལ་གསོས་ཐེབས་པ་ཞིག་ཡིན་ནའང་འདྲ། གང་ལྟར་ཡང་ད་རེས་དལ་འབྱོར་དང་ལྡན་པའི་མི་ལུས་ཤིག་ཐོབ་པ་འདི། ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་རྙེད་པར་དཀའ་བ་རྙེད་ན་དོན་ཆེན་པོ་དང་ལྡན་པ་ཡིན་པར་ཤེས་བཞིན་དུ། འདིའི་ཐད་ནས་བསམ་བློ་ཞིག་

བཏང་ན་དལ་བརྒྱད་འབྱོར་བཅུའི་ནང་གིམི་ཁོམས་པའི་གནས་ཡུལ་མཐའ་འཁོབ་ལྟ་བུ་ནི་སངས་རྒྱས་མི་འབྱོན་པ་མ་ཟད་འཁོར་རྣམ་བཞི་མི་རྒྱུ་བའི་ས་ཆ་ཞིག་ལ་ཡུལ་མཐའ་འཁོབ་ཟེར། དེ་ལྟ་བུ་ཞིག་ཏུ་སྐྱེས་ན་ཆོས་ཀྱི་སྒྲ་ཙམ་ཡང་མི་ཐོས་པས། ད་རེས་དེ་ལྟ་བུ་ལ་ཡང་མ་སྐྱེས། འོན་ལོང་ཞ་བོ་ལྐུགས་པ་ལྟ་བུ་ཞིག་ཏུ་སྐྱེས་ན་ཆོས་མི་འགྲུབ་པས་དེ་འདྲའི་ལུས་རྟེན་ཡང་མ་བླངས། ཚེ་སྔ་ཕྱི་ལས་རྒྱུ་འབྲས་བདེན་བཞི་དཀོན་མཆོག་ལ་ལོག་པར་ལྟ་བའི་ལོག་ལྟ་ཅན་དུ་སྐྱེས་ན་ཆོས་ལ་མི་དད་པས་དེ་ལྟ་བུ་ཡང་མ་སྐྱེས། དེ་དག་ལ་སོགས་པ་མིའི་མི་ཁོམས་བ་བཞི་དང་བྲལ། མ་ཚད་ངན་སོང་གསུམ་དང་ལྷ་ཚེ་རིང་པོ་སྟེ་མི་མ་ཡིན་པའི་མི་ཁོམས་བཞི་དང་བྲལ་བས་དལ་བ་བརྒྱད་པོ་ཚང་། དེ་སྟེང་མི་ཉིད་དབུས་སྐྱེས་དབང་པོ་ཚང་བ་སོགས་རང་འབྱོར་ལྔ། སངས་རྒྱས་བྱོན་དང་དམ་ཆོས་བསྟན་པ་སོགས་གཞན་འབྱོར་ལྔ་སྟེ་འབྱོར་བ་བཅུ་ཡང་ཚང་བས་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་ཡོད་ན། དལ་བ་བརྒྱད་བྲལ་བའི་སྒོ་ནས་དང་། འབྱོར་བ་བཅུ་ལྡན་པའི་སྒོ་ནས་བཞག་ཁི་ཡོད། དལ་བརྒྱད་ཚང་ན་འབྱོར་བཅུ་ཚང་བས་མ་ཁྱབ་ཀྱང་འབྱོར་བཅུ་ཚང་ན་དལ་བརྒྱད་ཚང་བས་ཁྱབ་ནི་རེད། དེས་ན་དམ་པའི་ཆོས་སྒྲུབ་པ་ལ་ཁོམས་པ་ཡིན་པས་དལ་བ་དང་། ཆོས་སྒྲུབ་པའི་ཕྱི་ནང་གི་མཐུན་རྐྱེན་ཚང་བས་འབྱོར་བ་ཞེས་བྱ། དེའི་ཐོག་ཀུན་མཁྱེན་ཆེན་པོས་གསུངས་པའི་འཕྲལ་བྱུང་རྐྱེན་གྱི་མི་ཁོམས་པ་བརྒྱད་དང་། རིས་ཆད་བློ་ཡི་མི་ཁོམས་པ་བརྒྱད་དེ་བརྒྱད་གཉིས་བཅུ་དྲུགམདོར་ན་དལ་འབྱོར་གྱི་ཆོས་སུམ་ཅུ་རྩ་བཞི་པོ་ཚང་བའི་དབང་དུ་བྱས་ནས། འདི་ལྟ་བུ་དལ་འབྱོར་ཐོབ་པ་ལ་དགའ་ཞིང་སྤྲོ་བའི་ཐོག་ནས་འདི་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར་སྙིང་པོ་ཞིག་ལོན་དགོས། དེ་ལོན་ཚུལ་ལ་རབ་འབྲིང་ཐ་གསུམ་ཡོད། དཔེར་ན་རྒྱ་མཚོ་ནོར་བུ་ལེན་དུ་སོང་ན་ལོན་རྒྱུའི་ནོར་བུ་ལ་ནོར་བུ་འཆིང་བུ་ལ་སོགས་རིན་ཐང་ཆུང་བ་ནས། དགོས་འདོད་འབྱུང་བའི་ནོར་བུ་རིན་པོ་ཆེ་རིན་ཐང་གཞལ་དུ་མེད་པའི་བར་རྣམ་གྲངས་མང་པོ་མཆིས་པ་བཞིན། ད་རེས་འོ་ཅག་གིས་ཡུན་ཐུང་གི་དལ་རྟེན་འདི་རྙེད་པའི་ཚེ་སྙིང་པོ་ལོན་ལུགས་ཞིང་དང་བསམ་པ་དངོས་པོ་སོགས་ཀྱི་སྒོ་ནས་བསོད་ནམས་བསགས་སྟོབས་ཆེ་ཆུང་གིས་རབ་འབྲིང་སོགས་ཤོར་བ་ཡིན། ཞིང་ལ་བསམ་ན་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་མིག་བཏོན་ནས་བཙོན་དུ་བཙུད་ཡོད་ན། མི་ཞིག་གིས་སེམས་ཅན་དེ་ཐམས་ཅད་ལ་མིག་སྔ་བས་ལྷག་པ་རེ་བྱིན་པས་མ་ཚད་བཙོན་ནས་བླངས་ཏེ་ཚངས་པའི་བདེ་བ་ལ་བཀོད་ན་ཕན་ཡོན་ཅི་འདྲ་ཡོད། དེ་བས་ཀྱང་བྱང་ཆུབ་སེམས་དཔའ་ཞིག་ལ་དད་ཅིང་དང་བའི་སྒོ་ནས་མིག་གིས་ལན་གཅིག་མཇལ་བ་ཕན་ཡོན་ཆེ་བར་གསུངས། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་བྱས་པ་བས་ཀྱང་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་ལ་མཆོད་ན་བསོད་ནམས་ཆེ་བར་གསུངས། དེ་ལྟ་བུའི་སངས་རྒྱས་ཐམས་ཅད་མཆོད་པ་བས་ཀྱང་བླ་མའི་བ་སྤུའི་ཁུང་བུ་གཅིག་ལ་མཆོད་ན་བསོད་ནམས་ཆེ་བར་གསུངས། དེས་ན་ད་རེས་ཀྱི་ལུས་རྟེན་འདིའི་ཐོག་ནས་དེ་ཙམ་རེ་སྒྲུབ་ཐུབ་པ་ཡིན་པས་གལ་ཆེ། བསམ་པའི་སྒོ་ནས་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་དམིགས་ནས། རྗོགས་པའི་བྱང་ཆུབ་ཐོབ་པར་བྱ་བསམ་པའི་ཀུན་ནས་བསླང་སྟེ་ཐ་ན་དུད་འགྲོ་ཞིག་ལ་ཟས་ཁམ་གང་བྱིན་ནའང་ཕན་ཡོན་ཤིན་ཏུ་ཆེ་བས། དེ་ཙམ་རེ་ནི་མི་ལུས་འདིས་སྒྲུབ་མི་ཐུབ་རྒྱུ་ཞིག་མ་རེད། དངོས་པོའི་ཐོག་ནས་བསམ་ན་རྒྱུ་ནོར་ཟང་ཟིང་གི་སྦྱིན་པ་དཔག་ཏུ་མེད་པ་ཞིག་བྱིན་པ་བས། ཆོས་ཀྱི་སྦྱིན་པ་ཚིགས་སུ་བཅད་པ་གཅིག་ཙམ་བྱིན་པ་བསོད་ནམས་ཆེ་བ་ཡིན། ཁྱད་པར་རང་རེ་གནས་པའི་ཡུལ་འདི་ནི་འཛམ་གླིང་ལས་ཀྱི་ས་བ་ཡིན་པས་ལས་ཀྱི་འབྲས་བུ་སྨིན་སླ་བ་ཡིན། ལས་སྟོབས་ལྡན་བསགས་ན་རིང་ན་ལས་ཚེ་སྟོད་བསགས་པ་ཚེ་སྨད་སྨིན་ས་དང་། ཐུང་ན་ལས་སྔ་དྲོ་བསགས་པ་ཕྱི་དྲོ་སྨིན་ས་ཡིན་ནི་རེད། དེས་ན་ད་རེས་མྱུར་ལམ་འོད་གསལ་རྗོགས་ཆེན་གྱི་ལམ་ལ་ཞུགས་ནས་རིང་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་གི་ཚེ། ཐུང་ན་ལོ་དང་ཟླ་བས་ཀྱང་བརྩོན་འགྲུས་ཡོད་ན་སངས་རྒྱས་ནུས་པའི་ཆོས་ཡིན། རང་རེས་བདེ་བ་ཅན་དུ་སྐྱེ་བའི་ཕྱིར་སྨོན་ལམ་འདེབས་པ་ཡིན་ཡང་། བདེ་བ་ཅན་ན་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ནས་ཤར་ཕྱོགས་ཀྱི་ཞིང་མི་མཇེད་འཇིག་རྟེན་གྱི་ཞིང་ཁམས་ན་སྙིགས་དུས་ཚེ་ཐུང་གཅིག་གི་ཡུན་ལ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་སྒྲུབ་ཐུབ་པའི་ལུས་རྟེན་དང་ཆོས་ཁྱད་པར་ཅན་ཡོད་པས་དེར་སྐྱེ་བར་ཤོག་ཅེས་སྨོན་ལམ་ཚུར་བརྒྱབ་ཁི་ཡོད། དེ་ལྟ་བུའི་དལ་རྟེན་རིན་ཐང་ཅན་ལན་གཅིག་ཐོབ་ཡོད་པ་འདི་ཆུད་ཟོས་སུ་མི་གཏོང་བར་སྙིང་པོ་ལོན་རྒྱུར་ཕྱི་བཞག་གི་ལེ་ལོ་སྒྱིད་ལུག་བདུད་ཀྱི་དབང་དུ་མི་ཤོར་ནས་རང་གཞན་གྱི་དོན་ཆེན་བསྒྲུབ་པ་ལ་མགོ་ལ་མེ་ཤོར་འཕྲལ་དུ་བཟློག་པར་བརྩོན་པ་ལྟར་བརྩོན་འགྲུས་མ་བསྐྱེད་ན་སྙིང་མེད་ཡིན། ཁེ་ཆེན་པོ་ཡོད་ས་ལ་ཉེན་ཆེན་པོ་ཡང་ཡོད་པ་ལྟར་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ཡོད་སར་སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་ཡང་དེ་ལྟར་ཡོད། ཆོས་སྒྲུབ་པ་ལ་བར་ཆད་བྱེད་མཁན་དངོས་ཡོད་དང་དངོས་མེད་མང་དུ་ཡོད་སྲིད། དེས་ན་བར་ཆད་ཀྱི་བདུད་ནི་ཁ་གདངས་མིག་བགྲད་པའི་མི་ནག་མགོ་དགུ་པ་ཞིག་ཡིན་དགོས་པའི་ངེས་པ་མེད། བདུད་སྡིག་ཅན་ལ་གནོད་པ་སྐྱེལ་བྱེད་ཀྱི་ཐབས་མང་པོ་དང་། བདུད་ཀྱི་སྤྲུལ་པ་སྣ་ཚོགས་བྱེད་པས་ན། དཔེར་ན་གཡེང་བར་བྱེད་པའི་བདུད་ཀྱིས་གཡེང་བ་དང་འདུ་འཛི་ཇེ་ཆེ་གཏོང་། ཐོས་བསམ་སྒོམ་པ་བྱེད་པའི་སྐབས་སུ་གཉིད་དང་རྨུགས་པ་ལྷག་པར་འཕེལ་བའི་བར་ཆད་བྱེད། འཐབ་པར་བྱེད་པའི་བདུད་ཀྱིས་ལམ་སྒྲུབ་པའི་གང་ཟག་དེས་ཆོས་ཉམས་སུ་ལེན་དུས་གཞན་དང་འཐབ་ཅིང་རྩོད་དགོས་པའི་རྐྱེན་ངན་བྱེད། ཆགས་པར་བྱེད་པའི་བདུད་ཀྱིས་མཆོད་སྦྱིན་གཉིས་ཀ་བྱེད་མི་བྲ་བ་ནོར་རྫས་གཏོང་བ་དེ་རང་ཤ་བཅད་པ་ལྟ་བུའི་སྣང་བ་འབྱུང་བ་བྱེད། འདུ་ཤེས་ལོག་པར་སྒྱུར་བའི་བདུད་ཀྱིས་རབ་བྱུང་སོགས་ཀྱི་སྡོམ་དམ་ཚིག་སྲུང་རྒྱུར་གནོད་པ་བྱེད་ཅིང་གླུ་གར་རོལ་རྩེད་ཚང་སོགས་ལ་བློ་ཁ་ཕྱོགས་བཅུགགཞན་ཡང་ཟས་ནོར་གཉེན་གྲོགས་ཕ་མ་སོགས་ལ་རྫུ་བ་དང་། དེ་དག་གི་བློ་ཁ་སྒྱུར་ནས་ཆོས་ལ་བཤོལ་འདེབས་བྱེད་པ། བཟང་སེམས་ཡིན་མདོག་གི་ཐོག་ནས་ངན་པ་སློབ་སྟེ་དོན་ལ་གནོད་ཡིན་པ་དེ་ཚོ་ཡང་བདུད་ཀྱི་བར་ཆད་ཡིན། བདུད་ནི་ཕྱི་ན་ཡོད་པས་མི་ཚད་ནང་ན་ཡང་ཡོད་དེ། ཉོན་མོངས་དུག་རྒྱས་ཀྱི་བདུད། རྣམ་རྟོག་འཁུ་འཕྲིག་གི་བདུད། ཐེ་ཚོམ་ཡིད་གཉིས་ཀྱི་བདུད། གཉིས་འཛིན་འཁྲུལ་བའི་བདུད་ལ་སོགས་པ་མང་། དེས་ན་དུས་ངན་སྙིགས་མའི་སྐབས་འདིར་ཕྱི་ནང་གི་བདུད་ཀྱི་དབང་དུ་མི་ཤོར་བ་བློ་ཆོས་ཕྱོགས་སུ་འགྲོ། ཆོས་ཆོས་ལམ་དུ་འགྲོ་བ་ལ་གེགས་སེལ་དང་བོགས་འདོན་ཞབས་རིམ་ཐམས་ཅད་ཀྱི་རྩ་བ་ནི་བླ་མ་དཀོན་མཆོག་ལ་བློ་ཁྱེད་ཤེས་ཀྱི་དད་པ་བརྟན་པོས་གསོལ་བ་གདབ་པ་དང་།བླ་མའི་རྣལ་འབྱོར་སྒོམ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་མེད་ན་ཐབས་ཆགས་ཡོད་ན་དེས་ཆོག་ཡིན་པས་འབད་དགོས། རང་ཉིད་ལམ་ཕྱིན་ཅི་ལོག་ཏུ་མ་སོང་ན། གཞན་ངན་རུང་བདག་ལ་མི་གནོད་པས་ཁ་ཕྱིར་འཁོར་ནས་བདག་བསྟོད་གཞན་སྨོད་ཀྱི་བདུད་ལས་བརྩམ་མི་འདུག་པར། ཁ་ནང་དུ་ཚུར་འཁོར་ནས་རང་གི་ལྟ་སྤྱོད་གཉིས་ཀ་གཙང་མར་འོང་རྒྱུ་བོ་གནད་ཤིན་ཏུ་ཆེ། དེས་ན་སྣང་སྲིད་དག་པ་རབས་འབྱམས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་བ་རུ་ཤར་མ་ཐུབ་རུང་འདི་སྣང་འཁྲུལ་བའི་བྱ་སྤྱོད་ལ་བློ་གཏད་མེད་པ་དང་། ངེས་འབྱུང་རྣམ་དག་མ་སྐྱེས་རུང་ཐ་ན་བདུད་ཀྱི་དབང་དུ་སོང་ནས་རྨོངས་ལས་ཚབ་ཆེན་མི་བྱེད་རྒྱུ་བོ། སྔ་དྲོ་འོ་མ་ཚ་མོས་ཁ་བསྲེགས་པས། །ཕྱི་དྲོ་ཞོ་འཁྱག་འཐུང་དུས་ཚ་སུབས་ཤོར། །ཟེར་བ་ལྟར་འཁོར་བའི་སྡུག་བསྔལ་གྱི་མཚང་ལ་འདང་རེ་བརྒྱབས་ནས། ཆོས་བསྒྲུབ་རྒྱུ་གནད་ལ་ཁེལ་ཤག་ཤག་གི་ཆོས་དམ་པའི་རྗེས་ཟིན་དངོས་གྲུབ་རྣམ་གཉིས་ཐོབ། རང་གཞན་གྱི་དོན་འགྲུབ་འབྲེལ་ཚད་བདེ་ལ་འགོད་པ་ཞིག་མ་བྱུང་གི་བར་དུ་མི་འདུག་བསམ་པའི་ཆོད་སེམས་བློ་ཐག་གཙང་བཅད་དགྲ་ནག་པོས་སྔོན་ནས་བཀག་ཀྱང་མི་ཁོག་པའི་དམ་བཅའ་བརྟན་པོ་ཞིག་མེད་ན། རྒྱག་སྐྱིད་ཉི་མའི་དྲོས་དུས་ཆོས་པའི་གཟུགས་བརྙན། །རྐྱེན་ངན་ཐོག་ཏུ་བབས་དུས་ཐ་མལ་བ། །རེད་སོང་ན། ཆོས་བྱེད་པ་དེ་གལ་འགག་ལ་ཐུག་དུས་བེད་སྤྱོད་རྒྱུ་མེད་ན་མེད་སོང་ནི་རེད། དེ་ལྟར་ཐུགས་བསམ་སྔོན་ལ་བཏང་ནས། སྐྱབས་སུ་བབས་པ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། དྲུག་པ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པར་བྱེད་པའི་ཐབས་ཐམས་ཅད་ཀྱི་མཐར་ཐུག་པ་བླ་མའི་རྣལ་འབྱོར་གྱི་སྐབས་རེད།

༼༡བླ་མའི་རྣལ་འབྱོར་བསྒོམ་དགོས་པའི་རྒྱུ་མཚན།

དང་པོ་བླ་མ་བརྟག་ལ་མཁས་པའི་སྒོ་ནས་བླ་མ་མཆོག་བསྟེན་ནས་དེའི་བཀའ་བཞིན་བསྒྲུབས། བར་དུ་ཐོས་དོན་གྱི་གདམས་ངག་དེ་དཀའ་བ་སྤྱད་དེ་ཉམས་སུ་བླངས་ནས། ཐ་མ་བླ་མའི་དགོངས་སྤྱོད་བསླབ་པ་ལ་མཁས་པས་བླ་སློབ་དགོངས་པ་དབྱེར་མེད་ཀྱིས་བརྒྱུད་པའི་དཀའ་སྲོལ་ཟིན་སོང་ནི། མཚུངས་མེད་བླ་མ་ཞབས་ལ་ཕྱག་འཚལ་ལོ། །ཞེསཕྱག་འཚལ་བ་སྔོན་དུ་སོང་ནས། དྲུག་པ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པའི་ཐབས་ཐམས་ཅད་ཀྱི་མཐར་ཐུག་པ། བྱིན་རླབས་ཀྱི་འཇུག་སྒོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིན། སྤྱིར་རྣམ་གྲོལ་གྱི་ལམ་ཐེག་པ་ཀུན་ཀྱང་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བསྐྱེད་ནས་འབྲས་བུ་ཐོབ་དགོས་པ་ཐམས་ཅད་འདྲ། འོན་ཀྱང་གསར་མ་བས་ལྟ་བ་ལ་མཐོ་དམན་མེད་པར་བཞེད། རྙིང་མ་བས་ལྟ་བ་ལ་མཐོ་དམན་ཡོད་པས་ཉན་རང་བྱང་སེམས་རྣམས་ཡེ་ཤེས་ལ་ཡང་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པར་བཞེད། དེ་ལ་དང་པོ་ཉན་རང་གིས་མཚན་ཉིད་ཚང་བའི་སློབ་དཔོན་ཞིག་བཙལ་ནས། ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་སོར་ཐར་གྱི་སྡོམ་པ་བླངས་ནས་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་པོ་ཉམས་སུ་བླངས་ན་ཐར་བ་དགྲ་བཅོམ་གྱི་གོ་འཕང་ཐོབ་པ་ཡིན། དེ་ཡང་ལམ་གྱི་ངོ་བོ་ཤེས་རབ་ཡིན་ལ། ཚུལ་ཁྲིམས་དང་ཏིང་འཛིན་གཉིས་འཁོར་ཡིན་པས་ལམ་བདེན་འཁོར་བཅས་ཉམས་སུ་ལེན་པ་ལས་མཁན་སློབ་ལ་དད་པ་ཁོ་ནས་འབྲས་བུ་ཐོབ་པ་མ་གསུངས། ཐེག་ཆེན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱིའི་ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན་མ་བསྟེན། ནང་གི་ཡོངས་འཛིན་བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་བློ་མ་སྦྱངས་ན་བདེན་པ་མི་མཐོང་བས། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ་སོགས་གསུངས་པའི་བླ་མ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་བློ་འབྱོངས་པའི་དགེ་བའི་བཤེས་གཉེན་ཞིག་དད་པའི་སྒོ་ནས་བསྟེན་ཅིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཕྱིན་དྲུག་གིས་བསྡུས་པའི་སྤྱོད་པ་རྒྱ་མཚོ་ལྟ་བུའི་ལམ་རྫོགས་སྨིན་སྦྱོང་བ་མ་བྱས་ཀྱི་བར་དུ་དད་པ་ཁོ་ནས་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་མ་གསུངས། བླ་མ་ལ་གནོད་པ་བྱེད་ཅིང་དད་པ་ལོག་ན་སྡིག་པ་ཚབས་པོ་ཆེ་བསགས་ནས་དམྱལ་བར་སྐྱེ་བ་ཡིན་ཏེ། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་ན། །ངན་སེམས་སྐྱེ་བའི་གྲངས་བཞིན་བསྐལ་བ་རུ། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་དང་། འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན། དེ་ཡི་འབྲས་བུ་དེ་ལས་ལྷག་པར་འཕེལ། །ཞེས་གསུངས་པ་ཙམ་ལས་དགེ་བའི་བཤེས་གཉེན་དེ་ལ་སངས་རྒྱས་དངོས་མཐོང་གི་དད་པ་བྱས་ནས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་ཞེས་ཡོངས་སུ་མ་གྲགས། བྱང་སེམས་སྔགས་ལ་ཞུགས་པའི་རིག་པ་འཛིན་པས་དང་པོ་རྡོ་རྗེ་སློབ་དཔོན་མཚན་ཉིད་ལྡན་པ་ཞིག་གི་མདུན་དུ་སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་རང་ལམ་གྱི་དབང་ཆུ་དང་ཅོད་པན་སོགས་ཐུན་མོང་རིག་པའི་དབང་ལྔ་ཐོབ། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ནས་མཚན་བཅས་དང་མཚན་མེད་ཀྱི་ལམ་ཉམས་སུ་བླངས་ཏེ་རྟགས་བྱུང་ཚེ་དངོས་གྲུབ་བླངས་པས་ཐུན་མོང་གི་དངོས་གྲུབ་ཐོབ་ནས། ལུས་མ་སྤངས་པར་རི་བོ་ཏ་ལ་སོགས་ཕྱིན་ནས་སྤྱན་རས་གཟིགས་སོགས་ཀྱི་ཞལ་མཐོང་མ་ཐག་མཆོག་གི་དངོས་གྲུབ་ཐོབ་ནས་མི་ཚེ་ལྔའམ་བདུན་ནམ་བཅུ་དྲུག་གི་མཐར་རིགས་གསུམ་རིགས་བཞི་རིགས་ལྔ་རྡོ་རྗེ་འཛིན་པ་གང་རུང་གི་གོ་འཕང་ཐོབ་པ་ཡིན་ལ། བླ་མ་རྡོ་རྗེ་འཛིན་པ་དང་འགལ་ན་དངོས་གྲུབ་ཀྱི་གེགས་བྱེད་ལ། མ་འགལ་ཞིང་སངས་རྒྱས་དངོས་མཐོང་གི་དད་པས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་ཞེས་ཡོངས་སུ་མ་གྲགས་ལ། སྔགས་ནང་པ་རྒྱུད་སྡེ་གསུམ་གྱིས། དང་པོ་མ་ཧཱ་ཡོ་གའི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་བསྒོམས་ནས་དཔེ་དོན་གྱི་འོད་གསལ་ལ་སྦྱོར་ཏེ་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་ཡིན་ལ། བླ་མ་དང་འགལ་ན་མགོ་ཆད་ན་གསོ་མི་རུང་བ་བཞིན་དངོས་གྲུབ་ཐམས་ཅད་ཀྱི་གེགས་བྱེད་པ་དང་། ཚེ་འདིར་ཚེ་ཐུང་ནད་མང་བ་སོགས་འབྱུང་ལ། ཕྱི་མ་རྡོ་རྗེའི་དམྱལ་བར་སྡུག་བསྔལ་མྱོང་བ་གསུངས་པ་མ་གཏོགས། རྡོ་རྗེ་སློབ་དཔོན་སངས་རྒྱས་སུ་མཐོང་བའི་སྒོ་ནས་གསོལ་བ་བཏབ་ན་མཆོག་གི་དངོས་གྲུབ་ལ་སྦྱོར་བ་ཡིན་ཡང་། རྟོགས་པའི་ཡེ་ཤེས་རྒྱུད་ལ་འཕོ་ཞེས་རྩལ་ཏུ་བཏོན་ཏེ་མ་གསུངས་ཤིང་། ཨ་ནུའི་སྐབས་རིམ་གཉིས་ཀྱི་ལམ་སྤྱི་དང་ཁྱད་པར་རྫོགས་རིམ་ཐིག་ལེའི་རྣལ་འབྱོར་གཙོ་བོ་བསྒོམས་ཏེ་དགའ་བཞིས་དྲངས་པའི་དཔེའི་འོད་གསལ་རྒྱུད་ལ་སྐྱེས་ཏེ་དོན་གྱི་ཡེ་ཤེས་ལ་སྦྱོར་བ་གཙོ་བོ་གསུངས་པ་ལས་བླ་མ་ལ་དད་པ་དང་མོས་གུས་ཁོ་ནས་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་དངོས་སུ་མ་གསུངས། ཁྱད་པར་ཨ་ཏི་ཡོ་གའི་ལུགས་ལ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གི་མདུན་ནས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་ཀྱི་དབང་བཞི་ཐོབ། བསྲུང་དུ་ཡོད་པ་རིམ་གྱིས་པའི་དམ་ཚིག་རྩ་བ་བླ་མའི་སྐུ་གསུང་ཐུགས་ལ་དབྱེ་བ་ཉི་ཤུ་རྩ་བདུན་དང་། ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ། སྲུང་དུ་མེད་པ་གཅིག་ཆར་བའི་དམ་ཚིག་མེད་པ་གཅིག་པུ་ཕྱལ་བ་ལྷུན་གྱིས་གྲུབ་པ་སྟེ་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་པའི་དམིགས་པ་ཡུལ་གྱི་བློ་ཅན་དང་རིག་པ་རང་སྣང་གི་བློ་ཅན་གྱི་གདུལ་བྱའི་ལམ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཉམས་སུ་ལེན་པའི་ཚེ་ན་ཉེ་རྒྱུའི་སྤྱོད་པ་ལ་ཐེག་རིམ་འོག་མ་གཉིས་ལྟར་དུ་ཚོམ་བུ་ཚོགས་སྒྲུབ་དང་གཞན་ལུས་ཕྱག་རྒྱའི་རྫོགས་རིམ་གཙོ་བོ་མ་གསུངས། གང་གཙོ་ཆེ་བ་གསུངས་ན་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཀྱིས་གསོལ་བ་བཏབ་ན་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་བཤད་ཡོད་དེ། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་སོགས་གསུངས་སོ། །དེ་ཡང་སྤྱིར་ཆོས་ཡང་དག་པ་ཞིག་ཉམས་སུ་ལེན་ན། དང་པོ་མཚན་ཉིད་ཐམས་ཅད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་ཡང་དག་པ་ཞིག་བཙལ་ཏེ། རྙེད་ནས་བླ་མ་དེས་ཅི་གསུང་གི་བཀའ་བཞིན་སྒྲུབ་པ་དང་བླ་མ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་སྙིང་ཐག་པ་ནས་གསོལ་བ་འདེབས་པ་ནི་གལ་ཆེ་སྟེ། མདོ་ལས་ཀྱང་། དོན་དམ་པ་ནི་དད་པས་ཆོས་ཀྱི་སྒོ་ཕྱེས་ཏེ་རྟོགས་པར་བྱ་བ་ཡིན་ནོ། །ཞེས་གསུངས། དེ་བཞིན་དུ་ཇོ་བོ་རྗེ་ལྷ་ཅིག་གི་ཞལ་ནས་ཀྱང་། ཐར་ལམ་གཉེར་བའི་གྲོགས་དག་ཅེས་བོས་ནས་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བླ་མ་དགོས་པས་མཚན་ཉིད་ཚང་བའི་བཤེས་གཉེན་དམ་པ་བསྟེན་པར་བྱ་དགོས། གནས་ལུགས་དེ་ཁོ་ན་ཉིད་མ་རྟོགས་བར་དུ་དང་པོར་ཐོས་པ་ཚོལ་དགོས་པས་བླ་མའི་གདམས་ངག་ཉོན། བར་དུ་བསམ་དོན་སྒོམ་ཞིང་ཉམས་རྟོགས་སྐྱེ་བའི་ཐབས་སུ་བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ལས་ཐོབ་པ་ལགས་པས་དྲིན་དུ་གཟོ་བར་མཛོད། །ཅེས་དང་། དགེ་བཤེས་ཁ་རག་སྒོམ་ཆུང་གི་ཞལ་ནས་ཀྱང་། བླ་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་བྱེད་པ་པོར་ངོ་ཤེས་དགོས་ཞེས་དང་། སྡེ་སྣོད་གསུམ་བློ་ཐོག་ནས་འཆད་ཤེས་ཀྱང་བླ་མ་ལ་མོས་གུས་མེད་ན་ཕན་མེད། ཅེས་གསུངས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ནི། བླ་མ་ཁོ་ན་གལ་ཆེ་བ་ཡིན་པས། བླ་མའི་རྣལ་འབྱོར་སྒོམ་པ་ཡང་རྒྱུད་སྡེ་ཐམས་ཅད་ནས་གསུངས་ཤིང་། དེ་ཉིད་བསྐྱེད་རྫོགས་སྒོམ་པ་སོགས་ལམ་ཐམས་ཅད་ལས་ཀྱང་ལྷག་པར་གསུངས་ཏེ། རྒྱུད་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །ཅེས་གསུངས། ཡང་དགོས་ཐེག་རྩེ་འབྲས་བུ་ཐེག་པ་རང་བཞིན་རྫོགས་པ་ཆེན་པོ་མན་ངག་སྙིང་ཐིག་རྡོ་རྗེ་སྙིང་པོའི་ཐེག་པ་འདི་ལས་ནི། ཐེག་པ་འོག་མ་ལྟར་ཡིད་དཔྱོད་ཀྱི་རྟོག་དཔྱོད་དང་གཏན་ཚིགས་ལ་སོགས་པའི་སྒོ་ནས་ཟབ་མོའི་དོན་གཏན་ལ་འབེབས་པ་ཡང་མ་གསུངས། རྒྱུད་སྡེ་འོག་མ་ཀྲི་ཡོག་སྡེ་གསུམ་ལྟར་ཐུན་མོང་གི་དངོས་གྲུབ་ལ་བརྟེན་ནས་མཐར་ཐུག་མཆོག་ལ་སྦྱོར་བར་ཡང་མ་གསུངས། རྒྱུད་སྡེ་གོང་མ་གཞན་མ་ཧཱ་དང་ཨ་ནུ་ལྟར་དབང་གསུམ་པའི་དཔེའི་ཡེ་ཤེས་ལ་བརྟེན་ནས་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་ཡང་རྩལ་དུ་བཏོན་ནས་མ་གསུངས་ཏེ། བརྒྱུད་པ་གསེར་གྱི་ཉག་ཐག་བསླད་མེད་པ་ལྟ་བུ་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པའི་རྟོགས་པ་མཆོག་ལྡན་གྱི་བླ་མ་ཁོ་ན་ལ། སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་བླ་མ་དེ་ལ་ཡིད་ཁྱེད་ཤེས་ཀྱིས་མོས་གུས་དྲག་པོས་གསོལ་བ་འདེབས་པ་གཅིག་པུ་ལ་བརྟེན་ཏེ་རྐྱེན་མོས་གུས་ཀྱིས་བྱས་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཏེ། བླ་མའི་ཐུགས་རྒྱུད་ཀྱི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་རྟོགས་པའི་ཡེ་ཤེས་དེ་ཉིད་རང་གི་རྒྱུད་ལ་སྐྱེ་བར་བཞེད་པ་ཡིན་ཏེ་སྔར་དྲངས་པ་ལྟར། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། ས་ར་ཧས་ཀྱང་། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་གསུངས། དེ་བཞིན་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་སྒྱུ་མ་ངལ་གསོ་ལས་ཀྱང་། བསྐྱེད་རིམ་དང་རྫོགས་རིམ་སྒོམ་པ་ལ་སོགས་པ་རྣམས་ནི་རང་རང་གི་ལམ་གྱི་ངོ་བོ་དེས་མི་གྲོལ་ཏེ། དེ་ཡང་སྤྱོད་པ་ཁྱད་པར་ཅན་དང་ཉམས་ལེན་བོགས་འདོན་སོགས་ལ་བརྟེན་པ་ཡིན། བླ་མའི་རྣལ་འབྱོར་ནི་རང་གི་ལམ་གྱི་ངོ་བོ་འདི་ཁོ་ནས་གནས་ལུགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཏེ་གྲོལ་བ་ཡིན་པས་ན། ལམ་གཞན་ཐམས་ཅད་ལས་ཀྱང་བླ་མའི་རྣལ་འབྱོར་འདི་ཉིད་ཟབ་པ་ཡིན། ཞེས་གསུངས། དེ་སྐད་དུ། དམ་ཚིག་བཀོད་པའི་རྒྱུད་ལས་ཀྱང་། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམ་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་དང་། ཨ་ཏི་བཀོད་པ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། རྗེ་རྒོད་ཚང་བའི་ཞལ་ནས། བླ་མའི་རྣལ་འབྱོར་བསྒོམ་པ་ན། །སྐྱོན་ཟད་ཡོན་ཏན་རྫོགས་པར་འགྱུར། །ཞེས་དང་། བསྐྱེད་རིམ་བསྒོམ་པ་མང་ལགས་ཀྱང་། །བླ་མ་སྒོམ་པའི་གོང་ན་མེད། །རྫོགས་རིམ་བསྒོམ་པ་མང་ལགས་ཀྱང་། །བློ་ཁེལ་ལིང་བསྐྱུར་གོང་ན་མེད། །ཅེས་གསུངས། དེ་བཞིན་དུ་འབྲི་གུང་སྐྱོབ་པའི་རིན་པོ་ཆེས་ཀྱང་། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་དང་། རྗེ་བཙུན་རང་རིག་རས་པའི་ཞལ་ནས་ཀྱང་། རྗེ་ལ་གསོལ་བ་མི་འདེབས་པའི། །མི་རྟོག་ཡེ་ཤེས་འདོད་པ་དེ། །བྱང་བསྟན་ཕུག་པར་ཉི་སྒུག་འདྲ། །སྣང་སེམས་འདྲེས་དུས་དེ་ལ་མེད། །ཅེས་གསུངས། དེས་ན་གནས་ལུགས་མ་བཅོས་པའི་རྟོགས་པ་དེ་ཁོ་ན་ཉིད་རྒྱུད་ལ་སྐྱེ་བ་ནི། མོས་གུས་བླ་མའི་རྣལ་འབྱོར་ཁོ་ན་ལ་བརྟེན་ནས་རྒྱུད་ལ་སྐྱེ་བ་མ་གཏོགས་ཐབས་དང་ལམ་གཞན་གང་གིས་ཀྱང་རྟོགས་མི་ནུས་པས་ན། རྗེ་ནཱ་རོ་པ་ཡང་། ཐེག་པ་གསུམ་ཀྱི་མཚན་ཉིད་ལ་མཁས་པའི་པཎྜི་ཏར་གྱུར། མུ་སྟེགས་ཀྱི་རྒོལ་བ་ཐབས་ཅད་ཚར་བཅད་དེ། བི་ཀྲ་མ་ཤཱི་ལའི་བྱང་སྒོ་སྲུང་བའི་པཎྜི་ཏ་མཛད་པའི་དུས་སུ་ཡང་། ཡེ་ཤེས་ཀྱི་མཁའ་འགྲོ་མས་ཁྱོད་ཚིག་ལ་མཁས་པ་ཡིན་གྱི། དོན་ལ་མཁས་པ་མ་ཡིན་པས་ན། ད་དུང་ཡང་བླ་མ་བསྟེན་དགོས་སོ་ཞེས་ལུང་བསྟན་པ་ལྟར། དཀའ་བ་དུ་མའི་སྒོ་ནས་ཏེ་ལོ་པ་བསྟེན་པའི་ཚེ། ཏེ་ལོ་པའི་ཞལ་ནས། འདི་ཙམ་བསྟན་ཡང་མི་གོ་བ་ཞེས་གསུངས་ཏེ་མཆིལ་ལྷྭམ་གྱིས་དཔྲལ་བར་བསྣུན་པས་གནས་ལུགས་ཀྱི་རྟོགས་པ་མ་བཅོས་པ་རྒྱུད་ལ་སྐྱེས་ཏེ་བླ་མ་དང་དགོངས་པ་མཉམ་པར་གྱུར་པ་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ངར་སྣབས་ཅིག་དོར་བ་སློབ་མ་ཀླུའི་བྱང་ཆུབ་ཀྱིས་ཙེན་གྱིས་བླངས་ནས་གསོལ་ཏེ་ལོངས་སྤྱད་པས་མཆོག་གི་དངོས་གྲུབ་ཐོབ་པར་བཤད་པ་དང་། དེ་བཞིན་དུ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས་ཀྱང་། ཁོ་བོས་ཀྱང་རྒྱལ་བ་གཉིས་པ་ཀློང་ཆེན་པའི་གསུང་རབ་མཐོང་ནས། བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ཏེ་བློ་ཁྱེད་ཤེས་ཀྱི་དད་པས་སྙིང་ཁུང་རུས་པའི་གཏིང་ནས་ཕུར་ཚུགས་སུ་གསོལ་བ་བཏབ་པས། རྒྱལ་བ་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་སྟེ་རང་བྱུང་གི་རྟོགས་པ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས། དུས་དེ་ནས་བཟུང་སྟེ་ཞུ་བ་པོའི་སློབ་མ་བརྒྱ་ཕྲག་ཐལ་བ་ལ་ཁྲིད་བཏབ་པ་ཡིན་ཏེ། བརྩོན་འགྲུས་ཅན་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། ཤེས་རབ་ཅན་རྟོག་དཔྱོད་ཀྱི་ཕྱོགས་སུ་མི་འཆོར། དོན་དམ་པའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་ཚུལ་དད་པ་དང་མོས་གུས་ཀྱི་སྲང་ལ་ཐེབ་པ་ཤ་སྟག་བྱུང་ངོ་། །ཞེས་གསུངས། དེ་བཞིན་དུ་ལོ་ཆེན་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་པའི་ཚེ། སྤང་རྒན་མི་ཕམ་མགོན་པོ་ཞེས་བྱ་བ་རྒན་པོ་ལོ་བརྒྱད་ཅུ་འགྲོ་བ་ཤིན་ཏུ་རྒས་ཤིང་འཁོགས་པ་ཞིག་ལ། ལུས་ཚུགས་མ་ཟིན་པས་སྒོམ་ཐག་ལུས་ལ་བཅིངས། སྒོམ་རྟེན་སྐེད་ལ་བཙུགས་ཏེ་བྱིན་རླབས་བླ་མའི་ལམ་ཁྱེར་འདི་བསྟན་པས། ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་མ་ནོར་བ་རྒྱུད་ལ་སྐྱེས་ཏེ་མཐར་ལུས་རྡུལ་ཕྲན་དུ་དེངས་ནས་སངས་རྒྱས་པ་སོགས་ཡིན་པས། བྱིན་རླབས་བླ་མའི་རྣལ་འབྱོར་འདི་ལས་ལྷག་པའི་ཟབ་ལམ་ནི་ཐེག་པ་རིམ་པ་དགུའི་གདམས་ངག་གི་ཆོས་ཐམས་ཅད་ཞལ་བསྡུར་ཀྱང་སྔར་མ་རྙེད་ཅིང་ཕྱིས་ཀྱང་མི་རྙེད་དེ་མིང་དུ་སྔོན་འགྲོར་བཏགས་ཀྱང་། དོན་དུ་དངོས་གཞིའི་ལམ་ཐམས་ཅད་ཀྱི་གནད་འགག་མཐར་ཐུག་པ་དེ་ཡིན་པས། དུས་དང་རྣམ་པ་ཐམས་ཅད་དུ་བླ་མའི་རྣལ་འབྱོར་འདི་ཁོ་ན་ལ་ཉམས་ལེན་གྱི་མཐིལ་བཅོལ་ན། ཉམས་ལེན་གཞན་ཅི་ཡང་མེད་ཀྱང་རུང་བ་ཡིན་པས་སྙིང་ཐག་པ་ནས་འབད་པ་ཅི་ནས་ཀྱང་གལ་ཆེའོ། །དེ་ལྟ་བུའི་ཟབ་ལམ་བླ་མའི་རྣལ་འབྱོར་དེ་ཉིད་ཉམས་སུ་བླང་བ་ལ་དོན་གསུམ་སྟེ། ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། ཕུར་ཚུགས་སུ་གསོལ་བ་གདབ་པ་ལས།

༡༽ཚོགས་ཞིང་གསལ་གདབ་པ།

དང་པོ་ཚོགས་ཞིང་གསལ་འདེབས་པ་ནི། ཞིང་ཁམས་སྦྱོང་བ་སེམས་སྟོབས་ཆེན་པོའི་སྤྱོད་ཡུལ་ཡིན་པས་ནམ་མཁས་གར་ཁྱབ་སྣང་བས་ཁྱབ་སྣང་བས་གར་ཁྱབ་ཞིང་ཁམས་ཀྱི་ཁྱབ་པས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་ནུབ་ཏེ་རང་ཉིད་ཀྱི་སྣང་བ་སེམས་ཀྱིས་གར་ཁྱབ་ཐམས་ཅད་པདྨ་འོད་ཀྱི་ཕོ་བྲང་རྒྱན་བཀོད་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ། རང་ཉིད་དབང་གི་སྣོད་དུ་རུང་བའི་རྟེན་འབྲེལ་དང་། བདེ་སྟོང་གི་ཡེ་ཤེས་སྐྱེད་པའི་དགོས་པ་ཡོད་པ་དང་། རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་ཁྱད་པར་ལས། ངོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་པ་ལ། རྣམ་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བླ་མའི་ཐུགས་ཀར་རིངས་པའི་ཚུལ་གྱིས་གཟིགས་པ། དེ་ཡང་རིངས་པའི་ཚུལ་ཟེར་བ་དེ་བླ་མ་མཇལ་བ་ལ་གཅིག་ཏུ་དགའ་བའི་བྲེལ་ལངས་པ་ལྟ་བུའི་རྣམ་འགྱུར་ལ་ཟེར་བ་ཡིན། ཕྱག་གཡས་ན་མ་རིག་གཏི་མུག་གི་གཉིད་ལས་སློང་བར་མཚོན་པར་བྱེད་པའི་ཐོད་པའི་ཌ་མ་རུ་ནམ་མཁའི་དབྱིངས་སུ་འཁྲོལ་བ། གཡོན་དུག་གསུམ་རྩད་ནས་གཅོད་པའི་བརྡ་རྟགས་གྲི་གུག་དཀུར་བརྟེན་པ། སྐུ་གཅེར་མོ་རུས་པའི་རྒྱན་དྲུག་གིས་རྒྱན་པ་སྟེ། རྒྱབ་གཞུང་རུས་པའི་རྡོ་རྗེ། སོག་པར་རུས་པའི་འཁོར་ལོ། ཕྲག་པར་རུས་པའི་ནོར་བུ། ནུ་མར་རུས་པའི་པདྨ། སྐེད་པར་རུས་པའི་དཔལ་བེའུ། ལྟེ་བར་རུས་པའི་རྒྱ་གྲམ་དྲུག་གིས་རྒྱན་ཅན་མེ་ཏོག་གི་ཆུན་པོའི་འཕྱང་འཕྲུལ་ཅན་མཚན་མའི་རྟོག་པའི་སྒྲིབ་གཡོགས་དང་བྲལ་བ་མཚོན་བྱེད་སྐུ་གཅེར་བུ། མི་འགྱུར་བའི་བདེ་བ་ཆེན་པོ་དགའ་བ་བཅུ་དྲུག་དང་ལྡན་པ་མཚོན་བྱེད་བཅུ་དྲུག་ལོན་པའི་ན་ཚོད་ཅན། དབྱིངས་དང་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་མཚོན་བྱེད་དབུ་སྐྲ་གྲོལ་བ། ཆོས་དབྱིངས་མཚོན་བྱེད་རུས་པའི་འཁོར་ལོ། མགུལ་རྒྱན་མཉམ་ཉིད། རྣ་ཆ་སོར་རྟོགས། གདུ་བུ་མེ་ལོང་། སྐ་རགས་བྱ་གྲུབ་སོགས་དག་དྲན་བྱས་ནས། སྐུ་སྣང་ལ་རང་བཞིན་མེད་པ་ནམ་མཁར་འཇའ་ཚོན་ཤར་བ་ལྟ་བུ་ཞིག་བསྒོམ། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྒོམ་པ་དེའི་སྤྱི་བོར་མདའ་གང་ཙམ་གྱི་ཐད་ཀའི་སྟེང་གི་མདུན་གྱི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་པདྨ་འདབ་མ་འབུལ་བརྡལ་ཞིག་བསྒོམ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། བླ་མ་མི་རུ་བཟུང་བའི་ལོག་ལྟ་སྤོང་ཕྱིར། རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། སྐུ་ལ་བྱང་སེམས་ཀྱི་ཐེག་པ་རྫོགས་པའི་རྟགས་རྡོ་རྗེའི་གསང་གོས་དཀར་མོ་ནང་ལ་གསོལ་བ། དེའི་སྟེང་ཟ་འོག་གི་བེར་དུང་མ་དང་སོར་ཐར་གྱི་ཆོས་གོས་དམར་པོ་དང་། སྔགས་ཀྱི་ཐེག་པ་རྫོགས་པའི་བརྡ་རྟགས་སུ་ཕོད་ཆེན་མཐིང་ག་གསོལ་བ། དབུ་ལ་པད་ཞུ་མནབས་པ། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་དབུ་ཞྭ་འདི་ལ་མི་འདྲ་བ་གསུམ་ཡོད་དེ། ཨོ་རྒྱན་སངས་རྒྱས་གཉིས་པ་དེ་ཉིད་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་ལས་ཕ་ཡི་རྒྱུ་ལས་མ་བསྐྱེད། མ་ཡི་རྐྱེན་ལས་མ་གྲུབ། པདྨ་གེ་སར་གྱི་སྡོང་པོའི་རྩེར་རིག་པ་ཐོལ་སྐྱེས་སུ་རྫུས་ཏེ་འཁྲུངས་ནས་སྣང་སྲིད་གཞིར་བཞེངས་སུའམ་དག་མཉམ་བདེ་བ་ཆེན་པོར་རྟོགས་དུས། མཁའ་འགྲོ་མ་རྣམས་ཀྱིས་རིགས་བདག་གི་ཚུལ་དུ་གསོལ་བ་ལ་པདྨ་ཁ་འབུས་ཞེས་བྱ། རྒྱལ་སྲིད་སྤངས་ནས་རྒྱ་གར་གྱི་དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ། སྤྱོད་པ་ལེགས་ཉེས་ཀྱི་མཐའ་སྟོང་སྟེ་རོ་མཉམ་ཆེན་པོའི་བརྟུལ་ཞུགས་ལ་སྤྱོད་པའི་དུས་སུ་མཁའ་འགྲོ་མ་རྣམས་ཀྱིས་ཆེ་རྟགས་ཀྱི་ཚུལ་དུ་གསོལ་བ་ལ་ཤྭ་བའི་མཉེན་ཞུ་ཞེས་བྱ། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱིས་གསོན་བསྲེགས་མཛད་པའི་ཚེ། རྡོ་རྗེའི་སྐུ་ལ་འབྱུང་བ་མེ་ཡི་གནོད་པས་མ་ཚུགས་ཏེ་ངོ་མཚར་པདྨའི་དབུས་ན་སྐུ་གཅེར་བུ་གྲང་གྲང་བསིལ་བསིལ་ལྟར་བཞུགས་ནས་རྫུ་འཕྲུལ་བསྟན་པའི་ཚེ། ཟ་ཧོར་རྒྱལ་པོ་ངོ་མཚར་དང་དད་པ་སྐྱེས་ནས། ཟ་འོག་བེར་མཛོད་གསར་པའི་སྒོ་ཕྱེས་ལ། །ང་ཡི་ཞྭ་གོས་ཐམས་ཅད་ཁྱེར་ལ་ཤོག །ཅེས་ཟེར་ཏེ་རྒྱལ་པོ་རང་གི་སྐུ་ཆས་ཐམས་ཅད་དང་རྒྱལ་སྲིད་འབངས་འཁོར་དང་བཅས་པ་འབུལ་དུས་ཀྱི་དབུ་ཞྭ་དེ་ལ་པདྨ་མཐོང་གྲོལ་ཟེར་བ་ལས། འདིར་པདྨ་མཐོང་གྲོལ་ལམ་འདབ་ལྡན་རིགས་ལྔ་འདི་ཉིད་ཡིན་ཏེ། དེ་ཡང་བསྐྱེད་རྫོགས་ཟུང་འཇུག་མཚོན་པས་ཕྱི་ནང་རིམ་པ་གཉིས། སྐུ་གསུམ་མཚོན་པས་ཡར་རྩེ་གསུམ། སྐུ་ལྔའི་འགྲོ་དོན་མཛད་པ་མཚོན་པས་ཁ་དོག་ལྔ། ཐབས་དང་ཤེས་རབ་མཚོན་པས་ཉི་མ་དང་ཟླ་བས་བརྒྱན་པ། དམ་ཚིག་ལ་མུ་མཐའ་མེད་པས་མུ་ཁྱུད་མཐིང་ག་ནམ་མཁའི་མདོག་ཅན། ཏིང་ངེ་འཛིན་གཡོ་འགུལ་མེད་པས་རྡོ་རྗེའི་ཏོགལྟ་བའི་ཡང་རྩེ་རྟོགས་ཤིང་སྒྲུབ་པའི་དམ་ཚིག་མཐའ་རུ་ཕྱིན་པས་རྩེ་མོར་བྱ་རྒྱལ་རྒོད་ཀྱི་རྩེ་སྒྲོས་བརྒྱན་པ། དེ་ལྟ་བུ་ཞིག་ཡིན། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་སྡིགས་མཛུབ་ཀྱིས་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཚེའི་བུམ་པ་དཔག་བསམ་ལྗོན་ཤིང་གི་ཁ་རྒྱན་དང་བཅས་པའི་འཛིན་པ། མཆན་ཁུང་གཡོན་ན་ཡུམ་ལྷ་ལྕམ་མཁའ་འགྲོའི་དབང་ཕྱུག་སྦས་པའི་ཚུལ་གྱི་ཁ་ཊྭཱཾ་ག་འཛིན་པ། ཁ་ཊྭཱཾ་དེ་ཡང་གཞི་དུས་ཀྱི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་པའི་ཡར་རྩེ་གསུམ། འབྲལ་དུས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་མཚོན་པའི་ཐོད་པ་སྐམ་རློན་རྙིད་གསུམ། ཐེག་པ་རིམ་པ་དགུ་མཚོན་པའི་རྭ་ལ་ལྕགས་ལུང་དགུ། ཡེ་ཤེས་ལྔ་མཚོན་ཕྱིར་དར་ཚོན་སྣ་ལྔ། དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་མ་མོ་དང་མཁའ་འགྲོ་དབང་དུ་བསྡུས་པའི་བརྡར་ཤི་སྐྲ་དང་གསོན་སྐྲ་ལ་སོགས་པས་བརྒྱན་པ་དེ་ལྟ་བུ་ཞིག་གསལ་བཏབ། དེའི་ཕྱི་རོལ་འཇའ་ཚོན་གྱི་གུར་ཕུབ་ཅིང་མཐའ་སྐོར་དུ་འོད་ལྔའི་ཟེར་ཐག་གི་དྲྭ་བ་མིག་མང་རིས་སུ་ཤར་བའི་ནང་ཁོང་འཇའ་འོད་ཟླུམ་འཁྱིལ་གྱི་དབུས་ན། རྒྱ་གར་གྱི་རིག་འཛིན་བརྒྱད་བོད་ཀྱི་རྗེ་འབངས་ཉེར་ལྔ་ལ་སོགས་རྩ་གསུམ་དམ་ཅན་རྒྱ་མཚོ་སྤྲིན་འཐིབས་པ་ལྟར་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་བ་ཞིག་གསལ་གདབ། སྤྱིར་བླ་མའི་རྣལ་འབྱོར་བསྒོམ་པ་འདི་ལ་སྒོམ་ལུགས་མི་འདྲ་བ་གསུམ་ཡོད་པ་ལས། སྐྱབས་འགྲོའི་དུས་ཚོགས་ཞིང་དེ་བླ་མ་ཐོ་བརྩེགས་སུ་བསྒོམ་པར་བྱ་བ་ཡིན་ཏེ། ཨོ་རྒྱན་ཆེན་པོའི་དབུ་གཙུག་ན་རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་ཐོ་བརྩེགས་སུ་གསལ་འདེབས་པ་ཡིན། རྡོར་སེམས་སྒོམ་བཟླས་ཀྱི་དུས་ཀྱི་དེ་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པར་བྱ་བ་ཡིན་ཏེ། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའ་གཅིག་ལ་འདུས་པར་སྒོམ་པ་ཡིན། བླ་མའི་རྣལ་འབྱོར་གྱི་སྐབས་འདི་བླ་མ་ཁྲོམ་ཚོགས་སུ་སྒོམ་པར་བྱ་བ་ཡིན་ཏེ། རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་དང་། རྩ་བ་གསུམ་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཨོ་རྒྱན་ཆེན་པོའི་སྐུའི་མཐའ་སྐོར་ན་ཁྲོམ་ཚོགས་པ་ལྟར་བཞུགས་པ་ཡིན། དེ་ནས། ཨེ་མ་ཧོ། རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་། །སོགས་ནས། གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ། །ཞེས་ཚིག་འདོན་པ་དང་མཉམ་དུ་དོན་ཡིད་ལ་དྲན་བཞིན་ཚིག་དོན་འབྲེལ་ཆགས་པར་ཡིད་ཀྱིས་དམིགས་པ་གསལ་བཏབ་ནས་བསྒོམ་པ་ལ། ཨེ་མ་ཧོ་ནི་ངོ་མཚར་བའི་ཚིག་ཡིན་པས་དེས་སྣ་དྲངས་ནས། འདི་ལྟར་ནམ་མཁས་གར་ཁྱབ་ཐམས་ཅད་རང་གི་སྣང་བས་ཁྱབ་ཚད་ཀྱི་ཞིང་ཁམས་ཐམས་ཅད་ལ་ཐ་མལ་གྱི་འཛིན་སྟངས་དབྱིངས་སུ་ཐིམ་པ་ལས། རང་བྱུང་ལྷུན་གྲུབ་ཏུ་ཤར་བའི་དག་པ་རབ་འབྱམས་ཀྱི་ཞིང་། དབྱིབས་དང་རྒྱན་དང་བཀོད་པ་ཐམས་ཅད་རབ་ཏུ་རྫོགས་པ་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོ་སྟེང་འོག་བར་གསུམ་སྤྲུལ་བའི་གཞལ་ཡས་ཁང་གི་དབུས་སུ། རང་ཉིད་སྒྱུ་ལུས་ཀྱི་དངོས་པོ་དེ་ཉིད་དཔལ་རིའི་ཞིང་གི་གཙོ་མོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་པས། རང་ཉིད་དེར་བྱིན་གྱིས་བརླབས་ན་གུ་རུའི་ཐུགས་རྒྱུད་བསྐུལ་བ་དང་པདྨ་འོད་ཀྱི་ཞིང་ལ་དབང་བསྒྱུར་བའི་རྟེན་འབྲེལ་གྱི་གནད་ཆེ་བ་ཡིན་པས་ངོ་བོ་ཡེ་ཤེས་མཚོ་རྒྱལ་ཡིན་པ་ལ། རྣམ་པ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས། སྐུ་མདོག་དམར་གསལ་གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གི་གང་བ་འཛིན་ཅིང་། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཆང་བ། པད་ཉི་བམ་རོའི་གདན་ལ་ཞབས་གཡས་བརྐྱང་ཞིང་། གཡོན་ཅུང་ཟད་བརྐུམ་པའི་ཞབས་གཉིས་དོར་སྟབས་ཀྱིས་བཞུགས་པ། མོས་གུས་ཀྱི་སྤྱན་གསུམ་མདུན་གྱི་ནམ་མཁའ་བླ་མའི་ཐུགས་དཀར་རིངས་པའི་ཚུལ་གྱིས་གཟིགས་པ། སྤྱི་བོའི་ཐད་ཀར། མདུན་གྱི་ནམ་མཁའི་གནས་སུ་སྣ་ཚོགས་པདྨ་འབུམ་བརྡལ། དེའི་ཟེའུ་འབྲུ་དང་ཚད་མཉམ་པའི་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྣམ་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ་དེ་ཉིད་ཀྱི་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ་གཞོན་ནུ་ལོ་བརྒྱད་ལོན་པའི་ཤ་ཚུགས་ཅན། སྤྱན་གཉིས་ལྟ་སྟངས་ཧྲིག་གེར་གཟིགས་པ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ་དང་། ཕྱི་ནས་རིམ་པར་སྔགས་ཀྱི་ཕོད་ཆེན་མཐིང་གསོར་ཐར་གྱི་ཆོས་གོས་དམར་པོ་ངུར་སྨྲིག་གསེར་གྱི་མེ་ཏོག་གི་རི་མོས་སྤྲས་པ་དང་། ཟ་འོག་གི་བེར་དམར་སྨུག་རྣམས་བརྩེགས་མར་གསོལ་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟངས་སྟབས་ཀྱིས་བཞུགས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་བའི་ཚུལ་དང་། གཡོན་པས་མཉམ་བཞག་གི་སྟེང་ན་ཐོད་པའམ་ཀ་པཱ་ལའི་དབུས་སུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཚེའི་བུམ་པ་བསྣམས་པ་དང་། དབུ་ལ་འདབ་མ་ལྔ་པ་དང་ལྡན་པའི་པདྨའི་མཉེན་ཞུ་གསོལ་ཞིང་ཁྲོ་འཛུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ་མནྡཱ་ར་བ་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་རྩེ་གསུམ་གྱི་རྣམ་པར་བསྣམས་པ། འཇའ་ཟེར་དང་ཐིག་ལེ་ཟླུམ་པོར་འཁྱིལ་བའི་འོད་ཀྱི་ཕུང་པོའི་ཀློང་ན་བཞུགས་པའི་ཕྱི་འཁོར། འོད་ལྔའི་ཟེར་ཐག་གི་དྲཱ་བ་མིག་མང་རིས་སུ་འབྲེལ་བས་མཛེས་པའི་ཀློང་དུ། རྩ་བའི་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ་ལས་ཤར་བའི་རྒྱ་གར་གྱི་རིག་འཛིན་བརྒྱད། རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི། བོད་ཀྱི་གྲུབ་ཆེན་སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། རྒྱ་བོད་ཀྱི་པཎ་གྲུབ་རིག་པ་འཛིན་པའི་ས་ལ་བཞུགས་པ་རྣམས་དང་། རྒྱུད་སྡེ་ཆེན་པོ་དྲུག་དང་འབྲེལ་བའི་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས། གནས་ཉེར་བཞི། ཡུལ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་ལྟར་གཏིབ་པ་བཞུགས་ཤིང་། དེ་ཐམས་ཅད་ཀྱང་གསལ་སྟོང་ཟུང་འཇུག་ཆུ་ཟླ་དང་འཇའ་ཚོན་ལྟ་བུ་མཉམ་གནས་ཆེན་པོའི་ངང་དུ་ཐ་མལ་གྱི་ཤེས་པ་རང་འགགས་སུ་འགྲོ་བར་གསལ་བཏབ་ཏེ་བླ་མའི་རྣལ་འབྱོར་གྱི་ཚོགས་ཞིང་དེ་ཉིད་བསྒོམ་པ་དང་འདོན་པ་སྦྲགས་མ་བྱེད་དགོས། དེ་ནས་མོས་གུས་ཀྱི་དད་པ་དང་སྙིང་ནས་གདུང་བ་དྲག་པོ་བསྐྱེད་དེ། ཧཱུྃ། ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། སོགས་ནས། གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་པ་འདི་ནི་རྡོ་རྗེའི་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེའི་དབྱངས་ཀྱིས་བསྟོད་པའི་རྡོ་རྗེའི་རང་སྒྲ་ཡིན་གྱི་གང་ཟག་ཞིག་གིས་བརྩམས་པ་དེ་འདྲ་མིན། ཞེས་བརྗོད་མ་ཐག་ཏུ་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་རྟེན་གཞལ་ཡས་ཁང་དང་བརྟེན་པར་ལྷ་ཚོགས་གཙོ་འཁོར་དང་བཅས་པའི་ཡེ་ཤེས་པ་ཐམས་ཅད་དངོས་སུ་བྱོན་ཏེ། རང་གིས་བསྐྱེད་པའི་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་ན་ཐ་དད་མེད་པ་ལྟར་གཉིས་སུ་མེད་པར་ཐིམ་པར་བསམ། ཧཱུྃ་ནི་རང་བྱུང་ཐུགས་ཀྱི་ས་བོན་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཡིག་འབྲུ་གཅིག་ཏུ་བསྡུས་པ། གནས་ཕུན་སུམ་ཚོགས་པ་ལྷོ་འཛམ་བུ་གླིང་འདི་ལ་ཡུལ་དྲུག་སོགས་ཀྱི་རྣམ་པར་ཕྱེ་བ་ཡོད་པའི་ཨུ་རྒྱན་གྱི་ཡུལ་ནི་རིག་པ་འཛིན་པའི་གནས་ཨུ་རྒྱན་མཁའ་འགྲོའི་ཡུལ་གྱི་ནུབ་བྱང་གི་མཚམས་ཤིག་ན། དྲི་མེད་ཡན་ལག་བརྒྱད་དང་ལྡན་པའི་དྷ་ན་ཀོ་ཤའི་གཡུ་ཡི་རྒྱ་མཚོའི་མེ་ཏོག་དམར་པོ་ཁ་ཕྱེ་བའི་དབུས་སུ་གནས་ཕུན་སུམ་ཚོགས་པ། གསུང་པདྨའི་རིགས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་ཡི་གེ་དམར་པོ་བབས་པ་འོད་དུ་ཞུ་བ་ལས། ཕ་ཡི་རྒྱུ་ལས་མ་བྱུང་། མ་ཡི་རྐྱེན་གྱིས་མ་བསྐྱེད། རིག་པ་ཐོལ་སྐྱེས་སུ་རྫུས་ཏེ་འཁྲུངས་པའི་མེ་ཏོག་པདྨའི་ལོ་འདབ་དང་གེ་སར་གྱི་ཡོངས་སུ་མཛེས་པའི་སྡོང་པོ་ལས། ཡེ་ཤེས་ལྔ་མཚོན་ཕྱིར་ཁ་དོག་རིགས་ལྔ་ཡོད་པ་ལས་དབུས་མ་དམར་པོ་པདྨའི་རིགས་ཀྱི་ལྟེ་བ་ལ། ཆོས་ཕུན་སུམ་ཚོགས་པ་ཡ་མཚན་རྨད་དུ་བྱུང་བ་སྣང་སྲིད་གཞིར་གཞེངས་སུ་རྟོགས་ཏེ་མཆོག་གི་དངོས་གྲུབ་བརྙེས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་པདྨ་འབྱུང་གནས་ཞེས་བྱ་ཕྱོགས་བཅུའི་ནམ་མཁའི་མཐས་གཏུགས་པའི་ཞིང་ཁམས་རབ་འབྱམས་སུ་མངོན་དུ་གྲགས་པ་དེ་ཉིད། འཁོར་ཕུན་སུམ་ཚོགས་པ་འཁོར་དུ་དཔའ་བོ་དང་མཁའ་འགྲོ་མ་མང་པོས་བསྐོར་བ། དུས་ཕུན་སུམ་ཚོགས་པ་དུས་གསུམ་མཉམ་ཉིད་ཆེན་པོ་ལ། མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་སྐྱབས་མཆོག་ཁྱེད་ཀྱི་རྗེས་སུ་འབྲངས་ཏེ་བདག་ཀྱང་རྒྱལ་བའི་དབང་པོ་ཁྱེད་ལྟར་སྒྲུབ་པའི་དམ་བཅའ་འབུལ་ལགས་ཀྱི། ཁྱེད་ཀྱི་གསང་གསུམ་ནུས་པའི་བྱིན་རླབས་བདག་གི་སྒོ་གསུམ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་དུ་སྒྲུབ་པའི་གནས་མཆོག་འདི་རུ་གཤེགས་སུ་གསོལ་ཞེས་ཐུགས་དམ་གནད་ནས་བསྐུལ་ལོ། །གུ་རུ་ཡོན་ཏན་ཐམས་ཅད་ཀྱིས་ལྕི་བ་བླ་མ་སྟེ་གོང་ན་མེད་པ། པདྨ་ནི་ཨོ་རྒྱན་ཆེན་པོའི་མཚན་གྱི་ཐོག་མ། །སིདྷི་ནི་དོན་དུ་གཉེར་བྱ་མཆོག་ཐུན་གྱི་དངོས་གྲུབ། ཧཱུྃ་ནི་དངོས་གྲུབ་དེ་ལྟ་བུ་སྩོལ་ཅིག་ཅེས་དོན་གྱིས་སྐུལ་བ་བསྟན། གཞན་ཡང་སློབ་དཔོན་ཆེན་པོའི་གཟུངས་སྔགས་ཡིག་འབྲུ་བཅུ་གཉིས་པའི་དོན། ཐོག་མར་རྡོ་རྗེ་གསུམ་གྱི་ས་བོན་ཨོཾ་ཨཱཿཧཱུྃ་གསུམ་གྱི་ཐོགས་དྲངས་ནས། བཛྲ་ནི་རྡོ་རྗེ་སྟེ་ཆོས་ཉིད་མཚན་རྟོག་གི་སྤྲོས་པས་མི་ཕྱེད་པ་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་དང་། གུ་རུ་ནི་དེའི་ངང་ལས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་ཡོན་ཏན་གྱི་ཁུར་གྱི་ལྕི་བས་ན་ལོངས་སྐུ། པདྨ་ནི་དེའང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རིག་གདངས་གསུང་པདྨའི་རིགས་སུ་ཤར་བས་ན་སྤྲུལ་བའི་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་རྒྱན་ཆེན་པོར་གསང་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས། སེམས་ཀྱི་གཤིས་སྤྲོས་པ་དང་བྲལ་བའི་རང་རྩལ་མོས་གུས་སུ་དུང་ངེ་ཤར་བའི་ངང་ནས་གསོལ་བ་གདབ་པའི་མཐུ་ལས། སིདྡྷི་སྟེ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད། ཧཱུྃ༔ཞེས་བདག་གི་ཤེས་རྒྱུད་ལ་དུས་ད་ལྟ་ཉིད་དུ་སྩོལ་ཅིག་སྙམ་པའི་དོན་དྲན་པར་བྱ་བ་ཡིན།

༢༽ཡན་ལག་བདུན་པ་འབུལ་བ། གཉིས་པ་ཡན་ལག་བདུན་པ་འབུལ་བ་ནི། དེ་ཡང་ཚོགས་བསགས་པའི་སྒོ་ཐམས་ཅད་བསྡུ་ན་ཡན་ལག་བདུན་ལ་འདུ་ལ། དེ་ཡང་བསྡུ་ན་བསགས་སྦྱངས་སྤེལ་གསུམ་ལ་འདུ་སྟེ། ཕྱག་འཚལ་དང་བཤགས་པ་གཉིས་སྡིག་པ་སྦྱངས་པའི་ཡན་ལག་དང་། ཡི་རང་དང་བསྔོ་བ་གཉིས་སྤེལ་བའི་ཡན་ལགགཞན་གསུམ་པོ་ཚོགས་བསགས་པའི་ཡན་ལག་ཡིན་ལ། ཚོགས་བསགས་པ་ལ་ཞིང་དག་པ་དང་། བསམ་པ་དག་པ་དང་། དངོས་པོ་དག་པ་གསུམ་ཚོགས་དགོས། དེ་ཡང་མདོ་ལམ་བསྐལ་བ་གྲངས་མེད་མང་པོའི་ཚོགས་བསགས་དགོས་པ་དེ་སྔགས་ལམ་ནས་སྐད་ཅིག་མ་རེ་རེ་ལ་རྫོགས་འགྲོ་བའི་གནད་ཞིང་དང་བསམ་པ་དང་དངོས་པོ་དག་པ་ལ་ཐུག་པ་ཡིན། ཡུལ་ཡི་དམ་དང་མཁའ་འགྲོ་ལ་སོགས་ལས་ཀྱང་བླ་མ་ཉིད་ཚོགས་བསགས་པའི་ཞིང་ཁྱད་པར་ཅན་རབ་དང་ཕུལ་དུ་ཕྱིན་པ་ཡིན་པས་ཞིང་དག་པ་དང་། གཞན་དོན་དུ་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་འདོད་པའི་བསམ་པ་དག་པ་དང་གཉིས། ལྷ་སྔགས་ཏིང་ངེ་འཛིན་ལས་སྤྲུལ་བའི་མཆོད་པའི་ཁྱད་པར་དངོས་པོ་དག་པ་གསུམ་དང་འབྲེལ་བའི་ཚོགས་ཁྱད་པར་ཅན་རྫོགས་པ་ཡིན། འདི་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདི་ལ་ཐབས་མང་བ་དང་། དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་སྤྱོད་ཡུལ་དུ་གྱུར་བ་ཡིན་པས། སེམས་སྟོབས་ཆེན་པོས་ཚོགས་བསགས་པ་ལ་རྒྱུན་ཆགས་སུ་བསླབས་པས། མདོ་ལམ་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་བསྐལ་པ་ཆེན་པོ་མང་པོའི་ཚོགས་སྔགས་ལམ་འདིར་སྐད་ཅིག་མ་ལ་འདུམ་ནས་ཚེ་གཅིག་དང་ལོ་ཟླ་ལ་སོགས་པར་གྲོལ་བ་ཡིན་ནོ། །དེའི་ཕྱིར་ཡུལ་གཉན་པོ་གསང་བ་བླ་ན་མེད་པའི་ཚོགས་ཞིང་གི་རབ་དང་ཕུལ་ཏུ་གྱུར་པ་ཡང་རྡོ་རྗེ་སློབ་དཔོན་ཉག་གཅིག་ཏུ་ངེས་པས་བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་བྱུང་ལ། དེ་ལ་ཚོགས་གསོག་པའི་སྒོ་མཐའ་ཡས་པ་ཡན་ལག་བདུན་དུ་འདུ་པ་ལས། དང་པོ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག་ནི། དེ་ཡང་། ང་རྒྱལ་ལྕགས་ཀྱི་གོང་བུ་ལ། །ཡོན་ཏན་གྱི་ཆུ་མི་ཆགས། །ཟེར་བས་རང་རྒྱུད་ལ་ང་རྒྱལ་ཡོད་ནས་བཟུང་རང་རྒྱུད་ཀྱི་སྐྱོན་དང་གཞན་རྒྱུད་ཀྱི་ཡོན་ཏན་མི་མཐོང་བས་དེའི་གཉེན་པོ་ཕྱག་འཚལ་བ་ཡིན། དེས་ན་གྲལ་མགོ་མི་རྩོད་པ་དམ་ཉམས་དང་ཚུལ་ཁྲིམས་འཆལ་བ་ཐམས་ཅད་ཀྱང་རང་ངོས་ནས་གོང་དུ་བསྐུར། ཕྱག་དང་ཞེ་སའི་གནས་སུ་བཞགཕྱག་ལ་དབྱེ་ན་གསུམ་ཡོད། རབ་ལྟ་བ་མཇལ་བའི་ཕྱག་ནི་ཕྱག་འཚལ་བའི་ཡུལ། འཚལ་བ་པོའི་གང་ཟགའཚལ་བའི་བྱ་བ་དང་གསུམ་པོ་མི་དམིགས་པར་ཤེས་པ་དེ་ཡིན། འབྲིང་སྒོམ་པ་གོམས་པའི་ཕྱག་རང་ཉིད་ཀྱིས་ལུས་དཔག་ཏུ་མེད་པ་སྤྲུལ་ནས་བསྟོད་དབྱངས་དཔག་ཏུ་མེད་པ་དང་བཅས་ཏེ་ཕྱག་འཚལ་བ་དེ་ཡིན། ཐ་མལ་བ་སྤྱོད་པ་མོས་གུས་ཀྱི་ཕྱག་ནི་ལུས་ཀྱི་ཕྱག་འཚལ། ངག་གི་བསྟོད་པའི་ཚིག་འདོན། ཡིད་ཀྱིས་མོས་གུས་ཀྱི་སྒོ་ནས་ཕྱག་འཚལ་བ་དེ་ཡིན། དེའི་ནང་ནས་ཡིད་ཀྱི་མོས་གུས་གཙོ་ཆེ་བས་སྐྱབས་གནས་རྒྱ་མཚོའི་ཡོན་ཏན་དྲན་པའི་སྒོ་ནས་ཕྱག་འཚལ་བ་དེ་ཡིན། དེ་ལྟ་ན་རང་གི་ལུས་བརྒྱ་སྟོང་གྲངས་མེད་པ་ཞིང་གི་རྡུལ་གྱི་གྲངས་སྙེད་ཅིག་སྤྲུལ་ཏེ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱང་རང་དང་ལྷན་དུ་ཕྱག་འཚལ་བར་བསམ་ཞིང་། ཧྲཱིཿབདག་ལུས་ཞིང་གི་རྡུལ་སྙེད་དུ། །རྣམ་པར་འཕྲུལ་པས་ཕྱག་འཚལ་ལོ། །ཞེས་གསུངས་པའི་དོན་བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་གསལ་བའི་ཐུགས་ཀ་ནས་སྤྲུལ་བའི་ལུས་ཐ་མལ་བའི་ཚུལ་གྱིས་ཞིང་གི་རྡུལ་རྙེད་ཙམ་དུ་ཤིན་ཏུ་མང་པོ་རྣམ་པར་འཕྲུལ་བ་དེ་རྣམས་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མིའི་གཟུགས་སུ་གྱུར་ཏེ་རང་དང་མཉམ་དུ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བཞིན་ཡོད་པ་བསྒོམས་ནས་ངག་ཏུ་ཚིག་འདོན་པའམ་བརྗོད། དེ་ཡང་སྤྱིར་ཁྲིད་སྦྱང་འབུམ་ལྔ་མ་ཚང་ཙམ་བྱེད་པ་རྣམས་ནས་སྐྱབས་འགྲོ་སོགས་དང་སྦྲེལ་ཏེ་ཕྱག་འཚལ་ཀྱང་རུང་བས་དེ་ལྟར་བྱེད་པའི་ཕྱག་ལེན་ཀྱང་ཡོད་མོད། འོན་ཀྱང་ཕྱག་གི་ཁྲིད་དངོས་འདི་ཡིན་པས་བླ་མའི་རྣལ་འབྱོར་དང་འབྲེལ་བར་ཕྱག་འཚལ་ན་ནི་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ཡང་ཕྱག་འཚལ་བའི་ཚེ་ལུས་ཀྱི་སྒོ་ནས་ཕྱག་འཚལ་བ། ངག་གིས་ཕྱག་འཚལ་དང་གསོལ་འདེབས་ཀྱི་ཚིག་འདོན་པ། ཡིད་ཀྱིས་ཅི་མཛད་ཁྱེད་ཤེས་དང་བློ་གཏད་ལིང་བསྐྱུར་གྱི་མོས་གུས་དང་བཅས། བདག་དང་སེམས་ཅན་ཐམས་ཅད་ལྷན་ཅིག་ཕྱག་འཚལ་བའི་དམིགས་པ་སོགས་ལུས་ངག་ཡིད་གསུམ་ཆུན་གཅིག་དྲིལ་དུ་བྱེད་པ་ནི་གནད་ཆེ་ལ། དེ་ལྟར་མ་ཡིན་པར་ལུས་ཀྱིས་ཕྱག་འཚལ་བ་དང་ངག་གིས་འཁྱལ་གཏམ་བཤད་པ་དང་ཡིད་གཞན་དུ་གཡེང་བཞིན་ཕྱག་འཚལ་བ་ལ་དགོས་པ་མེད་པས་ཁ་ཡེངས་མིག་ཡེངས་སེམས་ཕྱི་རོལ་གྱི་ཡུལ་གྱི་རྗེས་སུ་འབྲངས། གཡས་ཕྱོགས་ནས་འགྲོ་འདུག་དང་སྨྲ་བརྗོད་བྱེད་པ་བྱུང་ན་མིག་དང་ཤེས་པ་དེ་ཕྱོགས་སུ་གཡེང་ཞིང་ཐལ་མོ་འགྲམ་པ་གཡོན་གྱི་སྟེང་དུ་སྦྱར། གཡོན་ཕྱོགས་སུ་དེ་བཞིན་བྱུང་ན་མིག་དང་ཤེས་པ་དེ་ཕྱོགས་སུ་གཡེང་ཞིང་འགྲམ་པ་གཡས་གྱི་སྟེང་དུ་ཐལ་མོ་སྦྱར་བ་ལྟ་བུ། སེམས་རྣམ་གཡེང་གི་དབང་དུ་བཏང་། ལུས་དེ་ཁོ་ནས་ཁྱོ་རོ་རོ་ཕྱག་འཚལ་འདོགས་བྱེད་པ་ལ་ནི། རང་གི་གཟུགས་པོར་སྡུག་གཏད་པ་ཙམ་ལས་སྙིང་པོ་ཅི་ཡང་མེད་པར་ཤེས་པར་བྱའོ། །དེ་མ་ཟད་ཕྱག་འཚལ་ཚེ་ཡང་ཐལ་མོ་ཁོང་སྟོང་དུ་པདྨ་ཁ་འབུས་པ་ལྟ་བུར་སྦྱར་དགོས་ཀྱི། ཐལ་མོ་ལ་ནང་ཁོང་སྟོང་མེད་པར་ལག་མཐིལ་གཉིས་སྤྲད་དེ་བཅའ་བ་དང་། སོར་རྩེ་ཐུག་ཙམ་བྱེད་པ་སོགས་ནི་མི་རུང་སྟེ། ཐར་པ་ཆེན་པོའི་ཕྱོགས་སུ་རྒྱས་པའི་མདོ་ལས། པདྨ་ཁ་འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་བཅས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་དང་། ཡོན་ཏན་མཛོད་ལས་ཀྱང་། བབ་ཅོལ་གོམས་པ་མིན་པའི་ལུས་བཏུད་ནས། །སྙིང་གར་གུས་བཅས་མངོན་རྟོགས་ངོམ་པ་ལ། །མེ་ཏོག་དོགས་པས་རབ་བཟུང་སྙིམ་པའི་སྣོད། །ག་བུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན། །ཞེས་གསུངས། དེ་ནས་རིམ་བཞིན་ཐལ་མོ་སྤྱི་བོར་སྦྱར་བས་རྒྱལ་བ་སྲས་དང་བཅས་པའི་སྐུའི་ཡོན་ཏན་དྲན་ཞིང་། བླ་མའི་སྐུ་སྤྲུལ་སྐུ་ལ་ཕྱག་འཚལ་བས། རང་བཞིན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་འདགམཐར་ཐུགས་སངས་རྒྱས་རྣམས་ཀྱི་དབུའི་གཙུག་ཏོར་བལྟར་མི་མངོན་པར་ཐོབ་པར་ཤོག་ཅིག་བསམ། ཡང་ཐལ་མོ་མགྲིན་པར་སྦྱར་བས་རྒྱལ་བ་སྲས་བཅས་གྱི་གསུང་གི་ཡོན་ཏན་དྲན་ཏེ་བླ་མའི་གསུང་ལོངས་སྤྱོད་རྫོགས་སྐུ་ལ་ཕྱག་འཚལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་འདགམཐར་ཐུག་གསུང་ཚངས་པའི་དབྱངས་ཡན་ལག་དྲུག་བཅུ་དང་ལྡན་པ་ཐོབ་པར་ཤོག་ཅིག་ཅེས་སྨོན་པ་དང་། དེ་ནས་ཐལ་མོ་སྙིང་གར་སྦྱར་བས་རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀྱི་ཡོན་ཏན་དྲན་བླ་མའི་ཐུགས་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བས། རང་བཞིན་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒྲིབ་པ་འདགམཐར་ཐུག་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཏིང་དཔག་དཀའ་བའི་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐོབ་པར་ཤོག་ཅིག་བསམ། དེ་ནས་ལུས་ཀྱི་མ་ལྔ་ས་ལ་ཕབ་ཞེས་བྱ་བ། དཔྲལ་བ་དང་གཅིགལག་མཐིལ་གཉིས། པུས་མོ་གཉིས་དང་ལྔ་པོ་ས་ལ་ཕབ་སྟེ་ཕྱག་བྱས་པས། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་ཉོན་མོངས་པ་དུག་ལྔའི་སྒྲིབ་པ་འདག་པ་དང་། བླ་མ་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པ་དང་འགྲོ་ལྔའི་སེམས་ཅན་ཐམས་ཅད་དག་པ་སྐུ་ལྔའི་ཞིང་དུ་འདྲེན་ནུས་པར་ཤོག་ཅིག་བསམ་པས་དེ་ལྟར་ཐོབ་པ་ལ་སོགས་པའི་དགོས་པ་ཡོད་པས་དེ་ལྟར་བྱ། དེ་ནས་ཡར་ལངས་པའི་ཚེ་ཡང་རྐེད་པ་དྲང་པོར་བསྲངས་ཏེ་ཐལ་མོ་བཅས་ནས་ཡང་སྔར་ལྟར་གནས་གསུམ་ཐལ་མོ་སྦྱར་མ་ལྔ་ས་ལ་ཕབ་ཏེ་ལུས་ཀྱི་སྒོ་ནས་ཕྱག་འཚལ་བ། ངག་གིས་ཕྱག་འཚལ་དང་གསོལ་འདེབས་ཀྱི་ཚིག་འདོན། ཡིད་ཀྱིས་ཅི་མཛད་ཁྱེད་ཤེས་བློ་གཏོད་ལིང་བསྐྱུར་གྱི་མོས་གུས་དང་བཅས། བདག་དང་སེམས་ཅན་ཐམས་ཅད་ལྷན་གཅིག་ཏུ་ལོ་ཡག་གི་སྙེ་མ་རླུང་གིས་ཕྱོགས་གཅིག་བསྐྱོད་པ་བཞིན་དུ་དམིགས་པ་དང་བཅས་ཕྱག་འཚལ་དགོས་པ་ཡིན་གྱི། ཐལ་མོ་ལེགས་པར་མི་བཅའ་བར་ལག་པ་གཡུག་ཙམ་བྱེད་པ་དང་། པུས་མོ་དང་དཔྲལ་བ་ས་ལ་མི་རེག་པར་སྒུར་ཙམ་སྒུར་ཙམ་བྱེད་པ་དང་། ཡར་ལྡང་བའི་ཚེ་སྐེད་པ་ལེགས་པོར་མི་བསྲང་བར་སྒུར་ཕྱག་བྱེད་པ་སོགས་ནི་མ་གུས་པའི་རྣམ་འགྱུར་ཡིན་པས་གཏན་ནས་མི་རུང་། སྒུར་ཕྱག་བྱས་པའི་རྣམ་སྨིན་གྱིས་གྱང་རོ་ཁུར་ཞེས་བྱ་བ་རྒྱབ་ཏུ་ལྦ་བ་ཆེན་པོ་ཡོད་པའི་མིའུ་ཐུང་སྒུར་ཏེ་འགྲོ་བ་དེ་ལྟ་བུའི་ལུས་ལེན་པར་གསུངས་པས་ན། ཕན་ཡོན་ཡོད་དུ་རེ་ནས་ཕྱག་འཚལ་བ་ཡིན་གྱི། ལུས་ངན་ལེན་བྱེད་དུ་ཕྱག་འཚལ་ཀྱང་མི་དགོས་པར་འདུག་པས། ཁ་གྲངས་མང་པོ་རང་མ་ཐུབ་རུང་གང་ཐུབ་དེ་དངོས་གཙང་ཞིང་རྣམ་པར་དག་པ་རང་ཡིད་ཆེས་པ་རེ་ཨེ་ཐོན་ལྟ་བ་ལ་འབད་དགོས། དེས་ན་འཚལ་སླ་བ་ལ་བསམས་ནས་རི་ངོས་ལྟ་བུའི་གཟར་ས་ལ་གཏད་པ་དང་། གད་འཁྲིས་ལ་སོགས་པ་ནས་ཕྱག་འཚལ་བ་ལ་ནི་སྙིང་པོ་ཅུང་ཟད་ཀྱང་མེད་དོ། །དེར་མ་ཟད་ད་ལྟའི་དུས་བླ་མ་ལ་སོགས་པའི་དྲུང་དུ་མཇལ་བའི་ཚེ། དང་པོ་ཕྱག་ཅུང་ཟད་ལེགས་པ་གཅིག་འཚལ་ནས་དེ་ནས་སྒུར་ཙམ་གཉིས་བྱེད་ཅིང་། དེ་ཉིད་མི་དྲག་གི་ཕྱག་ཡིན་པ་སྐད་བྱེད་དེ། ཤེས་མེད་ཕལ་མོ་ཆེས་དེའི་རྗེས་སུ་སློབ་པ་ནི་ཤིན་ཏུ་ཐ་ཆད་པ་ཡིན། ཆོས་ཞུས་ཞུས་ཐོབ་ཐོབ་པའི་དོན་པོ་ཐ་ན་ཕྱག་གཅིག་གི་འཚལ་ལུགས་ཚུན་ཆད་མ་ཤེས་པ་ཐམས་ཅད་དམ་པའི་གཞུང་ལུགས་དང་བླ་མའི་ཞལ་ལས་ཉན་ནས་ཤེས་པར་བྱ་ཞིང་། གང་ཤེས་དེ་དུས་དང་རྣམ་པ་ཐམས་ཅད་དུ་མ་བརྗེད་པར་ཉམས་སུ་ལེན་དགོས་རྒྱུ་ཡིན་པ་ལ། བྱ་སླ་བ་དང་ཤེས་སླ་བ་དེ་ཙམ་ཡང་ཉམས་སུ་མི་ལེན་ན་ཆོས་ཞུས་པ་ལ་དོན་འབྲས་ཅི་ཡང་མེད་པའི་ཕྱིར་རོ། །དེས་ན་ཆོས་ཞུས་པའི་དོན་པོ་ཕྱག་རྡོག་གཅིག་གི་འཚལ་ལུགས་ཚུན་ཆད་ཆོས་མི་ཤེས་པ་རྣམས་ལས་ཁྱད་པར་འཕགས་པ་ཞིག་དགོས་ཏེ། སྔོན་རྗེ་བཙུན་མི་ལ་བླ་མ་རྔོག་པའི་དྲུང་དུ་ཆོས་ཞུར་ཕེབས་པའི་ཚེ། བླ་མ་རྔོག་པས་གྲྭ་པ་མང་པོ་ལ་རྒྱུད་བརྟགས་གཉིས་གསུང་གིན་འདུག་པ་རྗེ་བཙུན་གྱིས་རྒྱང་རིང་པོ་ནས་མཇལ་ཏེ་ཕྱག་འཚལ་བས། བླ་མ་རྔོག་པ་ཡང་དགྱེས་ཏེ། དབུ་ཞྭ་ཕུད་ནས་ཕྱག་ལན་མཛད་ཅིང་། ཆོས་མཚམས་ཀྱི་རྟེན་འབྲེལ་ཀྱང་ལེགས། ཕ་གི་ན་ཕྱག་འཚལ་བ་འདི་ལྷོ་བྲག་མར་པའི་སློབ་བརྒྱུད་ཀྱི་ཕྱག་འཚལ་ལུགས་སུ་འདུག་པས་ཁོང་སུ་ཡིན་དྲིས་ཤོག་གསུངས། ལར་བླ་མ་བརྟེན་ནས་ཆོས་ཞུས་པ་དེ་སྣམ་བུ་ཚོས་ལ་འཕངས་པ་ལྟར་སྔར་གྱི་དེ་དང་ཡེ་མི་འདྲ་བ། སཱཙྪ་བརྐོས་ཕོར་ནས་ཕྱུངས་པ་ལྟ་བུ་མ་ཐུབ་རུང་སྣམ་བུ་ཚོས་ལ་བཅུག་པ་ལྟ་བུ་ཅུང་ཟད་རེ་བཟང་དུ་ཡོད་དགོས་པས་བླ་མ་དམ་པ་དེའི་མཛད་སྤྱོད་ཅི་འདྲ་བ་དེ་འདྲ་བའི་རྗེས་སུ་སློབ་པ་ཞིག་དགོས་རྒྱུ་ཡིན། དཔེར་ན་སྣམ་བུ་ཚོས་སུ་བཅུག་པ་དེ་ལ་ཚོས་ཁ་ལེགས་ཉེས་ཙམ་ཡོད་པ་སྲིད་ཀྱང་། སྔར་ཚོས་སུ་མ་བཅུག་པའི་དུས་ལས་མདོག་གཞན་དུ་གཏན་ནས་མ་འགྱུར་བ་ག་ལ་སྲིད། ད་ལྟའི་དུས་ན་ཆོས་ལན་གྲངས་བརྒྱར་ཞུས་ཀྱང་ཤེས་རྒྱུད་སྔར་གྱི་དེ་ལས་སྤུ་གང་གིས་བཟང་དུ་མ་སོང་ཞིང་བྱ་བྱེད་སྤྱོད་པ་ཐམས་ཅད་འཇིག་རྟེན་པ་ལས་ཅུང་ཟད་ཀྱང་མ་ལོག་པ་ནི་ཆོས་དྲེད་དམ་ཉམས་ཀྱི་རྒྱུར་སོང་བ་ཞེས་བྱ། དེ་འདྲ་དེ་ནི་སྡིག་ཅན་ཆོས་ཀྱིས་ཐུལ་ཀྱང་ཆོས་དྲེད་ཆོས་ཀྱིས་མི་ཐུལ། གྱོང་པོ་སྣུམ་གྱིས་ཐུལ་ཀྱང་མར་ལྐོག་སྣུམ་གྱིས་མི་ཐུལ། གསུངས་པ་ལྟར། དགེ་བའི་ཕན་ཡོན། སྡིག་པའི་ཉེས་དམིགས། སངས་རྒྱས་ཀྱི་ཡོན་ཏན་ཅི་ལྟ་བུ་ཐོས་ཀྱང་། དེ་འདྲ་ཟེར་དར་སྙམ་བ་ཙམ་ལས་བློ་སྣ་འགྱུར་བའི་ངེས་ཤེས་དང་དད་པ་ཅུང་ཟད་ཀྱང་སྐྱེར་མི་བཏུབ་པས་ན། རྫོགས་པའི་སངས་རྒྱས་དངོས་སུ་བྱོན་ཀྱང་དེ་ལ་ཕན་གདགས་མི་ནུས་ཏེ། ཨོ་རྒྱན་ཆེན་པོའི་ཞལ་ནས་ཀྱང་། ཆོས་སྨྲས་གོ་དྲེད་ཁྱེར་བའི་འཁོར་མི་བརྟེན། །དམ་ཚིག་ཚོད་ཡོད་བྱེད་པའི་གྲོགས་མི་འགྲོགས། །ཞེས་གསུངས། དེས་ན་ཆོས་ཚིག་གཅིག་གི་དོན་ཤེས་ཀྱང་དེ་ཉིད་རང་གི་རྒྱུད་ལ་འདྲེས་ངོ་ཤེས་པར་ཉམས་སུ་ལེན་དགོས། བླ་མ་བསྟེན་པའི་དོན་པོ་བླ་མ་དེའི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ལ་བལྟ་ཞིང་དེའི་རྗེས་སུ་སློབ་དགོས་ཏེ། འཇིག་རྟེན་པའི་ཁ་སྐད་ཡང་། བྱ་བ་ཐམས་ཅད་ལད་མོ་ཡིན། །ལད་མོ་ནང་གི་གང་མཁས་ཡིན། །ཟེར་བ་ལྟར་བླ་མ་དེའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་གང་ཡོད་པ་རང་རྒྱུད་ལ་བླངས་ནས། དཔེར་ན་སཱཙྪ་བརྐོས་ཕོར་ནས་བཏོན་པ་ལྟ་བུ་ཞིག་དགོས་པ་ཡིན་ནོ། །སྤྱིར་ཕྱག་འཚལ་ཞེས་པ་ཞེ་ས་དང་གུས་པའི་རྣམ་འགྱུར་ཙམ་ཡིན་པས། ཕྱག་འཚལ་ཚུལ་ཀྱང་མང་ཞིང་ཡུལ་སོ་སོའི་ཡུལ་སྲོལ་ལ་ངེས་པ་མེད་ཀྱང་། འདིར་རྒྱལ་བའི་བཀའ་ལུང་དང་མཐུན་པའི་ཕྱག་གི་འཚལ་ལུགས་བླ་མས་གསུངས། རང་གིས་གོ་ཞིང་ཤེས་བཞིན་དུ་སླ་ཆོས་སམ། ཆེ་འགྱིང་གི་དབང་གིས་ལེགས་པར་མི་འཚལ་བ་ནི། ཕྱག་འཚལ་ཡུལ་ལ་མ་གུས་པའི་བརྙས་བཅོས་ཀྱི་རྣམ་འགྱུར་ཡིན་པས། ཁྲལ་ཕྱག་དེ་འདྲས་ནི་ཉེས་པ་སྐྱེད་པ་ཙམ་ལས་དགོས་དོན་ཅི་ཡང་མེད་པར་ཤེས་དགོས་སོ། །དེ་ལྟར་མ་ཡིན་པར་ཚུལ་བཞིན་དུ་ཕྱག་འཚལ་བ་ནི། ཕན་ཡོན་ཚད་མེད་དེ། སྔོན་དགེ་སློང་ཞིག་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོ་མཆོད་རྟེན་ལ་ཕྱག་འཚལ་བ་ལ། ཀུན་དགའ་བོས་དེའི་ཕན་ཡོན་བཅོམ་ལྡན་འདས་ལ་ཞུས་པས། ཕྱག་ལན་ཅིག་འཚལ་པས་རང་གི་ལུས་ཀྱིས་ཅི་ཙམ་ནོན་པའི་དབང་ཆེན་གསེར་གྱི་ས་གཞི་ལ་མ་ཐུག་གི་བར་དུ་ས་ཆེན་འདིའི་རྡུལ་ཅི་ཙམ་ཡོད་པ་དེའི་གྲངས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཉམས་སུ་མྱོང་ཡང་ད་དུང་དེའི་ཕན་ཡོན་གྱི་མཐའ་མི་ཐུག་པར་གསུངས། དེ་བཞིན་དུ་མདོ་ལས། བཅོམ་ལྡན་འདས་ཀྱི་དབུ་གཙུག་ཏོར་བལྟར་མི་མངོན་པ་ནི། བླ་མར་བྱ་བའི་སྐྱེ་བོ་ལ་གུས་པར་བཏུད་དེ་ཕྱག་འཚལ་བ་ལས་བྱུང་ངོ་། །ཞེས་གསུངས་ཏེ། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་དབུའི་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་པའི་རྒྱུར་འགྱུར་བ་ཡིན་ནོ། །

གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ནི། མཆོད་སྦྱིན་གཉིས་ཀ་མཆོད་པའི་ཕྱོགས་སུ་བསྡུ་དགོས་དེ་ཡང་གཙོ་བོ་སེར་སྣའི་གཉེན་པོ་ཡིན། མཆོད་པའི་སྡོམ་ནི། ་ཞིང་དང་བསམ་པ་དངོས་པོ་དག་པ་གསུམ་ཡིན། དངོས་པོ་དག་པ་ལ་བདག་པོས་ཡོངས་སུ་བཟུང་མ་བཟུང་གཉིས། མ་བཟུང་བའི་དངོས་པོ་མཆོད་པར་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་གསུངས་པ་ཡིན། དེས་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡོངས་སུ་བཟུང་བའི་གཞི་གསུམ་པོ་ཐམས་ཅད་མཆོད་དགོས། དེ་དག་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་པོ་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པ་འདྲ་བས་དེ་དག་གསུམ་པོ་ཚང་བའི་སྒོ་ནས་བདག་པོས་ཡོངས་སུ་བཟུང་དང་མ་བཟུང་གི་དངོས་པོ་ཐམས་ཅད་དང་། དངོས་སུ་འབྱོར་བས་མཚོན་ཏེ། ཡིད་སྤྲུལ་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི་མཆོད་པ་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ། རྒྱུན་རིང་བ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། བྱེད་ལས་བླ་མ་རྒྱལ་བ་སྲས་དང་བཅས་པའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གྱུར་བའི་ཕྱི་ནང་གསང་བའི་མཆོད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་མཆོད་སྤྲིན་དུ་དམིགས་ནས་མཆོད་དགོས། ཁྱད་པར་ཡིད་ཀྱིས་སྤྲུལ་བའི་མཆོད་པ་འདི་སེམས་ཉིད་ཡིད་བཞིན་རིན་པོ་ཆེའི་འཆར་ཚུལ་ཡིན་པས་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན། དེ་ཡང་དངོས་སུ་རང་གིས་ཅི་འབྱོར་པའི་མཆོད་པ་བདག་པོས་ཡོངས་སུ་བཟུང་བ་སྔར་མཎྜལ་གྱི་དུས་བཤད་པ་ལྟར་དངོས་གཙང་ཞིང་རྣམ་པར་དག་པ་སེར་སྣས་མ་བཅིངས་ཤིང་ཚུལ་འཆོས་དང་ངོམ་ཆོས་སུ་མ་སོང་བར་བཤམས་ལ་དེས་དམིགས་རྟེན་ཙམ་བྱས་ཏེ། ཀུན་མཁྱེན་ཆེན་པོས། སྟོན་ཀའི་མཚན་མོ་དཀར་བའི་རི་བོང་འཛིན། །གཟའ་བྲལ་རྒྱུ་སྐར་ཕྲེང་བས་བསྐོར་བ་དང་། །ཉིན་བྱེད་འོད་སྟོང་དྲ་བས་མཛེས་འབར་བ། །གླིང་བཞིའི་འཇིག་རྟེན་རྒྱན་གྱུར་རྣམས་ཀྱིས་མཆོད། །ཅེས་གསུངས་པ་ལྟར། གླིང་བཞི་སྣོད་བཅུད་དང་བཅས་མཆོད་པའི་ཡོ་བྱད་དུ་དམིགས་ཏེ་མཆོད་ཆོག ཤར་ཉི་ཟླའི་སྒྲོན་མེ། ལྷོ་ཙནྡ་ནགས་ཀྱི་གདུག་སྤོས། ནུབ་གངས་དཀར་མར་གྱི་ལྷ་བཤོས། བྱང་རྫ་ཆབ་སྔོན་སྔོན་མོའི་མཆོད་ཡོན། འོག་གསེར་གྱི་ས་གཞིའི་མེ་ཏོག སྟེང་གཡུ་འབྲུག་སྒྲ་ཡི་རོལ་མོ་ལ་སོགས་པས་མཆོད། དེ་ཡང་ཡིད་ཀྱིས་ནམ་མཁའ་དང་ས་གཞི་ཐམས་ཅད་ལྷ་མིའི་མཆོད་རྫས། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ་ཞལ་ཟས་ལ་སོགས་པ་དང་། གཞལ་མེད་ཁང་དང་། ཡུལ་མཁར། ཀུན་དགའ་ར་བ། རྒྱལ་སྲིད་བདུན། བཀྲ་ཤིས་རྟགས་བརྒྱད། རྡོ་རྗེའི་ལྷ་མོ་བཅུ་དྲུག་ལ་སོགས་པས་གླུ་གར་དང་རོལ་མོའི་ཁྱད་པར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་རྗེས་སུ་འགྲོ་བ་སྤྲུལ་དགོས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་མཐུ་ལས། རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་མི་འདྲ་བ་བྱེ་བ་བརྒྱ་སྟོང་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པར་སྤྲོས། འོད་ཟེར་དེ་རེ་རེའི་རྩེར་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རང་འདྲ་བ་རེ་རེ་སྤྲུལ། དེ་རེ་རེའི་ཐུགས་ཀ་ནས་སྔར་དང་འདྲ་བའི་འོད་ཟེར་སྤྲོ་ཞིང་། དེའི་རྩེར་ཀུན་ཏུ་བཟང་པོ་སྤྲུལ་པ་སོགས་གྲངས་མེད་བསམ་གྱིས་མི་ཁྱབ་པའི་བར་སྤྲོས་ཏེ། དེ་དག་རེ་རེས་ཀྱང་དཔག་ཏུ་མེད་པའི་མཆོད་རྫས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པ་ནི། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཞེས་བྱ་བ་སྟེ། དེ་འདྲ་བ་རང་གི་བློས་ཅི་ལྕོག་ཏུ་སྤྲུལ་ཏེ་འབུལ་ཞིང་། དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་གྱིས། །སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ། །ཞེས་བརྗོད། ཀུན་མཁྱེན་ཆེན་པོས། ཏིང་འཛིན་ཡིད་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཅེས་གསུངས་པ་ལྟར། །དེ་ཡང་རང་འབུལ་བའི་ནུས་པ་ཡོད་ན། རྒྱལ་བ་སྲས་བཅས་ལ་བཞེས་པའི་ནུས་པ་ཡོད་པ་ཡིན་པས། འཇིག་རྟེན་གྱི་ཁམས་ན་བདག་པོས་མ་བཟུང་བའི་ལྷ་དང་མིའི་ལོངས་སྤྱོད་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་བློས་བླངས་ནས་འབུལ་ཞིང་། ཡིད་ཀྱིས་ཅི་ཙམ་སྤྲུལ་ནུས་པ་དེ་ཙམ་དུ་སྤྲུལ་ནས་ཕུལ་ན་ཚོགས་རྫོགས་པ་ལ་དངོས་སུ་འབྱོར་པ་དང་ཁྱད་པར་སྤུ་ཙམ་ཡང་མེད་པས། མཆོད་པ་འབུལ་བ་ལ་ཡོ་བྱད་མེད་སྙམ་མི་དགོས་ཤིང་། དེས་ན་དུས་དང་རྣམ་པ་ཐམས་ཅད་དུ་རང་དང་གཞན་གྱི་ཡོ་བྱད་ཅི་ཡོད་པ་དང་ཅི་མཐོང་བ་ཐམས་ཅད་ལ་དང་པོར་དཀོན་མཆོག་གསུམ་མཆོད། རྩ་བརྒྱུད་ཀྱི་བླ་མ་མཆོད་སྙམ་པའི་བློ་སྔོན་དུ་གཏོང་ཞིང་། ཐ་ན་ལམ་ཀ་ཞིག་ན་ཆུ་དྭངས་མོ་ཡིད་དུ་འོང་བ་ཞིག་འབབ་པའམ། མེ་ཏོག་གི་ཐང་ཡིད་དུ་འོང་བ་ཞིག་འདུག་པ་ཚུན་ཆད་མདོར་ན་ཡིད་ལ་འབབས་པའི་དངོས་པོ་གང་མཐོང་ཐམས་ཅད་རང་གི་བློས་བླངས་ཏེ། དཀོན་མཆོག་གསུམ་མཆོད་སྙམ་པ་ཡིད་ལ་བྱས་ན་ཚོགས་ཞར་དང་ཞོར་ལ་རྫོགས་པ་ཡིན་ཏེ། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་གང་། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་གྱིས། །ཞེས་གསུངས། དཀོན་མཆོག་གསུམ་ཡིད་ལ་བྱས་ནས་གསོལ་འདེབས་ལན་གཅིག་བྱས་པ་དང་། ཕྱག་གཅིག་འཚལ་བ་དང་། མེ་ཏོག་གཅིག་ཙམ་ཕུལ་བ་དང་། ཐ་ན་གཡེང་བའི་སེམས་ཀྱིས་ཀྱང་མཚན་ལན་གཅིག་བརྗོད་པ་སོགས་ལ་བསོད་ནམས་དཔག་ཏུ་མེད་པར་ཡོད་པས་དེ་ལྟར་བྱ་དགོས་སོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། བཤགས་པ་ནི་གཙོ་ཆེར་ཞེ་སྡང་གི་གཉེན་པོ་ཡིན། གོང་དུ་བཤད་པ་ལྟར་གཉེན་པོ་སྟོབས་བཞི་ཚང་དགོས་པས་དང་པོ་རྟེན་གྱི་སྟོབས་ལ་ཕྱི་ནང་གི་རྟེན་གྱི་སྟོབས་གཉིས་ལས་དང་པོ་ནི་ཚོགས་ཞིང་གསལ་འདེབས་པ་དང་། ནང་གི་རྟེན་གྱི་སྟོབས་སྐྱབས་སེམས་ཡིན་ཡང་དོན་བསམ་པ་ལས་ཚིག་འདོན་མི་དགོས། གཉིས་པ་སུན་འབྱིན་པའི་སྟོབས་ནི། སུན་འབྱིན་གྱི་སྟོབས་ལ། སྦྱང་བྱ་སྡིག་པའི་སྒོ་དྲུག་ལ་འགྱོད་སེམས་བསྐྱེད་དགོས། དྲུག་པོ་གང་ཞེ་ན། དུས་ཀྱི་སྒོ། ཀུན་སློང་གི་སྒོ། འགྲིམས་པའི་སྒོ། ངོ་བོའི་སྒོ། ཡུལ་གྱི་སྒོ། བྱེད་ལས་ཀྱི་སྒོ་དང་དྲུག་ཡོད། དང་པོ་ནི་དུས་ནམ་སྡིག་པ་གང་ཞིག་བསགས་པ་དེ་ཡིན། གཉིས་པ་ནི། དུག་གསུམ་གང་རུང་གིས་ཀུན་ནས་བསླངས་ཏེ་སྡིག་པ་བསགས་པ་དེ་ཉིད་ཡིན། གསུམ་པ་ནི་ལུས་ངག་ཡིད་གསུམ་གང་གིས་བསགས་པ་དེའོ། བཞི་པ་ནི་མི་དགེ་བཅུ་དང་མཚམས་མེད་སོགས་ཀྱི་བྱེ་བྲག་རྣམས་སོ། ལྔ་པ་ནི། འཁོར་འདས་གཉིས་གང་ལ་བརྟེན་ནས་བསགས་པ་དང་། དྲུག་པ་ནི། ཚེ་ཐུང་བ། ནད་མང་བ། ཕྱི་མར་དམྱལ་བའི་སྡུག་བསྔལ་སྐྱེད་བྱེད་ལྟ་བུའི་སྒོ་དྲུག་ལ་འགྱོད་སེམས་བསྐྱེད་དགོས། གསུམ་པ་སོར་ཆུད་པའི་སྟོབས་ཕྱིན་ཆད་མི་བགྱིད་སྙམ་པའི་དམ་བཅའ་དགོས། བཞི་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སྐབས་འདིར་བསྟན་གྱི་སྡིག་པའི་གཉེན་པོ་ཐམས་ཅད་ཡིན། ཚེ་འཁོར་བ་ཐོག་མ་མེད་པ་ནས་དེ་རིང་ཡན་ཆད་དུ་དྲན་པ་དང་མི་དྲན་པའི་སྡིག་ལྟུང་། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་མཚམས་མེད་པ་ལྔ་། དེ་དང་ཉེ་བ་ལྔ་། ལྕི་བ་བཞི། ལོག་པ་བརྒྱད། དཀོན་མཆོག་གི་དཀོར་ལ་འབག་པ་སོགས་ཁ་ན་མ་ཐོ་བའི་ལས་ཅི་བསགས་པ་ཐམས་ཅད་གནོང་ཞིང་འགྱོད་པ་དྲག་པོས་མི་གསང་མི་སྦེད་པ་མཐོལ་ལོ་བཤགས་སོ། །སླན་ཆད་མི་བྱེད་པའི་སྡོམ་པ་བགྱིད་དོ་སྙམ་པ་ལ་སོགས་སྔར་རྡོར་སེམས་སྒོམ་བཟླས་ཀྱི་དུས་སུ་བཤད་པ་ལྟར་གཉེན་པོ་སྟོབས་བཞིའི་དག་པ་དྲན་པའི་ངང་ནས་བཤགས་པས། སྡིག་སྒྲིབ་ཐམས་ཅད་རང་གི་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པ་ལ། ཚོགས་ཞིང་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་ཕོག་པས་དྲི་མ་བཀྲུས་པ་བཞིན་དག་པར་བསམས་ནས། སྒོ་གསུམ་མི་དགེའི་ལས་རྣམས་ཀུན། །འོད་གསལ་ཆོས་སྐུའི་ངང་དུ་བཤགས། །ཞེས་བརྗོད། དེའི་དོན་ཚེ་རབས་ཐོགས་མེད་ནས་བསགས་པའི་སྒོ་གསུམ་མི་དགེ་བའི་ལས་རྣམས་ཀུན་གནོང་འགྱོད་དྲག་པོས་སྡིག་པ་དེ་བཤགས་པ་ཀུན་རྫོབ་ཀྱི་བཤགས་པ་དང་། རྗེས་ལ་སྡིག་པ་རང་བཞིན་གྱིས་མ་གྲུབ་པ་ཤེས་ནས་འོད་གསལ་ཆོས་སྐུའི་ངང་དུ་སྡིག་ལྟུང་དབྱིངས་སུ་བཤགས་པ་ནི་དོན་དམ་པའི་བཤགས་པ་ཡིན། བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག་ནི། དེ་ཡང་གཞན་གྱིས་དགེ་བ་སྒྲུབ་པ་མཐོང་ཐོས་དྲན་པ་ཐམས་ཅད་ལ་འགྲན་སེམས་དང་ཕྲག་དོག་མེད་པར། རྒྱལ་བ་སྲས་དང་སློབ་མ་ཉན་རང་རིག་པ་འཛིན་པའི་ཚོགས་དང་། གཞན་སོ་སོའི་སྐྱེ་བོའི་དགེ་རྩ་ནས་བཟུང་སྟེ་དགེ་རྩ་ཐམས་ཅད་ལ་རྗེས་སུ་ཡི་རང་བྱེད་དགོས། གང་ལ་ཡི་རང་བྱེད་ཡུལ་གྱི་དགེ་རྩ་ལ་རྣམ་གྲངས་མང་ཡང་ཟག་བཅས་དང་ཟག་མེད་གཉིས་ལ་མ་འདུས་པ་མེད། ངོ་བོའི་དབང་དུ་བྱས་ན་བདེན་པ་གཉིས་ཀྱི་ནང་འདུས། དེ་ཡང་དོན་དམ་གྱི་དགེ་རྩ་ཐམས་ཅད་ཟག་མེད་དང་ཀུན་རྫོབ་ཀྱི་དགེ་རྩ་ཐམས་ཅད་ཟག་བཅས་དང་། ལམ་གྱི་དབང་དུ་བྱས་ན་ཚོགས་སྦྱོར་གྱི་དགེ་རྩ་ཐམས་ཅད་ཟག་བཅས་དང་། མཐོང་སྒོམ་གྱི་དགེ་རྩ་ཐམས་ཅད་ཟག་མེད་ཡིན། དགེ་རྩའི་དབང་དུ་བྱས་ན། བསོད་ནམས་ཀྱི་ཚོགས་ཐམས་ཟག་བཅས་དང་། ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཟག་མེད་ཡིན། མཉམ་རྗེས་ཀྱི་དབང་དུ་བྱས་ན། འཕགས་པའི་མཉམ་བཞག་ཟག་མེད་དང་། རྗེས་ཐོབ་ཀྱི་དགེ་རྩ་ཐམས་ཅད་ཟག་བཅས་ཡིན། མདོར་ན་གནས་ཚུལ་མཉམ་རྗེས་དབྱེར་མེད་སྲིད་ཞི་དབྱེར་མེད་ཀྱི་ལྟ་བ་ཕྱག་རྫོགས་དབུ་གསུམ་གྱི་ལྟ་སྒོམ་སྤྱོད་པ་ཐམས་ཅད་ངོ་བོ་ཟག་མེད་དང་། སྣང་ཚུལ་ཟག་བཅས་ཀྱི་དགེ་རྩ་ཡིན། རྒྱལ་བ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ། སེམས་ཅན་རྣམས་ཀྱི་བསོད་ནམས་དང་ཐར་པ་ཆ་མཐུན་གྱི་དགེ་བ། རང་གིས་སྔར་བྱས་པ། ད་ལྟ་བྱེད་བཞིན་པ། ཕྱིས་བྱེད་པ་ངེས་པ་ཐམས་ཅད་ལ་སྙིང་ཐག་པ་ནས་དགའ་བ་ཆེན་པོས་རྗེས་སུ་ཡི་རང་བ་བསྒོམ་ཞིང་། བདེན་པ་གཉིས་ཀྱིས་བསྡུས་པ་ཡིས། །དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །ཞེས་བརྗོད། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་གྱི་བདེན་པ་གཉིས་ལ་མ་འདུས་པའི་ཆོས་ནི་ཐེག་པ་རིམ་པ་དགུ་ལ་སོགས་པ་གང་ན་ཡང་མེད་པས། དེ་གཉིས་ཀྱིས་བསྡུས་པའི་རང་གཞན་ཐམས་ཅད་ཀྱི་འཁོར་འདས་ལམ་གསུམ་གྱི་དགེ་བ་ཟག་བཅས་དང་ཟག་པ་མེད་པ་ཐམས་ཅད་ལ་ཕྲག་དོག་མེད་པས་རྗེས་སུ་ཡི་རང་བ་ཡིན་ནོ། །དེ་ལྟ་བུའི་རྗེས་སུ་ཡི་རང་ནི་ཕན་ཡོན་ཚད་མེད་དེ། སྔོན་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཟླ་བ་བཞིར་གདུགས་ཚོད་ལ་སྤྱན་དྲངས་ཏེ་ལོངས་སྤྱོད་ཐམས་ཅད་ཀྱིས་མཆོད་པའི་ཚེ། སློང་མོ་བྱེད་པའི་དབུལ་མོ་ཞིག་ཡོད་པ་དེས་བསམ་པ་ལ། རྒྱལ་པོ་གསལ་རྒྱལ་འདི་སྔོན་ཡང་བསོད་ནམས་བསགས་པའི་མཐུས་ལོངས་སྤྱོད་དང་འབྱོར་པ་འདི་ཙམ་གྱི་བདག་པོར་གྱུར། སྟོན་པ་ཁྱད་པར་ཅན་འདི་འདྲ་བའི་བསོད་ནམས་ཀྱི་ཞིང་དང་མཇལ། ད་དུང་ཡང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འདི་ལྟ་བུ་བསགས་པ་ནི་ངོ་མཚར་ཆེའོ་སྙམ་དུ་སྙིང་ཐག་པ་ནས་དབུལ་མོས་རྗེས་སུ་ཡི་རང་བ་ཁོ་ན་བསྒོམས་པས་བསོད་ནམས་ཚད་མེད་པ་ཐོབ་པ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས། དགོང་མོ་ཡོན་བསྔོ་མཛད་པའི་ཚེ། རྒྱལ་པོ་ལ་ཁྱོད་ཀྱིས་བསོད་ནམས་བསགས་པའི་དགེ་རྩ་འདི་ཁྱེད་རང་ལ་བསྔོའམ། ཁྱོད་ལས་ཆེས་བསོད་ནམས་ཐོབ་པ་དེ་ལ་བསྔོ་གསུངས་པས། རྒྱལ་པོས་དགེ་རྩ་སུ་ཆེ་ཡང་དེ་ལ་བསྔོ་བ་མཛད་པར་ཞུས་པས། དབུལ་མོ་དེའི་མིང་ནས་བཟུང་སྟེ་ཡོན་བསྔོ་བར་མཛད། ཞག་གསུམ་གྱི་བར་དུ་དེ་ལྟར་མཛད་པས་རྒྱལ་པོ་མ་དགའ་སྟེ། དེ་ལྟར་མི་མཛད་པའི་ཐབས་བློན་པོ་རྣམས་དང་བགྲོས་པས་སང་ཉིན་ཐུབ་པ་འཁོར་བཅས་ལ་བསོད་སྙོམས་འདྲེན་པའི་ཚེ། བཟའ་བ་དང་བཅའ་བ་ལ་སོགས་སྣོད་ཀྱི་ཕྱི་རོལ་དུ་མང་པོ་ཕོ་ནས། དེ་དག་སློང་མོ་བ་རྣམས་ཀྱིས་ལེན་པ་ན་རྒྱབ་རྡུང་མང་པོ་བྱས་ཏེ་ལེན་མ་བཅུག་ན། དེས་ཕན་ནམ་ཟེར། དེས་ལྟར་བྱས་པས་སྔ་སོར་རྗེས་སུ་ཡི་རང་འབུལ་མཁན་གྱི་དབུལ་མོ་དེ་ཡང་ཁ་ཟས་བོ་བ་རྣམས་ལེན་དུ་འོང་བ་ལ་ལེན་མ་བཅུག་པར་རྒྱབ་རྡུང་བྱས་པས། དབུལ་མོ་ཁོང་ཁྲོ་སྐྱེས་པས་དགེ་རྩ་འཇོམས་ཏེ། དེ་ཉིན་རྒྱལ་པོའི་མིང་ནས་བཟུང་སྟེ་ཡོན་བསྔོ་མཛད་པ་ཡིན། དེས་ན་མི་དགེ་བ་དང་དགེ་བའི་རྣམ་གྲངས་ལུས་ངག་གི་ལག་ལེན་གྱི་སྟེང་ན་ཅུང་ཟད་ཀྱང་མེད་དེ་རང་གི་བསམ་པ་ཁོ་ནས་བཞག་པ། སྔར་བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །སོགས་ཡང་ནས་ཡང་དུ་སྨོས་པ་ལྟར་ཡིན་པས་ན། གཞན་གྱི་དགེ་བ་བྱེད་པ་ལ་འགྲན་སེམས་དང་། ངས་དེ་ལྟ་བུའི་དགེ་བ་བྱས་སོ་སྙམ་དུ་ང་རྒྱལ་བ་ལ་སོགས་པ་འཇིག་རྟེན་ཚེ་འདིའི་ལོ་འདོད་དང་ཆོས་བརྒྱད་ཀྱི་དུག་གིས་ཁྱབ་པའི་དགེ་བ་རྒྱ་གང་ཆེ་བྱེད་ཁུལ་བྱེད་པ་ལས། བསམ་པ་རྣམ་པར་དག་པའི་སྒོ་ནས་གཞན་གྱི་དགེ་བ་བྱེད་པ་ཐམས་ཅད་ལ་བལྟས་ཏེ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བ་སྒོམ་ཞིང་དེའི་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན་དེ་ཁོ་ན་ཚོགས་གསོག་སྟོབས་ཆེ་བ་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་གདམས་པའི་མདོ་ལས་རྒྱས་པར་གསུངས་སོ། །དེ་བཞིན་དུ་ཆགས་མེད་རིན་པོ་ཆེས་ཀྱང་། གཞན་གྱི་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །ཞེས་དང་། སྡུད་པ་ལས་ཀྱང་། །སྟོང་གསུམ་རི་རབ་བསྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་སོགས་གསུངས་པས་ན་རྗེས་སུ་ཡི་རང་བ་འདི་བྱ་སླ་ལ་ཆོད་ཆེ་བའི་ཆོས་ཡིན་པས་དུས་དང་རྣམ་པ་ཐམས་ཅད་དུ་ཉམས་སུ་བླང་ངོ་། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་བའི་ཡན་ལག་ནི། འདི་གཏི་མུག་གི་གཉེན་པོ་ཡིན། གང་བསྐོར་བར་བསྐུལ་བའི་ཆོས་འཁོར་ནི། གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོ་དང་བསམ་པའི་བྱེ་བྲག་དང་མཐུན་པ་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་ཐེག་པ་རིམ་པ་དགུ་ཡི་ཆོས་ཀྱི་འཁོར་ལོ་བསྐོར་པར་གསོལ་བ་འདེབས་པ་ཞིག་ཡིན་ཏེ། སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མངོན་པར་རྫོགས་པར་སངས་རྒྱས་ཏེ་བདག་གི་རྟོགས་པའི་ཆོས་ཟབ་མོ་འདི་གཞན་གྱི་ཁོང་དུ་ཆུད་དཀའ་བས་གལ་ཏེ་བདག་གིས་བསྟན་ཀྱང་རྟོགས་པར་མི་འགྱུར་བས། དེ་བས་བདག་ཉིད་གཅིག་པུ་དགོན་པར་གནས་པ་བྱ་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་ནས་ཆོས་མི་གསུངས་པར་བཞུགས་པའི་ཚེ། ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ནས་ཆོས་འཁོར་བསྐོར་བར་བསྐུལ་བ་ཡིན། དེ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་བཤེས་གཉེན་ལ་སོགས་པ་གཞན་དོན་རླབས་པོ་ཆེའི་ཁུར་བཟོད་པ་རྣམས། གདུལ་བྱའི་འགྲོ་བ་རྨོངས་པས་དྲིན་ལན་ལོག་འཇལ་བྱེད་པའི་ལོག་སྒྲུབ་དང་སྐྱོ་ངལ་གྱིས་ཐུགས་སུན་ནས་ཆོས་མི་གསུང་བར་ཞི་བདེར་གཞོལ་བ་དག་གི་དྲུང་དུ། སྔར་ཚངས་པ་དང་བརྒྱ་བྱིན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ་བ་བཞིན་དུ་བདག་ཉིད་ཀྱི་ལུས་ཀྱང་ཚངས་པ་དང་བརྒྱ་བྱིན་ལུས་བྱེ་བ་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ནས། འཁོར་ལོ་དང་ནོར་བུ་ལ་སོགས་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པར་བསམ་ཞིང་། འདིར་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ཁ་བསྐང་ནས། རིགས་ཅན་གསུམ་གྱི་གདུལ་བྱ་ལ། །ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ། །ཞེས་བརྗོད། དེ་ཡང་སྤྱིར་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་དུ་རྒྱལ་བའི་ཆོས་ཐམས་ཅད་འདུས་པས་དེའམ། ཡང་ན་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཀྲི་ཡ་ཨུ་པ་ཡོ་ག་གསུམ། གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་སྟེ། ཐེག་པ་གསུམ་ལ་ནང་གསེས་དགུར་དབྱེ་བ་དེ་དག་གདུལ་བྱ་གང་ལ་ཆོས་གང་གིས་འདུལ་བ་དེ་ལྟ་བུའི་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་པ་ཡིན་ནོ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི། འདི་ལོག་ལྟའི་གཉེན་པོ་ཡིན། ནམ་མཁའི་མཐས་གཏུགས་པའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་མཛད་པ་བཅུ་གཅིག་མཐར་ཕྱིན། བཅུ་གཉིས་པ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་སློབ་མ་ཉན་རང་། རིག་པ་འཛིན་པའི་ཚོགས་དང་བཅས་པ་རྣམས་ཞིང་ཁམས་གཞན་དུ་གཤེགས་པར་དགོངས་པ་ཐམས་ཅད་ལ། ཞུ་རྟེན་དུ་ལྷ་མིའི་དཔལ་འབྱོར་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་ཏེ་ཕུལ་བའི་འདུན་པ་དང་བཅས་ཏེ། སྲིད་པ་ཇི་སྲིད་ཀྱི་བར་དུ་བཞུགས་པར་གསོལ་བ་འདེབས་པ་དང་། གསོལ་བ་བཏབ་པ་དེ་བཞིན་དུ་ཞལ་བཞེས་གནང་བའི་འདུན་མ་དང་བཅས་པས་ཚིག་རྗེས་དོན་དྲན་གྱིས་ངག་འདོན་བྱེད་དགོས། ཞིང་ཁམས་འདི་དང་གཞན་དག་ཏུ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་གྱི་དོན་མཛད་ཟིན་ནས་མྱ་ངན་ལས་འདའ་བར་བཞེད་པ་དག་གི་མདུན་དུ། སྔོན་དགེ་བསྙེན་ཙུན་དས་གསོལ་བ་བཏབ་པ་ལྟར། བདག་གི་ལུས་མང་པོར་སྤྲུལ་ཏེ་གསོལ་བ་བཏབ་པས། འཁོར་བ་མ་སྟོང་གི་བར་དུ་བཞུགས་ནས་སེམས་ཅན་གྱི་དོན་མཛད་པར་བསམས་ལ། ཇི་སྲིད་འཁོར་བ་མ་སྟོངས་བར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །ཞེས་བརྗོད་པའི་དོན། ཇི་སྲིད་འཁོར་བ་འདི་ཡོངས་སུ་མ་སྟོང་ཀྱི་བར་དུ་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་ཆོས་སྟོན་ཅིང་བཞུགས་པ་གསོལ་བ་འདེབས་དགོས་པ་ཡིན། བདུན་པ་བསྔོ་བའི་ཡན་ལག་ནི། འདི་ཐེ་ཚོམ་གྱི་གཉེན་པོ་ཡིན། བསྔོ་བའི་དཔང་པོ་རྒྱལ་བ་སྲས་བཅས། བསྔོ་རྒྱུའི་དངོས་པོ་རང་གཞན་དུས་གསུམ་བསགས་ཡོད་ཀྱི་ཟག་བཅས་ཟག་མེད་ཀྱི་དགེ་རྩ་ཐམས་ཅད་བསྡོམས་ཏེ། གང་ལ་བསྔོ་ན་དགྲ་བགེགས་གཉིས་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད། ནད་པ་ནད་བདག ཤི་བོ་གཤེད་མ་དང་བཅས་པ་ཐམས་ཅད་ལ། གང་གི་ཆེད་དུ་བསྔོ་ན། ཟུར་གཉིས་སམ་དོན་གཉིས་དང་ཁྱད་པར་ཟུར་ཕྱི་མ་འབྲས་བུ་རྣམ་མཁྱེན་ལ་གཙོ་བོ་དམིགས་དགོས་ཤིང་། ཇི་ལྟར་བསྔོ་ན་བསྔོ་བ་མཚན་ཉིད་པ་འཁོར་གསུམ་དུ་ཞེན་པ་དང་འཛིན་པའི་བློ་མེད་པར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྔོ་བ་དང་སྨོན་ལམ་གྱི་རྣམ་པར་ཤར་བ་དང་། རྗེས་མཐུན་པ་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དྲངས་པའམ། ཡང་ན་རྒྱལ་སྲས་འཇམ་དཔལ་དཔའ་བོ་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་འདུན་པ་བྱ། དགེ་རྩ་གང་བྱས་ཀྱང་བསྔོ་བ་དང་སྨོན་ལམ་གྱིས་འདུན་པ་མ་བསྒྱུར་ན་དགེ་རྩའི་འབྲས་བུ་ལུང་མ་བསྟན་དུ་གྱུར་བའམ་གང་དུ་འགྱུར་མི་ཤེས་གསུངས་པའི་ཞལ་རྒྱུན་ཡང་ཡོད་པས་བསྔོ་བ་གནད་ཆེ། ད་ལྟར་གྱི་དགེ་བས་མཚོན་ནས་རང་གཞན་གྱི་དུས་གསུམ་དང་འབྲེལ་བར་བསགས་པའི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇམ་དཔལ་གཞོན་ནུས་ཡོངས་བསྔོ་ལྟར་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱི་རྒྱས་འདེབས་པ་དང་བཅས། དུས་གསུམ་བསགས་པའི་དགེ་རྩ་ཀུན། བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། ཞེས་བརྗོད། དེ་ལྟ་བུའི་བསྔོ་བ་འདི་ནི་དུས་དང་རྣམ་པ་ཐམས་ཅད་དུ་དགེ་རྩ་ཆེ་ཕྲ་གང་བྱས་ཀྱི་མཇུག་ཏུ་མ་བརྗེད་པར་ཉམས་སུ་ལེན་དགོས་ཏེ། དེ་ལྟར་མ་བསྔོས་ན་དགེ་བའི་རྩ་བ་གང་འགྲུབ་དེ་དགེ་འབྲས་ལན་ཅིག་སྨིན་ནས་ཟད་པར་འགྱུར་ལ། མཐར་ཐུག་བྱང་ཆུབ་ཐོབ་པའི་རྒྱུར་བསྔོས་ན། དགེ་འབྲས་ལན་བརྒྱར་མྱངས་ཀྱང་དགེ་རྩ་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་མི་ཟད་ཅིང་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས། དེ་བཞིན་དུ་རང་གིས་མཐར་ཐུག་ཉན་ཐོས་རང་རྒྱལ་རྫོགས་པའི་བྱང་ཆུབ་ལ་སོགས་པའི་གོ་འཕང་ཐོབ་པ་འདོད་པའམ། དེ་བཞིན་དུ་མངོན་མཐོ་ལྷ་མིའི་ལུས་རྟེན་ཐོབ་པར་འདོད་པའམ། གཞན་ཡང་ཚེ་རིང་བ་དང་གཟུགས་བཟང་བ་ལ་སོགས་པ་གནས་སྐབས་ཀྱི་འབྲས་བུ་རྣམས་གང་རུང་ལ་དམིགས་ནས་དགེ་རྩ་ཞིག་བསྒྲུབས་ཀྱང་། དེ་ཉིད་དེའི་ཆེད་དུ་བསྔོ་དགོས་ཏེ། འབྲི་གུང་སྐྱོབ་པ་རིན་པོ་ཆེའི་ཞལ་ནས། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱི་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས། བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི། རྒྱུ་དགེ་རྩ་བསྔོ་རྒྱུ་ཡོད་ན་བསྔོ་བ་དང་། བསྔོ་རྒྱུ་མེད་ན་འབྲས་བུ་ལ་སྨོན་པ་སྨོན་ལམ་ཡིན་གསུངས། དེས་ན་རང་གི་དགེ་བ་བྱས་པ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་མི་འགྱུར་བསྔོ་བའི་དབང་ལས་འབྱུང་བ་ཡིན། འདུས་བྱས་ཀྱི་དགེ་བ་ཅི་ཙམ་རྒྱ་ཆེ་བ་བསགས་ཀྱང་བསྔོ་བས་ཁ་མ་བསྒྱུར་ན་ཐར་བའི་ལམ་དུ་མི་འགྲོ་སྟེ། དགེ་བཤེས་ཁམས་པ་ལུང་པའི་ཞལ་ནས། འདུས་བྱས་ཀྱི་དགེ་བ་ཐམས་ཅད་ལུང་མ་བསྟན་ཡིན་པས། སེམས་ཅན་གྱི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་ཐོབ། ཅེས་གསུངས། དེ་བཞིན་དུ་རང་གི་ཕ་མ་དང་ཉེ་འབྲེལ་ལ་སོགས་པའི་ཆེད་དུ་དགེ་བ་བྱེད་པ་དང་། ཤི་བོ་ལ་སོགས་པའི་དོན་དུ་དགེ་བ་བྱེད་པ་ཡང་མ་བསྔོས་ན་མི་ཐོབ་ལ། བསྔོས་ན་ཇི་ལྟར་བསྔོས་པ་དེ་ལྟར་ཐོབ་སྟེ། སྔོན་ཡངས་པ་ཅན་གྱི་གྲོང་ཁྱེར་ན་ཡོད་པའི་སྐྱེ་བོ་རྣམས་ཀྱིས་བཅོམ་ལྡན་འདས་སང་ཉིན་ཀྱི་གདུགས་ཚོད་ལ་སྤྱན་དྲངས་ཏེ། སྤྱན་འདྲེན་པ་དག་སླར་སོང་བའི་རྗེས་སུ་ཡི་དྭགས་ལྔ་བརྒྱ་འོང་ནས། བཅོམ་ལྡན་འདས་ལ་སང་ཉིན་ཡངས་པ་ཅན་པ་དག་གིས་བཅོམ་ལྡན་འཁོར་བཅས་ལ་བསོད་སྙོམས་ཕུལ་བའི་དགེ་རྩ་དེ་ངེད་རྣམས་ལ་བསྔོ་བར་ཞུ་ཟེར། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཁྱེད་རྣམས་སུ་ཡིན། ཡངས་པ་ཅན་པའི་དགེ་རྩ་དག་ཁྱོད་རྣམས་ལ་ཅིའི་ཕྱིར་བསྔོ་གསུངས་པས། ངེད་རྣམས་ཡངས་པའི་གྲོང་གི་སྐྱེ་བོ་འདི་དག་གི་ཕ་མ་རྣམས་ཡིན་ཏེ། སེར་སྣའི་ལས་ཀྱིས་ཡི་དྭགས་སུ་སྐྱེས་པ་ཡིན་ཟེར། འོ་ན་སང་ཉིན་བསྔོ་བ་བྱེད་པའི་དུས་སུ་ཁྱོད་རྣམས་ཀྱང་ཤོག་ཅིག་དང་བསྔོ་བར་བྱའོ་གསུངས་པས། ངེད་རྣམས་ལུས་ངན་འདི་ལྟ་བུ་བླངས་པས་ངོ་ཚ་ནས་འོང་མི་ཕོད་པར་འདུག་ཟེར། བཅོམ་ལྡན་འདས་ཀྱི་ཞལ་ནས། ཁྱེད་རྣམས་ལས་ངན་བསགས་པའི་དུས་སུ་ངོ་ཚ་དགོས་རྒྱུ་ཡིན་པ་ལ། དེ་དུས་ངོ་མ་ཚ་ནས་ད་ལུས་ངན་བླངས་ཚར་སྟེང་ངོ་ཚ་བས་ཅི་ཕན། མི་འོང་ན་བསྔོ་བའི་ཐབས་མེད་གསུངས། འོ་ན་འོང་ལགས་ཟེར་ནས་སོང་། སང་ཉིན་བསྔོ་བའི་དུས་ཡི་དྭགས་རྣམས་བསྔོ་བ་ཞུ་བ་ལ་འོང་བས། ཡངས་པ་ཅན་གྱི་སྐྱེ་བོ་རྣམས་སྐྲག་ནས་བྲོས་པ་ན། བཅོམ་ལྡན་འདས་ཀྱི་ཞལ་ནས་ཁྱོད་རྣམས་སྐྲག་མི་དགོས། འདི་དག་ཁྱོད་རང་ཚོའི་ཕ་མ་རྣམས་ཡི་དྭགས་སུ་སྐྱེས་པ་ཡིན་ཏེ། འདི་དག་གིས་འདི་ལྟར་ཟེར་བར་འདུག་པས། དགེ་རྩ་བསྔོའམ་མི་བསྔོ་གསུངས། འོ་ན་ཅིས་ཀྱང་བསྔོ་བར་ཞུས་པས། བཅོམ་ལྡན་འདས་ཀྱིས། སྦྱིན་པ་འདི་ཡི་དགེ་རྩ་གང་། །དེ་དག་ཡི་དྭགས་རྗེས་སུ་སོང་། །ཡི་དྭགས་ལུས་ངན་མེད་པ་དང་། །མཐོ་རིས་བདེ་བ་ཐོབ་པར་ཤོག །གསུངས་པས་ཡི་དྭགས་དེ་དག་ཚེ་འཕོས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་སྐྱེས་པར་གསུངས། དེ་བཞིན་དུ་རྗེ་བཙུན་མི་ལའི་ཞལ་ནས་ཀྱང་། རི་ལ་སྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །ཞེས་གསུངས། དེ་ལྟར་བསྔོ་བ་བྱེད་པ་དེ་ཡང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་བྱེད་པ་ལ་ནི། འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱི་རྩིས་ཟིན་དགོས་ཏེ། དེ་ལྟར་མ་ཡིན་པར་འཁོར་གསུམ་ལ་བདེན་ཞེན་གྱི་དྲི་མས་བསླད་ན་བསྔོ་བ་དུག་ཅན་པ་ཞེས་བྱ་སྟེ། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་སོ། །དེ་ཡང་འཁོར་གསུམ་ནི། གང་བསྔོ་རྒྱུའི་དགེ་རྩ། སུའི་ཆེད་དུ་བསྔོ་བའི་གང་ཟག །ཅིའི་ཕྱིར་བསྔོ་བའི་དམིགས་ཡུལ་དང་གསུམ་ཡིན་ཏེ། དེ་གསུམ་ལ་བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་བསྔོ་བ་དུག་མེད་དངོས་དེ་སོ་སོའི་སྐྱེ་བོའི་ས་འདིར་མི་འོང་བས་ན། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་ཇི་ལྟར་བསྔོས་པ་དེ་ལྟར་བསྔོའོ་སྙམ་ནས་བསྔོས་ན། འཁོར་གསུམ་ཡོངས་དག་གི་བསྔོ་བའི་གོ་ཆོད་དེ། ལྟུང་བཤགས་ལས་ཀྱང་། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་དང་། བཟང་སྤྱོད་ལས་ཀྱང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་ཀྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་གསུངས། དེ་བས་ན་དགེ་བ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་གནད་མ་འཆུག་པ་ནི་མཇུག་བསྔོ་བའི་རྒྱས་ཡོངས་སུ་ཐེབས་པ་འདི་ཁོ་ན་ལ་རག་ལས་པ་ཡིན་པས་ན་རྣམ་པ་ཀུན་ཏུ་འབད་པར་བྱའོ།།

༣༽ཕུར་ཚུགས་སུ་གསོལ་བ་གདབ་པ།

གསུམ་པ་བེ་ཕུར་སྲ་མོ་ཞིག་སྤང་ལ་གདབ་པ་བཞིན་སྙིང་ཁོང་རུས་པའི་སྟེང་ནས་ཕུར་ཚུགས་སུ་གསོལ་བ་འདེབས་ཤིང་རྒྱུ་རྡོ་རྗེ་བཞིའི་ངོ་བོར་དངོས་གྲུབ་སྒྲུབ་པ་ནི། དངོས་གྲུབ་སྒྲུབ་པ་ལ། དབྱེ་ན་སྒྲུབ་གཞི། བསྒྲུབ་བྱ། སྒྲུབ་ཐབས། སྒྲུབ་ཚུལ། གྲུབ་པའི་འབྲས་བུ་དང་ལྔ་ལས། སྒྲུབ་གཞི་གཞི་བདེ་གཤེགས་སྙིང་པོ་དོན་དམ་ལྷན་སྐྱེས་གཉུག་མའི་སྒོ་གསུམ། དབང་གིས་སྨིན་བྱ། ལྟ་བས་རྟོགས་བྱ། ལམ་གྱི་ཐོབ་བྱ་སྟེ་བསྒྲུབ་བྱ་དང་གྲུབ་པའི་འབྲས་བུ་གཞི་འབྲས་དབྱེར་མེད་དང་དོན་གཅིག་པས། རགས་པ་སྒོ་གསུམ་ཆོས་ཉིད་དང་བཅས་པ་རགས་པའི་རྡོ་རྗེ་བཞི། ཕྲ་བ་རྩ་རླུང་ཐིག་ལེ་བརྟེན་པ་ཆོས་ཉིད་དང་བཅས་པ། ཤིན་ཏུ་ཕྲ་བ་ཡེ་ཤེས་གསུམ་ལྡན་གྱི་རང་བཞིན་སྒྲུབ་གཞི་ཡིན། བསྒྲུབ་བྱ་རྡོ་རྗེ་བཞིའི་གོ་འཕང་དེ་ཡིན། དེ་ཡང་རྩ་དག་པ་སྐུ་རྡོ་རྗེའམ་སྤྲུལ་བའི་སྐུ་ཡིན། རླུང་དག་པ་གསུང་རྡོ་རྗེའམ་ལོངས་སྤྱོད་རྫོགས་པའི་སྐུ། སེམས་དག་པ་ཐུགས་རྡོ་རྗེའམ་ཆོས་ཀྱི་སྐུ་ཡིན། ཆོས་ཉིད་དག་པ་དབྱེར་མེད་རྡོ་རྗེའམ་ངོ་བོ་ཉིད་སྐུ་ཡིན། སྒྲུབ་ཐབས་ལ་རྩ་གསུམ་གྱི་སྒྲུབ་ཐབས་ཀྱི་ནང་ནས་འདིར་ཁྱད་པར་འཕགས་པ་བླ་མའི་སྒྲུབ་པ་ཡིན། སྒྲུབ་ཚུལ་ཡིད་མོས་གུས་དང་ངག་གསོལ་འདེབས་གཉིས་ཀྱིས་སྒྲུབ་པ་ཡིན། སྒྲུབ་པའི་འབྲས་བུ་གནས་སྐབས་རིག་འཛིན་བཞི་དང་མཐར་ཐུག་རྡོ་རྗེ་བཞིའི་གོ་འཕང་མངོན་དུ་འགྱུར་བ་རྣམས་ཡིན་ཡང་། སྐབས་འདིར་དེ་ལྟར་སྒྲུབ་ཅིང་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས་དོན་བརྒྱུད་ཀྱི་དགོངས་པ་འཕོ་བ་སེམས་ལ་ཞུགས་ཏེ་གནས་ལུགས་རང་ངོ་མཐོང་བ་ཡིན་པས། དེ་ཡང་རྟོགས་པ་སྐྱེ་བའི་རྟགས་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དད་པ་དང་ངེས་འབྱུང་རྣམས་སྔར་མེད་རྒྱུད་ལ་སྐྱེ་བ་དང་། ཁྱད་པར་དུ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དེ་རྟགས་དངོས་ཡིན་ཡང་། རྟོགས་པ་སྐྱེས་རྟགས་ཡོན་ཏན་སྔོན་ལ་འོང་བ་དང་། དང་པོ་རྟོགས་པ་སྐྱེས་ནས་ཡོན་ཏན་ཕྱི་ནས་འབྱུང་བ་གཉིས་ཡོད་པས། ཉམས་དང་རྟོགས་པ་ཤན་ཕྱེས་ནས། ཆོས་ཉིད་ཀྱི་རྟོགས་པ་སྐྱེ་བ་ནི་སྒྲུབ་པའི་འབྲས་བུ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། ཉམས་དང་རྟོགས་པའི་དབྱེ་བ་མ་ཤེས་ན། །གོམས་པའི་ཉམས་ལ་རྟོགས་པར་འཛིན་ནས་འཁྲུལ། །རྟོགས་ན་དུས་ཀུན་བཟང་ངན་འཕོ་འགྱུར་མེད། །དེ་ཉིད་གོམས་པས་ཡོན་ཏན་ཉམས་རྣམས་འབྱུང་། །ཞེས་གསུངས། འདི་ལྟར་དཔལ་མགོན་བླ་མ་དམ་པ་ནི། དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ཞེས་ཧེ་དབྱིངས་དང་ཀ་ཡེ་ཤེས་དང་ཟུང་དུ་འཇུག་པ་ཡིན་པས་ཧེ་རུ་ཀའི་ངོ་བོར་དབང་རྫོགས། བླ་མ་དམ་པ་དེའི་ཞལ་མཐོང་བ་དང་གསུང་ཐོས་པ་དང་ཡིད་ལ་དྲན་པ་དང་སྐུ་ལ་རེག་པ་ཙམ་གྱིས་ཐར་པའི་ས་བོན་འདེབས་ཤིང་། དུས་གསུམ་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་ཀྱི་བྱེད་པ་གཅིག་པས་དཀོན་མཆོག་བཞི་པར་བྱོན། རང་ངོར་ཚེ་གཅིག་ལུས་གཅིག་ལ་སྨིན་གྲོལ་ཟབ་མོའི་ལམ་ལ་བཀོད་པ་དང་ཐུགས་རྗེ་བྱིན་རླབས་འཇུག་པ་ཁོ་ནས་རྡོ་རྗེ་འཆང་གི་སར་བཙན་ཐབས་སུ་བཀོད་པས་སངས་རྒྱས་ལས་ཀྱང་བཀའ་དྲིན་མཆོག་ཏུ་ལྷག་ཅིང་། ཡོན་ཏན་གྱི་སྒོ་ནས་གཞལ་ན་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དགོངས་པ་ནམ་མཁའ་ལྟར་རྒྱ་ཆེ། མཁྱེན་བརྩེ་རྒྱ་མཚོ་ལྟར་ཚད་མེད། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་དྲགརང་བཞིན་རི་རྒྱལ་ལྟར་ཐུགས་བརྟན། འགྲོ་བར་ཕ་མ་ལྟར་ཐུགས་སྙོམས་ཤིང་། ཡོན་ཏན་རེ་རེའི་ཆ་ཡང་དཔག་ཏུ་མི་ནུས་ལ། གསོལ་བ་བཏབ་པ་ཙམ་གྱིས་ཅི་འདོད་ཀྱི་དངོས་གྲུབ་ཐམས་ཅད་འབད་མེད་དུ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁྱེད་ལ་བརྟེན། ཁྱེད་ལ་རེ། ཁྱེད་གཅིག་བསྒྲུབ་སྙམ་པའི་མོས་གུས་མཆི་མ་འཁྲུགས་པ་དང་བཅས། དང་པོ་དངོས་གྲུབ་སྒྲུབ་པའི་དུས་སུ། རྗེ་བཙུན་གུ་རུ་རིན་པོ་ཆེ། །ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི། །སོགས་ནས། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན། །བར་སོགས་ནས། གསོལ་འདེབས་རྒྱུད་བསྐུལ་གྱི་འཛབ་བཛྲ་གུ་རུ་ཁོ་ན་ལ་འབད། སིདྡྷི་བརྒྱ་རེ་སོང་མཚམས། རྗེ་བཙུན་གུ་རུ་རིན་པོ་ཆེ། །ལ་སོགས་པ་སྔར་ལྟར་བྱ། དེ་ལྟར་བསྙེན་པ་ཅི་ཙམ་བཟླས་པའི་ཕྱེད་ཙམ་སོང་ནས། དངོས་གྲུབ་སྐུལ་བའི་དུས་སུ། སིདྡྷི་ཕྲེང་སྐོར་རེའི་མཚམས་སུ། བདག་ལ་རེ་ས་གཞན་ན་མེད། །སོགས་ནས། སྒྲུབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན། །ཡན་ཆད་ཚར་རེ་བྱ། འདི་དག་གི་སྐབས་སུ་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་གསལ་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཨོ་རྒྱན་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲ་གྲགས་པ་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རང་སྒྲ། གསང་བ་སེམས་ཀྱི་རྟོག་ཚོགས་ཐམས་ཅད་རང་ཤར་རང་གྲོལ་རང་ཡལ་རྗེས་མེད་དུ་འབྱམས་ཀླས་པའི་ངང་ནས་རྩ་བརྒྱུད་བླ་མ་ཐམས་ཅད་ཀྱི་ཡོན་ཏན་དང་བཀའ་དྲིན་དྲན་བཞིན་དུ་ཨེ་མ་ཧོ་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས། །སོགས་ནས། རྟེན་འབྲེལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག །ཅེས་སྨོན་ལམ་དང་བཅས་པ་མོས་གུས་གདུང་ཤུགས་དྲག་པོའི་གསོལ་བ་བཏབ་པས་འཁོར་རྣམས་ཐམས་ཅད་རྩ་བའི་བླ་མ་ལ་ཐིམ། བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་སྐུ་གཟི་བྱིན་འོད་དུ་འབར་ཞིང་ཡེ་ཤེས་ཀྱི་དབང་མཆོག་བསྐུར་བའི་བདག་ཉིད་ཆེན་པོར་བཞུགས་པར་གསལ་འདེབས་དགོས་པ་ཡིན་ནོ། །དེ་ནས་དངོས་གྲུབ་ཞུ་བའི་དུས་སུ་དབང་བཞི་ལེན་པའི་དམིགས་པ་བྱ་བ་ནི། གུ་རུའི་སྨིན་མཚམས་ནས་སྐུའི་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་ཨོཾ་ཡིག་དཀར་པོ་ཆུ་ཤེལ་ལྟ་བུ་འཚེར་བ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་སྲོག་གཅོད་མ་བྱིན་ལེན་པ་འདོད་པས་ལོག་པར་གཡེམས་པ་གསུམ་དང་། ལུས་སྐྱེད་བྱེད་རྩ་ཡིན་པས་རྩའི་སྒྲིབ་པ་དག སྐུ་རྡོ་རྗེའི་བྱིན་རླབས་ཞུགས་པ་སོགས་ནས། དབང་དོན་སྣང་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ་གྲོལ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་གནས་སྐབས་རྣམ་སྨིན་རིག་འཛིན་དང་མཐར་ཐུག་སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པར་བསམ། ཡང་མགྲིན་པ་མགུལ་གྱི་བུམ་པ་ནས་གསུང་གི་ངོ་བོ་ཡེ་ཤེས་ཀྱི་ཨཿ་ཡིག་དམར་པོ་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་རྫུན་ཕྲ་མ་ཚིག་རྩུབ་ངག་བཀྱལ་བཞི་དང་། ངག་འཕེལ་བྱེད་རླུང་ཡིན་པས་རླུང་གི་སྒྲིབ་པ་དག གསུང་རྡོ་རྗེའི་བྱིན་རླབས་ཞུགས། སོགས་ནས། དབང་དོན་གསལ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། རླུང་འབྱུང་འཇུག་གནས་གསུམ་སྔགས་སུ་གྲོལ། ལོངས་སྤྱོད་རྫོགས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་པར་བསམ། ཡང་བླ་མའི་ཐུགས་ཀ་དཔལ་གྱི་བེའུའི་ཐུགས་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་མཐིང་ག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་དང་། ཡིད་འཕེལ་བྱེད་ཐིག་ལེ་ཡིན་པས་ཐིག་ལེའི་སྒྲིབ་པ་དག ཐུགས་རྡོ་རྗེའི་བྱིན་རླབས་ཞུགས་སོགས་ནས། དབང་དོན་གྱི་ཡེ་ཤེས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། རྟོག་ཚོགས་བདེ་སྟོང་གི་ངང་དུ་གྲོལ་ཏེ། ཆོས་སྐུའི་གོ་འཕང་གི་སྐལ་རྒྱུད་ལ་བཞག་པར་བསམ། སླར་ཡང་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡེ་ཤེས་གསུམ་གྱི་རང་བཞིན་དུ་གསལ་བ། ཐུགས་ཀའི་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། སྒོ་གསུམ་གྱི་རྟེན་གཞི་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག ཡེ་ཤེས་རྡོ་རྗེ་བྱིན་རླབས་ཞུགས་སོགས་ནས། དབང་དོན་རང་བྱུང་གི་ཡེ་ཤེས་རྒྱུད་ལ་སྐྱེས། སྒོ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་ཆོས་ཉིད་ཀྱི་ཀློང་དུ་གྲོལ་ཏེ། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ། །ཞེས་བརྗོད་ཅིང་བསམས་ཏེ། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་མཐར་ཐུགས་ཡིད་དབྱེར་མེད་དུ་བསྲེས་ནས་རིག་སྟོང་རྗེན་པའི་ངང་ལ་མཉམ་པར་བཞག སྤྱིར་དབང་ལ་གཞི་ལམ་འབྲས་གསུམ་གྱི་དབང་གི་དབྱེ་བ་ཡོད། གཞི་དབང་ནི་སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་དེ་རྟོགས་ན་མྱ་ངན་ལས་འདས་པ་ལ་དབང་བྱེད། མ་རྟོགས་ན་ཁམས་གསུམ་འཁོར་བར་དབང་བྱེད་པའི་སྒོ་ནས་གཞི་དབང་ཡིན། ལམ་དབང་གི་གཞི་དབང་བསྐུར་བའི་སྨིན་བྱ་དངོས་དེ་ཡིན། ལམ་དབང་ལ་གསུམ། ལམ་དབང་གི་གཞི་དབང་ནི་མཚན་ལྡན་བླ་མས་རྒྱུད་སྡེ་དང་སྒྲུབ་སྡེའི་དཀྱིལ་འཁོར་གང་རུང་ཞལ་ཕྱེས་ནས་བླ་མའི་དབང་སྐུར་བའི་སྐབས་སུ་སློབ་མས་རབ་དབང་དོན་གྱི་ལྟ་བ་རྟོགས། འབྲིང་བདེ་གསལ་མི་རྟོག་གསུམ་གྱི་ཉམས་སྐྱེས། ཐ་ན་ཡང་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངེས་ཤེས་ཀྱི་བློ་གཞན་གྱིས་མི་འཕྲོག་པ་སྐྱེ་དགོས་པས། དེ་འདྲའི་དབང་ཞིག་ཐོབ་ན་དབང་གི་གོ་ཆོད་ལ། དེ་མིན་ཐོབ་ཐོབ་ཞུས་ཞུས་མང་པོ་སོང་ཡང་དབང་གི་གོ་མི་ཆོད། ལམ་དབང་གི་ལམ་དབང་ནི། དེ་ལྟ་བུའི་དབང་དེ་ཐོབ་ནས་བཟུང་གཞན་ལས་དབང་ཞུས་ཀྱང་རུང་། རང་གིས་བདག་འཇུག་སོགས་བླངས་ཀྱང་རུང་། ཐམས་ཅད་སྔགས་ཀྱི་གསོ་སྦྱོང་དང་ལམ་དབང་ཡིན། ལམ་དབང་གི་འབྲས་དབང་འོད་ཟེར་ཆེན་པོའི་དབང་ངམ་སྔགས་ཀྱི་ཟབ་གསལ་གཉིས་སུ་མེད་པའི་དབང་གསུམ་བསྐུར་ནས་དབང་དོན་གྱི་ཡེ་ཤེས་དེས་བག་ཆགས་ཀྱི་སྒྲིབ་པའམ་སྣང་གསུམ་འཕོ་བའི་བག་ཆགས་ཐམས་ཅད་བཅོམ་བྱེད་ཀྱི་དབང་དེ་ཡིན། གཞི་ལམ་འབྲས་གསུམ་གྱི་འབྲས་དབང་ནི། ལམ་གྱི་འབྲས་དབང་དེའི་སྐད་ཅིག་ཕྱི་མར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བརྙེས་ནས་ཤེས་བྱ་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ལ་དབང་བསྒྱུར་ནུས་པ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པ་དེ་འབྲས་དབང་ཡིན། སྐབས་འདིར་བཤད་པའི་ལམ་དབང་འདི་ལམ་དབང་གི་གཞི་དབང་ཐོབ་ནས། ལམ་དབང་གི་ལམ་དབང་རང་ཉིད་ཀྱིས་ལེན་པ་དེ་ཡིན། དེ་ལྟར་ལམ་དབང་བླངས་ནས་རྫོགས་རིམ་ཐུན་མོང་གི་ཕྲ་བའི་རྣལ་འབྱོར་དང་མཐུན་པར་བྱས་ཏེ། ཐུན་བསྡུ་བའི་ཚེ། འདུན་པའི་འཕོ་བ་དང་གནད་གཅིག་པས་ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །སོགས་ནས། བསམ་དོན་འགྲུབ་པར་མཛད་དུ་གསོལ། །ཞེས་བརྗོད་པ་དང་མཉམ་དུ་བླ་མ་དེ་ཉིད་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་སྐྱེས་ནས་སྐྱོན་རྟོག་གི་བློ་ངན་ཐམས་ཅད་སྤངས་ཏེ་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཚད་མེད་པའི་དད་པ་དང་། མོས་གུས་དུང་དུང་བ་ཞིག་བྱས་པས། བླ་མ་གུ་རུ་རིན་པོ་ཆེའི་རྣམ་པ་ཡོད་པ་དེ་ཉིད་ཀྱིས་བདག་ཉིད་ལ་ཐུགས་བརྩེ་བ་ཆེན་པོས་ལྷག་པར་དགོངས་ཏེ་ཞལ་འཛུམ་པ་དང་སྤྱན་རྗེས་ཆགས་སུ་གཡོ་བའི་ངང་ནས་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་ཚ་ལམ་གྱིས་འབར་བ་ཞིག་ཝལ་གྱིས་འཐོན། རང་རྡོ་རྗེ་རྣལ་འབྱོར་མར་གསལ་པའི་སྙིང་གར་རེག་པའི་མོད་ལ་རང་ཉིད་འོད་ཀྱི་གོང་བུ་སྲན་མ་ཙམ་དུ་གྱུར། དེ་ཉིད་མཐར་མེ་སྟག་ཡར་བ་བཞིན་དུ་ཐག་སྒྲ་དང་བཅས་གུ་རུ་རིན་པོ་ཆེའི་ཐུགས་ཀར་འདྲེས་པ་མི་དམིགས་སྤྲོས་བྲལ་ཆོས་སྐུའི་ངང་ལ་མཉམ་པར་བཞག རྗེས་སུ་སྔར་བཞིན་དང་བའི་མཚོ་ལས་ཉ་ལྡང་བ་ལྟར་གཞི་དང་ལུས་དང་ཞིང་ཁམས་ཀྱི་བཀོད་པ་སྣང་སྲིད་ཐམས་ཅད་བླ་མའི་རྣམ་རོལ་དུ་གསལ་ཞིང་། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་མགོན་བླ་མ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང་། ཟངས་མདོག་དཔལ་རིའི་སྨོན་ལམ་འདོན་པར་བྱའོ། །རྗེས་ཐོབ་ཟ་ཉལ་འགྲོ་འདུག་ལ་སོགས་པ་དག་པའི་སྣང་བ་འབའ་ཞིག་ལམ་དུ་ཁྱེར་དགོས། དེས་ན་སྐྱིད་རྒྱུ་འབྲས་གཉིས་གང་བྱུང་ན་བླ་མའི་བཀའ་དྲིན་དྲན་ནས་གསོལ་བ་འདེབས། སྡུག་རྒྱུ་འབྲས་གཉིས་པོ་གང་བྱུང་ན་བླ་མའི་མོས་གུས་ཀྱིས་ལམ་དུ་ཁྱེར། དད་དང་མོས་གུས་སོགས་མ་འོང་ན་བླ་མ་ལ་གསོལ་བ་འདེབས། བྱིང་རྒོད་བྱུང་ན་བླ་མ་ལ་གསོལ་བ་འདེབས། ལྟ་བར་ཐེ་ཚོམ་བྱུང་ན་བླ་མ་ལ་གསོལ་བ་འདེབས། སྒོམ་པ་ལ་བཟང་ངན་བྱུང་ན་བླ་མ་ལ་གསོལ་བ་འདེབས། སྤྱོད་པ་ལ་བླང་དོར་བྱུང་ན་ཡང་བླ་མ་ལ་གསོལ་བ་འདེབས། མདོར་ན་སྐྱིད་སྡུག་སོགས་གང་བྱུང་ཡང་སྐྱིད་ཁྱག་སྡུག་ཁྱག་གི་སྒོ་ནས་ཐམས་ཅད་བླ་མའི་རང་བཞིན་དུ་བལྟས་ནས་མོས་གུས་དང་གསོལ་འདེབས་བྱ་དགོས་སོ། །དེ་ལྟ་བུའི་བླ་མའི་རྣལ་འབྱོར་དེ་ཡང་འགྲོ་བའི་ཚེ་བླ་མ་ཕྲག་པ་གཡས་ཀྱི་ནམ་མཁར་བསྒོམ། དེ་བསྐོར་བ་བྱེད་པའི་རྟེན་ཡིན། འདུག་པའི་ཚེ་སྤྱི་བོའི་གཙུག་གི་ནམ་མཁའ་ལ་བསྒོམ། དེ་གསོལ་བ་འདེབས་པའི་རྟེན་ཡིན། ཟ་འཐུང་བྱེད་པའི་ཚེ་མགྲིན་པའི་དབུས་སུ་བསྒོམ། དེ་ཅི་ཟ་ཅི་འཐུང་གི་ཕུད་མཆོད་ས་ཡིན། ཉལ་བའི་ཚེ་སྙིང་པདྨ་འདབ་བཞིའི་རྣམ་པ་གནས་པའི་སྟེང་གི་དབུས་སུ་བྱོན་ནས་བཞུགས་ཡོད་པ་བསྒོམ། དེའི་འོད་ཟེར་གྱིས་རང་གི་ལུས་ཀྱི་ནང་ཐམས་ཅད་གང་བའི་གསལ་ལམ་མེ་བ་ལ་སེམས་གཏད་དེ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་བསྲེས་པའི་ངང་ལ་ཉམས་ལེན་གྱི་རྒྱུན་བསྐྱངས་ཏེ་གཉིད་ལོག་པའམ། ཡང་ན་འོད་ཟེར་དེས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གསལ་བ་ལ་ཕོག་པས་ལན་ཚྭ་ཆུར་བཅུག་པ་བཞིན་འོད་དུ་ཞུ། ནང་བཅུད་ཀྱི་སེམས་ཅན་ལྷར་གསལ་བ་ལ་ཐིམ། དེ་རང་ལ་ཐིམ། རང་ཡང་སྙིང་གའི་བླ་མ་ལ་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་དུ་སྦྱངས་པའི་སྣང་བ་ནང་གསལ་རིག་སྟོང་རྗེན་པ་ཐིམ་ལ་མ་རྨུགས་པའི་ངང་དུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཁམས་གསོ། གལ་ཏེ་སད་ན་འཕྲོ་རྒོད་རྒྱ་འབྱམས་རྨི་ལམ་སོགས་བསམ་གཞིག་གི་འཕྲོ་བཅད་དེ་འོད་གསལ་གྱི་ངང་མདངས་ཁྱབ་གདལ་དུ་བསྐྱངས་པས་གཉིད་ཀྱི་འོད་གསལ་དང་རྨི་ལམ་ཟིན་པའི་དགོས་པ་ཡོད། དེ་གཉིད་ཀྱི་འོད་གསལ་ཤེས་བྱ་བུམ་འཇུག་གི་གནད་བསྡུས་པ་ཡིན། གཞན་ཡང་ནམ་འཆི་བའི་དུས་ལ་བབ་པའི་ཚེ། རྫོགས་རིམ་བསྡུ་བའི་དམིགས་པ་དང་བཅས་དབྱིངས་རིག་བསྲེ་ཞིང་མཉམ་པར་བཞག་པ་ནི་འཕོ་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཅིང་། གལ་ཏེ་འཕོ་བ་མ་ཐེབས་ན་བར་དོར་ལམ་འཁྱེར་སྒོ་གསུམ་གྱི་རྣལ་འབྱོར་དྲན་པས་གྲོལ་བར་འགྱུར་བའི་གདམས་ངག་ཟབ་མོ་ཡིན། མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ་རང་ཉིད་གང་དུ་འདུག་པའི་གནས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་དངོས་ཡིན་སྙམ་པའི་དྲན་འཛིན་དང་། བཅུད་སེམས་ཅན་གྱི་སྣང་བ་ཐམས་ཅད་བླ་མའི་སྐུར་སྦྱངས་ཏེ་མོས་གུས་བྱ། ན་ཚ་དང་གདོན་བགེགས་མི་འདོད་པ་ལ་སོགས་པ་བྱུང་ན་བདག་གི་ལས་ངན་འཛད་པའི་ཐབས་སུ་བླ་མའི་ཐུགས་རྗེས་གནང་པ་ཡིན་སྙམ་དུ་དགའ་བ་བསྒོམ་ཞིང་གཞན་ཡང་ན་ཚ་དང་གདོན་བགེགས་ལ་སོགས་མི་འདོད་པ་ཅི་བྱུང་བ་ཐམས་ཅད་བླ་མའི་ཐུགས་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤར་བའི་དག་སྣང་གིས་འདྲེ་དང་རྒྱལ་འགོང་ལ་སོགས་པ་བླ་མར་བསྒོམ་སྟེ་གསོལ་བ་བཏབ་ན། ཁམས་འདུས་དད་པས་གསོ། །རྐྱེན་ངན་ལམ་དུ་འཁྱེར། །གསུངས་པ་བཞིན་གནོད་པ་ལས་གྲོལ་བའི་དགོས་པ་ཡོད་པས་སྤང་བློ་མི་བྱ། སྐྱིད་ལ་ཟོས་བདེ་དགེ་སྦྱོར་འཕེལ་བ་ལ་སོགས་བྱུང་ན། དེ་དག་ཀྱང་བླ་མའི་ཐུགས་རྗེར་ཤེས་ཏེ། ང་རྒྱལ་དང་དགའ་བྲོད་མེད་པར་བྱ། ཏིང་ངེ་འཛིན་བསྒོམ་པས་སྐྱོ་དུབ་དང་བྱིང་རྒོད་ལ་སོགས་པ་བྱུང་ན། བླ་མའི་ཐུགས་དང་རང་གི་རིག་པ་དབྱེར་མེད་དུ་བསྲེས་ཏེ་གནས་ལུགས་ལྟ་བའི་རང་མདངས་བསྐྱངས་ཤིང་སྣང་སྲིད་བླ་མའི་དཀྱིལ་འཁོར། སྒྲ་གྲགས་གསུང་གི་རང་བཞིན། དྲན་རྟོག་ཐུགས་ཀྱི་རོལ་བ་སྟེ་ཁྱེར་སོ་གསུམ་གྱི་རྣལ་འབྱོར་ལ་བསླབ་དགོས། གསོལ་འདེབས་བསྙེན་པ་བཛྲ་གུ་རུ་ལ་ཆིག་དྲིལ་བྱ། དེ་ལྟར་བྱས་ན་སྣང་བ་ཐམས་ཅད་ལྷ་དང་བླ་མར་འཆར་ཞིང་། སྤྱོད་ལམ་ཐམས་ཅད་དགེ་བར་འགྱུར་བ་ཡིན་ཏེ། རྗེ་མི་ལའི་ཞལ་ནས། ང་འགྲོ་ན་སྣང་བ་ལམ་དུ་འཁྱེར། །ཚོགས་དྲུག་རང་གྲོལ་ཀྱི་འགྲོ་ལུགས་ཡིན། །སྡོད་ན་མ་བཅོས་རྣལ་མར་སྡོད། །སྙིང་པོ་དོན་གྱི་སྡོད་ལུགས་ཡིན། །ཟ་ན་སྟོང་ཉིད་ཀྱི་ཟས་ལ་ཟ། །གཟུང་འཛིན་སྤངས་པའི་ཟ་ལུགས་ཡིན། །འཐུང་ན་དྲན་ཤེས་ཀྱི་ཆབ་ལ་འཐུང་། །རྒྱུན་ཆད་མེད་པའི་འཐུང་ལུགས་ཡིན། །ཞེས་གསུངས། དེར་མ་ཟད་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ནས། དམ་ཚིག་ཉམས་ཆག་བྱུང་ན་གསོ་བ་དང་། བསྐྱེད་རྫོགས་རྫོགས་ཆེན་ལ་སོགས་པའི་ལམ་ཐམས་ཅད་བསྒོམ་བ་ལ་དབང་བ་དང་། གེགས་དང་གོལ་ས་མི་འབྱུང་བ་དང་། ཡོན་ཏན་གྱི་ཚོགས་གོང་ནས་གོང་དུ་འཕེལ་པ་ལ་སོགས་པ་ཐམས་ཅད་ཀྱང་རྩ་བ་སྨིན་བྱེད་ཀྱི་དབང་ལ་ཐུག་པ་ཡིན་ཏེ། ཇི་སྐད་དུ། གསང་སྔགས་དབང་ལ་མ་བསྟེན་འགྲུབ་པར་མི་འགྱུར་ཏེ། དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན། ཞེས་དང་། དབང་མ་བསྐུར་ལ་དངོས་གྲུབ་མེད། །བྱེ་མ་བརྩིར་ལ་མར་མི་འབྱུང་། །ཞེས་གསུངས། དེ་ཡང་དང་པོ་མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་དེ་ལམ་གྱི་གཞིའི་དབང་ཡིན་ལ། བླ་མའི་རྣལ་འབྱོར་ལ་བརྟེན་ནས་གཞན་རྐྱེན་ལ་ལྟོས་པ་མེད་པར་རང་ཉིད་ཀྱིས་དབང་བཞི་ལེན་པ་ནི་ལམ་གྱི་ལམ་དབང་ཡིན། ལམ་གྱི་འབྲས་དབང་མཐར་ཐུག་འབྲས་དུས་འོད་ཟེར་ཆེན་པོའི་དབང་ངམ་ཟབ་གསལ་གཉིས་མེད་ཀྱི་དབང་བསྐུར་ཐོབ་ནས། མངོན་པར་རྫོགས་པ་སངས་རྒྱས་པ་འབྲས་བུའི་དབང་ངོ་། །བླ་མའི་རྣལ་འབྱོར་བསྒོམ་པ་དེ་ལ་ཡང་བསྐྱེད་རིམ་དག་རྫོགས་སྨིན་གསུམ་གྱི་ཟབ་གནད་བསམ་གྱིས་མི་ཁྱབ་པ་དང་འཁོར་བ་དང་རྣམ་པར་མཐུན་པས་སྲིད་པ་སྦྱོང་ཞིང་དག མྱང་འདས་དང་བཞུགས་ཚུལ་མཐུན་པས་འབྲས་བུ་གཞི་ལ་རྫོགས། གཉིས་ཀ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བས་སྨིན་པ་སྟེ་དག་རྫོགས་སྨིན་གསུམ་དང་ལྡན་པ་ཡིན་པས་ན། དངོས་གཞི་ཉམས་སུ་ལེན་པའི་ཚེ་ཡང་སྤྱིར་སྔོན་འགྲོའི་ཆོས་ཐམས་ཅད་འདོར་དུ་མི་རུང་མོད་ཀྱང་། ཁྱད་པར་བསྐྱེད་རྫོགས་སོགས་སྒོམ་པའི་ཚེ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ལམ་དབང་བླང་བ་འདི་ཐུན་རེའི་མགོར་ཡང་མ་ཆག་པར་བྱ་བ་ནི་གནད་དམ་པའོ། །དེ་ལྟར་བསྒོམ་པས་བྱིན་རླབས་རང་རྒྱུད་ལ་ཞུགས་པའི་རྟགས་རབ་སྣང་སྲིད་ཆོས་སྐུར་འཆར། འབྲིང་སྣང་བ་བླ་མར་ཤར། ཐ་མ་འཁོར་བ་ལས་བློ་ལྡོག་ནས་བླ་མ་ལ་སངས་རྒྱས་དངོས་མཐོང་གི་འདུ་ཤེས་སྐྱེ། དེ་ལྟར་ན་མོས་གུས་དང་དམ་ཚིག་རྣམ་པར་དག་པ་གང་ཞིག་འདི་ཡན་ཆད་ཀྱི་ལམ་མཐར་ཕྱིན་པས་ཀྱང་དངོས་གཞི་ལ་མི་ལྟོས་པར་རྔ་ཡབ་དཔལ་གྱི་རི་བོར་དབུགས་དབྱུང་། དག་པའི་ཞིང་ཁམས་དེར་རིག་འཛིན་རྣམ་པ་བཞིའི་ལམ་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བས་ཀུན་ཏུ་བཟང་པོའི་ས་ལ་ཕྱིན་པར་འགྱུར་རོ། །ཞེས་གསུངས་ན་རིག་འཛིན་བཞིའི་ས་མཚམས་ནི། སེམས་ལྷ་སྐུར་སྨིན་ཀྱང་ཐ་མལ་གྱི་ལུས་སྦྱངས་མ་ནུས་པས་སྐྱེ་འཆི་ལ་རང་དབང་མ་ཐོབ་བར་རྣམ་སྨིན་རིག་འཛིན། དེ་ཉིད་ཚོགས་སྦྱོར་གཉིས་སུ་བསྐྱེད་རྫོགས་ལ་གོམས་པ་བྱས་ནས་བར་དོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡིན། ཏིང་ངེ་འཛིན་གྱི་མེས་ཐ་མལ་གྱི་ལུས་སྦྱངས་ནུས་ཤིང་དྭངས་མར་གྱུར་ཏེ་སྐྱེ་འཆི་ལ་རང་དབང་ཅན་སྐྱེ་འཆི་མེད་པའི་ཚེ་དབང་བརྙེས་པ་དེ་ལ་ཚེ་དབང་རིག་འཛིན་ཏེ་པད་འབྱུང་དང་བི་མ་ལ་ལྟ་བུ། ཆོས་མཆོག་ཆེན་པོ་མཐར་ཕྱིན་ནས་མཐོང་ལམ་སྒོམ་སྟེ་སྐྱེ་ཤིའི་མིང་མེད་པར་བྱས་པ་དང་། ཕྱག་ཆེན་རིག་འཛིན་ས་གཉིས་པ་ནས་བཅུ་བའི་བར་གྱི་སྒོམ་ལམ་དུ་ལམ་ཉམས་སུ་བླངས་ནས་དྲི་མ་ཕྲ་མོ་སྦྱོང་བ་དང་། མཐར་ཕྱིན་ལྷུན་གྲུབ་རིག་འཛིན་སངས་རྒྱས་ཡིན། འདིར་ལྟར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ནི་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ལ་རག་ལས་ཤིང་། རྟོགས་པ་སྐྱེ་བ་བླ་མའི་བྱིན་རླབས་དང་། བྱིན་རླབས་འཇུག་པ་མོས་གུས་ཀྱི་རྟེན་འབྲེལ་ཁོ་ན་ལ་རག་ལས་པས་ན། རྫོགས་པ་ཆེན་པོའི་དོན་བརྒྱུད་དང་ལྡན་པའི་བླ་མ། སེམས་ཉིད་ཆོས་སྐུར་ངོ་སྤྲོད་པའི་མན་ངག་སྙན་ཁུང་དུ་བརྒྱུད་ནུས་པ། རང་དང་སྐལ་བ་མཉམ་པའི་མི་ཡི་ཚུལ་དུ་བསྟན་པའི་བཤེས་གཉེན་ཆེན་པོ་ནི། ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཀུན་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ཆེས་ཆེར་ལྷག་པར་ཐག་བཅད། ངེས་ཤེས་བསྐྱེད་དེ་ཐོབ་གྲངས་དང་བཟླས་གྲངས་བླ་མ་མང་པོ་བསྟེན་པའི་གྲངས་ཀ་ཙམ་ཞིག་ལ་བློ་གདེང་མི་འཆའ་བར། རང་སེམས་ཆོས་སྐུར་ངོ་སྤྲོད་པའི་མན་ངག་ཟབ་མོ་དཔལ་ལྡན་བླ་མའི་ཞལ་ནས་མཉན་ཏེ། དེ་ལ་ནན་ཏན་སྙིང་པོར་བྱ་བ་འདི་ཁོ་ན། བཤད་བཤད་ཀྱི་སྙིང་པོ། སྒྲུབ་སྒྲུབ་ཀྱི་འབྲས་བུ། བཙལ་བཙལ་གྱི་དོན་པོ་ཡིན་པས་གནད་འདི་མི་སྟོང་བར་ཞིག་ཅི་ནས་ཀྱང་གལ་ཆེའོ།། །།ཞེས་གསུངས་ཤིང་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་། །

ཚ༽ཉིན་བཅོ་བརྒྱད་པར་བརྒྱུད་གསུམ་བྱུང་ཚུལ་གྱི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽མཚམས་སྦྱོར་གྱི་གདམས་ངག

དེ་ཡང་ཇི་སྐད་དུ། རྫ་དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་ནས། བློ་སྦྱོངས་བློ་སྦྱོངས་རང་གི་བློ་འདི་སྦྱོངས། །བྱང་ཆུབ་སེམས་ཀྱིས་རང་གི་བློ་སྦྱངས་ན། །ལུས་ངག་དགེ་བ་སྣ་གཅིག་མ་འགྲུབ་ཀྱང་། །རང་གཞན་དོན་གཉིས་མ་འབད་ཤུགས་ཀྱིས་འགྲུབ། །ཅེས་གསུངས་པའི་དོན་ནི། བློ་སྦྱོངས་བློ་སྦྱོངས་ཅི་ནས་ཀྱང་རང་གི་བློ་འདི་སྦྱོངས་ཤིག་གསུངས་ནས་ལན་གསུམ་གྱི་བར་དུ་ཡང་ནས་ཡང་དུ་ནན་ཏན་ཆེན་པོའི་སྒོ་ནས། དུས་སྙིགས་མའི་གདུལ་བྱ་རང་ཅག་རྣམས་ལ་གདམས་ངག་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ལ། འོ་ན་བློ་ཅིས་སྦྱོང་དགོས་ཤེ་ན། སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྨོན་དང་འཇུག་པའི་བདག་ཉིད་ཅན་དེ་ཉིད་རང་རྒྱུད་ལ་སྦྱར་བའི་སྒོ་ནས་བློ་སྦྱངས་ཐུབ་ན། གཞན་ལུས་ངག་གཉིས་ཀྱིས་དགེ་བ་སྣ་གཅིག་མ་འགྲུབ་ན་ཡང་། བདག་རང་གི་

དོན་དང་སེམས་ཅན་གཞན་གྱི་དོན་གཉིས་པོ་མ་འབད་ཀྱང་མཉམ་དུ་རང་བཞིན་ཤུགས་ཀྱིས་འགྲུབ་འོང་བ་ཡིན་གསུངས་སོ། །དེའི་ཤུགས་ལ་གལ་ཏེ་བློ་ལྡོག་རྣམ་བཞིས་རང་གི་བློ་ལེགས་པོ་ཞིག་སྦྱོང་མ་ཐུབ་ནས་འཁོར་བ་ལས་ངེས་པར་མ་འབྱུང་ཞིང་། སེམས་ཅན་ལ་སྙིང་རྗེ་མེད་པས་སྨོན་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེས་མེད་ན། ལུས་ངག་གཉིས་ཀྱིས་དགེ་བ་ཅི་ཙམ་བསྒྲུབས་ཀྱང་རང་གཞན་གཉིས་ཀའི་དོན་འགྲུབ་པ་མ་ཡིན་གསུངས། དེས་ན་རང་རེ་རྣམས་ཀྱིས་ཆོས་ཞུས་པའི་ཐོག་མར་རང་རྒྱུད་ཀྱི་ཀུན་སློང་ལ་བརྟག་དཔྱད་གཏོང་རྒྱུ་གལ་ཤིན་ཏུ་ཆེ། ངས་ད་རེས་དམ་པའི་ཆོས་ཤིག་ཞུ་རྒྱུ་འདི་ཅིའི་ཕྱིར་ཞུ་བ་རེད་ཡོད་ཁི། རང་ཉིད་ཀྱི་ཚེ་འདིའི་ཆེ་འདོད་དང་གྲགས་འདོད་རྙེད་བཀུར་སྙན་གྲགས་འདོད་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་ཆེད་དུ་ཆོས་ཞུ་བའམ། ཚེ་ཕྱི་མར་བྱང་ཆུབ་ཆེན་པོའི་གོ་འཕང་དོན་དུ་གཉེར་ནས། ཆོས་ཞུས་ནི་ཨེ་རེད་ཁི་བསམ་ནས་རང་གི་ཀུན་སློང་ལ་ཡང་ནས་ཡང་དུ་བརྟག་དགོས། ཚེ་འདིའི་བདེ་སྐྱིད་སྙན་གྲགས་ཀྱི་ཆེད་དུ་ཆོས་ཞུས་པ་རེད་ཡོད་ན། ཚེ་འདིར་འབད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །ཞེས་གསུངས་པས་ཚེ་འདིར་དོན་གཉེར་བྱས་ནས་ཆོས་ཞུས་པ་ཡིན་ན་འཇིག་རྟེན་ཕ་རོལ་གྱི་དོན་མི་འགྲུབ་གསུངས་ལ། འཇིག་རྟེན་ཕ་རོལ་དོན་གཉེར་གྱིས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །གསུངས་པས་འཇིག་རྟེན་ཕ་རོལ་ཚེ་ཕྱི་མར་བྱང་ཆུབ་དོན་གཉེར་གྱིས་ཆོས་ཞུས་ན། འཇིག་རྟེན་འདི་ཡི་དོན་ཙམ་ནི་མ་འབད་ཀྱང་ངམ་ངམ་ཤུགས་ཤུགས་ཀྱིས་འབྱུང་བའམ་རྒྱས་པ་ཡིན། ཞེས་གསུངས། དེ་ལྟར་ཚེ་འདིའི་དོན་ཁོ་ན་ལ་དམིགས་ནས་ལས་བྱ་བ་གང་བསྒྲུབས་ཐམས་ཅད་ཕལ་ཆེར་ངན་སོང་གི་རྒྱུ་རུ་འགྱུར་འགྲོ་བར་ཡིན་ཞིང་། ཚེ་ཕྱི་མ་དོན་གཉེར་གྱིས་ཆོས་ཞུས་པ་ཡིན་ན་ཡང་དེ་ལའང་རྣམ་གྲངས་ཀྱི་ཁྱད་པར་ཡོད་དེ། ཕྱི་མར་ལྷ་མིའི་བདེ་འབྲས་འདོད་པས་ཡིན་ན་དེའི་འབྲས་བུ་འཁོར་བ་འབའ་ཞིག་གི་རྒྱུར་འགྱུར་བ་དང་། རང་ཉིད་གཅིག་པུར་ཞི་བདེ་ཐོབ་པའི་ཕྱིར་ཐར་བ་ཞིག་བསྒྲུབས་ཀྱང་ཞི་བ་ཕྱོགས་གཅིག་པའི་མཐར་ལྷུངས་ནས་མ་སེམས་ཅན་ཐམས་ཅད་ཀྱི་དོན་མི་འགྲུབ་ཅིང་མཐའ་གཉིས་ལ་མི་གནས་པའི་རྫོགས་པའི་བྱང་ཆུབ་ཆེན་པོར་ཐོབ་པའི་རྒྱུར་མི་འགྱུར། དེས་ན་ཀུན་སློང་ཡང་དག་པ་ནི། སྔོན་ནས་ད་བར་རང་ཉིད་ཀྱིས་འཁོར་བའི་གནས་སུ་སྡུག་བསྔལ་མྱོངས་པ་ལ་བསམ་བློ་ཞིག་བཏང་ན། སེམས་ཅན་ཐམས་ཅད་ཀྱང་རང་དང་འདྲ་བར་སྡུག་བསྔལ་གྱིས་མནར་ནས་ཡོད་པར་ཤེས་ཐུབ། མ་ཚད་སེམས་ཅན་ཐམས་ཅད་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་དུ་མ་བྱས་པའི་དྲིན་ཅན་ཤ་སྟག་ཡིན་པར་སེམས་ལ་ཤར་ནས་སེམས་ཅན་དེ་དག་ཐམས་ཅད་སྙིང་རེ་རྗེ་སྙམ་པ་ཞིག་མི་དྲན་མི་སྲིད་པ་འདྲ། སྙིང་རྗེ་བ་ཙམ་གྱིས་མི་ཕན་དེ་རྣམས་ཐམས་ཅད་སྡུག་བསྔལ་ལས་ཐར་བ་ཞིག་བྱ་དགོས། ལས་དེ་ད་ལྟ་ངའི་རེས་ལ་བབས་ཡོད་དེ། ང་ནི་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ། དམ་པའི་ཆོས་དང་མཇལ། རང་གཞན་ཐམས་ཅད་ལ་ཕན་ཐོགས་པའི་ཐར་ལམ་ཞིག་རྙེད་ཡོད་པས། གཞན་སེམས་ཅན་ཐམས་ཅད་པོ་སྡུག་བསྔལ་མི་འདོད་པ་ང་རང་ཉིད་དང་མཚུངས་པར། བསམ་རྒྱུ་བདེ་བ་ཡིན་ཡང་སྒྲུབ་རྒྱུ་སྡུག་བསྔལ་གྱི་རྒྱུ་མ་གཏོགས་བདེ་བའི་རྒྱུ་སྒྲུབ་མི་ཤེས། དེས་ན་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ལམ་སྟོན་དགེ་བའི་བཤེས་གཉེན་དང་བྲལ་བས་ལམ་དང་ལམ་མིན་མི་ཤེས་པས་ལམ་ཡང་དག་ཅིག་རྙེད་མེད། ང་རང་གིས་ཀྱང་བསམ་པ་བཟང་པོ་བྱས་པ་ཙམ་གྱིས་མི་ཕན་ཏེ་ད་དུང་འདི་བཞིན་གནས་ན་རང་ཉིད་ལ་སེམས་ཅན་གཞན་ལ་ཕན་འདོགས་བྱེད་ཀྱི་ནུས་པ་མེད་ནི། སེམས་ཅན་རྨོངས་པའི་གཞན་དབང་ཅན་རྣམས་དང་འདྲ་བ་ཡིན་པས་སེམས་ཅན་གཅིག་གི་དོན་ཙམ་ཡང་བྱེད་མི་ནུས། དེས་ན་སེམས་ཅན་གཞན་ལ་ཕན་བཏགས་པའི་ནུས་པ་ཡོད་པ་ཞིག་རང་ཉིད་ཀྱིས་ཐོག་མར་འབད་ནས་སྒྲུབ་དགོས་འདུག དེ་ལྟ་བུ་ནུས་པ་ཡོད་པ་དེ་སུ་ལ་ཡོད་ན་རྗོགས་པའི་སངས་རྒྱས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་དེ་ཉིད་རེད། དེས་ན་ངེས་པར་དུ་གོ་འཕང་དེ་བསྒྲུབས་ནས་མ་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ་རྫོགས་པའི་སངས་རྒྱས་ཀྱི་སར་འགོད་ཐུབ་པ་ཞིག་བྱ་དགོས། དེའི་ཆེད་དུ་ད་རེས་བདག་གིས་དམ་པའི་ཆོས་ཟབ་མོ་ཉན་ནས་ཆོས་ཀྱི་ནང་དོན་ལ་བསམ་བློ་བཏང་དགོས། བསམ་དོན་དེ་ཉིད་བསྒོམས་ནས་སྙིགས་དུས་ཚེ་ཐུང་ཡིན་ཡང་རྟེན་འདིར་བྱང་ཆུབ་ཐོབ་པ་ཞིག་བྱ། དེ་ལྟར་འགྲུབ་པར་བླ་མ་དཀོན་མཆོག་གི་ཐུགས་རྗེས་གཟིགས་སྙམ་ནས་གསོལ་འདེབས་དང་སྨོན་ལམ་བྱེད་དགོས། དེ་ལྟ་བུའི་ཀུན་སློང་ཡང་དག་པ་ཞིག་གིས་གཞན་དོན་འབའ་ཞིག་སྔོན་དུ་འགྲོ་བའི་ཆོས་སྒྲུབ་ན་ཚེ་འདིའི་རང་དོན་ཞོར་འབྱུང་དུ་འགྲུབ་པ་ཡིན་ཏེ། དཔེར་ན་ལོ་ལེགས་ཀྱི་སྟོན་ཐོག་བསྡུ་ཚེ་རྩྭ་སོག་ཞོར་དུ་འབྱུང་བ་བཞིན་ནོ། །ཆོས་ཞུ་བའི་ཐོག་མར་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་བསྟེན་ཅིང་མཉེས་པ་གསུམ་གྱིས་ཞབས་ཏོག་བསྒྲུབས་ནས་དད་དང་མོས་གུས་བྱེད་པ་ནི་རང་རྒྱུད་ལ་བྱིན་རླབས་འཇུག་པའི་རྒྱུ་མ་ནོར་བ་ཡིན། ཁྱད་པར་ཉན་ན་ཚིག་མི་ཟིན། བསམ་ན་དོན་མི་གོ སྒོམ་ན་རྟོགས་པ་རྒྱུད་ལ་མི་སྐྱེ་བའི་རིགས་དག་ནི་བློ་གྲོས་ཤིན་ཏུ་དམན་པའི་རིགས་ཅན་ཡིན་པས། ཞིང་དག་པའི་མཐུ་ལ་བརྟེན་རྒྱུ་བོ་ཐབས་ལམ་ཉག་གཅིག་གམ་མན་ངག་ཡིན་པར་གསུངས། བླ་མ་མཚན་ཉིད་དང་ལྡན་པ་བསྟེན་པའི་ཕན་ཡོན་ནི། བཤེས་གཉེན་བཟང་པོ་དེ་བསྟེན་པ་ཙམ་གྱིས་ངན་འགྲོར་སྐྱེ་བའི་ལས་ངན་བསགས་ཡོད་ཀྱང་། ཚེ་འདི་ལ་གནོད་པ་ཕྲ་མོ་རེ་ལུས་ཐོག་ཏུ་བྱུང་བ་ཙམ་གྱིས་གོ་ཆོད་པ་དང་། རྨི་ལམ་ཙམ་གྱིས་ཀྱང་ལས་བསགས་པ་མྱོང་བའི་གོ་ཆོད་ནས་ལས་ངན་གྱི་སྒྲིབ་པ་འཛད་པར་འགྱུར་བ་ལའང་ཕན་པ་དང་། གཞན་ཡང་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་རང་ཤུགས་ཀྱིས་འགྲུབ་པ་ཡིན་ཏེ། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་ལ་ཡང་དག་བརྩོན། དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་དམ་པ་ཐོབ་པར་འགྱུར། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས། བླ་མའི་ཐུགས་མཉེས་ནས་དམ་ཚིག་ཉམས་ཆག་མ་སོང་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ཡུལ་དུ་སྤྱན་དྲངས་པ་ལས་ཀྱང་བླ་མ་མཆོད་པ་ལྷག་པ་ཡིན། དེ་དག་སྤྱན་མ་དྲངས་ཀྱང་དགྱེས་བཞིན་བྱོན་ཏེ་བླ་མ་དེ་དང་གཉིས་སུ་མེད་པར་བཞུགས་ནས་མཆོད་པ་བཞེས་པར་འགྱུར་རོ། །གལ་ཏེ་བླ་མ་ལ་དམ་ཚིག་ཉམས་ཆག་ཡོད་བཞིན་དུ་སངས་རྒྱས་བྱང་སེམས་ལ་མཆོད་པ་ཕུལ་ཀྱང་ཕུལ་བའི་ཕན་ཡོན་ཙམ་ལས་བཞེས་པའི་ཕན་ཡོན་མེད། རྒྱུད་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་བསོད་ནམས་པས། །སློབ་དཔོན་བ་སྤུ་ཁུང་གཅིག་མཆོད། །དེའི་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་པའི་གོ་དོན་གྱི་ཤུགས་ལ། གལ་ཏེ་སློབ་དཔོན་ལ་མཆོད་པ་མ་བྱས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་གཟིགས་ཞེས་པའི་དོན་དུ་གནས། དེ་ལྟ་བུའི་དགེ་བའི་བཤེས་གཉེན་ལ་བསྟེན་ཚུལ་ཕྱིན་ཅི་ལོག་ཏུ་གྱུར་ནས་ཐུགས་དང་འགལ་བར་གྱུར་ཤོར་ན། ཚེ་འདི་ཕྱི་གཉིས་ཀའི་མི་འདོད་སྡུག་བསྔལ་འབྱུང་བའི་རྒྱུ་རུ་འགྱུར་བ་ཡིན། ཚིགས་བཅད་གཅིག་ཙམ་ཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་བ་བརྒྱར་བླངས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་ཡིན། དེས་ན་མཚམས་མེད་ཀྱི་ལས་བྱས་པ་དང་། ཆོས་སྤོང་གི་ལས་བསགས་པ། སོར་ཐར་གྱི་ཕམ་པ་བཞི་བྱུང་བ་ལ་སོགས་པ། སྡིག་པ་ཆེན་པོར་བྱས་པ་རྣམས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ནས་སྡིག་པ་བཤགས་པའི་ཐབས་རྒྱ་ཆེ། ཚོགས་བསགས་པའི་སྒོ་གྲངས་མང་བ་ཡིན་པས་མཆོག་གི་དངོས་གྲུབ་འགྲུབ་རྒྱུ་ཡོད་པ་རེད། འོན་ཀྱང་སྙིང་ནས་བླ་མ་སློབ་དཔོན་སྨོད་ནས་ལོ་གསུམ་འདས་ཟིན་ན་བཤགས་མི་ནུས་ཏེ་བསྐལ་བ་སྟོང་དུ་གསང་སྔགས་སྒྲུབ་ཀྱང་འགྲུབ་མི་ཐུབ། བླ་མ་སློབ་དཔོན་ལ་དམ་ཚིག་ཉམས་ཚར་ནས་ཡོན་ཏན་མ་སྐྱེས་པ་མི་སྐྱེ་ཞིང་། སྐྱེས་པ་ཐམས་ཅད་ཉམས་འགྲོ་བ་ཡིན། དེས་ན་རང་ཉིད་དམ་ཚིག་མ་ཉམས་ཀྱང་མི་དགེའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་དམ་ཚིག་ཉམས་པ་དེ་དག་དང་འགྲོགས་ན་ཉེས་པ་འགོས་པས་ཡོན་ཏན་མི་སྐྱེ་ཞིང་ཉམས་པར་འགྱུར་བ་ཡིན། དམ་ཉམས་སྡིག་གྲོགས་ལ་འཛེམ་པ་དེ་བླ་མའི་ཞལ་ངོ་འཛེམ་པ་གཅིག་པུའི་དོན་མ་ཡིན་པར་རང་ཉིད་ཀྱི་ཐར་པའི་སྲོག་རྩ་ཆད་མི་ཆད་ཀྱི་དོན་ལ་ཐུག་ཡོད། དེས་ན་དམ་ཉམས་ཞེས་པ་ནི་བླ་མའི་སྐུ་གསུང་ཐུགས་དང་འགལ་བ་བྱེད་མཁན་འགལ་ཉམས་འདས་རལ་ཅན་དེ་ཚོ་ཡིན་པ་རེད། སྡིག་པའི་གྲོགས་པོ་དེ་ཅི་ལྟ་བུ་ཡིན་ཞེ་ན། གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་གྱུར་ལ། །བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པས། །གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར་གང་ཞིག་དང་འགྲོགས་ན་བྱང་ཆུབ་སེམས་ཀྱིས་འཕངས་པའི་བསླབ་པ་གསུམ་གྱི་ཉམས་ལེན་ཐོས་བསམ་སྒོམ་གསུམ་ཉམས་པར་བྱེད་པ་དེར་སྡིག་པའི་གྲོགས་པོ་ཟེར་བ་ཡིན། དེ་ལས་ལྡོག་པ་གང་དང་འགྲོགས་ན་བྱང་ཆུབ་སེམས་ཀྱིས་འཕངས་པའི་བསླབ་པ་གསུམ་གྱི་ཉམས་ལེན་ཐོས་བསམ་སྒོམ་གསུམ་གོང་ནས་གོང་དུ་འཕེལ་བར་འགྱུར་བ་དེར་དགེ་བའི་བཤེས་དང་དགེ་བའི་གྲོགས་པོ་ཟེར་བ་རེད། འཇིག་རྟེན་དཔེ་ལ། སྡིག་ཅན་ཤ་བོའི་གྲོད་ཁྲག་དེ། གང་དུ་འགོས་ན་དམར་པོ་དང་། །ནག་ཅན་རྫ་མའི་དྲི་མ་དེ། །གང་དུ་འགོས་ན་ནག་པོ་ཡིན། །ཟེར་བ་ལྟར་གྲོགས་གཏི་མུག་ཅན་དང་འགྲོགས་ན་ཤེས་རབ་འགྲིབ། གྲོགས་ཞེ་སྡང་ཅན་དང་འགྲོགས་ན་རྒྱུད་གཤིས་ངན་ཅན་དུ་འགྱུར། གྲོགས་སེར་སྣ་ཅན་དང་འགྲོགས་ན་སེར་སྣ་ཇེ་ཆེར་འགྲོ། གྲོགས་ང་རྒྱལ་ཅན་དང་འགྲོགས་ན། འགྱིང་ཚུགས་དང་ཆེ་མདོག་ཇེ་ཆེ་རུ་འགྲོ། དེས་ན་སྡིག་པའི་གྲོགས་པོ་དེ་རྒྱང་ལ་ཡོད་ན་གཟུར་དགོས། རྒྱུད་ལ་ཡོད་ན་འབྲོས་རན། སྡིག་པའི་གྲོགས་པོ་ཟེར་བའི་ངོ་ལ་རྫ་ནག་བྱུག་པ་དང་། གོས་སུ་རེ་ནག་གྱོན་པའི་འཇིགས་སུ་རུང་བ་ཞིག་མེད། ཤ་ཚ་དང་སྙིང་ཉེའི་ཚུལ་ཅན་དོན་དུ་དེ་དང་འགྲོགས་ན་མཐའ་ཐུར་དུ་འཁྲིད་པའི་མི་ལ་སྡིག་པའི་གྲོགས་པོ་ཟེར། སྐབས་འགའ་ཕ་མ་ཡིན་ཡང་སེམས་དཀར་མི་ཤེས་ནས་བདུད་ལས་སྡིག་གྲོགས་སུ་འགྱུར་བའང་ཡོད། གང་ལ་བརྟེན་ན་གནས་སྐབས་མཐར་ཐུག་ཏུ། །ཕུང་བར་འགྱུར་བ་ཁྱིམ་དང་སྡིག་གྲོགས་དང་། འདོད་པའི་ཡུལ་བཅས་ངེས་པར་ཐག་བསྲིངས་པས། །ཉོན་མོངས་ཚོགས་ཀུན་ཤུགས་ཀྱིས་བྲི་བར་འགྱུར། །ཞེས་གསུངས་པས་བདུད་ཀྱི་སྡིག་གྲོགས་དང་རྒྱང་རིང་བའི་དབེན་པའི་གནས་སུ་རང་གཅིག་པུར་བསྡད་ན་ཉམས་རྟོགས་དང་ཡོན་ཏན་ལྷག་པར་སྐྱེ་བ་ཡིན། དེས་ན་གོང་དུ་བཤད་མ་ཐག་པ་བཞིན་རྟག་ཏུ་བླ་མ་བསྒོམ། རྟག་ཏུ་བླ་མར་མཆོད། བླ་མ་སངས་རྒྱས་དབྱེར་མེད་ལྟ་བ་ལས། བླ་མ་ལས་ལྷག་པའི་སངས་རྒྱས་ཟུར་བ་དང་། བླ་མ་མ་ཡིན་པའི་ཡི་དམ་ལོགས་སུ་ཡོད་པར་བཟུང་ན་དངོས་གྲུབ་མི་ཐོབ། འོ་ན་སངས་རྒྱས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ཡིན་ན། ངའི་བླ་མ་ཐར་བའི་ལམ་སྟོན་དང་དགེ་བའི་བཤེས་གཉེན་ཡིན་རུང་གང་ལྟར་ཡང་མི་ཡིན་པས། གཞན་དང་འདྲ་བའི་དུག་གསུམ་གྱིས་ཀུན་ནས་བསླང་བའི་མཛད་པ་དེ་དང་དེར་ཡོད་པས་སངས་རྒྱས་དངོས་དང་ཇི་ལྟར་འདྲ་བསམ་མི་རུང་། རྣམ་རྟོག་དབང་གིས་བླ་མ་གཅིག །བཟང་ངན་སྤྱོད་ཡུལ་དུ་མར་སྣང་། ལས་ཀྱི་དབང་གིས་ཟླ་བ་གཅིག །བསིལ་བྱེད་གདུང་བྱེད་སོ་སོར་སྣང་། །གསུངས་པ་ལྟར། ལོག་པར་མཐོང་བ་ནི་རང་སྣང་མ་དག་པའི་དབང་གིས་ཡིན། དཔེར་ན་ཟླ་བ་བསིལ་བའི་རང་བཞིན་ཅན་ལ་ཡང་ཡི་དྭགས་འགའ་ལ་ཚ་བ་མེ་ལྟ་བུའི་རང་བཞིན་སྣང་བ་བཞིན། དགེ་སློང་ལེགས་སྐར་གྱིས་སྟོན་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་རྫུན་མར་མཐོང་བ་དང་། ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་ཁྱི་མོར་མཐོང་བ་ལ་སོགས་པ་ལྟ་བུ་ཡིན། དེས་ན་དད་པ་དང་དག་སྣང་སྦྱངས་ཏེ་བླ་མ་སངས་རྒྱས་སུ་མཐོང་བ་ནི་གསང་སྔགས་ལམ་གྱི་གཞུང་ཤིང་ཡིན་པར་ཤེས་པ་གལ་ཆེ། བླ་མའི་རྣལ་འབྱོར་བསྒོམ་པ་དེ་མཐར་ཐུག་སངས་རྒྱས་སྒྲུབ་པའི་ཉེ་ལམ་སྔོན་འགྲོ་དང་དངོས་གཞིའི་དོན་ཐམས་ཅད་འུབ་ཆུབ་པར་ཤེས་པའི་ཐོག་ནས། དེ་རིང་དེ་དང་འབྲེལ་བའི་གསང་སྔགས་སྤྱི་དང་ཁྱད་པར་ནང་རྒྱུད་ཡོ་ག་གསུམ་གྱི་བསྟན་པའི་བབས་ཚུལ་བཤད་པའི་སྐབས་ཡིན། བླ་མའི་རྣལ་འབྱོར་བྱིན་རླབས་འཕོ་ཚུལ་བཤད་པ་འདི་དག་གི་སྐབས་སུ་ཉན་པ་པོ་དད་གུས་དང་ཡིད་ཆེས་ཀྱི་སྤྲོ་བ་སྐྱེད་པ་ལ་སོགས་པ་བསྐྱེད་པའི་ཆེད་དུ་ནང་རྒྱུད་ཡོ་ག་གསུམ་གཙོ་བོར་གྱུར་པའི་བསྟན་པའི་བྱུང་ཚུལ་ལོ་རྒྱུས་ཀྱི་སྒོ་ནས་རྒྱས་བསྡུས་འཚམས་པ་རེ་གསུང་སྲོལ་ཡོད་པ་འདིར་ཡང་ཅུང་ཟད་འགོད་ན། དེ་ཡང་སྔ་འགྱུར་ནང་པ་བསྐྱེད་རྫོགས་རྫོགས་ཆེན་གསུམ་སྟེ། བསྐྱེད་པ་མ་ཧཱ་ཡོ་གརྫོགས་པ་ཨ་ནུ་ཡོ་གརྫོགས་ཆེན་ཨ་ཏི་ཡོ་ག་གསུམ་དུ་གྲགས་པའི་རྒྱུད་སྡེ་འདི་དག་གི་བསྟན་པའི་བབས་ཚུལ་ལ་གསུམ་སྟེ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པ་དང་གསུམ་མོ།།

༡༽རྒྱལ་བ་དགོངས་བརྒྱུད།

དང་པོ་རྒྱལ་བ་དགོངས་པས་བརྒྱུད་པ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་དུ་གདོད་ནས་ཡེ་སངས་རྒྱས་པའི་གཞི་ཡི་སངས་རྒྱས་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཐུགས་རྗེའི་རྣམ་པར་འཕྲུལ་པ་ཚད་མེད་པ་ལས། སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་དང་གནས་དང་སྟོན་པ་སྐུ་བཞིར་སྣང་སྟེ། ཉིད་ལས་མི་གཞན་པའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་ཡབ་ཡུམ་དང་། རིགས་ཀུན་འདུས་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལྷུན་གྲུབ་ཀྱི་རིག་འཛིན་དང་། རྒྱལ་བ་རྒྱ་མཚོའི་ཚོགས་བསམ་གྱིས་མི་ཁྱབ་པ་རྣམས་ལ་ངོ་བོ་ཉིད་སྐུས་རང་གསལ་མངོན་སུམ་དུ་གསུངས་པའི་ཆོས་ཐམས་ཅད་ཚིག་དང་བརྡའི་སྒོ་ནས་མ་གསུངས་ཀྱང་། རང་བཞིན་བྱིན་གྱིས་རླབས་ཀྱིས་ཐུགས་རྗེ་ཆེན་པོ་རང་རིག་པ་ཡེ་ཤེས་ཀྱི་རང་གདངས་འབད་མེད་ལྷུན་གྲུབ་ཏུ་གསལ་བ་རང་གྲོལ་མངོན་སུམ་དུ་གསུངས་པ་ཉིད་ལས་སྟོན་པས་མི་གསུང་བར་གསུངས་པ་ན། ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱིས་དོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པའི་དོན་མངོན་དུ་གྱུར་ཏེ་སྤངས་རྟོགས་ཀྱི་ཡོན་ཏན་སྟོན་པ་ཉིད་དང་དབྱེར་མེད་པར་གྱུར་པའོ། །དེ་ཉིད་དགོངས་པ་གཅིག་པའི་གོ་རྟོགས་ཀྱི་སྐལ་བ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་གཞན་གསུངས་པའི་ཚུལ་ནི། སྤྱིར་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་གང་ལ་གང་འདུལ་གྱི་སྤྲུལ་པ་གྲངས་མེད་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་ལ། བྱེ་བྲག་ཏུ་རིགས་དྲུག་གི་གདུལ་བྱ་རྣམས་ཀྱི་ངོ་ལ་སྤྲུལ་སྐུ་ཐུབ་པ་དྲུག་གི་ཚུལ་གྱིས་འདུལ་བར་མཛད། ཁྱད་པར་འཛམ་བུའི་གླིང་འདིར་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་ལྷ་དང་མིའི་ཡུལ་དུ་ཆོས་མདོ་སྔགས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་པོ་རྣམས་དང་། སྔགས་ཕྱི་པ་ཀྲི་ཡ་ཨུ་པ་ཡོ་ག་སྟེ་བྱ་སྤྱོད་རྣལ་འབྱོར་རྒྱུད་ལ་སོགས་པ་གསུངས་པ་སྟེ། དེ་ཡང་ཇི་སྐད་དུ། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་ལྟར་རོ།།

༢༽རིག་འཛིན་བརྡ་བརྒྱུད།

གཉིས་པ་རིག་འཛིན་བརྡ་ཡིས་བརྒྱུད་པ་ཇི་ལྟར་བྱུང་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་སྐུ་དང་གསུང་གི་གདུལ་བྱ་རྣམས་བཏུལ་ཟིན་ནས་། ཐུགས་ཀྱི་གདུལ་བྱ་རྣམས་འདུལ་བའི་དུས་ལ་བབས་པ་ན་མྱ་ངན་ལས་འདའ་ཁར་གསང་སྔགས་བླ་ན་མེད་པའི་བསྟན་པ་ཕྱིས་འབྱུང་བར་ལུང་བསྟན་ཏེ། གྲོང་ཁྱེར་རྩྭ་མཆོག་གྱད་སྟོབས་པོ་འབྱུང་བའི་གནས། ཤིང་སཱ་ལ་ཟུང་ཞིག་གི་དྲུང་དུ། སེང་གེའི་ཁྲི་ལ་གཟིམས་ཏེ། འཁོར་རྣམས་བསྡུས་པའི་ཚེ་རིགས་ཅན་དྲྭ་བ་ལྔ་ནི། སྟོན་པ་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་ཀྱིས། སྤྲུལ་པ་དབྱིངས་སུ་ཞི་བ་ཙམ་ལས། མྱ་ངན་ལས་མི་འདའ་བར་ཁོང་དུ་ཆུད་ནས། ནང་དུ་ཡང་དག་པར་འཇོག་གོ། །དེ་ལས་གཞན་པའི་འཁོར་ཕལ་ཆེར་འདུས་པ་ལ། སྟོན་པས་ཐེ་ཚོམ་ཡོད་ན་ད་ཆོད་ཅིག་ཅེས་བསྐུལ་བས། འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུ་ཛ་ར་ཞེས་བྱ་བ་སྟན་ལས་ལངས་ཏེ་གསོལ་བ། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །ཞེས་པ་ནས། མཉམ་པའི་ཐེག་པ་ཡོངས་མ་གསུངས། ཞེས་སྔར་འཁོར་གྱི་ནང་དུ་གསང་སྔགས་མ་གསུངས་པས། འཇིག་རྟེན་དུ་གསང་སྔགས་འབྱུང་ངམ་ཞེས་ཞུས་པའི་ལན་དུ་གསང་སྔགས་འབྱུང་བར་ལུང་བསྟན་པ་སྟེ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་ཉི་ཤུའི་ཚེ། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་ལྟས་བཟང་པོ་སྣང་བར་འགྱུར། དྲག་ཤུལ་ཅན་ཞེས་བྱ་བའི་རིར། །གྲོགས་ཀྱི་སེམས་ཅན་དམན་པའི་རིགས། །ལང་ཀའི་བདག་པོ་ལ་སོགས་པར། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་ལུང་བསྟན་ནས་སྐུ་མྱ་ངན་ལས་འདའ་ཚུལ་བསྟན། དེ་ནས་ལུང་བསྟན་པ་དང་མཐུན་པར་ནང་པ་བླ་མེད་ཀྱི་བསྟན་པ་བསྐྱེད་པ་མ་ཧཱ་ཡོ་གརྫོགས་པ་ཨ་ནུ་ཡོ་གརྫོགས་ཆེན་ཨ་ཏི་ཡོ་ག་གསུམ་བྱུང་སྟེ། ཆོས་མ་ཧཱ་ཡོ་གའི་རྒྱུད་རྣམས་སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། རྒྱལ་པོ་ཛ་ཞེས་བྱ་བས་ཨ་སུ་ར་ཡི་བྲག་ཕུག་ཏུ་སྒྲུབ་པར་མཛད་ནས་བཞུགས་པ་ལ་རྨིས་ལྟས་བདུན་བྱུང་སྟེ། སྲོད་ཐུན་དང་པོ་ལ་རི་མ་ལ་ཡའི་རྩེ་ན་གསང་བའི་བདག་པོ་བྱོན་ཏེ་སྐུ་ལས་འོད་ཟེར་འཕྲོས་གདུལ་བྱའི་སེམས་ཅན་གྱི་སྒྲིབ་པ་སྦྱོང་། གསུང་ལས་ཆོས་ཀྱི་རང་སྒྲ་གྲགས། ཐུགས་ལས་རྡོ་རྗེ་འོདའཕྲོ་བ་ཞིག་བྱུང་བས་རྒྱལ་པོའི་ཐུགས་ཀར་ཐིམ་པ་དང་། ཉི་མའི་འོད་སྤྱི་བོ་ནས་ཐིམ། ཟླ་བའི་འོད་རྐང་པར་ཐིམ་པ། སྣང་སྲིད་ཐམས་ཅད་ལྟོ་བའི་ནང་དུ་ཆུད་པ་རྨིས། སྲོད་ཐུན་གཉིས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོས་མཛད་ཅིང་། ཉི་ཟླ་ལ་ཞོན་ནས་གསེར་གྱི་འཁོར་ལོ་བསྐོར་བ་རྨིས་པ་སོགས་རྨི་ལམ་ངོ་མཚར་བ་བདུན་རྨིས། དེའི་ཕྱི་ཉིན་རང་གི་ཁང་སྟེང་དུ་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་ཡི་གེར་བྲིས་པའི་གསང་སྔགས་རྒྱུད་སྡེའི་པུ་སྟི་མང་པོ་དང་། ཕྱག་རྡོར་གྱི་སྐུ་ཁྲུ་གང་པ་ཞིག་རྙེད་དོ། །དེར་གཟིགས་ཀྱང་དང་པོ་མ་མཁྱེན་ནས་གསོལ་བ་ཉིན་བདུན་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཤེས་ནས་དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ཏེ་སླར་ཡང་ཟླ་བ་དྲུག་ཏུ་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་དངོས་སུ་མཇལ་ནས་བྱིན་གྱིས་བརླབས་པས། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་པོའི་དོན་ཁོང་དུ་ཆུད་ནས་གསང་སྔགས་ཀྱི་དོན་ལ་མཁས་པར་གྱུར། ཕྱི་ནང་གསང་བའི་དོན་དབང་ཡང་ཐོབ་པས་རྒྱལ་པོ་འཁོར་དང་བཅས་པ་རྡོ་རྗེ་ལྟ་བུའི་ལུས་སུ་གྱུར། བཅོ་བརྒྱད་པོ་གང་ཞེ་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་བའི་རྒྱུད་སྡེ་ཆེན་པོ་ལྔ་དང་། སྒྲུབ་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང་། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང་། མ་ཚང་བ་ཁ་སྐོང་བ་ཕྱི་མའི་རྒྱུད་གཉིས་དང་། ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་གཅིག་དང་བཅོ་བརྒྱད་དོ། །དེ་ལྟ་བུའི་གླེགས་བམ་རྣམས་ཀྱི་དོན་མ་ལུས་པ་མཁྱེན་ཏེ་དེ་ལས་རིམ་པར་བརྒྱུད་ནས་རིམ་གྱིས་དར་རོ། །ལུང་ཨ་ནུ་ཡོ་གའི་བྱུང་ཚུལ་ནི། ཡང་དུས་དེའི་ཚེ་མི་དང་མི་མིན་གྱི་དམ་པའི་རིགས་ཅན་དྲ་མ་ལྔ་སྟེ་ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མི་ལིཙྪ་བཱི་དྲི་མེད་གྲགས་རྣམས་ཀྱིས་རི་མ་ལ་ཡའི་རྩེ་མོར་ཕྱོགས་བཅུའི་བུདྡྷཱ་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པའི་གསལ་བྱེད་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །ལོ་ཀའི་སྡུག་བསྔལ་མི་ཤེས་སམ། །སྙིང་རྗེས་ས་ལ་བབས་ནས་ཀྱང་། །ལོ་ཀའི་གདུང་བ་སེལ་བར་གྱིས། །ཞེས་བསྐུལ་བས། གསང་བདག་གིས་གསུངས་པར་ཞལ་གྱིས་བཞེས་ཏེ། ཐོག་མ་ཐ་མ་མེད་པ་རུ། །བདག་གིས་དམ་བཅའ་མི་འདོར་བའི། །སྐུལ་བའི་དུས་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་གསུངས་ནས་རི་མ་ལ་ཡའི་རྩེར་དམ་པའི་རིགས་ཅན་ལྔ་ལ་མདོ་དགོངས་པར་འདུས་པ་ལ་སོགས་པ་གསུངས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་དུ་ལག་ན་རྡོ་རྗེའི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨོ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །ཞེས་ལུང་བསྟན་པ་ལྟར་སྲས་མོ་མེ་ཏོག་གསལ་ཞེས་དགེ་སློང་མ་སྐྱོན་བྲལ་ཞིག་ཡོད་པ་ལ་དགའ་རབ་རྡོ་རྗེ་འཁྲུངས་པས། དགེ་སློང་མས་ཤིན་ཏུ་མི་རིགས་པར་མཐོང་ནས། ཕ་མེད་བུ་འདི་འཇིག་རྟེན་འདྲེ་བས་སུ། །འཇིག་རྟེན་བདུད་དམ་ཚངས་པ་ལ་སོགས་སམ། །སོགས་ནས། རྒྱལ་ཁམས་ཆོས་མེད་འདི་ནི་སུ་ལ་སྲིད། །ཅེས་སོགས་སྨྲེ་སྔགས་བཏོན་ནས་ཐལ་དོང་དུ་བསྐྱུར་ཀྱང་མ་ཉེས་པ་ལ་ངོ་མཚར་བས་རོ་ལང་ཐལ་མདོག་ཏུ་མཚན་གསོལ། ལོ་བདུན་ལོན་པ་ན་རྒྱལ་པོའི་མཆོད་གནས་སུ་པཎྜི་ཏ་ལྔ་བརྒྱ་ཡོད་པ་ལ་ཕྱག་མཛད་ཅིང་བགྲོ་གླེང་དང་བརྒལ་བརྟག་གི་རིམ་པ་མང་དུ་མཛད་པས། པཎྜི་ཏ་རྣམས་ཀྱི་སྤོབས་པ་བཅོམ་པས་ཞབས་སྤྱི་བོར་བླངས་ཤིང་བཀུར་སྟི་རྒྱ་ཆེན་པོས་མཆོད་ནས་པྲཛྙཱ་བྷ་བ་ཞེས་མཚན་གསོལ། རྒྱལ་པོ་དགའ་བས་དགའ་རབ་རྡོ་རྗེ་ཞེས་མཚན་བཏགས། དེ་ནས་ཐེག་པ་ཕྱི་ནང་གི་སྡེ་སྣོད་རྣམས་དང་། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོ་ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་དེ་རྣམས་རྡོ་རྗེ་སེམས་དཔས་མངོན་སུམ་དུ་ཞལ་བསྟན་ནས་རིག་པ་སྤྱི་བླུགས་ཀྱི་དབང་གིས་མི་སློབ་པའི་ཡེ་ཤེས་མངོན་དུ་མཛད་པའི་ཚུལ་བསྟན་པ་སོགས་རྒྱས་པར་འོག་ནས་འབྱུང་། དེ་ལྟ་བུའི་དགའ་རབ་རྡོ་རྗེ་ལ་དཔལ་གསང་བའི་རྒྱུད་དང་མན་ངག་དང་། ཕུར་བ་དང་། མ་མོའི་རྒྱུད་ལ་སོགས་པ་གསུངས་ཏེ། ཨོ་རྒྱན་པདྨ་ཐོད་ཕྲེང་ཡིན་པ་དེ་ལ་བཀའ་བབས་ནས་རིམ་པར་དར། སློབ་དཔོན་པདྨ་འབྱུང་གནས་ནི། སྤྱིར་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་ན། མདོ་སྟོན་པའི་སྟོན་པ་རེ་དང་། སྔགས་སྟོན་པའི་སློབ་དཔོན་རེར། སྤྲུལ་པ་ཡང་སྤྲུལ་དང་བཅས་པ་འབྱུང་བ་ཡིན། སངས་རྒྱས་བཅོམ་ལྡན་འདའ་སྐུ་མྱ་ངན་ལས་འདས་ཁར་ང་ནི་ཡོངས་སུ་མྱ་ངན་འདས་འདའོ། །ཁྱོད་རྣམས་མྱ་ངན་མ་བྱེད་ཅིག །མདངས་ལྡན་དྲི་མེད་མཚོ་དཀྱིལ་ནས། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་དང་། དབུས་འགྱུར་འཆང་ལུང་བསྟན་པའི་མདོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བཞི་གཉིས་ལོན་པ་ན། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨ་གེ་སར་སྡོང་པོ་ལས། །ཀུན་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་དང་། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོར་འགྱུར། །ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་ལྟར། ལྷོ་ནུབ་འོ་མ་ཅན་གྱི་མཚོ་ནས། པདྨའི་སྡོང་པོ་ལས་རྫུས་ཏེ་འཁྲུངས་ཤིང་། སྐུ་གཅིག་ལ་མཚན་དང་དོན་ཐ་དད་པའི་མཛད་པ་རྣམ་གྲངས་བརྒྱད་དུ་སྟོན་པར་མཛད་ནས། རྒྱུད་སྡེ་སྤྱི་དང་ཁྱད་པར་ཡོ་ག་རྣམ་པ་གསུམ་གྱི་རྒྱུད་སྡེའི་ངེས་གསང་ཐམས་ཅད་ཐུགས་ཀྱི་དཔལ་བེའུ་ལ་འཁྱིལ་ནས། སྒྲུབ་ཐབས་དང་མན་ངག་གི་ནུས་པ་ཐམས་ཅད་དྭངས་བཅུད་དུ་དྲིལ་ནས་མ་འོངས་པའི་གདུལ་བྱར་རྗེས་སུ་དགོངས་ནས་ཟད་མེད་གཏེར་གྱི་བསྟན་པ་དར་བར་མཛད་པ་དེ་ཉིད་ཡིན། ཁྱད་པར་མན་ངག་ཨ་ཏི་ཡོ་གའི་བསྟན་པ་བྱུང་ཚུལ་ནི། དང་པོ་ལྷའི་ཡུལ་དུ་དར་ཏེ། དེ་ཡང་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ལྷ་དེ་བ་བཟང་སྐྱོང་ལ་ཡིད་ལས་སྐྱེས་པའི་བུ་ལྔ་བརྒྱ་ཙམ་ཡོད་པའི། ཆེ་བ་ཀུན་དགའ་སྙིང་པོ་ཞེས་བྱ་བ་སྐྱེས་ཟླ་གཞན་ལས་བློ་གྲོས་དང་སྒྱུ་རྩལ་ཁྱད་པར་འཕགས་པ་ཞིག་བྱུང་སྟེ། བསམ་གཏན་གྱི་ཁང་པ་ན་གཅིག་པུར་སྡོད་ཅིང་རྡོ་རྗེའི་བཟླས་པ་བྱེད་པ་ལ་དགའོ། །དེ་ལ་ལྷའི་བུ་སེམས་ལྷག་ཅན་ཞེས་གྲགས་སོ། །ལྷའི་བུ་དེ་ལ་ཆུ་མོ་གླང་གི་ལོར་རྨི་ལྟས་རྣམ་པ་བཞི་རྨིས་ཏེ། སངས་རྒྱས་ཐམས་ཅད་དམ་སརྦ་བུདྡྷས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ། འོད་ཟེར་གནས་འགྱུར་བའི་རིགས་དྲུག་འདུལ་བའི་བཅོམ་ལྡན་འདས་ཐུབ་པ་དྲུག་གིས་སེམས་ཅན་ལ་བསྐོར་བ་བྱས་ཏེ་དབུ་གཙུག་ཏུ་ཐིམ་པ་རྨིས། གཉིས་པ་ལ་ཚངས་པ་དང་། ཁྱབ་འཇུག་དང་། གུ་ལང་སྟེ་ལྷ་དབང་ཕྱུག་ཆེན་པོ་དང་གསུམ་ཁྱུར་མིད་བྱས་པ་རྨིས། གསུམ་པ་ལ་ནམ་མཁའི་ཉི་ཟླ་གཉིས་རང་གི་ལག་ཏུ་བྱུང་ནས་འཇིག་རྟེན་ཐམས་ཅད་དམ་ལོ་ཀ་སརྦ་འོད་ཀྱིས་གང་བ་རྨིས། བཞི་པ་ལ་ནམ་མཁར་སྤྲིན་རཏྣའི་ཁ་དོག་ཅན་ལས་བདུད་རྩིའི་ཆར་བབས་ཏེ་རྩི་ཐོག་དང་། ནགས་ཚལ་དང་། རིན་པོ་ཆེའི་མྱུ་གུ་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་དུས་གཅིག་ལ་རྒྱས་པ་རྨིས། ནངས་པར་ལྷའི་དབང་པོ་ལ་བཟླས་པས། ལྷའི་དབང་པོ་ཀོའུ་ཤི་ཀ་སྟེ་བརྒྱ་བྱིན་གྱིས་བསྟོད་པ། ཨེ་མ་ཧོ། སྙིང་པོ་རྩོལ་མེད་བསྟན་པ་འབྱུང་བའི་དུས། །རྒྱལ་བའི་སྤྲུལ་པ་དུས་གསུམ་བྱང་ཆུབ་སེམས། །ས་བཅུའི་དབང་ཕྱུག་ལོ་ཀའི་སྒྲོན་མེ་མཆོག །ལྷ་གནས་རྒྱན་གྱུར་ཁྱེད་ནི་ངོ་མཚར་ཆེ། །ཞེས་གསུངས་སོ། །རྨི་ལམ་དང་པོ་ནི། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ལོན་ཏེ་རྒྱལ་བའི་རྒྱལ་ཚབ་བྱེད་པའི་རྟགས་སོ། །གཉིས་པ་ནི་བདུད་ཐམས་ཅད་དབང་དུ་བསྡུས་ཤིང་དུག་གསུམ་རྩད་ནས་གཅོད་པའི་རྟགས་སོ། །གསུམ་པ་ནི་གདུལ་བྱའི་བློ་མུན་སེལ་ཞིང་བསྟན་པའི་སྒྲོན་མེ་བྱེད་པའི་རྟགས་སོ། །བཞི་པ་ནི་རང་བྱུང་ཨ་ཏིའི་ཆོས་ཀྱི་བདུད་རྩིའི་ཆུས་ཉོན་མོངས་པའི་ཚ་གདུང་སེལ་ཞིང་། རྩོལ་མེད་འབྲས་བུ་ཨ་ཏིའི་ཐེག་པ་ལྷུན་གྱིས་གྲུབ་པའི་རྟགས་སོ། །ཡང་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་ནས། དེ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་གསུང་གིས་དཔལ་རྡོ་རྗེ་སེམས་དཔའ་ལ་བསྐུལ་ལོ། །ཇི་ལྟར་བསྐུལ་ན་རིན་ཆེན་འཕྲུལ་གྱི་ཐབས་ལྡན་པ། །གདུལ་བྱའི་གང་འདོད་སྒོ་ཕྱེ་ནས། །རྩོལ་མེད་དབྱིག་དང་ལྡན་པར་མཛོད། །ཅེས་བསྐུལ་བས་ཤྲཱི་བཛྲ་ས་ཏྭའམ་དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་རིན་པོ་ཆེ་རང་འབར་གྱི་འཁོར་ལོ་བྱུང་སྟེ། སེམས་དཔའ་རྡོ་རྗེ་ལ་གཏད་དེ་དཔལ་རྡོ་རྗེ་སེམས་དཔས་འདི་སྐད་དོ། །གཉིས་མེད་ཡེ་ཤེས་གསང་བའི་དོན། །བྱར་མེད་རྩོལ་མེད་ཡེ་སངས་རྒྱས། །དབུ་མ་ཆེན་པོ་གྲགས་པའི་ལམ། །འདུས་པའི་འཁོར་ལ་བསྟན་པར་གྱིས། །ཞེས་བསྐུལ་བས་སེམས་དཔའ་རྡོ་རྗེས་བཤད་པར་དམ་བཅས་པ། བཛྲ་ས་ཏྭ་ནམ་མཁའ་ཆེ། །ཚིག་སྤྱོད་ཡུལ་མ་ཡིན་པ་ལ། །བདག་གིས་སྒྲོགས་པར་ཤིན་ཏུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་པས་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པ་ཡིས་རྣལ་འབྱོར་སྒྲོལ། །ཞེས་ཞལ་གྱིས་བཞེས་ནས། དེའི་ཚེ་ཕྱག་ན་རྡོ་རྗེས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་མི་འགལ་བར་བྱ་བའི་ཕྱིར། དུས་གསུམ་སངས་རྒྱས་ཐམས་ཅད་རིགས་ལྔའི་ངོ་བོར་བཞུགས་པ་ལ། གཞི་འབྲས་ཀྱི་དོན་ཐམས་ཅད་ཐེ་ཚོམ་བཅད་དེ་རིགས་ལྔའི་དགོངས་པ་ཉམས་སུ་བླངས་པའི་ཕྱིར་དུ་ཤར་ཕྱོགས་སུ་རྡོ་རྗེ་སྣང་བའི་ཞིང་དུ་དེ་བཞིན་བཤེགས་པ་རྡོ་རྗེ་གསང་བ་ཞེས་བྱ་བ་རྡོ་རྗེའི་བྲག་སྟེང་ན་བཞུགས་པ་དེ་ལ་སོགས་པ་རྡོ་རྗེའི་རིགས་མི་ཕྱེད་པའི་འཁོར་རྣམས་དང་། ལྷོ་ཕྱོགས་ལོ་ཀའི་ཁམས་རིན་པོ་ཆེའི་སྣང་བར་ཏ་ཐཱ་ག་ཏ་སྟེ་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཞབས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། རིན་པོ་ཆེ་རང་སྣང་འབར་བའི་ཁྲི་ལ་བཞུགས་ཏེ་ཉིད་ཀྱི་འཁོར་ལ་སོགས་པ་རཏྣའི་རིགས་རྣམས་དང་། ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་ཞེས་བྱ་བ་ན་བྷ་ག་ཝཱན་ཏེ་བཅོམ་ལྡན་འདས་པདྨའི་འོད་ཅེས་བྱ་བ། དྲི་མ་མེད་པ་པདྨའི་གདན་ལ་བཞུགས་པ་ལ་སོགས་པདྨའི་རིགས་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་དང་། བྱང་ཕྱོགས་རྣམ་དག་གྲུབ་པ་ཞེས་བྱ་བའི་འཇིག་རྟེན་ན། ཏ་ཐཱ་ག་ཏ་སྟེ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པར་སྣང་བ་ཞེས་བྱ་བ། རྒྱ་གྲམ་གྱི་རང་བཞིན་སྣང་བ་ཞེས་བྱ་བའི་གདན་ལ་བཞུགས་པ་ལ་སོགས་པ་ལས་ཀྱི་རིགས་མཐའ་ཡས་པ་དང་། དབུས་ཕྱོགས་མཐའ་དང་བྲལ་བའི་ཞིང་ཁམས་སུ། ཏ་ཐཱ་ག་ཏ་ཤྲཱི་བེེ་རོ་ཙ་ན་སྟེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་ཉིད། འཁོར་ལོའི་གདན་ལ་བཞུགས་པ་ལ་སོགས་པ་དེ་བཞིན་རིགས་ཀྱི་རྒྱལ་བ་མང་པོ་རྣམས་ལས། རྨད་བྱུང་བསྟན་པའི་སྙིང་པོ་རྩོལ་མེད་རང་བྱུང་གི་དགོངས་པ་རྒྱུ་འབྲས་ལས་འདས་པའི་ཆོས་ཨ་ཏི་ཡོ་གའི་དོན་རྣམས་སྒྲོ་འདོགས་བཅད་ཅིང་། ཐེ་ཚོམ་དང་བྲལ་བའི་ལྟ་བའི་གདེང་རྙེད། སྤྱོད་པའི་ཐབས་ཤེས། སྒོམ་པའི་ཀློང་དུ་གྱུར། འབྲས་བུ་ལ་རག་མ་ལུས། ལམ་ལ་རིམ་པ་མེད་པའི་གདེང་རྙེད་དེ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་བླངས་ནས། སུམ་ཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེའི་སྲོག་ཤིང་རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་དབུས་ཁང་ན་ལྷའི་བུ་སེམས་ལྷག་ཅན་ཡོད་པ་དེ་ལས་དང་སྐལ་བར་ལྡན་པར་མཁྱེན་ཏེ་མདུན་དུ་བྱོན། སྲོག་ཤིང་གི་རྡོ་རྗེ་རྩེ་དགུ་པའི་སྟེང་དུ་རིན་པོ་ཆེར་འབར་བའི་ཁྲི་བཤམས་པའི་ཁར་ཕྱག་ན་རྡོ་རྗེ་བཞུགས། རཏྣ་སྣ་ཚོགས་ལས་གྲུབ་པའི་གདུགས་ཕུབ། ལྷ་རྫས་ཀྱི་མཆོད་པ་མང་པོས་མཆོད་དེ། ལྷའི་བུ་སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བརྡའི་སྒོ་ནས་བསྐུར། མན་ངག་འཕྲུལ་གྱི་ལུང་བཅུ་ཕོགལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས། སྐུ་གསུམ་ཐུགས་ཕྲད་ཀྱི་མན་ངག་བྱིན། སྐུ་གསུམ་མམ། ཐིག་ལེ་ཆེན་པོའི་དབང་བསྐུར་ནས། །སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། །མི་འགྱུར་བརྟན་པའི་དབང་སྐུར་ནས། །སྤྱོད་ལམ་རིག་པའི་མན་ངག་བྱིན། །རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས། །ཡེ་ཤེས་ངོས་བཟུང་གི་མན་ངག་བྱིན། །གཉིས་མེད་འབྲེལ་བའི་དབང་བསྐུར་ནས། །ཕྱག་རྒྱ་ཆེན་པོའི་མན་ངག་བྱིན། རྡོ་རྗེ་ལུང་གི་དབང་བསྐུར་ནས། །རྒྱལ་ཚབ་བསྒོམ་པའི་མན་ངག་བྱིན་པ་ལ་སོགས་གཞན་དབང་བདུན་མན་ངག་ལྔ་དང་། ཏནྟྲ་སྟེ་རྒྱུད་སྡེ་དང་མན་ངག་མང་པོ་དུས་མཐའི་སྐད་ཅིག་ལ་རྫོགས་པར་བསྟན་ནས། རྒྱལ་ཚབ་དམ་པར་དབང་བསྐུར་ཏེ། ལྷའི་བུ་སེམས་ལྷག་ཅན་ལ། གཡས་སུ་རྡོ་རྗེ་རྩེ་ལྔ་གཏད། གཡོན་དུ་གསེར་གྱི་ཕྱག་ཤིང་རིན་པོ་ཆེའི་འཁོར་ལོ་ཅན་གཏད། སྤྱི་བོར་རིན་པོ་ཆེའི་དབུ་རྒྱན་བསྐོན་ནས། གསང་མཚན་རྡོ་རྗེ་བཞེད་པ་རྩལ་དུ་གསོལ་ཏེ། ཁྱེད་ཀྱིས་རྒྱལ་ཐེབས་གྱིས་ལ་གསང་སྔགས་ཨ་ཏིའི་ཆོས་འདི་མི་ཡུལ་དུ་སྒྲོགས་གསུངས་ཏེ། རྨད་བྱུང་བསྟན་པའི་སྙིང་པོ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་ཤོགཅེས་གསུངས་ཏེ་བསྟན། དེ་ནས་ལྷའི་བུ་སེམས་ལྷག་ཅན་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་མི་འགལ་བའི་ཕྱིར་དུ་ཐེ་ཚོམ་གྱི་དྲ་བ་ཐམས་ཅད་བཅད་ནས། དེ་ལྟར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངེས་དོན་གྱི་གདམས་ངག་ཁོང་དུ་ཆུད་ཅིང་། རྟོགས་པ་མངོན་དུ་གྱུར་ཏེ་སངས་རྒྱས་པ་ཡིན། དེ་ནས་སྔོན་གྱི་གནས་རྗེས་སུ་དྲན་ནས། སུམ་ཅུ་རྩ་གསུམ་ལྷའི་གནས་ཀྱི་ཤར་ཕྱོགས་མངོན་པར་དགའ་བའི་ཕུག་ཏུ་ཕྱིན་པ་སོགས་མཛད་ནས། བསྟན་པ་ལྷ་གནས་གསུམ་དུ་རྒྱས་པར་གྱུར་ཏོ། །དེ་ནས་མི་ཡུལ་དུ་བྱུང་བའི་ལོ་རྒྱུས་ནི། ལྷའི་དབང་པོ་བརྒྱ་བྱིན་གྱིས་འཛམ་གླིང་དུ་འབྱོན་དགོས་ཚུལ་ཞུས་པ་ལྟར་བྱ་ངང་པ་གསེར་གྱི་མདོག་ཅན། ལྕགས་ཀྱི་སྡེར་མོ་ཅན། དངུལ་གྱི་གཤོག་པ་ཅན། གཡུའི་སྨིན་མ་ཅན། རིན་པོ་ཆེ་སྣ་ཚོགས་ཀྱི་མིག་ཅན་གཅིག་ཏུ་སྤྲུལ་ནས་གཤེགས་པའི་ལོ་རྒྱུས་ཡོད་དེ། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོ་མའི་ཡུལ། དྷ་ན་ཀོ་ཤའི་གླིང་། མཚོ་ཀུ་ཏྲའི་འགྲམ། རྡོ་རྗེ་གླིང་ཕུག་གི་གནས། མེ་ཏོག་བཀྲ་བའི་ཚལ་ཉམས་དགའ་བ་དེ་ན། ཡབ་རྒྱལ་པོ་ཨུ་པ་རཱ་ཛ་དང་། ཡུམ་སྣང་གསལ་འོད་ལྡན་མ་གཉིས་ལ། སྲས་མོ་མེ་ཏོག་གསལ་ཞེས་བྱ་བ་མཚན་དང་ལྡན་པ། དགེ་སེམས་དང་བྱང་སེམས་ལྷག་པར་ཆེ་བ། གཡོ་སྒྱུ་དང་བག་མེད་སྤངས་ཏེ་རབ་ཏུ་བྱུང་བ་དགེ་སློང་མའི་ཁྲིམས་སྐྱོན་བྲལ་རྣམ་པར་དག་པ་སྲུང་ཞིང་དགེ་སློང་མ་ལྔ་བརྒྱའི་འཁོར་དང་བཅས་ནས་གནས་པ་ལ། ཤིང་མོ་གླང་གི་ལོ་དབྱར་ཟླ་ར་པའི་ཚེས་བརྒྱད་ཀྱི་ཐོ་རེངས་རྨི་ལམ་ན། ཏ་ཐཱ་ག་ཏ་ཐམས་ཅད་ལས་འོད་ཟེར་འཕྲོས་ཏེ་ཉི་ཟླ་གཉིས་སུ་གྱུར་པ། ཉི་མ་སྤྱི་བོ་ནས་མར་ཐིམ། ཟླ་བ་རྐང་མཐིལ་ནས་ཡར་ཐིམ་པ་རྨིས། ནངས་པར་རྟོགས་པ་སྐྱེས་ཏེ་མཚོ་ཀུ་ཏྲའི་འགྲམ་དུ་ཁྲུས་བྱས་ནས་འདུག་པ་ལ། ཕྱག་ན་རྡོ་རྗེ་བྱའི་རྒྱལ་པོ་ངང་པ་ཞིག་ཏུ་སྤྲུལ་ནས་སེམས་ལྷག་ཅན་ཡི་གེ་ཧཱུྃ་དུ་བསྡུས་ནས་སྤྲུལ་པ་ལ་ངང་པ་བཞིར་སྤྲུལ། ནམ་མཁའ་ལས་བབས་ཏེ་ཁྲུས་བྱས་ནས་གསུམ་སླར་ནམ་མཁའ་ལ་འཕུར། གསང་བདག་གི་སྤྲུལ་པའི་བྱ་དེས་སྲས་མོའི་ཐུགས་ཀར་མཆུ་ལན་གསུམ་གཏུགས་ནས་ཧཱུྃ་འོད་འབར་བ་ཞིག་ཐུགས་ཀར་བསྟིམས་ཏེ་འཕུར་སོང་། དེར་མོ་ཡ་མཚན་སྐྱེས་ཏེ་ཡབ་དང་འཁོར་རྣམས་ལ་ལོ་རྒྱུས་བསྙད་པས། ཡབ་རྒྱལ་པོ་ཡ་མཚན་ཞིང་དགྱེས་ཏེ་སངས་རྒྱས་ཀྱི་སྤྲུལ་པ་ཞིག་འབྱུང་ངམ་གསུངས། བྱ་དགའ་དང་རིམ་གྲོ་ཆེར་མཛད། དེར་སྦྲུམ་པའི་རྣམ་པ་མེད་པར་ལོ་དུས་ན་ཡུམ་གྱི་ཐུགས་ཀ་ནས་རྡོ་རྗེ་རྩེ་དགུ་འོད་འབར་བ་ཞིག་བྱུང་སྟེ་ཞུ་བ་ལས་ཁྱེའུ་ཆུང་མཚན་དཔེས་བརྒྱན་པ་ཕྱག་གཡས་པ་རྡོ་རྗེ་དང་གཡོན་རིན་པོ་ཆེའི་ཕྱག་ཤིང་ཐོགས་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་སོགས་པ་རྒྱུད་སྡེ་མང་པོ་རང་བྱུང་གིས་ཞལ་འདོན་དུ་མཛད་པ་ཞིག་བྱུང་ངོ་། །དེར་ཐམས་ཅད་དགྱེས་ནས་བྲམ་ཟེ་མཚན་མཁན་ལ་བསྟན་པས། བྲམ་ཟེ་ཤིན་ཏུ་ངོ་མཚར་བར་གྱུར་ཏེ། འདི་ནི་སྤྲུལ་པའི་སྐུ་ཐེག་པ་མཆོག་གི་བསྟན་པའི་བདག་པོ་ཞིག་འབྱུང་བར་འདུག་ཟེར་རོ། །ཐམས་ཅད་དགའ་བའི་རབ་ཏུ་གྱུར་ཅིང་ཕྱག་ན་རྡོ་རྗེ་བསྣམས་པས་མཚན་ཡང་དགའ་རབ་རྡོ་རྗེ་ཞེས་བཏགས། ཐམས་ཅད་ཀུན་དགྱེས་པས་དགྱེས་པ་རྡོ་རྗེ། བཞད་པས་བཞད་པ་རྡོ་རྗེར་བཏགས། ཆོས་ཀྱི་རྒྱལ་སྲིད་བཟུང་བ་ལ་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ཏེ། རྒྱལ་ཐབས་སྤྱི་བླུགས་རྫོགས་པ་ལ་སོགས་པའི་དབང་རྣམས་བསྐུར། ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྒྱུད་དང་མན་ངག་ཐམས་ཅད་དུས་མཐའི་སྐད་ཅིག་ལ་རྫོགས་པར་མཛད། དགའ་རབ་རྡོ་རྗེ་དེ་ཉིད་ལ་བསྟན་པའི་བདག་པོར་དབང་བསྐུར། དམ་ཅན་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་སྤྲུལ་བའི་སྐུ་འདི་ཡི་གྲོགས་མཛོད་ཅིག་ཅེས་བསྟན་པའི་སྲུང་མར་གཉེར་གཏད་ཅིང་བསྐོས་སོ། །དེར་དགའ་རབ་རྡོ་རྗེ་ཉིད་རྩོལ་མེད་རྫོགས་པ་ཆེན་པོའི་ས་ལ་སྐད་ཅིག་གིས་སངས་རྒྱས་སོ། །དེ་ནས་ཡང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས། །ལོ་ནི་བདུན་བཅུ་རྩ་ལྔར་འཛིན། །ཞེས་པ་ལྟར། དེའི་དུས་ན་རྒྱ་གར་འཕགས་པའི་ཡུལ་མ་གྷ་དྷ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་ཕ་ཡབ་བྲམ་ཟེ་བདེ་སྐྱོང་དང་མ་ཡུམ་བྲམ་ཟེ་མོ་ཀུ་ཧ་ན་ཞེས་བྱ་བ་གཉིས་ལ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་བུ་བྲམ་ཟེ་སྙིང་པོ་གྲུབ་པའམ་བདེ་མཆོག་སྙིང་པོ་ཞེས་བྱ་བ་ཞིག་ཡོད་པ་ཕྱིས་ནང་བའི་ཆོས་སྒོར་ཞུགས་ཏེ་རབ་ཏུ་བྱུང་ནས་པཎྜི་ཏ་ལྔ་བརྒྱའི་གཙོ་བོར་གྱུར་ཅིང་། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་གྲགས་པ་ལ། འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ཏེ་འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་མཚོ་ཀུ་ཏྲའི་འགྲམ་དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་བའི་དབུས་རྡོ་རྗེ་གླིང་ཕུག་གི་གནས་ན། རྡོ་རྗེ་སེམས་དཔའི་སྤྲུལ་པས་སངས་རྒྱས་ཐམས་ཅད་ཀྱི་རྩོལ་མེད་བསྟན་པའི་བདག་པོ། རྒྱལ་བ་ཐམས་ཅད་ཀྱིས་དབང་བསྐུར་བ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ་བཞུགས་ཀྱི། ཁྱོད་དེ་རུ་སོང་ལ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་ཞེས་བྱ་བ་རྩོལ་མེད་དུ་འཚང་རྒྱ་བའི་ཆོས་ཡོད་པ་དེ་ཞུས་ལ་སྤྲུལ་བའི་སྡུད་པ་པོ་ཡང་གྱིས་ཤིག་ཅེས་ལུང་བསྟན་པས། འཇམ་དཔལ་བཤེས་གཉེན་གྱིས་པཎྜི་ཏ་གཞན་རྣམས་ལ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་རྒྱུ་འབྲས་ལས་འདས་པའི་ཆོས་སྟོན་པ་ཞིག་ཡོད་པར་འདུག་པས་དེ་ཚར་གཅོད་པ་ལ་འདོང་དགོས་གསུངས་ནས་གྲོས་བྱས་ཏེ། ཐུ་བོ་རཱ་ཛ་ཧསྟི་ལ་སོགས་པ་བདུན་གྱིས་ཨོ་རྒྱན་གྱི་གནས་བགྲོད་དཀའ་བར་བྱོན། རྒྱུ་དང་འབྲས་བུ་གསང་སྔགས་ཕྱི་ནང་གི་ཆོས་གང་ནས་བརྩད་ཅིང་བགྲོ་གླེང་བྱས་ཀྱང་དགའ་རབ་རྡོ་རྗེ་མ་ཐུབ་ནས། འཇམ་དཔལ་བཤེས་གཉེན་གྱིས་གྲོགས་རྣམས་ལ་སྤྲུལ་པའི་སྐུ་ལ་རྒྱུ་འབྲས་ལས་འདས་པའི་ཆོས་ཞུའམ་ཞེས་དྲིས་པས། ཐུ་བོ་རཱ་ཛ་ཧསྟིས་ནི་ཞུ་བར་སྙམ་ཡང་འོ་སྐོལ་གྱིས་བརྙས་པ་བྱས་པས་ཞུ་མི་སྤོབས་ཟེར། ལ་ལ་ནི་འོ་ཅག་ཀྱང་ངེས་པར་འགྱུར་བས་ཞུའོ་ཟེར། བཤགས་པ་བྱེད་པར་གྲོས་བྱས་ནས། ལ་ལས་ནི་ཕྱག་དང་བསྐོར་བ་བྱས། ལ་ལས་ནི་ངུ་ཞིང་མཆི་མ་བྱུང་། འཇམ་དཔལ་བཤེས་གཉེན་གྱིས་ཕྱག་བཙལ་ནས་སྨྲེ་སྔགས་བཏོན། སྤྲུལ་བའི་སྐུ་ལ་བདག་གིས་བརྙས་པ་ཤོར། རྩོད་པའི་ཚིག་མང་པོ་བྱུང་རྒྱལ་དུ་སྨྲས་པས། རང་གི་ལྕེ་འདི་བཅད་ལ་བཤགས་པ་བྱ་དགོས་སྙམ་སྤུ་གྲི་བཙལ་བ་ན། སྤྲུལ་པའི་སྐུས་དགོངས་ཏེ་ཁྱོད་ཀྱི་ལྕེ་བཅད་པས་སྡིག་པ་མི་འདག་གིས་རྒྱུ་འབྲས་ཀྱི་ཆོས་ལས་ཁྱད་པར་དུ་འཕགས་པའི་ཆོས་ཞིག་རྩོམས་ཤིགདེས་འདག་པར་འགྱུར་རོ་གསུངས་ཏེ། ལས་དང་སྐལ་བར་མི་ལྡན་པ་རྣམས་ནི་སླར་ལོགའཇམ་དཔལ་བཤེས་གཉེན་ནི་བརྡ་བསྟན་པ་ཙམ་ལ་སྐད་ཅིག་གིས་རྟོགས་གྲོལ་དུས་མཉམ་པར་གྱུར་ནས་རྟོགས་པས་ཆོས་ཐམས་ཅད་ཁོང་དུ་ཆུད། བསྟན་པ་ཡོངས་སུ་རྫོགས་ཕྱིར་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྒྱུད་དང་མན་ངག་ཐམས་ཅད་ཡོངས་སུ་རྫོགས་པར་གཏད། འཇམ་དཔལ་བཤེས་གཉེན་ཞེས་མཚན་བཏགས། དེ་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་གདམས་པའི་དོན་རྣམས་བྲིས་ནས་བཀའ་སྩལ་པ། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགགས་མེད་པ་ནམ་མཁའ་འདྲ། །ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ན། །དེ་ཉིད་མ་བཙལ་བཞག་ན་སྒོམ་པ་ཡིན། །ཞེས་གསུངས། སླར་ཆུ་བོ་དན་ཏིག་བྱ་བར་དགའ་རབ་རྡོ་རྗེ་འོད་ཕུང་དུ་ཡལ་བའི་ཚེ། འཇམ་དཔལ་བཤེས་གཉེན་གྱིས་གདུང་ཚིག་ལན་གསུམ་བཏོན་པས། ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སྐུ་མངོན་སུམ་སྣང་བར་མཛད་དེ། གསེར་གྱི་ཟ་མ་ཏོག་སེན་གང་བ་ཞིག་ཕྱག་ཏུ་བབས་པས་ཚིག་གསུམ་གནད་དུ་བསྡེབས་པའི་མན་ངག་འདས་རྗེས་སུ་འདུག་པར་གཟིགས་པ་ཙམ་གྱིས་རྟོགས་པའི་དོན་ཁོང་དུ་ཆུད་ནས་དགའ་རབ་རྡོ་རྗེ་དང་དགོངས་པ་མཉམ་པར་བྱུང་བས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིར་སྡེ་གསུམ་དུ་ཕྱེས་ཏེ། སེམས་གནས་རྣམས་ལ་སེམས་ཀྱི་སྡེ། །བྱ་བྲལ་རྣམས་ལ་ཀློང་གི་སྡེ། །གནད་གཙོ་བ་ལ་མན་ངག་སྡེ། །ཞེས་པ་ལྟར་དང་། །གནད་ཟབ་པ་སྙིང་ཐིག་གི་སྐོར་ལ་བཤད་རྒྱུད་དང་སྙན་རྒྱུད་གཉིས་སུ་ཕྱེས་ནས། སྙན་རྒྱུད་རྣམས་མཆན་དུ་བཏབ། བཤད་རྒྱུད་རྣམས་རེ་ཞིག་སྤེལ་བའི་སྣོད་མ་རྙེད་པས་རྡོ་རྗེ་གདན་གྱི་བྱང་ཤར་ཕ་བོང་རྡོ་རྗེ་རྒྱ་གྲམ་གྱིས་བཏབ་པའི་འོག་ཏུ་གཏེར་དུ་སྦས་ཏེ། འཇམ་དཔལ་བཤེས་གཉེན་གྱིས་རྟོགས་པ་བརྗོད་པ། བདག་ནི་འཇམ་དཔལ་བཤེས་གཉེན་ཏེ། །གཤིན་རྗེ་གཤེད་ཀྱི་དངོས་གྲུབ་ཐོབ། །འཁོར་འདས་མཉམ་པ་ཆེན་པོར་རྟོགས། །སརྦ་ཛྙཱ་ནའི་ཡེ་ཤེས་ཤར། །ཞེས་གསུངས། བྱང་སེམས་རྡོ་ལ་གསེར་ཞུན་བཤགས་པར་བརྩམས། སྤྲུལ་པའི་བཀའི་སྡུད་པ་པོའང་མཛད་དོ། །འཇམ་དཔལ་བཤེས་གཉེན་ལ་ཤྲཱི་སེང་ཧས་ཞུས་ཏེ། དེ་ཡང་ཐལ་འགྱུར་ལས། དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ས་གླིང་ཞེས་བྱ་བ་རུ། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སེང་། །ཞེས་བྱ་བ་ཡིས་འཛིན་པར་འགྱུར། །ཞེས་ལུང་བསྟན་པ་ལྟར། རྒྱ་ནག་ཤོ་ཤའི་གླིང་དུ་ཡབ་དགེ་ལྡན་དང་ཡུམ་སྣང་གསལ་མའི་སྲས་སུ་འཁྲུངས། ལོ་བཅོ་ལྔ་ནས་སློབ་དཔོན་ཧསྟི་བྷ་ལ་ལས་སྒྲ་ཚད་རྩིས་སོགས་རིག་གནས་ལྔ་ལ་ལོ་གསུམ་ལ་མཁས་པར་སྦྱངས། སྐབས་ཤིག་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གསེར་གླིང་བྱ་བར་འགྲོ་བའི་ལམ་བར་ནས་འཕགས་མཆོག་སྤྱན་རས་གཟིགས་ནམ་མཁར་བྱོན་ཏེ་སྐལ་ལྡན་འབྲས་བུ་ངེས་པར་འདོད་ན་རྒྱ་གར་གྱི་དུར་ཁྲོད་སོ་ས་གླིང་དུ་སོང་ཞིག་ཅེས་སྔ་ཕྱི་ལན་གཉིས་སུ་བསྐུལ་བས་ལོ་ཉི་ཤུ་རྩ་ལྔ་ལ་རྒྱ་གར་བགྲོད་པའི་ལམ་བར་དཀའ་བ་མེད་པར་ཞབས་ས་ལ་ཁྲུ་གང་ཙམ་གྱིས་མ་རེག་པར་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་འཇལ་ཏེ། ཟབ་མོ་ཨ་ཏིའི་བསྟན་པ་རྒྱུད་ལུང་མན་ངག་དང་བཅས་པ་རྫོགས་པར་ལོ་མང་པོར་ཞུས་ཏེ། མཐར་སློབ་དཔོན་ཉིད་སྐུ་འོད་ཕུང་དུ་ཡལ། དེའི་ཚེ་ཤྲཱི་སེངྷས་སྨྲེ་སྔགས་བཏོན་པས་ནམ་མཁའ་ནས་སློབ་དཔོན་གྱིས་སྐུ་དངོས་སུ་བསྟན་ཏེ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་ཞིག་ཕྱག་ཏུ་གཏད་པར་སྒོམ་ཉམས་དྲུག་པ་ཞེས་བྱ་བའི་འདས་རྗེས་བབ་པར་གཟིགས་པས་སྤྲོས་བྲལ་མཆོག་གི་རྟོགས་པ་མངོན་ཏུ་གྱུར། དེ་ནས་ཤྲཱི་སེངྷས་རྡོ་རྗེ་གདན་གྱི་འོག་ནས་སྔར་སྦས་པའི་རྒྱུད་རྣམས་བཏོན་ཏེ་རྫོགས་ཆེན་མན་ངག་སྡེ་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་ན་མེད་པའི་སྐོར་བཞིར་ཕྱེས་ནས་སྐོར་སྔ་མ་གསུམ་བྱང་ཆུབ་ཤིང་གི་ལྷ་ཁང་གི་བྱ་འདབས་སུ་གཏེར་དུ་སྦས། གསང་བ་བླ་ན་མེད་པའི་སྐོར་བཀྲ་ཤིས་ཁྲི་སྒོའི་ཀ་བར་སྨོན་ལམ་གྱི་རྒྱས་བཏབ་ནས་གཏེར་དུ་སྦས་སོ། །དེ་ནས་ཤྲཱི་སེང་ཧ་ལས། ཨོ་རྒྱན་སངས་རྒྱས་གཉིས་པ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མ་ལ་མི་ཏྲ། ལོ་ཆེན་བེེ་རོ་ཙ་ན་རྣམས་ཀྱིས་ཞུས་པ་སྟེ། དེ་ཡན་ཆད་ནི་རིག་འཛིན་བརྡའི་བརྒྱུད་པའོ།།

༣༽གང་ཟག་སྙན་བརྒྱུད།

དེ་ནས་བོད་ཁ་བ་ཅན་གྱི་ཡུལ་འདིར་སྙིང་པོའི་བསྟན་པ་ཇི་ལྟར་དར་ན། སྔོན་བཅོམ་ལྡན་འདས་ཞལ་བཞུགས་པའི་ཚེ་བོད་ཡུལ་འདིར་མིའི་འགྲོ་བ་མེད་པ་ལ་ཕྱིས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲུལ་པའི་སྤྲེའུ་བྲག་སྲིན་གཉིས་ལས་མིའི་འགྲོ་བ་མཆེད། དེ་ཡང་ཆོས་མེད་ཁྲིམས་མེད་གོང་ན་དཔོན་མེད་མགོ་མེད་ཇ་སིག་ཏུ་ཡོད་དུས། རྒྱ་གར་གྱི་རྒྱལ་པོ་དམག་བརྒྱ་པ་ལ་སྲས་གཅིག་འཁྲུངས་པ་དེ། རྐང་ལག་ཐམས་ཅད་ངང་པ་བཞིན་འབྲེལ་པ། སྤྱན་བྱ་མིག་ལྟར་ཡས་འགེབས་པ། དེ་ལྟ་བུ་ཞིག་འདུག་ནས་ཡབ་ཀྱིས་འདི་མི་མ་ཡིན་གྱི་བུ་ཞིག་ཡིན་འདུག་པས་སྤྱུགས་བཏང་བ་གྲགས་ཟེར་ནས་སྲས་ཅུང་ཟད་ནར་སོན་པ་ན་སྤྱུགས་བཏང་བས་ལས་དབང་གིས་རྐང་འཁྱར་ཏེ་བོད་ཡུལ་དུ་ཕེབས། ཕྱུགས་རྫི་འགའ་ཞིག་དང་འཕྲད་དེ། གང་ནས་འོང་སུ་ཡིན་དྲིས་པས་གནམ་ལ་མཛུབ་མོ་བསྒྲེངས་པས། གནམ་གྱི་ལྷ་ཡིན་སྙམ་ནས་ཐམས་ཅད་ཀྱི་གཉའ་བར་ས་རྡོ་ཁུར་ནས་ཁྲི་བརྩིགས་ཏེ་དཔོན་དུ་མངའ་གསོལ་བ་དེ་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཞེས་གྲགས་ཏེ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཡིན། དེ་ནས་རྒྱལ་རབས་མང་ཞིག་སོང་བའི་ཚེ། འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་ཕོ་བྲང་གི་ཐོག་མར་ཡུམ་བུ་བླ་མཁར་གྱི་སྟེང་དུ་སྐུའི་རྟེན་ཙིནྟ་མ་ཎིའི་སྐུ་སྟེ་གཟུངས་ཀྱི་བརྐོས་ཕོར་དང་། གསུང་གི་རྟེན་མདོ་སྡེ་ཟ་མ་ཏོག་བཀོད་པ་དང་། སྤང་སྐོང་ཕྱག་བརྒྱ་པ་རྣམས་དང་། ཐུགས་ཀྱི་རྟེན་ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་རྣམས་བྱུང་སྟེ། དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་འཇམ་དཔལ་རྩ་རྒྱུད་ལས། ལྷ་ཡུལ་ལྡན་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བཱི་རྣམས་རིགས་སུ་འཁྲུངས། །ཞེས་ལུང་བསྟན་པ་ལྟར། རྒྱལ་རབས་ལྔ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོ་བྱུང་སྟེ། མཐའ་འདུལ་དང་ཡང་འདུལ་རུ་ནོན་གྱི་གཙུག་ལག་ཁང་རྣམས་དང་། ལྷ་སའི་ར་ས་འཕྲུལ་གྱི་གཙུག་ལག་ཁང་བཞེངས། རྗེ་བཙུན་སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་ཀོང་ཇོ་དང་། ཇོ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙུན་གཉིས་ཁབ་ཏུ་བསུས་པའི་སྐྱེལ་རྫོངས་སུ་སྟོན་པ་དགུང་ལོ་བཅུ་གཉིས་པ་དང་བརྒྱད་པའི་སྐུ་ཚད་ཅན་གྱི་ཇོ་བོ་རྣམ་པ་གཉིས་སྤྱན་དྲངས། ཐོན་མི་སཾ་བྷོ་ཊས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། རྒྱ་གར་པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་བསླབས་ཏེ། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པའི་རྒྱ་ཆོས་བོད་དུ་འགྱུར་གྱི་མགོ་དེ་དུས་བཙུགས། དེ་ཡང་རྒྱལ་པོ་སྲོང་བཙན་སྒམ་པོས་མཐའ་འཁོབ་ཀྱི་ཡུལ་འདིར། སེམས་ཅན་གྱི་དོན་བྱེད་པ་ལ། ཡི་དམ་གྱི་ལྷ་ཞིག་བཞེངས་དགོས་ཏེ། དེའི་རྒྱུ་གང་ལེགས་དགོངས་ནས། འཕགས་པ་ལ་གསོལ་བ་བཏབ་པས། ཐོ་རངས་ཀྱི་དུས་སུ་སངས་རྒྱས་བྱང་སེམས་ཉན་ཐོས་ལྷའི་བུ་དང་བུ་མོ་ལ་སོགས་པ་ཐམས་ཅད་འདུས་ནས་མགྲིན་གཅིག་ཏུ་རྒྱལ་པོ་ལ་ཚིགས་སུ་བཅད་པ་ཞུས་པའི་དོན་འདི་ལྟར། སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་མགོ་ནག་ཡོངས་ཀྱི་རྗེ་ཁྱེད་ཀྱིས་མ་འོངས་པའི་སེམས་ཅན་ཐམས་ཅད་ཀྱི་མོས་གུས་བསོད་ནམས་བསགས་པའི་རྟེན་ཡི་དམ་ལྷ་ཞིག་བཞེངས་དགོངས་ན། རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་སུ་སིངྒ་ལ་ཡི་རྒྱ་མཚོའི་འགྲམ་རང་བྱོན་ཁ་སརྤ་ཎིའི་རྒྱབ། གླང་ཆེན་ཉལ་བའི་བྱེ་མའི་མགོ་རུ་ཙནྡ་སྦྲུལ་གྱི་སྙིང་པོ་ལས་གྲུབ་པའི་རང་བྱོན་སྤྱན་རས་གཟིགས་ངོ་མཚར་ཅན་ཞིག་དེ་ན་བཞུགས་ཡོད། དེ་ནི་རྒྱལ་པོའི་ཡི་དམ་གྱི་ལྷ་ཡིན། ཞེས་ཟེར་ཏེ་མི་སྣང་བར་གྱུར་ཏོ། དེ་ནས་རྒྱལ་པོའི་སྨིན་མཚམས་ནས་སྤྲུལ་པའི་དགེ་སློང་ཨཱ་ཀར་མ་ཏི་ཤཱི་ལ་ཞེས་བྱ་བར་དབུ་ལ་སངས་རྒྱས་འོད་དཔག་མེད་བཞུགས་པ་ཞིག་སྤྲུལ་ཏེ། ཡི་དམ་དེ་སྤྱན་འདྲེན་པ་ལ་བཏང་ངོ་། དེ་ནས་རྒྱ་གར་ཡུལ་གྱི་མུ་སྟེགས་པའི་རྒྱལ་པོ་བཏུལ། རྒྱ་གར་དང་ཟངས་གླིང་གི་མཚམས་བྱེ་མའི་གླིང་ཙན་དན་སྦྲུལ་གྱི་སྙིང་པོའི་ཁོང་ནས་རང་བྱུང་འཕགས་པ་མཆེད་ལྔ་སྤྱན་དྲངས། གཞན་ཡང་རྒྱལ་པོས། རྒྱ་གར་དང་བལ་པོའི་མཚམས་ཀྱི་ནགས་ཁྲོད་ཆེན་པོ་ཞིག་ན། ཙནྡན་ཧ་རིའི་སྡོང་པོ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་ཡོད་པས་དེ་ལས་རང་བྱོན་འཕགས་པ་མཆེད་བཞི་བྱོན་པར་གཟིགས། ཡང་སྤྲུལ་པའི་དགེ་སློང་དེ་རྟེན་དེ་རྣམས་སྤྱན་འདྲེན་དུ་བཏང་ངོ་། ཙནྡན་དེ་སྟྭ་རེས་བཅད་པ་ན་སྐུ་བཞི་རིམ་བཞིན་བྱོན། དང་པོ་ཇོ་བོ་ཝ་ཏི་མང་ཡུལ་གྱི་སྐྱིད་གྲོང་དུ་བཞུགས། གཉིས་པ་ཇོ་བོ་དབུ་གང་མ་གྲོང་ཁྱེར་ཡམ་བུ་ཡ་འགལ་དུ་བཞུགས། གསུམ་པ་ཇོ་བོ་རྒྱ་མ་ལི་རྒྱ་བལ་གྱི་མཚམས་སུ་བཞུགས། བཞི་པ་དེ་ཉིད་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡི་དམ་འཕགས་པ་ལོ་ཀི་ཤྭ་རི་སྤྲུལ་པའི་དགེ་སློང་གིས་སྤྱན་དྲངས་པ་འདི་ད་ལྟ་རྩེ་ཕོ་བྲང་པོ་ཏ་ལ་ལ་བཞུགས་པ་དེ་ཡིན། ལྷ་སའི་ཇོ་བོ་རང་བྱུང་ལྔ་ལྡན་བཅུ་གཅིག་ཞལ་ཁྱད་པར་དུ་འཕགས་པ་བཞེངས། འདི་ནི་ཆོས་རྒྱལ་འཁོར་བཅས་ཐིམ་ས་ཡང་ཡིན། དེ་ནི་སྤྲུལ་བའི་དགེ་སློང་ཨཱ་ཀར་མ་ཏིས། སངས་རྒྱས་འཁོར་བ་འཇིག་གིས་རབ་གནས་མཛད་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་མཆོད་རྟེན་པདྨའི་བུམ་པའི་ནང་ནས། སངས་རྒྱས་རབ་བདུན་གྱི་རིང་བསྲེལ་བྲེ་གང་བསྣམས་ནས། དེ་ནས་རྒྱ་མཚོའི་གླིང་བྱོན་པ་དང་། འཇག་མ་རེ་རེའི་སྟེང་ན། སངས་རྒྱས་རེ་རེ་བཞུགས་པར་གཟིགས་ནས་འཇག་མ་ཕོན་གཅིག་ཀྱང་བསྣམས་སོ། །དེ་ནས་ཆུ་བོ་ནཻ་རཱཉྫའི་འགྲམ་དུ་བྱོན་པ་དང་། བྱེ་མ་འབྲུ་རེའི་སྟེང་ན་སངས་རྒྱས་རེ་བཞུགས་པར་གཟིགས་ནས་བྱེ་མ་བྲེ་གང་ཡང་བསྣམས་སོ། །ཙནྡ་སྦྲུལ་སྙིང་དང་། གོ་ཤིར་ཥ་དང་། རང་བྱང་ཆུབ་ཀྱི་ལྗོན་ཤིང་གི་ཡལ་ག་དུམ་བུ་རེ་དང་། དབེན་གནས་ཆེན་པོ་བརྒྱད་ཀྱི་ས་སྟེ་དེ་རྣམས་སྤྱན་དྲངས་ཏེ་རྒྱལ་པོ་ལ་ཕུལ་བའོ། །རྒྱལ་པོས་བལ་བོའི་ལྷ་བཟོ་ལ་ཁྱོད་ཀྱིས་འཕགས་པ་བཅུ་གཅིག་ཞལ་ཞིག་བཞེངས་ནུས་སམ་གསུངས། ནུས་ལགས་ཞུས་ཏེ། དེའི་བཟོ་རྒྱུ་རྒྱ་གར་ནས་སྤྱན་དྲངས་པའི་ངོ་མཚར་བའི་རྫས་མང་པོ་བསགས་ཏེ། བ་དམར་དང་ར་དཀར་གྱི་འོ་མ་ལ་སྦྱར་ཏེ། འཇིམ་པའི་ཕུང་པོ་ཆེན་པོ་གཅིག་བྱས། རྒྱལ་པོ་གཟིམས་པའི་དབུ་སྔས་སུ་བཞགནངས་པར་བཅུ་གཅིག་ཞལ་ཡིད་བཞིན་གྱི་ནོར་བུ་རང་བྱོན་དུ་སྣང་བས་ལྷ་བཟོས་བཞེངས་མ་དགོས་སོ། །རྒྱལ་པོ་འདིའི་རིང་ལ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྔ་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ཏེ། དགུང་ལོ་བཅུ་གསུམ་ལོན་པའི་ཚེ་ཡབ་གཤེགས། བཅུ་བདུན་གྱི་བར་དུ་ངམ་ཏ་ར་ཀླུ་གོང་དང་། ལྷ་བཟང་ཀླུ་དཔལ་ལ་སོགས་པའི་བློན་པོ་རྣམས་དང་བགྲོས་ནས་དམག་ཇག་གི་སྒོ་ནས་ཡུལ་ཁམས་མང་པོ་བཏུལ་ཏེ་མངའ་འོག་ཏུ་བཙུད། དེ་ནས་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོས་སྲོལ་བཏོད་པ་སོགས་ཡབ་མེས་གོང་མ་ཐམས་ཅད་ཆོས་ཁོ་ན་མཛད་པར་འདུག་པས། བདག་གིས་དམ་ཆོས་ཁོ་ན་དར་ཞིང་རྒྱས་པ་ཞིག་མཛད་དགོས་དགོངས་ནས། ཆོས་བློན་འགོས་པད་མ་གུང་བཙན་དང་གྲོས་བྱས། བློན་པོ་གཞན་ལ་ཐབས་ཀྱིས་གདམ་ག་བསྐུར་བ་ཏེ། གཙང་པོ་ཟངས་ཀྱི་སྦུབས་སུ་འཇུག་པའམ། ཧས་པོ་རི་རྩེར་ཞང་ཡུལ་མཐོང་བའི་ཤེལ་གྱི་མཆོད་རྟེན་བརྩིག་པའམ། ཝ་ལུང་གྲོག་པོ་གསེར་ཕྱེས་འགེངས་པའམ། གཙུག་ལག་ཁང་ཞིག་བཞེངས་པར་འདོམས་ཞེས་གསུངས། གཙུག་ལག་ཁང་ཞིག་བཞེངས་པར་ཀུན་གྲོས་མཐུན་ནས། ས་འདུལ་མཁན་གྱི་བླ་མཆོད་བཙལ་བའི་ཚེ། རྒྱལ་པོའི་མཆོད་གནས་ཉང་ཏིང་འཛིན་བཟང་པོ་བསམ་ཡས་མཆིམས་ཕུ་ན་བཞུགས་པ་ལ་ཞུས་པས། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་ན་ཆོས་རྒྱལ་གོ་མ་དེ་བྱི་བྱ་བའི་སྲས་པོ་མཁན་ཆེན་ཞི་བ་འཚོ་བཞུགས་པ་ཞི་གནས་ཀྱི་གསལ་སྣང་གིས་མཁྱེན་ཏེ། རྒྱལ་པོ་ལ་གསུངས་པས་རྒྱལ་པོ་དགྱེས་ཏེ་སྦ་མི་ཛྙཱ་ན་ཤྭ་ར་དང་། གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ལ་གཡོག་པོ་གསུམ་གསུམ་གསེར་ཕྱེ་བྲེ་རེ་བསྐུར་ནས་སྤྱན་འདྲེན་དུ་བཏང་བས་ཟ་ཧོར་ས་ཆོད་མཁན་པོའི་དྲུང་དུ་སླེབས། བཀའ་ཕྲིན་གསེར་ཕྱེ་ཕྱག་ཏུ་ཕུལ་བས་མཁན་པོས་དགྱེས་པའི་ཞལ་མདངས་དཀར་པོ་བསྟན་ནས་མྱུར་མགྱོགས་ཀྱིས་བོད་དུ་སྤྱན་དྲངས་པས་ཕེབས། དེ་ནས་མེ་མོ་གླང་ལོའི་ཚེས་ཉི་ཤུ་ལ་བསམ་ཡས་གླིང་བཞི་གླིང་ཕྲན་བཅུ་གཉིས་ཡོད་པ་དང་། ཡཀྴ་ལྟག་འོག་ཉི་ཟླ་གཉིས་ཀྱི་ཚུལ་ཅན་ས་རིས་བཅད་ནས་མཁན་པོས་ས་བཏུལ་ཡང་ཨཱརྱ་པཱ་ལོའི་གླིང་ན་ཀླུ་གནས་པའི་སེ་ཕུང་ཞིག་ཡོད་པ་གཅོད་པར་ཤེས་ནས་ཀླུ་དེས་ལྷ་འདྲེ་ཐམས་ཅད་ར་མདར་སློགདགེ་བསྙེན་ཉེར་གཅིག་དང་མི་དང་མི་མ་ཡིན་རྣམས་ཀྱི་དམག་དཔུང་བསྡུས། ཉིན་མིས་བརྩིགས་པ་རྣམས་མཚན་མོ་ལྷ་འདྲེས་བཤིགས་ཏེ་ས་རྡོ་ཐམས་ཅད་རང་གནས་སུ་བསྐྱལ། དེར་རྒྱལ་པོས་མཁན་པོ་ལ་འདི་ལྟར་ཡོང་བ་བདག་སྒྲིབ་པ་ཆེའམ་མཁན་པོས་བྱིན་གྱིས་མ་བརླབས་སམ། བསམ་པ་མི་འགྲུབ་པ་ལགས་སམ་ཞེས་ཞུས་པས། མཁན་པོའི་ཞལ་ནས། བདག་གིས་བྱང་ཆུབ་ཀྱི་སེམས་འབྱོངས་ཀྱང་ལྷ་འདྲེ་རྣམས་ཞི་བས་མི་ཐུལ་དྲག་པོ་མངོན་སྤྱོད་ཀྱིས་འདུལ་དགོས་པར་འདུགད་ལྟ་རྒྱ་གར་རྡོ་རྗེ་གདན་ན། ཨོ་རྒྱན་པདྨ་འབྱུང་གནས་ཞེས་བྱ་བ། སྐུ་རྫུས་སྐྱེས་སུ་འཁྲུངས་པ། རིག་པའི་གནས་ལྔ་ལ་མཁས་པ། དོན་དམ་གྱི་རྩལ་འབྱོངས་པ། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ། བདུད་བཅོམ་སྡེ་བརྒྱད་བྲན་དུ་ཁོལ་བ། ལྷ་འདྲེ་ཐམས་ཅད་འདར་ཞིང་འབྱུང་པོ་འདུལ་བ་ཞིག་བཞུགས་པ་དེ་སྤྱན་དྲངས་ན། ལྷ་འདྲེ་ཐམས་ཅད་ཀྱིས་འཁུ་མི་ནུས་ཏེ་དེ་ལྟར་ན། རྒྱལ་པོའི་ཐུགས་དགོངས་མཐར་ཕྱིན་པར་འགྱུར་རོ་གསུངས། རྒྱལ་པོས་དེ་འདྲ་སྤྱན་འདྲོང་ངམ་ཞུས་པས། སྔོན་གྱི་སྨོན་ལམ་ཡོད་པས་སྤྱན་འདྲོང་སྟེ། སྔོན་བལ་ཡུལ་དུ་བྱ་རྫི་གསལ་ལེའི་བུ་མོ་བདེ་མཆོག་མ་ལ་རྟ་རྫི། ཕག་རྫི། བྱ་རྫི། ཁྱི་རྫི་བཞིས་བཤོས་པའི་བུ་བཞིར་གྱུར་དུས་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་ཏེ་བུམ་པ་མ་ཐོགས་གོང་ནི་མ་ཚེ་དུས་བྱས་པས་དམ་ཚིག་གི་ལྷ་མོ་པྲ་མོ་ཧར་སངས་རྒྱས་སོང་། དེ་བུ་བཞིས་འདུས་ནས་གྲོས་བྱས་མཆོད་རྟེན་འཕྲོ་མཐུད་ནས་བུམ་པ་བཏགས་ནས་བུ་རེས་སྨོན་ལམ་རེ་བཏབ་པ་སྟེ། ཆེ་བ་རྟ་རྫི་བུས་མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུས་བདག་ས་བདག་མགོ་ནག་རྒྱལ་པོར་སྐྱེ་བར་ཤོགཅེས་སྨོན་ལམ་བཏབ་པས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཡིན། དེ་འོག་ཕག་རྫི་བུ་ཡིས་སྨོན་ལམ་བཏབ་པ་ནི་མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུས་རིག་འཛིན་སྔགས་འཆང་དགོངས་རྒྱུད་དག་པར་རྫུས་ཏེ་སྐྱེས་ནས་ལྷ་འདྲེ་མི་གསུམ་འདུལ་བར་ཤོག་ཅེས་སྨོན་ལམ་བཏབ་པ་མཐུ་བཙན་པས་གུ་རུ་པདྨ་འབྱུང་གནས་ཡིན། དེ་འོག་ཁྱི་རྫི་བུ་ཡིས་སྨོན་ལམ་བཏབ་པ་ནི་མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུས་བསྟན་པའི་གཞི་མ་དགེ་འདུན་མཆོག་ཏུ་ཤོག་ཅེས་སྨོན་ལམ་བཏབ་པས་མཁན་པོ་བོ་དྷི་ས་ཏྭ་ཡིན། བྱ་རྫི་བུས་སྨོན་ལམ་བཏབ་པ་ནི་ཁྱོད་ཕུ་བོ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་བསྲུང་སྐྱོང་གསུམ་བྱེད་འདུག་པས་ངས་མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུས་སྤུན་ཟླ་རྣམས་ཀྱི་འཕྲིན་བློན་བྱེད་པར་ཤོག་ཅེས་སྨོན་ལམ་བཏབ་པས་ཡར་ལུང་སྦ་མི་ཁྲི་གཞེར་ཡིན་པ་སོགས་སྨོན་ལམ་བཏབ་པའི་ལོ་རྒྱུས་རྣམས་གསུངས་ཏེ། སྦ་ཁྲི་བཞེར། རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། ཤུད་པུ་དཔལ་གྱི་སེངྒེ་རྣམས་ལ་གསེར་ཕྱེ་བྲེ་རེ། གསེར་གྱི་པ་ཏྲ་རེ་བསྐུར་ནས་རྒྱ་གར་ལ་བརྫངས། དེ་རྣམས་ཀྱིས་སློབ་དཔོན་བོད་ཡུལ་དུ་གཙུག་ལག་ཁང་གི་ས་གཞི་བྱིན་གྱིས་རློབ་པར་འབྱོན་དགོས་པའི་ཞུ་བ་ཕུལ་བས་ཞལ་གྱིས་བཞེས་ཏེ་རིམ་བཞིན་བྱོན་ནས། ལམ་དུ་བརྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། རྡོ་རྗེ་ལེགས་པ་སོགས་དགེ་བསྙེན་ཉེར་གཅིག་ལ་སོགས་པ་བོད་ཡུལ་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་བྲག་དམར་མགྲིན་བཟང་དུ་ཕེབས། ཧཱུཾ་ཉོན་ཅིག་པད་འབྱུང་བཀའ་ལ་ཉོན་སོགས་གསུངས་ནས་རྡོ་རྗེས་གར་མཛད་དེ་མི་མིན་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཞག་ནས་གཙུག་ལག་ཁང་གི་ས་བཏུལ་ཏེ། ས་ཕོ་སྟག་ལོའི་སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ཕུར་བུ་དར་བ་འབྲུག་དང་སྐར་མ་ལག་སོར་ཉིན་པར་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ནས་རྩིག་རྨང་བཙུགས་པ་སོགས་མཛད་ནས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དབུ་རྩེ་རིམ་གསུམ་ནི་རྒྱ་གར་རྒྱ་ནག་བོད་ཀྱི་ལུགས་གསུམ་དང་ལྡན་པ། ཤར་སྒོ་འཇམ་དཔལ་གླིང་། ལྷོ་ཕྱོགས་ཨཱརྱ་པ་ལོའི་གླིང་། ནུབ་བྱམས་པ་གླིང་། བྱང་སེམས་བསྐྱེད་གླིང་སྟེ་གླིང་བཞི། སྒྲ་བསྒྱུར་རྒྱ་གར་གླིང་། བརྡ་སྦྱོར་ཚང་མང་གླིང་། བདུད་འདུལ་སྔགས་པ་གླིང་། མི་གཡོ་བསམ་གཏན་གླིང་སོགས་གླིང་ཕྲན། ཡག་ཤ་ལྟག་འོག་ཉི་མ་དང་ཟླ་བ། ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ་མདོར་ན་འདུལ་བ་ལྟར་ན་གཙུག་ལག་ཁང་། མདོ་སྡེ་ལྟར་ན་ཞིང་ཁམས་ཀྱི་ཆགས་ཚུལ། མངོན་པ་ལྟར་ན་སྣོད་བཅུད་ཀྱི་ཆགས་དབྱིབས། གསང་སྔགས་ལྟར་ན་དཀྱིལ་འཁོར་གྱི་ཚུལ་དུ་བཞེངས། མཁན་པོ་དང་། སློབ་དཔོན་པདྨ། བི་མ་ལ་མི་ཏྲ་གསུམ་གྱིས་རྟེན་བརྟེན་པ་དང་བཅས་པ་ལ་རབ་གནས་མེ་ཏོག་ལན་གསུམ་དུ་འཐོར། ངོ་མཚར་གྱི་ལྟས་དང་ཆོ་འཕྲུལ་མང་དུ་བྱུང་། དེ་ནས་མཁན་པོས་འདུལ་བ་དང་། མདོ་ལུགས་ཀྱི་སྲོལ་བཟུང་། སློབ་དཔོན་པདྨ་དང་། བི་མ་མི་ཏྲས་སྔགས་ཀྱི་བསྟན་པ་བཙུགས། དེའི་དུས་སུ་ཨོ་རྒྱན་སངས་རྒྱས་གཉིས་པ་དང་། པཎ་ཆེན་བི་མ་མི་ཏྲ་གཉིས་ཀྱིས། ཐུགས་སྲས་རྗེ་འབངས་གྲོགས་གསུམ། ཉང་དབེན་ཏིང་འཛིན་བཟང་པོ་ལ་སོགས་པ་སྣོད་དང་སྐལ་བར་ལྡན་པ་རྣམས་ལ་ཤན་འབྱེད་ལ་བཟླ་རང་གྲོལ་མངོན་སུམ་དུ་སྟོན་པ་རྫོགས་ཆེན་ཨ་ཏི་ཡོ་ག་ལ་སོགས་པ་ནང་རྒྱུད་ཡོ་ག་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེ་ཕྱིན་ཆད་ཀྱི་བརྒྱུད་པ་ལ་གང་ཟག་སྙན་བརྒྱུད་དུ་གྲགས། དེར་མ་ཟད་ཨོ་རྒྱན་སངས་རྒྱས་གཉིས་པས་སྦྱོར་སྟོད་ཏི་སྒྲོ་བྲག་ཏུ་མཁར་ཆེན་མཚོ་རྒྱལ་ལ་གདམས་ངག་ཆིག་བརྒྱུད་དུ་ལྐོག་ཆོས་སུ་གདམས། སླར་ཡང་མངའ་བདག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་ལ་མཚོན་བྱ་དོན་གྱི་ཡེ་ཤེས་དེ་སྨོན་ལམ་དབང་བསྐུར་གྱི་རྒྱས་བཏབ་ཏེ་མཚོན་བྱེད་བརྡ་ཡི་ཚིག་བརྒྱུད་དུ་ཡི་གེ་བཀོད་དེ་གཏེར་དུ་སྦས་པ་ཕྱིས་སུ་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་པའི་མཁའ་འགྲོ་སྙིང་ཐིག་ལ་སོགས་པ། མདོར་ན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་རང་རང་ལས་འཕྲོས་དབང་བའི་ཆོས་བཀའ་བསམ་གྱིས་མི་ཁྱབ་པ་ཞིག་གནང་སྟེ་དཔེ་རྒྱུད་ཤོག་སེར་ལ་བྲིས་ནས་གཏེར་དུ་སྦས། མ་འོངས་རྗེས་འཇུག་གི་དོན་དུ་སྨོན་ལམ་གཏད་རྒྱ་དང་བཅས་ཏེ་མཛད་པ། ཕྱིས་ལུང་བསྟན་དུས་ལ་བབས་པ་ན་སྔོན་གྱི་སྨོན་ལམ་ལ་དབང་བའི་གྲུབ་ཐོབ་སྤྲུལ་པའི་སྐུ་གློ་བུར་བ་རེ་བྱོན་ཏེ་ཟབ་མོ་གཏེར་གྱི་སྒོ་ཕྱེས་ལས་ཅན་གྱི་གང་ཟག་མང་པོ་རྗེས་སུ་བཟུང་སྟེ་འགྲོ་དོན་མཛད་པ་རྣམས་ལས་བརྒྱུད་པ་ནི། གོང་དུ་བཤད་པའི་བརྒྱུད་པ་གསུམ་གྱི་སྟེང་དུ་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པའམ་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ་དང་དྲུག་གོ། དེའི་ཐོག་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ། སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ། ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་དང་དགུ་སྟེ། སྔ་འགྱུར་བརྒྱུད་པ་དྲུག་ལྡན་ནམ་དགུ་ལྡན་ལ་སོགས་པར་གྲགས་པ་ཡིན་ནོ། །དེ་ལྟར་སྤྲུལ་སྐུ་གཏེར་སྟོན་གྲངས་མེད་པ་འབྱུང་བ་ལས་འདིར་རིག་འཛིན་འཇིགས་མེད་གླིང་པ་ནི་འཕགས་པ་སེམས་ཉིད་ངལ་གསོ་དངོས་སུ་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་ནས། ཨོ་རྒྱན་སངས་རྒྱས་གཉིས་པ། པཎ་ཆེན་བི་མ་མི་ཏྲ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་སོགས་པ་ལས་དགོངས་བརྡ་སྙན་བརྒྱུད་ཀྱི་བརྒྱུད་གསུམ་ཆིག་རྫོགས་སུ་བླངས་ཏེ། ལས་དང་སྐལ་བར་ལྡན་པའི་གང་ཟག་རྣམས་ལ་བསྟན་པ་ཡོངས་རྫོགས་ཀྱི་ཆོས་འཁོར་བསྐོར་ཞིང་མངོན་པར་རྫོགས་པའི་སངས་རྒྱས་སུ་བཞུགས་པ་ཡིན་ཏེ། ཇི་སྐད་དུ། ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་དམ་པ་སངས་རྒྱས་དངོས། །ཞེས་པ་ལྟར་རོ། །དེས་ན་རྗེ་བླ་མ་རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞལ་ནས་ཀྱང་། ཁྱེད་རྣམས་ཀྱིས་ཉམས་སུ་ལེན་ཅིང་གསོལ་བ་འདེབས་ནུས་ན། ང་ཡི་བླ་མ་རྡོ་རྗེ་འཆང་རྗེ་བཙུན་འགྲོ་བའི་མགོན་པོ་ཀུན་མཁྱེན་འཇིགས་མེད་གླིང་པ་དེ་ཉིད་བསྟོད་འདོད་དང་མོས་གུས་ཀྱི་དབང་གིས་བཞག་པ་ཙམ་མ་ཡིན་པར་ངེས་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་གང་ཟག་མི་ཡི་ཚུལ་བཟུང་སྟེ་སེམས་ཅན་གྱི་དོན་དུ་བྱོན་པ་ཞིག་ཡིན་ལ། ཀུན་མཁྱེན་འཇིགས་མེད་གླིང་པ་ནི་ཡུལ་དབུས་གཙང་གཡོ་རུའི་འཛིན་མ་ལ་སྐུ་བལྟམས། ཡོངས་འཛིན་དགེ་བའི་བཤེས་གཉེན་མང་པོར་བསྟེན། བཀའ་གཏེར་གསར་རྙིང་གི་ཆོས་བཀའ་ཅི་རིགས་པ་ཐམས་ཅད་ཐུགས་ཉམས་སུ་བཞེས། སྐྱེ་བའི་ཐོག་པའི་མཁྱེན་རབ་ཕུལ་བྱུང་གི་སྟོབས་ཀྱིས་མདོ་རྒྱུད་རིགས་གནས་དང་བཅས་པ་ལ་མ་སྦྱངས་པར་མཁས་པའི་རྩེ་མོར་སོན། མཆིམས་ཕུ་དཔལ་གྱི་དབེན་གནས་གསང་ཆེན་མེ་ཏོག་ཕུག་སོགས་སུ་སྒྲུབ་པ་མཛད། ཨོ་རྒྱན་སངས་རྒྱས་གཉིས་པ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་བྱིན་བརྒྱུད་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་བརྙེས། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་གྲོལ་བས་སྣང་གྲགས་བརྡ་དང་དཔེ་ཆར་ཤར། སྒོམ་བྱུང་གི་ཤེས་རབ་ཀློང་རྡོལ་ནས་རང་གཞན་གྲུབ་མཐའ་རྒྱ་མཚོ་ལ་མི་འཕྲོག་པའི་ཤེས་རབ་ཀྱི་རྩལ་འབར་བ་དེ་ལྟ་བུ་ཞིག་ཡིན། དེ་དང་ཁྱེད་ཚོའི་བར་ང་མ་གཏོགས་བརྒྱུད་པ་གཞན་གྱིས་ཆོད་པ་མེད། ངས་ཀྱང་བླ་མ་རྡོ་རྗེ་འཆང་དང་པོ་མཇལ་ནས་བཟུང་སྟེ་ཅི་གསུང་བཀའ་བཞིན་བསྒྲུབས། ཞབས་ཏོག་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་པ་མ་གཏོགས་ཐ་ན་སྤྱན་ལོག་ཅིག་གཟིགས་པ་ཙམ་གྱི་ཡང་ཐུགས་ལ་མི་འབབ་པའི་བྱ་བ་བྱེད་མ་མྱོང་བས་ན། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡས་མ་གོས་པ་ཞིག་ངེས་པར་ཡིན་པས་བྱིན་རླབས་ཀྱི་བརྒྱུད་པ་གཞན་དང་མི་འདྲ་བ་ཞིག་ཡིན། ཞེས་གསུངས། དེ་དག་ཀྱང་རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་པ་ལྟར། བརྒྱུད་པ་ཁུངས་ལ་ཐུག་པའི་ཆེ་བ་དང་། ལོ་རྒྱུས་བཤད་པས་རྗེས་འཇུག་ཡིད་ཆེས་བསྐྱེད་པའི་དགོས་པ་ཡོད་པ་ཡིན་པས་ན། འདིར་བླ་མའི་རྣལ་འབྱོར་དང་འབྲེལ་ནས་བཤད་པ་ཡིན་ནོ། །དེ་ལྟ་བུའི་བླ་མའི་རྣལ་འབྱོར་གྱི་བསྙེན་པའི་ཚད་ཀྱང་འབུམ་ཕྲག་བརྒྱ་ཐམ་པ་ཁོ་ན་ཡིན་ཏེ་ཅི་ནས་ཀྱང་འགྲོ་ངེས་པར་བྱ་དགོས་སོ། །དེ་ལྟར་མ་བྱས་པར་སྔོན་འགྲོའི་ཆོས་འདི་དག་ལ་དེ་ཙམ་གལ་མི་ཆེའམ་སྙམ་པའམ། དངོས་གཞིའི་ཆོས་ཀྱི་ཟབ་ཟབ་མོའི་ཁ་སྐད་ལ་རེ་ནས་སྔོན་འགྲོ་ཉམས་སུ་ལེན་ལོང་མེད་པར་བསྐྱེད་རྫོགས་སོགས་བསྒོམ་ལོ་བྱེད་པ་རྣམས་ནི། འཇིག་རྟེན་པའི་ཁ་སྐད་ལ། མགོ་མ་ཚོས་གོང་ལྕེ་སྙབས། །མལ་མ་དྲོས་གོང་རྡོག་པ་རྐྱོང་། །ཟེར་བ་ལྟར། སྔོན་འགྲོའི་ཆོས་གཞུག་ཤོར་པའི་ཉམས་ལེན་ལ་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་ཅིང་། དྲོད་རྟགས་ཏེ་ལམ་རྟགས་ཀྱི་ཡོན་ཏན་གློ་བུར་བ་ཅུང་ཟད་སྐྱེས་ཀྱང་བརྟན་པ་མེད་པ་རྩིག་རྨང་མ་བླངས་པའི་མཁར་དང་འདྲའོ། །གལ་ཏེ་སྔོན་འགྲོའི་དུས་སྦྱངས་པ་སོགས་བྱེད་ཁུལ་བྱས་ཀྱང་། དངོས་གཞིའི་དུས་དེ་དག་སྔོན་འགྲོའི་ཆོས་ཡིན་པས་ད་ནི་མི་དགོས་སོ་སྙམ་དུ་འདོར་བ་ཡང་དེ་དང་འདྲ་སྟེ། ལམ་གྱི་གཞི་རྟེན་སྔོན་འགྲོའི་ཆོས་དོར་བས་གྱང་མེད་པའི་རི་མོ་ལྟར་ཁྱད་གཞི་མེད་པས་ཁྱད་ཆོས་ཆོས་ཀྱི་རྩ་བ་ཆད་པ་ཡིན་པས་ན། དུས་དང་རྣམ་པ་ཐམས་ཅད་དུ་སྔོན་འགྲོའི་ཆོས་འདི་དག་ལ་ངེས་ཤེས་བཅོས་མ་མ་ཡིན་པ་རེ་སྐྱེས་སྐྱེས་སུ་འབད་ཅིང་། ཁྱད་པར་བྱིན་རླབས་ཀྱི་འཇུག་སྒོ་བླ་མའི་རྣལ་འབྱོར་འདི་ཁོ་ན་ལ་ཉམས་ལེན་གྱི་མཐིལ་གཏད་དེ་འབད་པ་ནི་གནད་དམ་པ་ཡིན་ནོ། །དྲིན་ཆེན་བླ་མ་སངས་རྒྱས་དངོས་མཐོང་ཡང་། །རང་གཤིས་གྱོང་བས་དམ་པའི་བཀའ་ལས་འགོངས། །ཁམས་གསུམ་སེམས་ཅན་ཕ་མར་གོ་ན་ཡང་། །གདུག་རྩུབ་ཆེ་བས་མཆེད་ལ་ཚིག་རྩུབ་ཤོར། །བདག་དང་བདག་འདྲ་ལས་ངན་སེམས་ཅན་རྣམས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །ཞི་དུལ་དེས་ཤིང་མཉེན་ལྕུག་ལྡན་པ་ཡིས། །དགེ་བའི་བཤེས་གྲོགས་བསྟེན་པར་བྱིན་གྱིས་རློབས། །རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་བསྐྱེད་པ། བྱིན་རླབས་ཀྱི་འཇུག་སྒོ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ།། །།ཞེས་གསུངས་ཤིང་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།།

ཛ༽ཉིན་བཅུ་དགུ་བར་༼ཕཊ༽འཕོ་བའི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽མཚམས་སྦྱོར་གྱི་གདམས་ངག

མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐུགས་ལ་བཅངས་ཏེ་དམ་པའི་ཆོས་གསན་དགོས། སྤྱིར་གཅིག་གིས་སྣ་ཁྲིད་དེ་གཞན་དག་དེའི་རྗེས་སུ་འགྲོ་བ་དང་། གཅིག་གིས་བསླབས་ཤིང་གཞན་དག་གིས་དེ་ལ་སྦྱོང་བར་བྱེད་པ་དེ། ཆོས་དང་འཇིག་རྟེན་འཕྲལ་མཁོའི་བྱ་བ་ཡན་ཆད་ལ་མང་བ་ཡིན། དགེ་རྒན་དང་སློབ་ཕྲུག་གི་བར། སློབ་དཔོན་དང་སློབ་མའི་བར། ཕ་མ་དང་བུ་རྒྱུད་ཀྱི་བར། བླ་མ་དང་སློབ་མའི་བར་ལ་སོགས་ཐམས་ཅད་གཅིག་གི་རྗེས་སུ་གཅིག་གིས་དེད། གཅིག་གི་ལད་མོར་གཅིག་གིས་བྱེད་པ་དེ་འདྲ་འཇིག་རྟེན་ན་མང་ལ། འོན་ཀྱང་སྤྱིར་ན་ཆོས་འཆད་ཉན། དེའི་ནང་ནས་ཐེག་པ་ཆེན་པོ། དེ་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ནས་ཟབ་ཁྲིད་མན་ངག་གི་གདམས་པ་འཆད་ཉན་བྱེད་རྒྱུ་འདི་ནི། གོང་དུ་བཤད་པའི་འཇིག་རྟེན་གྱི་བཟོ་རིག་ལག་རྩལ། ཐ་སྙད་ཡིག་རྩིས་སློབ་ཁྲིད་དང་མི་འདྲ་བས། དཔལ་སྤྲུལ་སང་གིས། བླ་མར་གླ་བ། ཆོས་ལ་གླ་རྩིའི་འདུ་ཤེས་སོགས་འཇོག་མི་ཉན་གསུངས་པ་ལྟར། ཆོས་ཞུ་དུས་ནད་པས་སྨན་པ། མགྲོན་པོས་སྐྱེལ་མ། ཚོང་བས་དེད་དཔོན་བསྟེན་པ་ལྟ་བུའི་འདུ་ཤེས་འཇོག་དགོས། རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་དགོས་ན། གཟིངས་ཆེན་པོར་ཞུགས་ནས་དེད་དཔོན་མཁས་པ་ཉམས་མྱོང་དང་ལྡན་པ་ཞིག་ལ་བསྟེན་ནས་སོང་ན། གཞི་ནས་ནོར་བུ་རྙེད་ཅིང་དོན་འགྲུབ་པར་འོང་། དེ་ལས་ལྡོག་ན་ནོར་བུ་ལོན་པ་ལྟ་ཅི་རང་སྲོག་ཆུ་ལ་ཤོར་བའི་ཉེན་ཁ་ཡོད། དཔེ་དེ་བཞིན་གསང་སྔགས་ཀྱི་ཆོས་སྒོར་ཞུགས་པ་ནི་ཁེ་ཆེ་ལ་ཉེན་ཆེན་པོ་དང་ཡང་ལྡན་པ། ཡང་ན་ཕུང་ཡང་ན་འཚེང་བ་གཉིས་ལས་འགྲོ་ས་མེད་པས་སྦྲུལ་སྨྱུག་སྦུབས་ནང་བཅུག་པ་ལྟ་བུ་ཡར་མར་གཉིས་ལས་འགྲོ་ས་གསུམ་པ་མེད། ཁྱད་པར་དུ་རྡོ་རྗེ་ཐེག་པའི་སྔགས་ལམ་ལ་ཞུགས་ནས། དབང་བསྐུར། རྒྱུད་བཤད།མན་ངག་ཟབ་མོའི་མྱོང་ཁྲིད་དམ་ལག་ཁྲིད་ཀྱི་རིགས་འདི་ལྟ་བུ་ཞུ་དུས། འཁོར་བ་ལ་ངེས་འབྱུང་གི་བློ་དང་། སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྙིང་རྗེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་མི་འབྲལ་བའི་ཐོག་ནས། བླ་མ་དང་ཆོས་ལ་དད་ཅིང་འདུན་པའི་མོས་གུས་ཁོ་ནས་བྱིན་རླབས་འདྲེན་པ་མ་གཏོགས། ལག་བཟོ་ས་རིས་སློབ་པ་ལྟ་བུ་དང་། ཞིང་པས་རྨོ་རྐོ་སོ་ནམ། འབྲོག་པས་གཞོན་བཞོ་འོ་གཡུགདེང་གི་ཡིག་རིགས་སྐད་རིགས།གློག་རྡུལ་རྩིས་འཕྲུལ། འཕྲུལ་འཁོར་སྒུལ་བསྐྱོད་ཀྱི་ལག་རྩལ་ལྟ་བུར། སྦྱོང་ཟིན་དུས་ཚར་སོང་བ་དེ་ལྟར་མ་ཡིན། དེས་ན་དུས་ནམ་དང་ནམ་དུ་ཡང་བློ་ལྡོག་རྣམ་བཞི་འདི་དང་འབྲལ་མི་རུང་བས། བློ་ལྡོག་རྣམ་བཞིས་བློ་སྦྱངས་ནས་འཁོར་བར་ཞེན་པ་གཏིང་ནས་ལོག་ཡོད་ན་བློ་འབྱོངས་པའི་རྟགས་ཡིན། དཔལ་སྤྲུལ་རིན་པོ་ཆེས། སྲིད་པའི་འགྲོ་བ་ཞིང་རྡུལ་ལས་མི་ཉུང་། །བདེ་བའི་རྣམ་འགྱུར་ཉིན་སྐར་ལས་དཀོན་ན། །འགྲོ་བའི་གནས་འདིར་སུ་ཞིག་མི་སྐྱོ་སྟེ། །བདེ་བཤེགས་ཆོས་ལ་རབ་དགའ་ཅིས་མི་སྐྱེ། །ཞེས་གསུངས་པ་ལྟར་དུ་འཁོར་བར་ཞེན་ལོག་གི་ངེས་འབྱུང་གིས་རྒྱུད་བསྐུལ་ནས། ཐར་པ་དམ་པ་བདེ་བར་གཤེགས་པའི་བསྟན་པའི་ལམ་མ་ནོར་བ་གསུང་རབ་དམ་པའི་ཆོས། འཁོར་བའི་འཇིགས་པ་ལས་སྐྱོབ་པའི་ཐབས་ཁྱད་པར་ཅན་གྱི་ལམ་དེར་འཇུག་དགོས། འོན་ཀྱང་རང་དོན་ཡིད་བྱེད་ཀྱིས་འཚང་རྒྱ་མི་ཐུབ་ཅིང་། ཞི་བ་ཕྱོགས་གཅིག་པའི་མཐར་ལྷུང་སོང་ན་མ་སེམས་ཅན་ཐམས་ཅད་འཁོར་བའི་གནས་སུ་བསྐྱུར་ནས་རང་ཉིད་གཅིག་པུའི་ཞི་བདེ་གཉེར་བར་བློས་ཇི་ལྟར་བཟོད། ཁྱེད་རྣམས་ཅི་རེད་ན་རེད་ང་རང་གཅིག་པུ་མགོ་ཐོན་དགོས་ཁི་ཟེར་ན་འཇིག་རྟེན་ལུགས་ལའང་ཕོ་ཐ་མའི་བསམ་པ་རེད། ང་ཅི་རེད་ན་རེད་སེམས་ཅན་ཐམས་ཅད་ཉེན་ཁ་ལས་བསྐྱབས་པར་བྱའོ་སྙམ་པའི་གཞན་ཕན་སྐད་ཅིག་མ་རེ་སྐྱེས་པའི་ས་བོན་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་ཐོབ་པའི་རྣམ་ཐར་དང་ལོ་རྒྱུས་ཡོད་པ་ནི་གོང་བཤད་ལྟར། བྱ་ས་ཀོ་ཁའི་བང་ཆེན་པ་ཆུ་ནང་འཆོངས་པའི་དཔེ་དང་། བདག་ཅག་གི་སྟོན་པ་སྔོན་ཁྱིམ་བདག་མཛའ་བོའི་བུ་མོར་སྐྱེས་པའི་ལོ་རྒྱུས་སོགས་ལྟ་བུ་ཡིན། དེས་ན་བློ་མ་སྦྱངས་ན་རང་དོན་ཁོ་ན་སྒྲུབ་པའི་བསམ་སྦྱོར་འདི་སྤོང་མི་ནུས། རང་དོན་ཁོ་ན་བསྒྲུབས་ནས་མཐར་ཐུག་གི་འབྲས་བུ་ཐོབ་སོང་བའི་དཔེ། ཆོས་དང་འཇིག་རྟེན་གཉིས་ཀ་ན་མེད་དེ། རྒྱལ་སྲས་ཞི་བ་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལས་བྱུང་། །ཞེས་གསུངས་པས་འཇིག་རྟེན་ཁམས་ཀྱི་བདེ་བ་དང་ལེགས་ཚོགས་ཐམས་ཅད་གཞན་ལ་ཕན་པའི་བསམ་པ་ལས་བྱུང་བ་དང་། འཇིག་རྟེན་ཁམས་ཀྱི་སྡུག་བསྔལ་ཇི་སྙེད་ཐམས་ཅད་བདག་རང་དོན་ཁོ་ན་སྒྲུབ་པ་ལ་བརྟེན་ནས་འཁོར་བའི་གནས་སུ་སྡུག་བསྔལ་མྱོང་བ་ཤ་སྟག་ཡིན། དེ་ཉིད་ཀྱིས། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པས་རང་གི་དོན་བྱེད་དང་། །ཐུབ་པས་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་པ་ལྟར་འདིའི་ཐད་མང་དུ་བཤད་ཅི་དགོས་བྱིས་པ་སོ་སོའི་སྐྱེ་བོས་རང་དོན་ཁོ་ན་བསྒྲུབས་ཀྱང་མ་འགྲུབ་ནས་འཁོར་བའི་སྡུག་བསྔལ་མྱོང་བ་དང་། ཐུབ་པ་བཅོམ་ལྡན་འདས་ཀྱིས་གཞན་དོན་ཁོ་ན་མཛད་པས་རང་གཞན་གཉིས་ཀའི་དོན་འགྲུབ་ནས་མཐའ་གཉིས་ལ་མི་གནས་པའི་ཞི་བ་དམ་པའི་གོ་འཕང་བརྙེས་པའི་ཁྱད་པར་ལ་ལྟོས་དང་ཤེས་ནུས་གསུངས། མངོན་སུམ་ཚད་མས་བལྟས་ཀྱང་འཇིག་རྟེན་ཕྱོགས་ནས་བསམས་ན་རང་འདོད་ཁོ་ན་སྒྲུབ་པའི་མིའི་བྱ་བའི་མཐར་བཟང་པོ་མི་འོང་། གཞན་དོན་སྤྱི་སེམས་ཅན་སྤྱི་ཕན་རྣམ་དག་སྒྲུབ་པའི་མིས་རང་དོན་མ་འགྲུབ་ནས་མཐར་ཕམ་པའི་དཔེ་མེད། ཆོས་ཕྱོགས་ལ་བསམས་ན་ཉན་རང་རྣམས་ཀྱིས་རང་དོན་ཞི་བདེ་དོན་དུ་གཉེར་ཡང་བྱང་ཆུབ་སེམས་དཔའི་སའི་ཡོན་ཏན་དང་སངས་རྒྱས་ཀྱི་འབྲས་བུའི་ཡོན་ཏན་ཐམས་ཅད་མ་ཐོབ་པ་ཡིན། དེས་ན་འོ་ཅག་གིས་ཆོས་ཚིག་བཞི་བའི་ཚིགས་སུ་བཅད་པ་གཅིག་ཙམ་ལས་མ་བཤད་ཀྱང་ཐམས་ཅད་ཀྱི་འགོར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟེར་བའི་རྒྱུ་མཚན་ཡང་སྙིང་རྗེས་ཀུན་ནས་བསླངས་ཏེ་བྱང་ཆུབ་ཀྱི་སེམས་མཆོག་བསྐྱེད་དེ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་དོན་ལ་ཐུག་ཡོད། སྤྱིར་སྙིང་རྗེ་ཕྱོགས་རེ་བ་ཙམ་ནི་སུ་ལའང་ཡོད་དེ། ཤ་ཟ་སྲིན་པོ་ཡིན་ཡང་བུ་མི་ཟ། །རི་སྤྱང་སྔོན་མོ་ཡིན་ཡང་མ་མི་གསད། །ཟེར་བ་ལྟར་རང་གིས་ཕ་མ་བུ་རྒྱུད་དང་ཁྱིམ་བཟའ་ཚང་ལ་བརྩེ་བ་ཙམ་ལ་སྙིང་རྗེ་ཆེན་པོ་མི་ཟེར་བས་སྙིང་རྗེ་ཉི་ཚེ་བ་ཡིན། དེ་ནི་བྱམས་དང་སྙིང་རྗེ་ཆེན་པོ་མ་ཡིན། དང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་ཀྱི་བསམ་པ་དེ་ཡིན། དེ་ཉིད་མ་སྐྱེས་པ་སྐྱེ་བའི་ཐབས་ཚད་མེད་བཞིས་བློ་སྦྱོང་དགོས། མི་ཉམས་པ་གོང་ནས་གོང་དུ་འཕེལ་བའི་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་དེའི་བསླབ་བྱ་ལ་སློབ་དགོས་པ་ཡིན། དེ་འདྲའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་དང་པོ་མ་སྐྱེས་པ་སྐྱེ་བའི་ཐབས་དང་། བར་དུ་སྐྱེས་པ་མི་ཉམས་པའི་ཐབས་དང་། མཐར་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་བརྩོན་དགོས། དེའི་ཐབས་མཆོག་ནི་རྒྱས་པར་ཕྱེ་ན་ཚད་མེད་བཞི། འབྲིང་དུ་ཕྱེ་ན་བྱམས་སྙིང་རྗེ་གཉིས། གཅིག་ཏུ་བསྡུ་ན་སྙིང་རྗེ་ཉག་མ་གཅིག་པོ་དེ་ལ་ཐུག་པས། མ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་མེད་པའི་སྙིང་རྗེ་ཆེན་པོ་ཞིག་ཡོད་དགོས། སེམས་ཅན་སྡུག་བསྔལ་ཅན་མཐོང་དུས་སྙིང་རྗེའི་ཤུགས་ཀྱིས་མིག་ནས་མཆི་མ་འབབ་པ་ཞིག་བྱུང་ན་སྙིང་རྗེ་འབྱོངས་པའི་ཚད་ཡིན་གསུངས། ད་སྔ་ཉི་མ་ཡན་ཆད་རང་གཅེས་འཛིན་འབའ་ཞིག་བྱས་ནས་གཞན་ཡལ་བར་དོར་བའི་འབྲས་བུ་རང་གཞན་གཉིས་ཀའི་དོན་མ་འགྲུབ་ནས་འཁོར་བར་འཁྱམས་པ་འདི་ཡིན། བཅོམ་ལྡན་འདས་ཐུབ་པའི་དབང་པོས་རང་ཡལ་བར་དོར་ནས་གཞན་གཅེས་པ་བཟུང་སྟེ་གཞན་དོན་འབའ་ཞིག་མཛད་པས་མངོན་པར་རྫོགས་པར་སངས་རྒྱས་ཟིན་ནི་རེད། དེས་ན་ལམ་ལ་ཞུགས་པའི་གང་ཟག་གིས། ལམ་འོག་མ་བསྒོམས་ཤིང་བསྒོམས་ནས། ལམ་གོང་མར་ཐོབ་འདོད་ཇེ་ཆེར་འགྲོ་བ་དང་། གོང་མ་གོང་མ་རྣམས་ཉན་ཞིང་ཉན་ནས། འོག་མ་འོག་མ་རྣམས་སྒྲུབ་འདོད་ཇེ་ཆེ་འགྲོ་ནི་ཞིག་དགོས་ཏེ། འོག་མ་བསྒྲུབས་ནས་གོང་མ་ཐོབ་དགོས། གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་ཉམས་ལེན་བྱེད་དགོས། ལམ་སྒོམ་པའི་ཚེ་མི་སོ་སོའི་རྒྱུད་ཚོད་མི་འདྲ་བས་མི་གཅིག་གི་ཆ་ཚད་དེས་མི་ཚང་མ་ལ་འགེབས་རྒྱུ་ཡོད་པ་མ་རེད། རང་གིས་རང་གི་རྒྱུད་དང་སྦྱར་ནས་ཉམས་ལེན་བྱེད་དགོས། ལམ་ཁྲིད་གནང་བའི་དགེ་བའི་བཤེས་གཉེན་ལ་དད་པ་ཆུང་བའི་རིགས་ཤིག་ཡིན་ན། ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཆད་ལ་ཉེ་བས་བཤེས་གཉེན་བསྟེན་ཚུལ་ལ་ཡང་ནས་ཡང་དུ་སྦྱོང་སྟེ། ཐུན་ཕྱི་མ་རྣམས་ལ་ཡང་ཉམས་ལེན་འབྲལ་མེད་དེ་ལ་འབད་དགོས། སྒྲུབ་པ་ལ་བརྩོན་འགྲུས་ཆུང་བའི་རིགས་ཤིག་ཡིན་ན་དལ་འབྱོར་རྙེད་དཀའི་སྐོར་ལ་ཡང་ནས་ཡང་དུ་དཔྱད་སྒོམ་དང་འཇོག་སྒོམ་གང་དྲག་གིས་དེ་ལ་སྦྱོང་བ་གནད་ཁེལ་བྱེད་དགོས། ཡང་ཚེ་འདིའི་མངོན་ཞེན་ལྡོག་དཀའ་བའི་རིགས་ཤིག་ཡིན་ན་མི་རྟག་པ་དང་ངན་འགྲོའི་སྡུག་བསྔལ་དང་འཁོར་བའི་ཉེས་དམིགས་ལ་བློ་སྦྱངས་ནས་གཙོ་ཆེར་དེ་དག་བསྒོམ་དགོས། ཁས་བླངས་དམ་བཅའ་དང་འགལ་ནི་ཞིག་ཡིན་ན་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ལ་ཡིད་ཆེས་གཏིང་ནས་སྐྱེས་པའི་ངེས་ཤེས་ཡོད་པ་ཞིག་མ་བྱུང་གི་བར་དུ་བརྩོན་དགོས། ཡང་མྱི་འགའ་ཞིག་འཁོར་བ་ལ་སྐྱོ་ཤས་ཆུང་བའི་རིགས། དམུས་རྒྱུ་མེད་པའི་བན་རྒན། །ན་ནིང་ཤི་སར་ད་ལོར། །ཟེར་བ་ལྟར་རང་གི་ས་ཆ་ཡུལ་རིས་ལ་ཆགས་ནི་ཞིག་ཡིན་ན། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཡོ་ལངས། སྡུག་བསྔལ་གྱི་འཕྲུལ་འཁོར། སྡུག་བསྔལ་རྣམ་པ་གསུམ་གྱིས་དམ་ལ་མ་བཞག་པ་མེད་པའི་ཚུལ་ལ་བསམས་ནས་བསྒོམ་དགོས། དེས་ན་རང་རེས་དུས་དང་རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཕ་མ་ཡིན་པས་སྙིང་རྗེ་དགོས་ཚུལ། ཚེ་ལ་རྟག་པ་མེད་པས་ལོང་མེད་རྒྱུད་ལ་བརྟེན་དགོས་ཚུལ་གསུངས་པ་རྣམས་གཙོ་བོ་རང་རེའི་རྒྱུད་ཚོད་དང་སྦྱར་ནས་བཤད་པ་ཡིན། སྐབས་སུ་བབས་པ་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། དེ་རིང་ཁྲིད་རྐང་ཐམས་ཅད་ཀྱི་རྗེས་མ་དངོས་གཞི་གདམས་པའི་ཆ་ལག་འདའ་ཀ་མའི་མན་ངག་འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་ཁྲིད་འཆད་པའི་སྐབས་ཡིན་ཏེ། རྨོངས་པ་མ་རིག་པས་བསླད་པའི་འགྲོ་བ་མགོན་མེད་པ་དག་ལ་ཐུགས་རྗེ་བརྩེ་བ་ཆེན་པོ་ལྷག་པར་འཇུག་པ་ཡིན་ཞིང་། གདུལ་བྱ་སྡིག་པོ་ཆེ་ལ་ཐུགས་བརྩེ་བས་རྗེས་སུ་ལྷག་པར་འཛིན་པར་མཛད་ཅིང་། གདུལ་བ་དཀའ་བའི་འགྲོ་མང་སེམས་ཅན་གྱི་ཁམས་ལ་གང་ལ་གང་འདུལ་གྱི་ཐབས་མཁས་ལྷག་པར་སྟོན་པ་མཚུངས་མེད་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་སྐབས་ཀྱི་ཕྱག་འཚལ་བ་དང་བཅས་ཏེ། དེ་ནས་འདའ་ཀ་མའམ་འཆི་ཁ་མའི་མན་ངགའཕོ་བ་མ་བསྒོམས་སངས་རྒྱས་ཀྱི་ཁྲིད་ནི། སྤྱིར་དངོས་གཞིའི་གདམས་པ་གནད་དུ་སོང་བའི་གང་ཟག་དེ་ཀ་དག་ཁྲེགས་ཆོད་ཀྱི་གྲོང་འཕོ་གྲོང་འཇུག་དང་། ལྷུན་གྲུབ་ཐོད་རྒལ་གྱི་འོད་གསལ་སྦུབས་འཇུག་ལ་རང་བྱན་ཆུད་སོང་ནི་རིག་པའི་གཏན་སྲིད་ཟིན་པ་ལ་འདི་མི་དགོས། དེ་མ་ཡིན་པའི་རིག་པ་རྐྱེན་ཁར་འཆོལ་བ་སོགས་ལ་འདི་དགོས་ཏེ། ལམ་སྦྱངས་པ་དམན་ན་འཕོ་བས་བསུ། །གསུངས་པ་ལྟར་རོ། །འདི་མ་བསྒོམས་སངས་རྒྱས་གསུངས་པ་ནི་བསྐྱེད་རྫོགས་གཞན་ལྟར་དུས་ཡུན་རིང་དང་འབད་པའི་བཀའ་སྤྱོད་ཀྱི་ངལ་བ་ལ་ལྟོས་ནས་བསྒོམ་མི་དགོས་གསུངས་པ་ཡིན་གྱི། འཕོ་བ་རང་གི་དམིགས་པ་ཙམ་ཡང་བསྒོམ་མི་དགོས་གསུངས་པ་མིན། གཏུམ་མོ། འོད་གསལ། སྒྱུ་ལུས། བར་དོ། འཕོ་བ། གྲོང་འཇུག་སྟེ་རྫོགས་རིམ་ནཱ་རོ་ཆོས་དྲུག་གི་ནང་ཚན་བློ་ཆོད་འཕོ་བའང་འདི་ཡིན།

༼༣༽ཉེ་ལམ་འཕོ་པའི་ཁྲིད་ལ་ལྔ།

༡༽འཕོ་བའི་དབྱེ་བ་སྤྱིར་བཤད་པ།

དེ་ཡང་འཕོ་བ་ལ་དབྱེ་ན་ལྔ་སྟེ། རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ། ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ། གཤིན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་དང་ལྔ་ཡོད་དེ། དེ་ལ་དང་པོ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་ནི། ཚེ་འདིར་གནས་ལུགས་མ་བཅོས་པའི་དོན་གྱི་ལྟ་བ་མ་ནོར་བ་ཞིག་རང་རྒྱུད་ལ་སྐྱེས་ཤིང་། ལྟ་བ་དེ་ཉིད་རྟོགས་ནས་གོམས་འདྲིས་བྱེད་པ་རྣམས། འཆི་ཁའི་ཚེ་ཀ་དག་ཁྲེགས་ཆོད་ཀྱི་གསང་ལམ་ནས་ངོ་སྤྲོད་ཀྱི་གདམས་པ་ཐེབས་སོང་བས་དབྱིངས་དང་རིག་པའི་གནད་ལ་བརྟེན་ཏེ། ཇི་སྐད་དུ། དབྱིངས་དང་རིག་པ་མི་འགྱུར་ན། །མི་དེ་བར་དོ་མེད་པ་རུ། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར། ཆོས་སྐུའི་ཀློང་དུ་འོད་གསལ་སྦུབས་འཇུག་གིས་འཕོ་བ་དེ་ཡིན། འདི་གང་ཟག་དབང་པོ་རབ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་འཕགས་པ་རྣམས་ཀྱི་འཕོ་ལུགས་དེ་ཡིན། འོན་ཀྱང་རབ་ཚེ་འདིར་གྲོལ་བ་དང་འབྲིང་བར་དོ་གྲོལ་བ་གཉིས་ཀའང་། རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བའི་གྲངས་སུ་བགྲང་ཆོག་སྟེ། ཚེ་འདི་ལ་གནས་ལུགས་མ་བཅོས་པའི་ལྟ་བ་རྒྱུད་ལ་སྐྱེས་ནས་སྒོམ་ཉིན་མཚན་འཁོར་ཡུག་ཏུ་འགྲོ་བའི་གང་ཟག་དེ་ཀ་དག་ཁྲེགས་ཆོད་ཀྱི་མན་ངག་གམ། ལྷུན་གྲུབ་ཐོད་རྒལ་ཀྱི་མན་ངག་གིས་གྲོལ་བ་ཐོབ་པར་ཡིན། དེ་ལྟར་རིག་པ་ལ་རང་དབང་མ་ཐོབ་ཅིང་ཉིན་སྣང་ཙམ་ཆོད་ཀྱང་མཚན་སྣང་མི་ཆོད་པའི་གང་ཟགདམ་ཚིག་རྣམ་པར་དག་པ་དེ་དག་འཆི་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་དང་། སྣང་མཆེད་ཐོབ་གསུམ་རྣམས་རྫོགས་པའི་རྗེས་སུ་འཆི་སྲིད་ཆོས་སྐུའི་འོད་གསལ་རྐྱེན་གསུམ་དང་བྲལ་བའི་སྟོན་གནམ་ལྟ་བུའི་གཞི་དུས་མ་ཡི་འོད་གསལ་འཆར་ཞིང་ཚེ་འདིའི་འོད་གསལ་བུ་ལྟ་བུས་སྐྱེལ་མ་བྱས་ནས་གཞིའི་འོད་གསལ་མ་ལྟ་བུ་དང་མཇལ་ཞིང་ཀ་དག་དང་པོའི་གཞི་སྣང་ངམ་གཞི་ཐོག་ཏུ་གྲོལ་བ་ཡིན། ཐོད་རྒལ་གྱི་ཉམས་སྣང་གོང་འཕེལ་གྱི་སྣེ་ཟིན་པའི་གང་ཟག་དེ་འཆི་བའི་ཚེ་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་དུས་ད་ལྟ་རྟོགས་པ་མ་རྟོགས་པའི་སྟོབས་ཀྱིས་འཆི་སྲིད་ཀྱི་འོད་གསལ་དང་པོ་ངོས་མ་ཟིན་ཞིང་གྲོལ་མི་ཐུབ་ལ་ཆོས་ཉིད་དག་པའི་བར་དོ་འཆར་དུས་ངོ་ཤེས་ཤིང་མཉམ་པར་བཞག་པས་ལྷུན་གྲུབ་ཀྱི་སྣང་བ་ལས་གྲོལ་བ་ཡིན། དེས་ན་ཚེ་འདི་དང་བར་དོར་གྲོལ་བ་གཉིས་ཀ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བའི་གྲངས་སུ་བགྲང་བ་ཡིན། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ནི། བར་དོའི་སྨོན་ལམ་ལས། དེ་ཡང་བསྐྱེད་རིམ་ལ་གོམས་ན། །རླུང་སེམས་ཙམ་གྱི་ལུས་དེ་ཉིད། །མཚན་དཔེའི་རྫོགས་པའི་ཡི་དམ་གྱི། །ལྷ་སྐུར་མངོན་བྱང་ལྔས་ཆུབ་པ། །བར་དོ་ལོངས་སྐུར་བསྲེ་བ་ཡི། །སྒྱུ་མའི་སྐུ་རུ་ལྡང་བར་ཤོག །ཅེས་པ་ལྟར་ཚེ་འདིར་བསྐྱེད་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་ལ་གོམས་འདྲིས་བྱས་ཤིང་སྒྱུ་མ་ལྟ་བུའི་ལྷ་སྐུ་ལ་རྩལ་འབྱོངས་པ་དག་འཆི་བའི་ཚེ་བར་དོ་འཁྲུལ་པའི་སྣང་བ་འཆར་བ་དང་མཉམ་དུ་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་འཕོ་བ་དེ་ཡིན། འདི་རྫོགས་རིམ་གྱི་ཡེ་ཤེས་ཀྱི་སྣེ་ཟིན་པ་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་སྟེ་ངེས་འབྱེད་ཆ་བཞི་གང་ལ་སླེབ་པ་སྦྱོར་ལམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་སྒྱུ་ལུས་ལ་འཇུག་ལྡང་ནུས་པའམ། མིན་ཡང་ངོ་སྤྲད་ནས་རྩལ་སྣང་དག་པ་ལྷའི་བསྐྱེད་རྫོགས་ཟུང་འཇུག་ལ་གོམས་པ་དེ་འཆི་ཁར་བསྐྱེད་རིམ་བསྡུ་རིམ་བྱེད་པ་ལྟར་སྒྱུ་ལུས་འོད་གསལ་དུ་བསྡུས་ནས་ཚེ་འདིར་དཔེའི་འོད་གསལ་རྒྱུད་ལ་སྐྱེས་ཡོད་ན་བར་དོ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེས་ནས་དེའི་རྗེས་ཐོབ་ཡི་དམ་གྱི་སྐུ་སློབ་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་ལྡང་ནས་གྲོལ་བ་རྣམས་འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་གསུངས། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ་ནི། གསང་སྔགས་སྨིན་བྱེད་ཀྱི་དབང་ཐོབ་ཅིང་། དམ་ཚིག་ལ་སྐྱོན་མ་ཞུགས། བསྐྱེད་རྫོགས་ལ་མོས་པ་བྱེད་ཅིང་བར་དོའི་གདམས་ངག་དང་ལྡན་པ་རྣམས། ཇི་སྐད་དུ། མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱ། །སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན། །ཞེས་གསུངས་པ་ལྟར། མ་དག་པའི་མངལ་སྒོ་ངན་པ་བཀག་ཅིང་། སྙིང་རྗེ་ཆེན་པོའི་འཕེན་པ་དང་། དེ་ཚེ་རང་བཞིན་སྤྲུལ་བའི་ཞིང་། །མངོན་པར་དགའ་དང་དཔལ་ལྡན་དང་། །པདྨ་རྩེགས་དང་ལས་རབ་གྲུབ། །དབུས་ཕྱོགས་མེ་རི་འབར་བ་སྟེ། །རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔའི། །དག་ཞིང་ཡིད་ལ་གོམས་བྱས་ནས། །གདོད་མའི་ས་ལ་གྲོལ་བར་ཤོག །ཅེས་གསུངས་པ་ལྟར། སྐྱེ་བ་སྤྲུལ་པའི་ལམ་ཁྱེར་ལ་བརྟེན་ནས་ཞིང་དག་པའི་སྐྱེ་གནས་སུ་འཕོ་བ་དེ་ཡིན་ཏེ། དབང་ཐོབ་དམ་ཚིག་དང་ལྡན་པ་ལྟ་བ་ལ་གོ་བ་བཟང་པོར་ཆགས་པའི་ཚོགས་ལམ་པ་ལས་དང་པོ་བ་བསྐྱེད་རིམ་ལ་ཡང་མོས་པ་ཙམ་ལམ་དུ་བྱེད་པ་དེས་འཆི་སྲིད་ཆོས་སྐུའི་འོད་གསལ་དང་ཆོས་ཉིད་བར་དོ་གཉིས་ལ་གྲོལ་བའི་གདེང་མེད་ཀྱང་། བར་དོར་སྐྱབས་འགྲོ་དང་བླ་མ་ལ་གསོལ་བ་འདེབས་པའི་སྒོ་ནས་མངལ་སྒོ་ངན་པ་རྣམས་དགག་བཟང་པོ་འདེམས་ཤིང་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱིས་འཕེན་པས་དག་པའི་ཞིང་དུ་འགྲོ་བའམ་མིན་ཡང་ཕ་མ་ཆོས་ལྡན་གྱི་མངལ་དུ་སྐྱེ་བ་སྤྲུལ་པའི་སྐུར་སྐྱེ་བ་ལེན་ཅིང་ཕྱི་མ་དེར་གྲོལ་བ་ཡིན། ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་ནི། ལས་དང་པོ་བ་དམ་པའི་ཆོས་ལ་མོས་པ་ཙམ་བྱེད་པ། སྐྱེ་འཆི་བར་དོ་ཕྱི་མ་རྣམས་ཀྱིས་གྲོལ་བའི་ལམ་རྟགས་དང་མི་ལྡན་པ་རྣམས་ཀྱི་འཕོ་ལུགས་ཡིན། འདུ་ཤེས་གསུམ་ནི། རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། སེམས་རྣམ་ཤེས་ཀྱི་ཐིག་ལེ་ལ་མགྲོན་པོའི་འདུ་ཤེས། གནས་བདེ་ཆེན་དག་པའི་ཞིང་ལ་འགྲོ་སའི་འདུ་ཤེས་བྱས་ཏེ་འཕོ་བ་ཡིན། གཤིན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་ནི། རྟོགས་པ་མཆོག་ལྡན་གྱི་གང་ཟག་སྣང་སེམས་ལས་སུ་རུང་སྟེ། བར་དོའི་ཤེས་རྒྱུད་མཁྱེན་པའི་རྣལ་འབྱོར་པས་གཞན་འཆི་ཀ་མའམ་བར་དོ་ན་ཡོད་པའི་སེམས་ཅན་དེ་ལ། འཕོ་བ་འདེབས་པ་དེ་ཡིན། དམིགས་པ་ལ་རང་དབང་ཐོབ་སོང་བའི་རྣལ་འབྱོར་པ་ཞིག་གིས་རླུང་སེམས་གཞུ་ལྟ་བུ་དེ་ལ་ཚེ་འདས་ཀྱི་རྣམ་ཤེས་མདའ་ལྟ་བུ་དེ་སྦྱར་ནས་རྣལ་འབྱོར་པ་རང་ལུས་ཀྱི་དམིགས་པའི་སྟེང་ནས་འཕེན་པ་ཡིན། དེ་ཡང་སྤྱིར་གཤིན་པོ་ལ་འཕོ་བ་འདེབས་པ་ལ། འདེབས་པ་པོ་དེ་ཉིད་མཐོང་ལམ་ཐོབ་པ་ཞིག་ངེས་པར་དགོས་ཏེ། རྗེ་མི་ལའི་ཞལ་ནས་ཀྱང་། མཐོང་ལམ་གྱི་བདེན་པ་མ་མཐོང་བར། །གཤིན་པོ་ལ་འཕོ་བ་མ་འདེབས་ཤིག །ཅེས་གསུངས། འོན་ཀྱང་འཕོ་བ་གདབ་པའི་དུས་མ་ནོར་བ་དེ་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་དུས་དེ་ཡིན་ཏེ། དེ་ལྟ་བུའི་དུས་ངེས་པ་ཅན་དང་འཕྲད་ན་འཕོ་བའི་མན་ངག་ལ་ཅུང་ཟད་གོམས་འདྲིས་ཡོད་པ་གང་རུང་རུང་གིས་འཕོ་བ་བཏབ་ན་ཡང་། ཕན་ཐོགས་ཆེ་ཞིང་ངན་སོང་གི་སྐྱེ་གནས་ལ་སོགས་པ་དགག་པར་ནུས་ཏེ། མགྲོན་པོ་ལམ་དུ་ཞུགས་པ་ལ་གྲོགས་ཀྱིས་སྒྱུར་བ་དང་འདྲ། དེ་ལྟར་མ་ཡིན་པར་ལུས་སེམས་བྲལ་ཚར་ནས་ནི་འཕོ་བ་དཀའ་སྟེ། དེ་འདྲ་དེ་ལ་འཕོ་བ་འདེབས་པ་ལ་བར་དོའི་སྐྱེ་གནས་མཁྱེན་པ་ཞིག་དང་། སྣང་སེམས་ལ་དབང་ཐོབ་པ་ཞིག་དགོས། དེ་ལྟ་བུའི་རྣལ་འབྱོར་པ་ཞིག་ཡིན་ན་བར་དོ་གདོས་བཅས་ཀྱིས་ལུས་དང་བྲལ་བ་དེ་རྐྱེན་གྱིས་སྒྱུར་བར་སླ་བ་ཡིན་པས། གདོས་བཅས་ཀྱི་ལུས་དང་བྲལ་བའི་བར་དོ་རང་ནས་འཕོ་བ་བཏབ་ན་རྣམ་ཤེས་དག་པའི་ཞིང་དུ་སྤར་ནུས་པ་ཡིན་གྱི། ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་དུ་འཕོ་བ་བཏབ་ན་འཕོ་བ་ལས་རུང་ཙམ་ཞིག་གྲུབ་པས་ཀྱང་བར་དོའི་རྣམ་ཤེས་མགྲོན་པོ་ལམ་ཞུགས་གྲོགས་ཀྱིས་སྒྱུར་བ་དང་འདྲ་བ་སྤར་སླ་བ་ཡིན། དབུགས་ཆད་ཟིན་ནས་ལུས་སེམས་བྲལ་ཚར་བའི་གནས་སྐབས་ན། འཕོ་བ་དཀའ་ཏེ་ཤི་ཚར་ནས་ཀྱང་ཕུང་པོ་དང་མཚན་བྱང་ལ་རྣམ་ཤེས་བཀུག་སྟེ་འཕོ་བར་རློམ་པ་ལ་ནི་སྙིང་པོ་ཅི་ཡང་མེད་གསུངས། རྟོགས་པ་མཆོག་ལྡན་གྱི་གང་ཟག་སྣང་སེམས་ལ་རང་དབང་ཐོབ་པ་ཞིག་ཡིན་ན། རྣམ་ཤེས་རྟེན་ལ་བཀུག་མི་དགོས་པར་དག་པའི་ཞིང་དུ་སྤར་ནུས་པ་ཡིན་ལ། འོན་ཀྱང་རྣམ་ཤེས་རྟེན་སོགས་ལ་བཀུག་པའི་ཕྱག་བཞེས་ཆོས་རྒྱུན་འདི་ལའང་ཡོད་པ་ཡིན་ཏེ། ཆོ་ག་རྣམས་ཀྱི་གཞུང་ན་གསལ་བ་དང་། རྫོགས་ཆེན་པདྨ་རིག་འཛིན་དང་སློབ་བུ་ཉི་ཟླ་སྐར་གསུམ་གྱིས་འཕོ་བ་བཏབ་པའི་ལོ་རྒྱུས་ལྟ་བུ་རེད། དེ་བས་ན་ད་ལྟ་བླ་མའམ་སྤྲུལ་སྐུ་ལ་སོགས་པའི་མིང་ཙམ་བཏགས་པ་ཕལ་མོ་ཆེས་གཤིན་པོ་ལ་འཕོ་བ་འདེབས་པ་ནི། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་རང་འདོད་ཀྱི་འཁྲིས་རྩ་བ་ནས་མེད་ན་ནི། དོན་དམ་བྱང་ཆུབ་སེམས་མ་ལྡན་ན་ཡང་ཀུན་རྗོབ་བྱང་ཆུབ་ཀྱི་སེམས་ཡོད་ན་ཀུན་སློང་དེ་ལས་གཤིན་པོ་ལ་ཡང་ཕན་ཐོགས་ཤས་ཆེ་ཞིང་རང་ལ་སྒྲིབ་པར་མི་འགྱུར་མོད། དེ་ལྟར་མ་ཡིན་པར་རང་གི་རྙེད་ཚོལ་གྱི་ཆེད་དུ་ངག་འདོན་ཙམ་ཤེས་པ་ལ་བརྟེན་ནས་འཕོ་བ་འདེབས་ཤིང་། གཤིན་པོའི་འཕོ་རྟ་སོགས་ལེན་པ་ནི་ཤིན་ཏུ་ཐ་ཆད་པ་ཡིན་ཏེ། ཇི་སྐད་དུ། རང་ཐར་བའི་སྐམ་སར་མ་ཕྱིན་པར། །མི་གཞན་གྱི་འདྲེན་སྟོན་བྱེད་པ་དེ། །དེ་གཉིས་ཀྱང་ཅུང་ཟད་ཆ་མ་མཐུན། །དཔེ་ཆུས་ཁྱེར་མི་ལ་མིས་འཇུས་འདྲ། །ཞེས་པ་ལྟར་དང་། སྔོན་རྟོགས་ལྡན་བསྟན་འཛིན་ཆོས་འཕེལ་ཙྭ་རིར་གནས་སྐོར་བྱོན་པའི་སྐབས་ཤིག་ཁོང་གི་སྣང་བ་ལ་སྔ་སོར་ཁོང་རང་ནས་འཕོ་བ་བཏབ་སྟེ། འཕོ་རྟ་བླངས་པའི་མི་ཞིག་ཡོད་པ་དེས་ཁྲག་མཚོ་དམར་པོ་ཞིག་གི་ནང་ནས་མགོ་མཐོང་ཙམ་བྱས་ཏེ། ཁོང་གི་མཚན་ནས་འབོད་ཅིང་ང་ཅི་བྱེད་དགོས་རྒྱུ་ཡིན་ཟེར་བ་ལ། ཁོང་སྐྲག་ནས་ངས་ཙྭ་རི་བསྐོར་བའི་དགེ་བ་དེ་ཁྱོད་ལ་བྱིན་པ་ཡིན་བྱས་པས་མི་སྣང་བར་གྱུར་སྐད། དེར་མ་ཟད་རྟོགས་པ་མཆོག་ལྡན་གྱི་གང་ཟག་སྐྱེས་བུ་དམ་པ་ཡིན་ཡང་ཤི་བོའི་འབུལ་བ་བླངས་ནས་གསུང་ཆོག་སོགས་མ་བྱས་ན་ས་ལམ་ལ་སྒྲིབ་པ་ཡིན་ཏེ། སྔོན་རྫོགས་ཆེན་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ཞིང་གཤེགས་པའི་ཚེ་དྲི་མེད་ཞིང་སྐྱོང་མགོན་པོ་གདུང་ཆོག་ལ་སྤྱན་དྲངས་པས་ཉིན་གང་གི་རིང་ལ་ཁྲུས་ཆོག་དང་དགུག་པ་ཁོ་ན་མཛད་ནས་ཡང་དང་ཡང་འཕོ་བ་བཏབ་སྟེ། གང་ཟག་ཕལ་པ་ཞིག་ལ་བྱེད་པ་ལྟར་མཛད་པ་ལ། གྲྭ་པ་རྣམས་ནས་དེ་ལྟར་མཛད་པའི་རྒྱུ་མཚན་དྲིས་པས། སྔོན་ཁོང་གིས་གཤིན་པོ་རྟ་ནག་པོ་འབུལ་མཁན་ཞིག་ལ་གསུང་ཆོག་དང་བསྔོ་སྨོན་སོགས་མ་མཛད་འདུག་པ། དེ་ཤིན་ཏུ་སྡིག་ཅན་གྱི་གང་ཟག་ཅིག་ཏུ་འདུག་པས་ཁོང་གི་ས་ལམ་ལ་ཅུང་ཟད་སྒྲིབ་པར་འདུག་ཀྱང་། ད་ལྟ་ངེད་རྣམ་གཉིས་མཐུ་བསྡོངས་དཔུང་བསྡོངས་བྱས་ཏེ་ཕན་ཐོགས་པར་བྱུང་སོང་གསུངས་ཏེ། དེ་མགོ་ལོག་བསྟན་འཛིན་ཟེར་བ་ཡིན་སྐད། དེས་ན་བླ་མ་དང་སྤྲུལ་བའི་སྐུ་ཆེན་པོའི་གོ་སར་ཡོད་པ་རྣམས་ནས་ཀྱང་། གཤིན་པོའི་འབུལ་བ་བཞེས་པའི་ཚེ་ཐུགས་བསྐྱེད་དང་བསྔོ་སྨོན་གསུང་ཆོག་སོགས་གནད་དུ་འགྲོ་ངེས་རེ་མ་མཛད་ན། ང་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་པ་ཙམ་གྱིས་ནི་གང་ཡང་མི་འོང་སྟེ། དམ་པ་གོང་མའི་སྐྱེ་སྲིད་འཁྲུལ་མེད་དུ་ཞལ་གྱིས་བཞེས་པའི་སྤྲུལ་པའི་སྐུ་མཆོག་རྣམས་ནས་ཀྱང་། དང་པོ་ཀ་ཁ་ག་ང་ནས་བརྩམས་ཏེ་ཡི་གེའི་ཀློག་སྦྱང་ཚུན་ཆད་ཕལ་པའི་གང་ཟག་རྣམས་དང་ཁྱད་མེད་དུ་སློབ་དགོས་ཀྱིན་འདུག་པས། གོང་མའི་དུས་མཁྱེན་པའི་ཡི་གེའི་ཀློག་འདོན་བརྗེད་ནས་བསྐྱེད་རྫོགས་ཀྱི་རྣལ་འབྱོར་མ་བརྗེད་པར་ལུས་མེད་ངེས་ཡིན་པས། ཆིབས་གོང་ཐུབ་ཙམ་ནས་དཀོར་རྫས་འབུལ་སྡུད་ལ་མི་འབྱོན་པར་ཐུགས་བསྐྱེད་ཉམས་ལེན་བཟང་པོ་རེ་དང་མཚམས་སྒྲུབ་རེ་ལ་ཅུང་ཟད་སློབ་དགོས་སམ་སྙམ་མོ།།

༢༽བྱེ་བྲག་གི་འཕོ་བ་གལ་ཆེ་བའི་རྒྱུ་མཚན།

དེ་ལ་ད་རེས་ཀྱི་སྐབས་སུ་འཆད་རྒྱུའི་འཕོ་བ་འདི་ནི། ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བའམ། རྣམ་ཤེས་བླ་མའི་འཕོ་བ་ཞེས་བྱ་སྟེ། དྲི་མེད་བཤགས་རྒྱུད་ལས། འདའ་ཀ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །ཞེས་པ་དང་ཡང་མཐུན། འདི་ལྟ་བུའི་འཕོ་བ་འདི་རྟོགས་པ་མཆོག་ལྡན་གྱི་གང་ཟག་ལ་ནི་མི་དགོས་ཏེ། དེ་འདྲ་དེ་རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །ཅེས་དང་། གཞན་ཡང་། འཆི་བ་འཆི་བ་ཞེས་བྱ་བ། །རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། །ཞེས་གསུངས་པ་ལྟར། ཚེ་འདིར་ཀ་དག་གདོད་མའི་ནང་དབྱིངས་སུ་བཙན་ས་ཟིན་པའི་གང་ཟག་སྐྱེ་འཆིའི་རང་དབང་ཐོབ་པ་རྣམས་ནི། ཕལ་བས་བལྟས་ན་འཆི་བ་ལྟར་སྣང་ཡང་ད་ལྟ་གནས་གཅིག་ནས་གཅིག་ཏུ་འགྲོ་བ་སྟེ་ངང་པ་པདྨའི་མཚོ་ནས་པདྨའི་མཚོ་གཞན་ཞིག་ཏུ་འགྲོ་བ་ལྟ་བུ་ལས་མེད་ལ། དེ་ཡང་བསྐྱེད་རྫོགས་ཀྱི་གནད་ལ་གོམས་པ་རྣམས་ནི། སྔར་བཤད་པ་ལྟར་སྐྱེ་འཆི་བར་དོའི་ཉམས་ལེན་གསུམ་གྱིས་སྐུ་གསུམ་དུ་འཕོ་བ་ཡིན་ནོ། །དེས་ན་འཆི་སྲིད་ཆོས་སྐུའི་ལམ་ཁྱེར་ཁྲེགས་ཆོད་ཡིན། ཆོས་ཉིད་དག་པའི་བར་དོའི་ལམ་ཁྱེར་ཐོད་རྒལ། སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་འཕོ་བ་དང་དག་སྣང་གཉིས་ཡིན། དེས་ན་ཇི་སྐད་དུ། ལམ་ལ་གོམས་འདྲིས་ཀྱིས་སྦྱངས་པ་དམན་ན་འཕོ་བས་བསུ། །གསུངས་པ་ལྟར། ལམ་བརྟན་པ་མ་ཐོབ་པའི་རིགས་ཅན་དང་། གང་ཟག་སྡིག་པོ་ཆེ་བཙན་ཐབས་སུ་འཕོ་བ་ལ་སོགས་པ་ལ་གནད་འདི་དགོས་པ་ཡིན། འདི་ལྟ་བུའི་འཕོ་བའི་མན་ངག་དང་ལྡན་ན་ཅི་ཙམ་དུ་སྡིག་པོ་ཆེ་ཡིན་ཡང་ངན་སོང་གི་སྐྱེ་སྒོ་ཁོག་ངེས་ལ། མཚམས་མེད་པའི་ལས་ངན་བསགས་པ་ལྟ་བུ་མར་གྱི་ཟང་ཐལ་དུ་སྐད་ཅིག་གིས་འགྲོ་དགོས་བ་རྣམས་ཀྱང་གདམས་པ་འདི་དང་འཕྲད་ན། ངན་སོང་གི་སྐྱེ་གནས་སུ་འགྲོ་མི་དགོས་ངེས་པ་ཡིན་ཏེ། རྒྱུད་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་ཡང་། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་གིས་གོས་པར་མི་འགྱུར་རོ། །ཞེས་པ་ཡང་། བུ་ག་དགུ་ཡི་སྟེང་ཕྱོགས་སུ། ཡིད་ཀྱིས་བསམས་ཏེ་འཕོ་བྱེད་ན། །སྡིག་གིས་གོས་པར་མི་འགྱུར་ཏེ། །དག་པའི་ཞིང་དུ་སྐྱེ་བར་འགྱུར། །ཞེས་དང་། གཞན་ཡང་ཇི་སྐད་དུ། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །ཕ་མཚན་ལྡན་གྱིས་བླ་མའི་ཞབས་དྲུང་དུ། །རྩ་དར་དཀར་གྱི་ལམ་ལ་འགྲོ་ཤེས་ན། །མཚམས་མེད་ལྔ་པོ་བྱས་ཀྱང་གྲོལ། །ཞེས་གསུངས། དེས་ན་ལམ་ཟབ་མོ་འཕོ་བའི་གདམས་པ་འདི་ནི་བསྐྱེད་རྫོགས་སོགས་ལམ་གཞན་མ་བསྒོམས་པར་སངས་རྒྱས་པའི་ཆོས། སྡིག་པོ་ཆེ་བཙན་ཐབས་སུ་གྲོལ་བའི་གསང་ལམ་ཡིན་ཏེ། སངས་རྒྱས་རྡོ་རྗེ་འཆང་གི་ཞལ་ནས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །གདམས་པ་འདི་དང་འཕྲད་གྱུར་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་། ཨོ་རྒྱན་ཆེན་པོའི་ཞལ་ནས་ཀྱང་། བསྒོམས་ཏེ་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམས་ཆོས་ནི་ང་ལ་ཡོད། །ཅེས་དང་། པཎ་ཆེན་ནཱ་རོ་པས། སྒོ་དགུ་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ། །སྒོ་དགུ་བཅད་ནས་སྒོ་གཅིག་ཕྱེ། །ཐར་པའི་ལམ་ལ་ཐེ་མི་ཚོམ། །ཞེས་དང་། ལྷོ་བྲག་མར་པ་ལོ་ཙཱའི་ཞལ་ནས། ངས་ད་ལྟའི་དུས་སུ་འཕོ་བ་སྦྱངས། །སྦྱངས་ཤིང་སྦྱངས་ཤིང་ཡང་ཡང་སྦྱངས། །ཐ་མལ་འཆི་ཡང་ཉམ་ང་མེད། །སྔ་འདྲིས་བྱས་པའི་གདེང་ཞིག་ཡོད། །ཅེས་དང་། རྗེས་བཙུན་བཞད་པ་རྡོ་རྗེས། བསྲེ་འཕོ་མཚམས་སྦྱོར་གྱི་གདམས་ངག་འདི། །གནད་བར་དོ་འཇོམས་པའི་ལམ་མཁན་ཡིན། །ལམ་འདི་དང་ལྡན་པའི་མི་ཡོད་དམ། །སྲོག་རྩོལ་དབུ་མར་ཚུད་པའི་མི་རེ་བདེ། །ཆོས་ཀྱི་དབྱིངས་སུ་སླེབ་པ་འདི་ཨེ་མ་ཧོ། །ཞེས་གསུངས།

༣༽སྦྱོང་བ་དང་ལས་ལ་སྦྱར་ཚུལ་ཁྱད་པར་དུ་བཤད་པ།

དེ་ལྟར་བུའི་གདམས་པ་དེ་ལ་དང་པོར་རང་གིས་སྦྱོང་བ་དང་། ལས་སུ་སྦྱར་བ་གཉིས་ཡོད། དང་པོ་སྦྱོང་བ་ནི། ད་ལྟ་རང་ཉིད་ཀྱིས་འཕོ་བའི་ཁྲིད་ཞུས་ཏེ། ཡང་དང་ཡང་དུ་སྦྱངས་ཤིང་རྟགས་མ་ཐོན་གྱི་བར་དུ་འབད་པ་དེ་ཡིན། རྟགས་ཐོན་ཀྱང་བསྐྱུར་མི་བཞག་པར་སྲོད་ཐུན་ལྟ་བུ་ལ་མ་ཆག་པ་འདོན་དགོས། གལ་ཏེ་ངག་འདོན་བྱེད་པའི་ཁོམས་པ་མེད་ན་དམིགས་པ་ཚར་རེ་ཆག་མེད་བྱེད་དགོས་པ་ནི་འཕོ་ལུང་ཞུས་པའི་གནད་ཀྱི་དོན་སྒོ་ཡིན། དེ་ཡང་ད་ལྟ་རང་ཉིད་ལུས་ཀྱི་རྩ་རླུང་ཐིག་ལེའི་ཆ་ཐམས་ཅད་མ་ཉམས་ཤིང་དར་བའི་དུས་ན་འཕོ་བ་ལ་རྟེན་ནས་དངོས་སུ་འཕོ་བ་ཅུང་ཟད་དཀའ་ཞིང་། འཆི་ཀའི་དུས་ལ་བབས་པའམ། ཤིན་ཏུ་རྒས་འཁོགས་པའི་དུས་ན་ནི་འཕོ་སླ་བ་ཡིན་ཏེ། དཔེར་ན་ཤིང་ཏོག་དང་འབྲས་བུ་སོགས་དབྱར་ཁ་དར་ལ་བབས་པའི་དུས་ན་ནི་བཏུ་ཤིན་ཏུ་དཀའ་ལ། སྟོན་ཀ་སྨིན་ནས་ལྷུང་ལ་ཉེ་བའི་ཚེ་གོས་མདའ་ཙམ་རེག་ཀྱང་ལྷུང་འོང་བ་དང་འདྲ་བ་ཡིན་ནོ། །དེ་ནས་ལས་ལ་སྦྱར་བ་ནི། རང་ཉིད་ལ་འཆི་ལྟས་ཀྱི་བརྟགས་ཐབས་ལ་བརྟེན་ནས་བརྟགས་ཚེ་འཆི་ལྟས་ལྡོག་མེད་བྱུང་སྟེ་ཅིས་ཀྱང་མི་བཟློག་པར་ཤེས་ཤིང་ཐིམ་རིམ་ལ་སོགས་པ་བྱུང་བའི་ཚེ་བྱ་དགོས་ཀྱི། དེ་ལས་གཞན་དུ་མི་རུང་སྟེ། རྒྱུད་ལས། དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ཞེས་གསུངས། འཆི་ནད་ཀྱིས་ཐེབས་ནས་འཆི་ཁར་རང་གིས་རང་ཉིད་དག་པའི་ཞིང་དུ་འཕོ་བ་ཡིན་པས། ཐིམ་རིམ་རྣམས་བྱུང་བའི་སྐབས་སུ། ཡོ་བྱད་སྤོང་དག་བྱེད། ཐོག་མེད་ནས་བསགས་པའི་སྡུག་ལྟུང་སྤྱི་དང་། ཁྱད་པར་བླ་མ་དང་མཆེད་གྲོགས་ལ་འགལ་བ་ལ་བཤགས་པ་བྱེད། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་ཞིང་། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་དང་དགེ་བའི་བཤེས་གཉེན་མཇལ་བར་སྨོན་ལམ་འདེབས། འཆི་ཁའི་འཁྲུལ་སྣང་དང་བར་དོའི་སྡུག་བསྔལ་ལ་མི་འཇིགས་པར་དཔའ་གདེངས་བསྐྱེད་དེ། བདག་ད་སྔོན་སྐྱེ་ཤི་གྲངས་མེད་བྱས་པ་དང་ད་རེས་མི་འདྲ་སྟེ། བདག་གིས་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་མོའི་གདམས་ངག་ཐོབ་ནས་འཕོ་བའི་མན་ངག་ཉམས་མྱོང་ལག་ཁྲིད་དང་ལྡན་པ་ཡིན་པས་སྐྲག་མི་དགོས། དག་པའི་ཞིང་ཁམས་རྣམས་སུ་འགྲོ་བའི་གདམས་པ་ང་ལ་ཡོད་པས་འཆི་བ་ཞེས་པ་འཚང་ཆུང་རྒྱ་བ་ཡིན་སྙམ་དུ་སེམས་ལ་སྤྲོ་བ་དང་དཔའ་གདེང་བསྐྱེད་དགོས། དེ་ལ་སྤྱིར་ཐིམ་རིམ་ལ་མང་དུ་ཡོད་ཀྱང་གོ་བདེ་བའི་དབང་དུ་བྱས་ན། དབང་པོ་ལྔ། འབྱུང་བ་བཞི། སྣང་མཆེད་ཐོབ་གསུམ་གྱི་ཐིམ་རིམ་རྣམས་ཡོད་པ་ལ། དང་པོ་དབང་པོ་ལྔ་ཡི་ཐིམ་རིམ་ནི་རང་གི་སྔས་མགོར་སེར་འཚོགས་ལྟ་བུ་ཡོད་ན། དེ་དག་གི་འདོན་པ་གསུངས་པའི་སྒྲ་ལ་ཉན་ན་འུར་ཏིར་ཏིར་ཙམ་ལས་ཚིག་གི་འབྲུ་ཐོས་རྒྱུ་མེད་ཙ་ན་རྣ་བའི་ཤེས་པ་འགགས་པ་ཡིན། དེ་ལྟར་མིན་ཡང་གཞན་གྱི་སྨྲ་བརྗོད་ཀྱི་གཏམ་ལ་སོགས་པ་ལ་ཡང་རྒྱང་ནས་གྲགས་པ་ལྟར་སྒྲ་ཙམ་ཐོས་ཀྱང་ཚིག་འབྲུ་མི་ཐོས་པ་ཡིན། དེ་བཞིན་དུ་མིག་གིས་གཟུགས་ལ་བལྟས་པས་ཀྱང་ལོང་ངེ་ལོང་ངེ་ཞིག་ལས། རང་བཞིན་ཅི་ཡིན་པ་མི་མཐོང་བའི་ཚེ་མིག་གི་ཤེས་པ་འགགས། དེས་མཚོན་ནས་སྣས་དྲི། ལྕེས་རོ། ལུས་ཀྱིས་རེག་བྱ་ལ་སོགས་མི་མྱོང་བར་འགྱུར་བའི་ཚེ་ཐིམ་རིམ་ཕྱི་མ་ཡིན་པས་འདི་དུས་ངོ་སྤྲོད་གདབ་དགོས་ཤིང་། འཕོ་བ་འདེབས་མཁན་ཡོད་ན་འདེབས་པའི་དུས་མ་ནོར་བ་ཡིན། དེ་ནས་འབྱུང་བ་ལྔ་ཡི་ཐིམ་རིམ་ནི། ཤ་ཡི་ཁམས་ས་ལ་ཐིམ་པས་ལུས་དོང་དུ་ལྷུང་བ་དང་། རི་བོས་ནོན་པ་ལྟ་བུ་ལྕི་སྣང་འཆར་ཏེ། ད་ལྟ་མི་འཆི་ཀ་མ་འགའ་རེས་ང་ཡར་ལ་འཐེན་ཟེར་བ་དང་། ངའི་སྔས་འདི་མཐོ་རུ་ཆུག་ལ་སོགས་ཟེར་བ་དེ་ཡིན། དེ་ནས་ཁྲག་གི་ཁམས་ཆུ་ལ་ཐིམ་དུས་ཁ་ཆུ་དང་སྣ་ཆུ་ལ་སོགས་པ་འཛགདེ་ནས་དྲོད་ཀྱི་ཁམས་མེ་ལ་ཐིམ་དུས་ཁ་སྣ་ཐམས་ཅད་སྐམ་པ་དང་། ལུས་ཀྱི་དྲོད་མཐའ་ནས་སྡུད་དེ་ཁ་ཅིག་ལ་སྤྱི་བོ་ནས་རླངས་པ་ཕྱུ་རུ་རུ་འོང་བ་དེ་ཡིན། དབུགས་ཀྱི་ཁམས་རླུང་ལ་ཐིམ་པའི་ཚེ། གྱེན་རྒྱུ། ཐུར་སེལ། མེ་མཉམ། ཁྱབ་བྱེད་ཀྱི་རླུང་ཐམས་ཅད་སྲོག་འཛིན་གྱི་རླུང་ལ་འདུས་ནས་དབུགས་ཕྱིར་འཕེན་ཡུན་རིང་པོ་ལས་དབུགས་ནང་དུ་སྡུད་དཀའ་ཞིང་། དབུགས་ཀྱི་གནས་གློ་བ་ནས་ལམ་མིད་པ་དཀར་ནག་བརྒྱུད་དེ་དབུགས་ཕྱིར་ལ་འཕྲོ་འཕྲོ་བརྩེགས་པ་དེ་ཡིན། དེ་ནས་ལུས་ཀྱི་ཁྲག་ཐམས་ཅད་སྲོག་རྩར་འདུས་ཏེ་སྙིང་དབུས་སུ་ཁྲག་གི་ཐིགས་པ་གསུམ་རིམ་པར་བརྒྱབ་བས་དབུགས་རིང་པོ་གསུམ་ཕྱིར་ལ་འཕེན་ཞིང་ཕྱི་དབུགས་ཁྲོག་གིས་ཆད། དེའི་དུས་སུ་ཕྲ་བ་སྣང་མཆེད་ཐོབ་གསུམ་ལས་དང་པོ་ནི་སྤྱི་བོ་ནས་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་ཐུར་དུ་བརྒྱུགས་ཏེ། ཕྱི་རྟགས་སུ་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཕོག་པ་ལྟ་བུའི་དཀར་ལམ་འཆར། ནང་རྟགས་སུ་ཤེས་པ་གསལ་ཉམས་དང་ལྡན་ཞིང་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། དེ་སྣང་བ་ཟེར་བ་ཡིན། སྣང་བའི་འོད་གསལ་གྱི་དུས་སུ་སྒོ་ལྔའི་ཤེས་པ་ཡིད་ཤེས་ལ་ཐིམ། ལྟེ་བ་ནས་མ་ལས་ཐོབ་པའི་རཀྟ་དམར་ཆ་གྱེན་དུ་རྒྱུག་པས་ཕྱི་རྟགས་སུ་ནམ་མཁའ་དག་པ་ལ་ཉི་འོད་ཕོག་པ་ལྟ་བུའི་དམར་ལམ་འཆར། ནང་རྟགས་སུ་ཤེས་པ་བདེ་ཉམས་ཆེ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། དེ་མཆེད་པ་ཟེར་བ་ཡིན། འདིའི་སྐབས་ཡིད་ཤེས་ཉོན་ཡིད་ལ་ཐིམ། དེ་ནས་དཀར་དམར་གཉིས་སྙིང་དབུས་སུ་འཕྲད་པའི་བར་དུ་རྣམ་ཤེས་ཚུད་ནས་ཕྱི་རྟགས་སུ་ནམ་མཁའ་གཡའ་དག་པ་ལ་སྨག་གིས་ཁྱབ་པ་ལྟ་བུའི་ནག་ལམ་དང་། ནང་རྟགས་སུ་ཤེས་པ་མི་རྟོག་པའི་ཉམས་འཆར་ཞིང་གཏི་མུག་གི་རྟོག་པ་བདུན་འགག་སྟེ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ཐམས་ཅད་འགག་པ་ཡིན། དེ་ནས་ནག་ཐུམ་གྱིས་བརྒྱལ་འགྲོ། འདིའི་དུས་ཉོན་ཡིད་ཀུན་གཞི་ལ་ཐིམ་པའོ། །དེ་ཉེར་ཐོབ་ཟེར་བ་ཡིན། དེ་ནས་ཀུན་གཞི་འོད་གསལ་ལ་ཐིམ་པ་ཅུང་ཟད་བརྒྱལ་སངས་ནས་ནམ་མཁའ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུའི་གཞི་དུས་ཀྱི་འོད་གསལ་འཆར་བ་དེ་རང་ངོ་ཤེས་ནས་མཉམ་པར་བཞག་ན་རབ་ཆོས་སྐུར་འཕོ་བ་ཞེས་བྱ་བ་ཡིན་ཏེ་ཆོས་ཉིད་བར་དོ་དང་སྲིད་པ་བར་དོ་སོགས་མེད་པར་འཚང་རྒྱ་བ་ཡིན། ད་དུང་མ་གྲོལ་ན་དེ་ནས་རིམ་པས་ཆོས་ཉིད་དང་སྲིད་པའི་བར་དོ་སོགས་འཆར་བ་ཡིན་ཏེ། དེ་དག་དངོས་གཞིའི་ཁྲིད་ཀྱི་ཆ་ལག་ཡིན་པས་འདིར་མི་སྤྲོའོ། །དེ་དག་ལས་ལམ་ལ་གོམས་འདྲིས་ཆུང་བ་དག་འཕོ་བ་ལས་ལ་སྦྱར་བའི་དུས་མ་ནོར་བ་ནི་ཐིམ་རིམ་རྣམས་འཆར་བའི་མགོ་རྩོམ་པའི་དུས་དེར་ཡིན་ཏེ། དེའི་དུས་སུ་ཚེ་འདིའི་ཞེན་པའི་འདུ་ཤེས་ཐམས་ཅད་རྦད་ཀྱིས་བཅད། བཅོམ་ལྡན་འདས་ཀྱིས་མདོ་ལས་འདུ་ཤེས་བཅུ་གཅིག་གསུངས་ཏེ། ཚེ་འདི་ལ་མ་ཆགས་པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང་། འཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་འདོར་བའི་འདུ་ཤེས་དང་། འཆལ་བའི་ཚུལ་ཁྲིམས་ཐམས་ཅད་བཤགས་པའི་འདུ་ཤེས་དང་། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང་། ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་ཡང་བའི་འདུ་ཤེས་དང་། དགེ་བའི་རྩ་བ་ཆུང་ངུ་དག་ཆེ་བའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས་དང་། འདུས་བྱས་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ནི་ཞི་བའི་འདུ་ཤེས་མངོན་དུ་བྱའོ། །ཞེས་གསུངས། ད་སྔོན་སྐྱེ་བ་གྲངས་མེད་འཆི་བ་བྱུང་བ་དང་མི་འདྲ་བར་ད་རེས་འཆི་བ་འདི་བླ་མའི་གདམས་ངག་ལ་བརྟེན་ཏེ་དག་པའི་ཞིང་ཁམས་སུ་དཔག་ཆེན་གྱི་མདའ་འཕངས་པ་ལྟར་འགྲོ་བ་ཡིན་པས་ང་རེ་དགའ་སྙམ་དུ་སེམས་ཀྱིས་དཔའ་བསྐྱེད། འཕོ་བའི་དམིགས་པ་སོགས་རང་གི་ཡིད་ལ་གསལ་དཀའ་ཞིང་གསལ་འདེབས་ནུས་པའི་གྲོགས་དམ་ཚིག་དང་ལྡན་པ་ཡོད་ན་གསལ་འདེབས་སུ་འཇུགགསལ་འདེབས་མཁན་ཡོད་མེད་གང་ལྟར་ཡང་སྐབས་འདིར་སྔར་སྦྱངས་པ་ལྟར་ལམ་ཟབ་མོ་འཕོ་པའི་གདམས་པ་ལ་བསྟེན་ཏེ་ལས་ལ་སྦྱར་ནས་བཙན་ཐབས་སུ་འཕོ་དགོས་པ་ཡིན་ནོ། །དེ་ལྟར་སྦྱོང་བ་དང་ལས་ལ་སྦྱར་བ་གང་གི་ཚེ་ཡིན་ཡང་འདྲ་སྟེ།

༤༽འཕོ་བའི་གདམས་པ་དངོས་བསྒོམ་པ།

འཕོ་བའི་གདམས་པ་དངོས་བསྒོམ་པའི་རིམ་པ་ནི། སྟན་བདེ་བ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་སོགས་པ་བཅའ་ཞིང་། ལུས་སེམས་ལྷོད་དེ་དྲང་པོར་བསྲང་། སྔོན་འགྲོ་བླ་མ་རྒྱང་འབོད་ནས་བཟུང་སྟེ་བླ་མའི་རྣལ་འབྱོར་གྱི་བསྡུ་རིམ་དང་བཅས་ཡོངས་སུ་རྫོགས་པ་གསལ་ལ་རྒྱས་པར་བྱ། དེ་ནས་དངོས་གཞིའི་དམིགས་པ་ནི། དང་པོ་རང་ཉིད་སྡོད་སའི་ས་ཕྱོགས་འདི་ཉིད་ཐ་མལ་མ་དག་པའི་གནས་དང་ཡུལ་ཁམས་མ་ཡིན་པར། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་རྒྱན་དང་བཀོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བའི་དབུས་སུ་རང་གི་གཞི་ལུས་ཀྱི་ཕུང་པོ་མི་གཙང་བའི་རང་བཞིན་ཅན་འདི་ཉིད་མ་ཡིན་པར་སྐད་ཅིག་གིས་གནས་གྱུར་ཏེ་པདྨ་དང་ཉི་མའི་གདན་ལ་ངོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་པ་ལ་རྣམ་པ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། ཞབས་གཉིས་མཉམ་པའི་འདོར་སྟབས་ཅན། སྤྱན་གསུམ་ནམ་མཁར་གཟིགས་ཤིང་། འཕོ་ལུང་གི་དུས་འདིར་ཅུང་ཟད་ཞི་མ་ཁྲོའི་ཉམས་ཆག་པ་ཞིག་བསྒོམ། ཕྱག་གཡས་མ་རིག་གཏི་མུག་གི་གཉིད་ལས་སློང་བའི་ཐོད་པའི་ཌ་མ་རུ་ནམ་མཁའི་དབྱིངས་སུ་འཁྲོལ་བ། འཕོ་ལུང་གི་འདོན་ཆོག་དང་ཕྱག་མཚན་ལ་ཁྱད་པར་ཅུང་ཡོད་ཀྱང་མི་འགལ། གཡོན་དུག་གསུམ་རྩད་ནས་གཅོད་པའི་གྲི་གུག་དཀུར་བརྟེན་པ། སྐུ་གཅེར་མོ་རུས་པའི་རྒྱན་དང་མེ་ཏོག་གི་ཆུན་འཕྱངས་ཅན། སྣང་ལ་རང་བཞིན་མེད་པ་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ཞིག་བསྒོམ། དེ་ཕྱི་ལུས་ཀྱི་སྟོང་ར་ཡིན། དེའི་ལུས་ཀྱི་དབུས་དྲང་པོ་ན་ཁྲག་དང་ཆུ་སེར་གྱིས་མ་གོས་པ་རྩ་དབུ་མ་ཁང་སྟོང་ནང་ཀ་བ་བཙུགས་པ་ལྟར་བསྒོམ་དགོས་ཏེ། རྩ་དབུ་མ་ལའང་གནས་པ་རྩ་ཡི་དབུ་མ། ཆོས་ཉིད་དོན་གྱི་དབུ་མ། དོན་དམ་འབྲས་བུའི་དབུ་མ་གསུམ་དུ་དབྱེར་ཡོད། གནས་པ་རྩ་ཡི་དབུ་མ་ནི་གནས་ཚུལ་གྱི་ངོས་ནསསྲོག་འཛིན་པའི་རྩ་ཡིན་ལ། ཆོས་ཉིད་དོན་གྱི་དབུ་མ་ནི། ཆོས་ཉིད་ཀྱི་རྩ་མཚན་ཉིད་བཞི་དང་ལྡན་པ། འོད་གསལ་བའི་རང་བཞིན་ཅན་ཐོགས་རེག་དང་བྲལ་བ་ཇི་སྲིད་དུ་ལུས་སེམས་དབུགས་གསུམ་གྱི་ཚོགས་པ་ཡོད་པ་དེ་སྲིད་ཡོད་པས་མེད་པའང་མིན་ལ། དེ་གསུམ་སོ་སོར་གྱེས་པའི་ཚེ་དེ་ཡང་མི་སྣང་བར་འགྱུར་བས་ཡོད་པའང་མིན་ཏེ། དཔེར་ན་རྐྱེན་ཚོགས་པ་དེ་སྲིད་དུ་འཇའ་ཚོན་ཡང་སྣང་ལ་ཚོགས་པ་གྱེས་པ་ན་མི་སྣང་བ་བཞིན་ནོ། །དོན་དམ་པའི་དབུ་མ་ནི། འབྲས་བུའི་ངོ་བོ་ཉིད་དེ་ངོ་བོ་ངོས་བཟུང་དང་བྲལ་བ་ཞིག་ལ་གོ་དགོས། ཆོས་ཉིད་ཀྱི་རྩ་མཚན་ཉིད་བཞི་ལྡན་སྒོམ་དུས་སྲོག་རྩའི་དབུས་སུ་བསྒོམ་དགོས་ཏེ། དེའི་རྒྱུ་མཚན་ཀུན་གཞི་སྲོག་རླུང་དང་བཅས་པ་དེ་ལ་བརྟེན་པས་ཐམས་ཅད་ཆོས་ཉིད་དུ་རོ་གཅིག་ཏུ་འགྱུར་དགོས་པའི་ཕྱིར་རོ། །དེ་ཡང་གཡས་གཡོན་གང་དུའང་མ་ཡོ་བར་ལུས་ཀྱི་དབུས་དྲང་པོ་ན་ཡོད་པའི་དོན་གྱིས་དབུ་མ་ཟེར་བ་ཡིན། དེ་ཡང་ཆོས་སྐུ་འགྱུར་བ་མེད་པ་མཚོན་པའི་བརྡར་ཁ་དོག་མཐིང་གི་ཤུན་པ་ལྟར་སྔོ་བ། བག་ཆགས་ཀྱི་སྒྲིབ་པ་སྲབ་པའི་བརྡར་པདྨའི་འདབ་མ་ལྟར་སྲབ་པ། མ་རིག་པའི་མུན་པ་བསལ་བའི་བརྡར་ཏིལ་གྱི་མར་མེ་ལྟར་གསལ་བ། ལམ་དམན་པ་དང་ལམ་ལོག་པར་མི་འགྲོ་བའི་ཆེད་དུ་ཆུ་ཤིང་གི་ལྡེམ་བུ་ལྟར་དྲང་བ་སྟེ། མཚན་ཉིད་བཞི་དང་ལྡན་པ། མཐོ་རིས་དང་ཐར་པའི་ལམ་མཚོན་པའི་ཆེད་དུ་ཡར་སྣེ་སྤྱི་བོ་ཚངས་པའི་བུ་ག་ན་རྒྱ་མཐོངས་ཁ་ཕྱེ་བ་ལྟར་ཧད་པོར་ཡོད་པ། འཁོར་བ་དང་ངན་སོང་གི་སྒོ་འགགས་པ་མཚོན་པའི་མར་སྣ་ལྟེ་འོག་སོར་བཞིའི་ཐད་ན་རྩ་ཕུག་རྡུགས་སུ་ཁ་ཟུམ་པ། དེ་ལྟ་བུ་ཞིག་གསལ་གདབ། རྩ་དབུ་མ་ངོས་འཛིན་དུས་སྲོག་རྩ་ལ་འདོད་པ་དང་། རྩ་ནག་མ་ལ་འདོད་པ་ཡོད་ཀྱང་། སྲོག་རྩའི་ནང་རླུང་ཞུགས་ན་སྨྱོ་བས་མི་འཐད། རྩ་ནག་མ་ནི་ཤི་བའི་རོ་ལའང་ཡོད་པས་མི་འཐད། རྟེན་སྲོག་རྩའི་ནང་ན་ཡོད་པས་ལམ་ལ་སྦྱོང་བའི་སྟོབས་ཀྱིས་གནས་དེར་རླུང་འདུས་པའི་ཚེ་འོད་གསལ་འཆར་ཞིང་འཆི་བའི་ཚེ་ན་ཆོས་དབྱིངས་སུ་ཐིམ་པ་ཞིག་ལ་ངོས་འཛིན་དགོས། དེ་ཡན་ཆད་ནང་རྩའི་སྟོང་ར་ཡིན། དེ་ནས་རྩ་དབུ་མ་དེའི་ནང་སྙིང་གའི་ཐད་ན་སྙུག་མ་ཚིགས་ཀྱིས་འགགས་པ་ལྟ་བུའི་ཚིགས་ཤིག་ཡོད་པར་བསམ། དེའི་སྟེང་དུ་རླུང་གི་ཐེག་ལེ་ལྗང་སྐྱ་འགུལ་བ་དང་འཕྲིགས་པའི་རྣམ་པ་ཅན་ཞིག་བསྒོམ། དེའི་སྟེང་དུ་རླུང་སེམས་ཞེས་པ་གཡོ་བའི་ཆ་ནས་རླུང་། ཤེས་པའི་ཆ་ནས་སེམས་ཞེས་བཏགས་ཀྱང་རླུང་སེམས་གཉིས་ངོ་བོ་གཅིག་ཡིན་པ་ལ་སེམས་རྣམ་པར་རྟོག་པ་ཞེས་བཏགས་པས་རང་གི་རླུང་སེམས་བསྡུ་བའི་དུས་སེམས་རྣམ་ཤེས་ཀྱི་ངོ་བོ་དེ་ཡི་གེ་ཧྲཱིཿཡིག་དམར་པོའི་རིང་ཆ་ཚེགས་དྲག་དང་བཅས་པ་དར་ལྕོག་རླུང་གིས་བརྡབས་པ་ལྟར་འཕར་འདར་གཡོ་མགུལ་དང་བཅས་པའི་ཧྲི་ལི་ལི་ཡོད་པ། དེ་ལྟ་བུ་ཞིག་བསྒོམས་པ་ལས་གཞན་ཞིག་ལ་བལྟས་པ་ལྟ་བུ་བསམ་མི་ཉན་ཏེ། དེ་གསང་བ་རིག་པ་སེམས་ཀྱི་རྟེན་གཞི་ཡིན། དེ་ནས་རང་གི་སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་གི་ནམ་མཁར་རྨ་བྱ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ཟླ་བའི་གདན་སུམ་བརྩེགས་ཀྱི་སྟེང་ན། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུ་གཟི་བྱིན་ཅན། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ་མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། སྐུ་ལ་སྣམ་སྦྱར་བླ་གོས་མཐང་གོས་ཏེ་ཆོས་གོས་རྣམ་གསུམ་གསོལ་ཞིང་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་ལ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོ་བ་དེ་ལྟ་བུ་ཞིག་གསལ། མགོན་པོ་འོད་དཔག་མེད་དེའི་གཡས་སུ་རྒྱལ་བ་ཀུན་ཀྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་འདྲེན་པ་གཡོན་འོག་མས་པདྨ་དཀར་པོའི་ཡུ་བ་ནས་འཛིན་པའི་མེ་ཏོག་གི་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བ། འོད་དཔག་མེད་ཀྱི་གཡོན་དུ་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པའི་བདག་ཉིད་མཐུ་ཆེན་ཐོབ་བམ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་སྟབས་སུ་འཛིན་པ། སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ཏེ་སེམས་དཔའ་དེ་གཉིས་ཀའང་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ། དེ་ཡང་གཙོ་བོ་འོད་དཔག་མེད་སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་། སེམས་དཔའ་གཉིས་འགྲོ་དོན་སྐྱོ་དུབ་དང་བྲལ་བའི་བརྡར་ཞབས་བཞེངས་པའི་སྟབས་ཀྱིས་བཞུགས་པ། གཙོ་བོ་དེ་གསུམ་གྱི་མཐའ་སྐོར་དུ་ལམ་ཟབ་མོ་འཕོ་བ་བརྒྱུད་པའི་བླ་མ་ཐམས་ཅད་དྭངས་པའི་མཁའ་ལ་སྤྲིན་ཕུང་འཁྲིགས་པ་ལྟར་བཞུགས་ནས། རང་གཞན་སེམས་ཅན་ཐམས་ཅད་ལ་བརྩེ་བའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས། དགྱེས་པའི་ཐུགས་ཀྱིས་དགོངས་ནས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ། བདེ་ཆེན་དག་པའི་ཞིང་དུ་འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པར་བསམས་ལ། རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །སོགས་ནས། སྤྱན་གསུམ་ནམ་མཁར་གཟིགས། དེའི་ཁོང་དབུས་རྩ་དབུ་མ་སོགས། མཚན་དཔེ་རྫོགས་པའི་ཕུང་པོར་གསལ། ཞེས་གསལ་གདབ། དེ་ནས་གསོལ་བ་ཕུར་ཚུགས་སུ་གདབ་སྟེ་ཡིད་ཁྱེད་ཤེས་ཀྱི་དད་པའི་ཤུགས་ཀྱི་སྒོ་ནས་ལུས་བ་སྤུ་གཟེངས། མིག་མཆི་མ་འཁྲུགས་པ་དང་བཅས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་ཅི་མང་མོས་གུས་དང་བཅས་བརྗོད་མཐར། ཨེ་མ་ཧོ། གནས་རང་སྣང་དོན་གྱི་འོག་མིན་ན། །སོགས་ནས། དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །བར་ཐམས་ཅད་ཚང་བར་ཚར་གསུམ། རྗེས་མ་ལ་ཡིད་མོས་གུས་མན་ཆད་ཚར་གསུམ། དེའི་ཡང་རྗེས་མ་ལ། དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ལན་གསུམ་བརྗོད། དེ་དག་གི་ཚེ་བླ་མ་དང་མགོན་པོ་འོད་དཔག་མེད་ལ་མོས་གུས་གདུང་ཤུགས་མཆི་མ་འཁྲུགས་པ་ལྟ་བུའི་ངང་ནས་རིག་པ་སེམས་ཀྱི་རྟེན་གཞི་ཧྲཱིཿཡིག་ཁོ་ན་ལ་སེམས་བཟུང་། དེ་ནས་སྤར་ཆོག་གི་ཚེ་རྐན་གྱི་ཕུགས་ནས་ཧྲཱིཿཧྲཱིཿཞེས་ལྔ་ཚར་བརྗོད་པ་དང་མཉམ་དུ་རིག་པ་སེམས་ཀྱི་རྟེན་གཞི་ཡི་གེ་ཧྲཱིཿཡིག་དམར་པོ་དེ་རླུང་གི་ཐིག་ལེ་ལྗང་སྐྱ་གཡོ་བའི་རྣམ་པ་ཅན་དེས་བཏེགས་ཏེ་འདར་ཕྲི་ལི་ལི་བྱེད་ཅིང་ཇེ་མཐོ་ཇེ་མཐོར་སོང་། སྤྱི་བོ་ཚངས་པའི་བུ་གར་ཐོན་པ་དང་མཉམ་དུ་ཧིཀ་ཞེས་བརྗོད་པས། དཔག་ཆེན་གྱི་མདའ་འཕངས་པ་ལྟར་ཡར་ཏེ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཕྱིར་མི་ལྡོག་པའི་ཚུལ་གྱིས་ཐིམ་པར་བསམ། ཡང་སྙིང་གར་ཧྲཱིཿཡིག་གསལ་ལ། དམིགས་པ་སྔར་ལྟར་བཅས་ཧིཀ་སྒྲ་བདུན་ནམ་ཉེར་གཅིག་སོགས་བརྗོད། ལུགས་ཀ་གཞན་ལ་ཧིཀ་བརྗོད་ནས་སྤར་ཞིང་ཀ་བརྗོད་པས་མར་འབབས་པའི་དམིགས་པ་བྱ་སྲོལ་ཡོད་ཀྱང་། འདིར་ཀ་བརྗོད་ནས་མར་འབེབས་སྲོལ་མེད། ཡང་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སོགས་ནས། གསོལ་འདེབས་དང་སྤར་ཆོག་སོགས་སྔར་ལྟར་བཅས་ཇི་ཙམ་འཚམས་པར་སྦྱང་། དེ་ནས་ཡང་བཅོམ་ལྡན་འདས་སོགས་ནས། མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་ནམ་གསུམ་ལ་སོགས་པའི་མཐར། གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་སྤྱི་གཙུག་ན་འཇག་མ་བཙུགས་སྲོལ་ཡོད་པས་འཇག་འཛུགས་མ་རྫོགས་ཆེན་ནས་བརྒྱུད་པ་ལྟར་གྱི་གསོལ་འདེབས་བསྡུས་པ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་ཟུང་། །རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱི་རྗེས་མ་ལ། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་ལན་གསུམ་བྱ་ཞིང་། སྤར་ཆོག་སོགས་སྔར་ལྟར་དེ་དག་རང་གི་ཁམས་མོས་པ་དུས་ཚོད་དང་བསྟུན་ནས་ཇི་ལྟར་འཚམས་པར་སྦྱངས་ནས་ཡང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་སྔར་ལྟར་དང་། གནམ་ཆོས་ཀྱི་གཏེར་ཁ་ནས་བྱོན་པའི་འཕོ་བ་དཔལ་ཡུལ་ནས་བརྒྱུད་པའི་གསོལ་འདེབས། ཨེ་མ་ཧོ། ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་། །ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ། །བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ། །རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས། །ལན་གསུམ་གྱི་ཚིག་རྐང་རྗེས་མ་ཡང་བསྐྱར་དང་། སྤར་ཆོག་སོགས་སྔར་ལྟར་ཡིན། གསོལ་འདེབས་རྗེས་མ་གཉིས་པོ་འདི་ཀློང་ཆེན་སྙིང་ཐིག་གི་ཁྲིད་གཞུང་མ་ཡིན་པས། རིག་འཛིན་འཇིགས་མེད་གླིང་པ་ནས་བརྒྱུད་པ་མིན་ཡང་། རྫོགས་ཆེན་རིན་པོ་ཆེ་དང་། སྒོ་ཆེན་སོགས་ནས་བརྒྱུད་དེ། སྐྱབས་རྗེ་རྡོ་གྲུབ་རིན་ཆེ་ལ་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་དེས་གསུང་སྲོལ་ལྟར། རྗེ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུས་ཀྱང་གསུང་བར་འདུག་ལ། འོན་ཀྱང་གྲུབ་རྗེ་རིན་པོ་ཆེ་ལ་དྭགས་པོ་ནས་བརྒྱུད་པའི་བཀའ་བརྒྱུད་ཀྱི་འཕོ་བའི་ཁྲིད་རྒྱུན་ཀྱང་བཞུགས་པས་འཕོ་བའི་ངག་འདོན་གྲུབ་རྗེའི་བསྒྲིགས་མར་དེ་ཉིད་གྱི་གསོལ་འདེབས་ཀྱང་ཡོད་མོད་ཀྱང་། རྗེ་བླ་མས་གསུང་སྲོལ་མེད་ལ། གང་ལྟར་ཡང་བརྒྱུད་སྲོལ་མི་འདྲ་བ་ཐམས་ཅད་དམིགས་རིམ་སོགས་ལ་ཁྱད་པར་མེད་པས་ཁྲིད་རྒྱུན་ཆུ་བོ་གཅིག་འདྲེས་སུ་སོང་བར་ངེས་ཤིང་། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་དྲུང་ནས་རྗེ་བླ་མས་ལན་གྲངས་དུ་མར་གསན་པ་བཅས་རྗེ་བླ་མ་ནས་འཕོ་ཁྲིད་ཐོབ་པ་རྣམས་ཀྱིས་ཀྱང་། བཀའ་བརྒྱུད་ཀྱི་འཕོ་ལུང་ཡང་ཐོབ་པར་བྱས་ནས་བརྒྱུད་འདེབས་སོགས་བཏོན་ཀྱང་ཆོག་པར་སེམས་སོ། །གསོལ་འདེབས་བསྡུ་མ་འདི་གཉིས་ཀྱང་གྲུབ་རྗེའི་བསྒྲིགས་མ་ལྟ་བུ་ཡིན་ནམ། གང་ལྟར་ཡང་གཞན་རྣམས་དང་ཅུང་ཟད་མི་འདྲ་ཙམ་འདུག་པས། འདིར་རྗེའི་གསུང་རྒྱུན་ལྟར་བྲིས་པ་ཡིན་ནོ། །ཡང་གནམ་ཆོས་འཕོ་ལུང་གི་དུས་རྗེ་བླ་མས་མང་ཚོགས་ལ་འཕོ་བ་གདབ་པའི་དུས། འདི་རྣམས་ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །ཞེས་གསུང་སྲོལ་ཡོད་པ་བརྡ་མ་འཕྲོད་པར་བཟུང་ནས། ད་ལྟ་ཁ་ཅིག་གིས་འདིར་སྣང་ནམ་ཞིག་དང་། འདི་ནས་ནམ་ཞིག་སོགས་སུ་འདོན་པ་ནི། ཅུང་ཟད་མ་དག་གམ་སྙམ་མོ། །འཕོ་བའི་དམིགས་རིམ་ལ་ཁྱད་པར་ཡོད་དེ་ཀློང་ཆེན་སྙིང་ཐིག་ལ་འོད་དཔག་མེད་གཙོ་བོ་གཅིག་པུ་དང་། གནམ་ཆོས་ལ་སེམས་དཔའ་གཉིས་དང་བཅས་པ། འཇག་ཟུག་མ་ལ་བརྒྱུད་པའི་བླ་མ་རྣམས་དང་བཅས་པ་གསལ་ནས་བསྒོམ་པས་སྒོམ་ཚུལ་ཙམ་ལ་ཁྱད་པར་ཡོད། དེ་ལྟར་ཡང་དང་ཡང་དུ་སྦྱངས་པ་སོང་ནས་མཐར་འཇོག་ཁར། སྐུ་ལྔའི་དབྱིངས་སུ་རྒྱས་གདབ་པའི་ཆེད་དུ། ཕཊཿལྔ་ཕྲུགས་སུ་བརྗོད་ཅིང་ཕཊཿརེའི་མཚམས་སུ་ཨ་རེ་ཆུང་ངུ་བརྗོད་པར་བླ་མའི་ཞལ་རྒྱུན་ཡིན། གནས་ལུགས་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞགདེ་ནས་སྤྱི་གཙུག་གི་བརྒྱུད་པའི་བླ་མ་ཐམས་ཅད་གཙོ་བོ་གསུམ་ལ་ཐིམ། སེམས་དཔའ་གཉིས་ཀྱང་འོད་དཔག་མེད་ལ་ཐིམ། འོད་དཔག་མེད་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཚེ་བུམ་དཔག་བསམ་ལྗོན་ཤིང་གི་ཁ་རྒྱན་ཅན་འཛིན་པ། སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་དེ་ལྟ་བུ་ཞིག་ཏུ་བསྒོམས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་དང་ཚེ་གཟུངས་སོགས་འདོན། དེས་ཚེ་ལ་མི་གནོད་ཅིང་རྟེན་འབྲེལ་གྱི་བདེན་པས་ཚེ་གེགས་ཀྱང་ཞི་བའི་དགོས་པ་ཁྱད་པར་ཅན་ཡོད་པ་ཡིན། ལར་དེང་སང་འགའ་རེས་ལོ་ཉུང་གི་འཕོ་ལུང་ཞུ་མི་ཉན་ཏེ་ཚེ་ཐུང་བ་ཡིན་པས་ཟེར་བ་རྣམས་ཆོས་མི་ཤེས་པའི་རྟགས་དངོས་ཡིན། དེས་ན་གཞན་ཤི་བོ་དང་འཆི་ཀ་མ་ལ་གདབ་པ་དང་རང་ཉིད་འཆི་བའི་ཚེ་ལས་ལ་སྦྱར་བའི་དུས་འདི་མི་དགོས། དེ་ལྟར་སྦྱངས་པས་འབྱོངས་པའི་རྟགས་ཀྱང་གཞུང་ལས། མགོ་ན་ཆུ་སེར་ཟིལ་པ་ཕྲོམ། །འཇག་མ་དལ་གྱིས་ཚུགས་སོགས་འབྱུང་། །ཞེས་གསུངས་པས་རྟགས་ཐོན་ཚེ་མགོ་ན་བ་དང་། སྤྱི་བོ་ཚངས་པའི་བུ་གའི་ཐད་ནས་ཆུ་སེར་འབྱུང་བ་དང་། ཟིལ་པ་ཁྲོམ་མེ་འོང་བ་དང་། འཇག་མ་འཛུགས་ཆོག་པ་སོགས་འོང་སྟེ། འདི་ནའང་ཁ་སང་ད་ཞག་ཡེ་ཤེས་བླ་མའི་ནང་གི་སློབ་མ་ཕལ་ཆེར་བརྒྱ་ཆ་དགུ་བཅུ་ཡས་མས་འཇག་མ་ཟུག་པར་བྱུང་བ་ཡིན། ཞེས་པ་ལྟ་བུའི་རྟགས་མ་ཐོན་གྱི་བར་དུ་ནན་ཏན་གྱིས་སྦྱང་དགོས་པ་ཡིན་ནོ། མཇུག་དགེ་བ་བསྔོ་ཞིང་། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལ་སོགས་པ་འདོན་པར་བྱའོ། །སྡིག་པོ་ཆེ་བཙན་ཐབས་སུ་གྲོལ་བའི་གསང་ལམ་གྱི་མན་ངག་ཁྱད་པར་ཅན་འདི་དང་འཕྲད་ན་ངན་སོང་གི་སྐྱེ་གནས་སུ་འགྲོ་མི་དགོས་པ་ཐེ་ཚོམ་མེད་པ་གྲོལ་བར་འགྱུར་བ་ཡིན་པས་ན། ད་ལྟ་ཁྲིད་ཞུས་ནས་རྟགས་མ་ཐོན་གྱི་བར་དུ་སྦྱངས་ནས་ནམ་ཞིག་རང་ཉིད་ལ་འཆི་ལྟས་བྱུང་བའི་ཚེ་ན་ལས་ལ་སྦྱོར་དགོས་པ་ཡིན། དེ་ལྟར་ཟབ་ལམ་འཕོ་བའི་གདམས་པ་འདི་ནི་བསྐྱེད་རྫོགས་ཀྱི་རྣམ་གྲངས་གཞན་ལྟར་དུས་ཡུན་རིང་དུ་སྦྱང་མི་དགོས་པར་བདུན་ཕྲག་གཅིག་ཙམ་སྦྱངས་ན་ངེས་པར་རྟགས་ཐོན་དུ་འབྱོངས་པ་གསུངས། ད་ཞག་ཞག་བདུན་ཕྲག་རེ་མ་ཟིན་ཙམ་ནས་འབྱོངས་པར་བྱུང་བ་ནི་དངོན་སུམ་ལག་ལེན་ཐོག་གི་དངོས་ཡོད་གནས་ཚུལ་རེད། དེས་ན་མ་བསྒོམས་པར་འཚང་རྒྱ་བའི་ཆོས་ཞེས་པའང་གསུངས་པ་ལྟར་ཡིན་པས་མྱུར་ལམ་བླ་ན་མེད་པ་འདི་ལྟ་བུ་ལ་ཐམས་ཅད་ཀྱིས་ཡི་དམ་དུ་བྱ་བར་རིགས་སོ། དེ་ཡན་ཆད་ཀྱིས་འཕོ་བའི་དམིགས་རིམ་དང་། འཕོ་བའི་གོ་དོན། ཇི་ལྟར་སྦྱངས་ནས་ལས་ལ་སྦྱར་ཚུལ་བཅས་ཁྲིད་ཡིག་གིས་བསྟན་པའི་བསྒོམ་རིམ་གྱི་སྐོར་གསལ་པོ་སོང་ནས། ད་དངོས་སུ་མ་སྦྱངས་པའི་སྔོན་དུ་ཀློང་ཆེན་སྙིང་ཐིག་རང་གཞུང་གི་འཕོ་ཁྲིད་ཀྱི་ཕྱག་ལེན་ཆོག་ཁྲིགས་ལྟར་དུ་ངས་མར་ཚར་གཅིག་བཏོན་ནས། དེ་དང་མཉམ་དུ་ཁྱེད་རྣམས་ཀྱིས་དམིགས་པ་གྱིས་དང་ཐོབ་པ་ཡིན། དེའི་རྗེས་སུ་ལག་ཁྲིད་ཀྱི་ཚུལ་དུ་རང་རེས་ཡང་མཉམ་སྦྱོང་བྱེད་པའི་དུས་ཚོད་དེ་རིང་ཡོད་དགོས་ནི་རེད། དེས་ན་ཆོས་ཁྲིད་ཀྱི་འཕྲོ་མུ་འཐུད་ནས་ད་དུང་ངས་ཚར་གཅིག་བཏོན་ནས་ཐོབ་ཚར་བའི་རྗེས་སུ་འོ་ཅག་གིས་མཉམ་དུ་ཡང་ཐེངས་གཅིག་སྦྱོང་དགོས་པས་རྗེས་ཟློས་དགོས་སར་གྱིས་གསུངས་ནས། ༼ཐུགས་བརྩེ་ཆེན་ཡེ་ཤེས་ཀྱི་ཀློང་ནས་གསུང་སྙན་བརྗིད་བཅད་མཚམས་འདེགས་འཇོག་འགྱུ་ཁུག་སོགས་ཚད་མེད་པའི་དགེ་མཚན་དང་ལྡན་པས་འཁོར་ཚོགས་ཐམས་ཅད་ལ་མོས་གུས་དགའ་གདུང་ཤུགས་ཀྱིས་སྟེར་པའི་དབུས་སུ་གསུངས་པ་འདི་ལྟར། ༽

༥༽འཕོ་བའི་འདོན་ཆོག་གི་ལྗགས་ཁྲིད།

ནམ་མཁའ་དང་མཉམ་པའི་སེམས་ཐམས་ཅད་ལ་ཕན་འདོད་ཀྱི་ལྷག་བསམ་ཡིད་ལ་མཆོག་ཏུ་བཅངས་ཏེ་དམ་པའི་ཆོས་ཉན་པ་ལ་ཞུགས་པ་ནི། སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་དམ་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཐུགས་ལ་བཅངས་ཏེ་གསོན་པར་ཞུ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། སློབ་དཔོན་ཆེན་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུ་དོན་སྒྲུབ་ཐོབ་པར་གྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་ནི་ཡང་དག་འབྱོར་བ་གལ་ལ་འགྱུར། །ཞེས་གསུངས་པ་ལྟར་ད་རེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལག་ཏུ་ལེན་པའི་དཔེས་བརྒྱ་སྟོང་གི་ཆ་ཡང་མི་ཕོད་པའི་དལ་བའི་རྟེན་བཟང་པོ་འདི་ལྟ་བུ་རྙེད་པའི་སྐབས་སུ། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་ཐབས་ལྷུར་ལེན་དགོས། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཐབས་མཁས་ཤིང་ཐུགས་རྗེ་ཚད་མེད་པས་སེམས་ཅན་ཁམས་ཡལ་བར་མི་འདོར་བའི་ཕྱིར། གདུལ་བྱ་རྣམས་ཀྱི་ཁམས་དབང་བསམ་པ་བག་ལ་ཉལ་གྱི་རིམ་པ་དང་རྗེས་སུ་མཐུན་པ་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱི་ནང་ནས། མཆོག་དང་ཕུལ་དང་རབ་ཏུ་གྱུར་བ་ནི། རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་ཁོ་ན་ཡིན། དེ་ལས་ཀྱང་ཇི་སྐད་དུ། དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ལས། ཉེས་པ་ཀུན་ཀྱིས་མ་གོས་པ། །འཕོ་བའི་སྦྱོར་བ་སྦྱངས་བས་གྲོལ། །སྡིག་གིས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་སོགས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས་ལན་གཅིག་མ་ཡིན་པར་བསྔགས་པས་མ་བསྒོམས་སངས་རྒྱས་འཕོ་བའི་མྱུར་ལམ་ལ་བརྟེན་ནས་མཁའ་སྤྱོད་ཀྱི་གོ་འཕང་བདེ་བླག་ཏུ་སྒྲུབ་པའི་གདམས་པ་ཟབ་མོས་རྗེས་སུ་བཟུང་བའི་སྐབས་ཡིན། དེ་ལ་ཡང་མན་ངག་གི་རྣམ་གྲངས་མཐའ་ཡས་ཀྱང་བསྡུ་ན་ལྔར་འདུ་སྟེ། རབ་ཆོས་སྐུ་གཏད་མེད་ཀྱི་འཕོ་བ། འབྲིང་ལོངས་སྐུ་ཟུང་འཇུག་གི་འཕོ་བ། ཐ་མལ་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བ། རང་དོན་དུ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ། གཞན་དོན་དུ་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་སྟེ་རྣམ་པ་ལྔ་ཡོད་པ་ལས། འདི་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བའི་གདམས་པ་ཉམས་སུ་བླངས་པ་ལའང་། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། ཐོག་མ་སྔོན་འགྲོའི་རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁའ་བླ་མ་དང་མཉིས་སུ་མེད་པའི་སྐྱབས་གནས་མཆོག་གསུམ་རྒྱ་མཚོའི་ཚོགས་རྣམས་མངོན་སུམ་ལྟ་བུ་བཞུགས་ཡོད་སྙམ་པའི་མོས་པས། དེ་རྣམས་ཀྱི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཅི་མཛད་ཁྱེད་མཁྱེན་སྙམ་པའི་རེ་ལྟོས་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ་བ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་འཕོ་བའི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཡིད་ཆེས་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་འདི་ཡི་རྗེས་བཟློས་མཛོད། ན་མོ། དཀོན་མཆོག་གསུམ་དངོས་བདེ་བཤེགས་རྩ་བ་གསུམ། །རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །༼ཞེས་རྗེས་ཟློས་དང་བཅས་ལན་གསུམ། ཡང་། ༽ཧོ། སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིས། །འཁོར་བར་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ། །རང་རིག་འོད་གསལ་དབྱིངས་སུ་ངལ་གསོའི་ཕྱིར། ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོ། །༼དེ་ཡང་དེ་ལྟར་ལན་གསུམ། ༽སླར་ཡང་ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་འདི་ཡི་རྗེས་བཟློས་མཛོད། ཧྲཱི། ཆུ་ལས་ཆུ་བུར་ཇི་བཞིན་དུ། །ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷ། །བདག་ལུས་ཞིང་གི་རྡུལ་རྙེད་དུ། རྣམ་པ་སྤྲུལ་བས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས། །སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ། །སྒོ་གསུམ་མི་དགེའི་ལས་རྣམས་ཀུན། །འོད་གསལ་ཆོས་སྐུའི་ངང་དུ་བཤགས། །བདེན་པ་གཉིས་ཀྱིས་བསྡུས་པ་ཡི། །དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །རིགས་ཅན་གསུམ་གྱི་གདུལ་བྱ་ལ། ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ། ཇི་སྲིད་འཁོར་བ་མ་སྟོངས་བར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དུས་གསུམ་བསགས་པའི་དགེ་རྩ་ཀུན། །བྱང་ཆུབ་ཆེན་པོར་རྒྱུ་རུ་བསྔོ། །༼ཡང་དུས་གསུམ་བསགས་པའི་མན་ལན་གསུམ་གསུངས་ནས། ༽དེ་ལྟར་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱོང་བ་སོང་ནས་དངོས་གཞིའི་ཉམས་ལེན་ཟབ་མོ་ལ་འཇུག་པའི་སླད་དུ། ལུས་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་གནད་རླུང་རྒྱུ་བ་རང་ས་ཞོགསེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ཨོྃ་མ་ཧཱ་ཤུཎྱ་ཏ་སོགས། ཁྱོད་རང་རྣམས་ཀྱི་ཕུང་ཁམས་དང་སྐྱེ་མཆེད་ཀྱི་མཚོན་པས་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་འོག་མིན་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་ཆེན་མོར་གསལ་བའིདབུས་སུ་ཁྱོད་རང་རྣམས་སྐད་ཅིག་གི་སྒྱུ་ལུས་ཀྱི་བཀོད་པ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། མཆན་ཁུང་གཡོན་ན་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་ག་འཁྱུད་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་ཅུང་ཟད་བརྐུམས་ཤིང་གཡོན་བརྐྱངས་པའི་དོར་སྟབས་ཀྱིས་པདྨ་ཉི་མ་བམ་རོའི་སྟེང་ན་བཞུགས་པ་གསལ་བའི་སྐུ་ཡི་དབྱིབས་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་དུ་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་ཙམ་པ་སྟོང་སང་ངེ་འོད་ཀྱི་སྦུ་གུའི་རྣམ་པ་གསལ་བའི་ཡར་སྣེ་ཚངས་བུག་གི་གནས་སུ་རྒྱ་མཐོང་ཁ་ཕྱེ་བ་ལྟར་ཧར་རེ་ཡོད་པ། མར་སྣེ་ལྟེ་འོག་སོར་བཞིའི་གནས་སུ་ཁ་ཟུམ་པ། སྙིང་ཁའི་ཐད་སྨྱུག་མ་ཚིགས་ཀྱིས་བཅད་པ་ལྟ་བུའི་སྟེང་དུ་རླུང་གི་རང་བཞིན་ཐིག་ལེ་ལྗང་སྐྱ་སྲན་མ་ཙམ་པ་ཅུང་ཟད་གཡོ་བ་དང་བཅས་པ་ལ། རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འབྲུ་མར་གྱི་སྡོང་བུ་ལྟར་འབར་བས་མཚོན་པ་གསལ་བཏབ། སྤྱི་བོར་ཁྲུ་གང་ཙམ་གྱིས་མཐོ་བའི་ནམ་མཁར་ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འཇའ་ཟེར་ཐིག་ལེ་འཁྲིགས་པའི་ཀློང་དུ་པདྨ་ཟླ་བའི་གདན་ལ། སྐྱབས་གནས་ཀུན་འདུས་དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མ་མཆིས་པའི་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་དུ་གསོལ་ཞིང་། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་འཁོར་གྱིས་བསྐོར་ཏེ་ཁྱེད་རང་གི་ཐར་བའི་ལམ་སྟོན་ཆེན་པོ་མངོན་སུམ་ལྟ་བུ་བཞུགས་ཡོད་སྙམ་པའི་མོས་པས་བདག་གིས་བླ་མ་ལ་གསོལ་བ་བཏབ་ཅིང་ཧྲཱིཿལྔ་ཚར་བརྗོད་པའི་ཚེ་ཁྱོད་རང་རྣམས་ཀྱིས་ཀྱང་སྤྱི་བོའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་ཤེས་པ་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་གསོལ་བ་བཏབ་པས། སྙིང་ཁའི་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཡིག་འབྲུ་དང་བཅས་པ་དེ་ཉིད་དབུ་མའི་ལམ་བརྒྱུད་དེ་ཤོག་སྐྱ་རླུང་གིས་བཏེགས་པ་བཞིན་དུ་ཡར་ཡར་འགྲོ་བའི་ངང་ལ་ཧཱིཀ་ཅེས་དྲག་ཏུ་བརྗོད་པ་དང་ལྷན་ཅིག་ཏུ་མདའ་འཕངས་པ་བཞིན་དུ་སོང་ནས་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་སྤྲོས་བྲལ་བློ་འདས་ཀྱི་དབྱིངས་སུ་མཉམ་པར་ཞོག་མཛོད་ཅིགབཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐབས་སུ་མཆིའོ། །༼ལན་གསུམ་གསུངས། ༽ཨེ་མ་ཧོ། གནས་རང་སྣང་དོན་གྱི་འོག་མིན་ན། །ཡིད་དད་བརྒྱས་འཇའ་གུར་འཁྲིགས་པའི་ཀློང་། །སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི། །སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས། །དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །གནས་འོག་མིན་བགྲོད་པར་བྱིན་གྱིས་རློབས། །དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །༼ཡང་ཡིད་མོས་གུས་ནས་ཚར་གསུམ། ཡང་དབྱིངས་ཆོས་སྐུའི་སོགས་ནས་ཚར་གསུམ་མཐར། ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧིཀ་བཅས་ལན་བདུན། ཡང་བཅོམ་ལྡན་འདས་སོགས་ནས། འོད་དཔག་མེད་སོགས་ལན་གསུམ། ༽སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མའི་ཐུགས་རྗེས་ཟུང་། །རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །༼ཡང་ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས་ཚར་གསུམ། ཡང་བདེ་བ་ཅན་སོགས་ལན་གསུམ། ཡང་ཧྲཱི་ལྔ་ཚར་རྗེས། ཧིཀ་ལན་ལྔ། ཡང་བཅོམ་ལྡན་འདས་དེ་བཞིན་སོགས་ལན་གསུམ།༽ཨེ་མ་ཧོ། ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་། །ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ། །བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས། ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས། ༼ཡང་ཟབ་ལམ་འཕོ་བ་མན་ཚར་གསུམ། ཡང་རྣམ་ཤེས་མན་ཚར་གསུམ་མཐར་སྤར་ཆོག་སྔར་ལྟར་ཚར་ལྔའི་མཐར།༽ཀྱེ་མ་བདག་གཞན་གྱི་རྣམ་ཤེས་རྟེན་དང་བཅས། །འོད་བུན་ནེ་སངས་རྒྱས་ཐུགས་ཀར་འཕོས། །ཀློང་དབྱེར་མེད་ཕྱམས་གཅིག་སངས་རྒྱས་ནས། སྐུ་བདེ་ཆེན་ཞིང་གི་རྒྱན་དུ་བཞུགས། ཕཊ་༼ལྔ་ཚར་གསུངས་ནས་རང་རིག་མ་བཅོས་རྒྱུན་གྱི་ཉམས་ལེན་ལ་ཡུན་རིང་མཉམ་པར་བཞུགས་ཏེ། ༽སླར་ཡང་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པར་འཕྲོས་པས་འཁོར་འདས་ལམ་གསུམ་གྱི་ཚེ་བཅུད་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པ་སྤྱན་དྲངས་ནས་རང་ལ་སིབ་སིབ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུར་གྱུར་བའི་མོས་པ་མཛོད། ཨོཾ་ཨ་མ་ར་ན་༼སོགས་ཅི་མང་གསུངས། ༽དེས་ཟབ་ལམ་འཕོ་བའི་གདམས་པ་ལེགས་པར་ཐོབ་པ་ཡིན་པས་གནས་སྐབས་ཀུན་ཏུ་དམིགས་པའི་རྟེན་གོམས་པ་ལ་བསླབ་པ་དང་། མཐར་ནམ་ཞིག་འཆི་ངེས་པའི་དུས་ལ་བབས་པའི་ཚེ་ན་རང་དོན་འདུ་ཤེས་གསུམ་ལྡན་གྱི་འཕོ་བའི་ལས་ལ་སྦྱར་བ་ནི། ཚེ་འདི་སྣང་གི་ཆགས་སྡང་གི་འཁྲུལ་བ་རྦད་ཀྱིས་བཅད་ལ། རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། རང་ཉིད་ལམ་དེར་འགྲོ་བའི་འདུ་ཤེས། བླ་མའི་ཐུགས་ཀར་འཕོ་བའི་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས། སྙིང་ཁའི་རླུང་སེམས་ཀྱི་ཐིག་ལེ་ཡིག་འབྲུ་དང་བཅས་པ་སྔར་བཞིན་དུ་འཕོས་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་ངང་ལ་མཉམ་པར་བཞག་པ་དང་། གཞན་ཡང་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཉིང་མཚམས་སྦྱར་བའི་དམིགས་ཡུལ་ཚེ་དུས་ལས་འདས་པ་འདས་མ་རྣམས་ཀྱི་སླད་དུ་ཐུགས་རྗེ་ལྕགས་ཀྱུའི་འཕོ་བས་དག་པའི་ཞིང་ཁམས་སུ་དབུགས་དབྱུང་བ་སོགས་དོན་གཉིས་རླབས་པོ་ཆེ་སྒྲུབ་པའི་ཐབས་ལ་མཁས་པར་བྱའོ། །དེས་ཀློང་ཆེན་སྙིང་ཐིག་རང་གཞུང་གི་འཕོ་ཁྲིད་ཆོག་ཁྲིགས་མའི་འགྲོས་ལྟར་ཕུལ་བས་ཁྱེད་རྣམ་པ་ཚང་མའི་ཐོབ་སོང་བ་ཡིན། ད་ལག་ཁྲིད་ཀྱི་ཚུལ་དུ་ཚར་གཅིག་རང་རེ་ཀུན་ཀྱིས་མཉམ་སྦྱོང་བྱེད། དུས་རྒྱུན་གྱི་ཁྲིད་སྦྱོང་དང་ལས་ལ་སྦྱར་བ་གཉིས་ཀའི་སྐབས་སུ་རྒྱུན་འདོན་གྱི་འདོན་ཆོགཨེ་མ་ཧོ། རང་སྣང་ལྷུན་གྲུབ་སོགས་ཁ་བསྒྱུར་ན་ཆོག་པས་དེ་འདོན་དགོས། སྤྱིར་འཕོ་བ་ལ་གོང་དུ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་སོགས་ལྔ་རུ་དབྱེ་བ་ལྟར་ཡིན་ལ། དེའི་དང་པོ་བཞི་རྣལ་འབྱོར་བ་རབ་འབྲིང་ཐ་མའི་བློ་ཅན་གྱི་རྟོགས་ཚད་ཀྱི་བློ་རིགས་དང་བསྟུན་ནས་རང་དོན་དུ་ལམ་ལ་སྦྱོང་བ་དང་དེ་ཉིད་ལས་ལ་སྦྱོར་ཚུལ་ཡིན། ཐ་མའི་གཅིག་ཁེ་རུ་པོ་དེ་ནི་གཞན་སྡིག་ཅན་རྗེས་སུ་འཛིན་ནས་བཙན་ཐབས་སུ་འདྲེན་པ་ཐུགས་རྗེའི་ལྕགས་ཀྱུས་དྲོངས་ཚུལ་ཡིན། ཐམས་ཅད་འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་མྱུར་ལམ་གསང་སྔགས་རྫོགས་པ་ཆེན་པོའི་མ་བསྒོམས་སངས་རྒྱས་ཆོས་ལྔའི་ནང་ཚན་རེད། དེའི་ནང་ནས་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་ནི། གོང་དུ་ཡང་ཞུས་ཀྱང་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་དབང་པོ་རབ་སྒོམ་པ་ཉིན་མཚན་ཁ་སྦྱོར་དུ་གྱུར་ནས། ཆོས་རྫོགས་པ་ཆེན་པོ་ཡིན་པས་མ་ཚད་གང་ཟག་རྫོགས་པ་ཆེན་པོར་གྱུར་པས་དབྱིངས་དང་རིག་པའི་གནད་ལ་བརྟེན་ཏེ་ཆོས་སྐུའི་དགོངས་ཀློང་དུ་ཚེ་འདིར་གྲོལ་བ་ཐོབ་ཅིང་འཕོ་བ་དེ་ལྟ་བུ་ཡིན། དེ་ལ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བའམ་སྐུ་དང་ཡེ་ཤེས་ལ་འཇུག་པ་དང་འོད་གསལ་སྦུགས་འཇུག་ཀྱང་ཟེར། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ནི། བསྐྱེད་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་ལ་གོམས་འདྲིས་བྱང་སོང་བས་ལྷུན་གྲུབ་ཐོད་རྒལ་གྱི་སྣང་ཆ་ཤར་བ་རྣམས་ལ་ད་ལྟའི་འོད་གསལ་འདི་སྐྱེལ་མ་དང་འདྲ་བ་དང་། བར་དོའི་འོད་གསལ་དེ་བསུ་མ་དང་འདྲ་བ་གཉིས་ཀ་ཟུང་སྦྲེལ་བས་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་འཕོ་བའམ། ཆོས་ཉིད་བར་དོའི་རང་སྣང་ངོ་ཤེས་ནས་མ་པང་དུ་བུ་འཇུག་པ་ལྟར་འོད་གསལ་ཟུང་འཇུག་ལ་གྲོལ་བ་ཡིན། ཐ་མལ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ་ནི། བསྐྱེད་རྫོགས་ལ་མོས་པ་ཡོད་པ་དང་དམ་ཚིག་མ་ཉམས་པ་སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་དུ་ཁྱེར་ཤེས་པས་སྲིད་པ་བར་དོ་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་སོགས་སུ་འཕོ་ཐུབ་པ་ཅན་ཡིན། ཐ་མལ་བ་འདུ་ཤེས་སུམ་ལྡན་གྱི་འཕོ་བ་ནི། གོང་དུ་བཤད་པ་ལྟར་རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། སེམས་རྣམ་ཤེས་ཀྱི་ཐིག་ལེ་ལ་མགྲོན་པོའི་འདུ་ཤེས། གནས་བདེ་ཆེན་དག་པའི་ཞིང་ལ་འགྲོ་སའི་འདུ་ཤེས་བྱས་ནས་འཕོ་བ་ནི། ད་ལྟ་རང་རེས་སྦྱོང་བཞིན་པ་འདི་ཡིན། གཤིན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་ནི། རྟོགས་པ་མཆོག་ལྡན་གྱི་གང་ཟག་སྣང་སེམས་ལས་སུ་རུང་བས་སྡིག་ཅན་ཡིན་ཡང་ཐར་བའི་ཞིང་དུ་འདྲེན་པའི་མན་ངག་ཁྱད་པར་ཅན་ལྡན་པ་དེ་ལྟ་བུའི་གང་ཟག་རྟོགས་པ་མཆོག་ལྡན་ཞིག་གིས་འཕེན་པ་ཡིན་པས་གསང་སྔགས་རྫོགས་ཆེན་གྱི་ཁྱད་ཆོས་གོང་དུ་བཤད་མ་ཐག་པ་ལྟར་ཡིན། སྐབས་སུ་བབས་པ་འོ་ཅག་གིས་སྦྱོང་རྒྱུ་འདི་ནི་འདུ་ཤེས་སུམ་ལྡན་གྱི་འཕོ་བ་ཡིན། ད་སྦྱོང་བའི་སྐབས་སུ་ལུས་གནད་རྣམ་སྣང་ཆོས་བདུན་ཟུག་རྔུ་མེད་པ་ཞིག་བཅའ་དགོས། ཟུག་རྔུ་མེད་པའི་དོན་ནི་མ་བདེ་བ་མེད་པར་བདེ་མོ་བསྡད་ནས། དེ་ཡང་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་། སྒལ་ཚིགས་དྲང་པོར་སྲོངས། དཔུང་པ་བརྒྱང་སྟེ་ལག་གཉིས་མཉམ་བཞག་གམ་སེམས་ཉིད་ངལ་གསོའི་ཕྱག་རྒྱ་བྱ། མགྲིན་པ་ཨེན་ཙམ་བཀུག་ནས་ཨོལ་མདུད་མནན། རྫོགས་ཆེན་སྐབས་སུ་དབུགས་སྣ་ནས་མི་གཏོང་ཁ་ནས་གཏོང་དགོས་ཏེ་ལས་རླུང་དབྱིངས་སུ་དག་ནས་ཡེ་རླུང་དབུ་མར་འཁྱིལ་བའི་དགོས་པ་ཁྱད་པར་ཅན་ཡོད། མིག་ཟུམ་པའི་ཚུལ་གྱིས་ཐད་ཀ་འདོམ་གང་ཙམ་ལ་མིག་ཧད་པོ་གཟུགས་ལ་མི་འཛིན་པ་བར་སྣང་ལ་གཏད་མེད་དུ་བལྟ། འདིའི་སྐབས་སྲིན་མཛུབ་ཀྱི་རྩ་དེ་མཐེ་བོང་གིས་མནན་ནས་རྡོ་རྗེའི་ཁུ་ཚུར་བཅའ་དགོས། དེ་གཉིས་ཀྱི་བརླའི་རྩ་ཆེན་མནན་ནས་ལུས་གནད་དེ་ལྟར་བཅའ། ངག་འདོན་སྙིང་ཐིག་སྔོན་འགྲོའི་བླ་མའི་རྣལ་འབྱོར་གྱི་སྐབས། ཨེ་མ་ཧོ། རང་སྣང་ལྷུན་གྲུབ་སོགས་ནས། བཀོད་པ་རབ་རྫོགས་བདེ་ལྡན་ཞིང་གི་དབུས་ཞེས་ཁ་སྒྱུར་དགོས། ནམ་མཁར་གཟིགས་ཡན་ཆད་ཀྱིས་ཕྱི་ལུས་ཀྱི་སྟོང་ར་བསྟན། དེ་དབུས་ཁོང་དབུས་སོགས་ནས་མར་སྣེ་ལྟེ་འོག་ཟུམ་པ་ཡི་བར་གྱིས་ནང་རྩ་ཡི་སྟོང་ར་བསྟན། སྙིང་ག་ཚིགས་ཀྱིས་སོགས་ནས་ཧྲཱིཿཡིག་དམར་པོ་གསལ་ཞེས་པའི་བར་གྱིས་རིག་པ་སེམས་ཀྱི་རྟེན་གཞི་བསྟན། སྤྱི་བོར་གྲུ་གང་སོགས་ནས་ཕུང་པོ་གསལ་ཞེས་པའི་བར་གྱིས་སྐྱབས་ཡུལ་འདྲེན་པའི་དེད་དཔོན་ཆེན་པོར་གསལ་འདེབས་པའི་ཚིག་གསང་སྔགས་མོས་གུས་ལམ་ཁྱེར་ཡིན་པས་ཞིང་ཁྱད་པར་ཅན་བསྟན་པ་ཡིན། ཐུགས་ཀར་འཕོ་སའི་ཡུལ་ནི་རྩ་བའི་བླ་མ་དང་གཉིས་སུ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ངོ་བོ་པདྨའི་རིགས་བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད་བསྒོམ་དགོས། ད་རེས་ཀློང་ཆེན་སྙིང་ཐིག་གི་འཕོ་ལུང་ཡིན་པས་གཙོ་རྐྱང་སྒོམ་ཡང་ཆོགགནམ་ཆོས་གཙོ་འཁོར་གསུམ་པ་དང་། རྫོགས་ཆེན་འཇག་ཟུག་མའི་སྐབས་སུ་བརྒྱུད་པའི་བླ་མ་དང་བཅས་པ་ཁྲོམ་ཚོགས་སུ་བཞུགས་པ་སྟེ་བསྒོམ་ལུགས་གསུམ་ཡོད་པའི་ནང་ནས་ད་རེས་སྙིང་ཐིག་གི་འཕོ་ལུང་གཙོ་བོ་རེད། དམིགས་པ་གཞན་གཉིས་སྐབས་དམིགས་པ་སྒྱུར་དགོས་མ་གསུངས་པས་གཙོ་བོ་སྙིང་ཐིག་ལྟར་བསྒོམ་ཡང་ཆོག་སྙམ། འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་བ་དང་མཆོད་ཅིང་སྐྱབས་སུ་མཆི་བའི་ཚིག་བཅོམ་ལྡན་འདས་སོགས་ལན་བདུན་ཡན་ཆད་གསོག་རྒྱུའི་ཕྱག་སྲོལ་ཡོད། དང་པོ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གཞུང་གི་འཕོ་བ་ཨེ་མ་ཧོ་གནས་རང་སོགས་འདོན། དེ་ནས་འཇག་ཟུག་མ་དང་གནམ་ཆོས་འཕོ་བ་བཅས་གོང་དུ་འདོན་པ་ལྟར་ཚིག་རྗེས་དོན་དྲན་གྱིས་འདོན། ཁྱད་པར་དུ་བླ་མ་དང་མགོན་པོ་འོད་དཔག་མེད་དབྱེར་མེད་པ་ལ་མོས་གུས་གདུང་ཤུགས་དྲག་པོས་སྙིང་ནས་གསོལ་བ་འདེབས་དགོས་ཏེ། གཙོ་ཆེར་འཕོ་བའི་དམིགས་པ་ཐེབས་མི་ཐེབས་དང་། སྦྱངས་རྟགས་ཐོན་མི་ཐོན་དད་གུས་དང་མོས་པ་ལ་ཐུག་ཡོད། ཧྲཱིཿལྔ་ཚད་རྐན་ཕུགས་ནས་སྒྲ་ཆེན་པོར་བརྗོད་དགོས་པ་མེད་ཀྱང་ཚོགས་པ་མཉམ་དུ་འདོན་ཚེ་གཞན་གྱི་གོ་བྱེད་ཙམ་མ་བརྗོད་ན་མི་འགྲིག་པས་ཧྲཱིཿརེ་རེ་བཞིན་བརྗོད་ཚེ་རང་གི་རིག་པ་སེམས་ཀྱི་ངོ་བོའི་ཧྲཱིཿཡིག་དེ་རླུང་གི་ཐིག་ལེ་ལྗང་སྐྱས་བཏེག་པའི་འཕར་ལ་ཁད་པ་འཕར་ལ་ཁད་པ། ཡལ་ལ་ཁད་པ་ཡལ་ལ་ཁད་པ་ཞིག་ཡོད་པ་དེ་ཧྲཱིཿརེ་རེས་རྩ་དབུ་མའི་ལམ་བརྒྱུད་དེ་ཡར་ཡར་བཀྱག་ནས་ཧྲཱིཿལྔ་པའི་ཚེ་ཚངས་བུག་གི་རྒྱ་མཐོང་ཁར་ཐོན་ནས་ཧིཀ་གཅིག་གིས་བླ་མ་དང་འོད་དཔག་མེད་དབྱེར་མེད་པའི་ཐུགས་ཀར་མདའ་འཕང་བ་བཞིན་དབྱེར་མེད་རོ་གཅིག་ཏུ་བསྲེས་ནས་ཡང་ཡང་རྟགས་མ་ཐོན་གྱི་བར་དུ་སྦྱོང་དགོས། རྟགས་ཐོན་ནའང་སྐྱུར་མི་བཞག་པར་རྒྱུན་དུ་ཆགས་མེད་ཀྱིས་ཐུགས་དམ་མཛད་དགོས། འདིའི་སྐབས་སུ་གོང་ཞུས་ལྟར་རླུང་སེམས་འདུས་པའི་བདག་ཉིད་རང་གི་རིག་པ་སེམས་ཀྱི་ངོ་བོ་ཡི་གེ་ཧྲཱིཿཡིག་དེ་ཉིད་ལ་དམིགས་པ་ལས། ཟུར་ནས་གཞན་ལ་ལྟད་མོ་བལྟ་བ་ལྟ་བུ་བྱེད་མི་ཉན། ད་རེས་ཐམས་ཅད་མཉམ་པོ་རུ་རྩ་གསུམ་འཆིང་རྒྱ་བྱས་ནས་ཚིག་རྗེས་དོན་དྲན་འདོན་དགོས། དང་པོ་ཐལ་མོ་སྦྱར་ནས་བརྒྱུད་པའི་གསོལ་འདེབས་འདོན། གསུངས་ནས། བླ་མ་མཁྱེན་ལན་གསུམ། སྐུ་གསུམ་བཀའ་བརྒྱུད་ཀྱི་ངོ་བོ། །ཡོངས་འདུས་ཡིད་བཞིན་གྱི་ནོར་བུ། །རྩ་བའི་བླ་མ་དེ་མཁྱེན་ནོ། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཅིག །ལན་གསུམ། རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོ། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས་ཤིག །ལན་གསུམ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །མཁྱེན་བརྩེ་ནུས་པའི་བདག་ཉིད། །དྲིན་ཆེན་མཚོ་སྐྱེས་རྡོ་རྗེར། །སྙིང་ནས་གསོལ་བ་འདེབས་སོ། །རྟག་ཏུ་དབྱེར་མེད་ཐུགས་རྗེས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ལན་གསུམ། བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་ཆེ། །དག་པའི་ཞིང་དུ་ཁྲིད་པའི་དེད་དཔོན་མཆོག །མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། །གནད་གཅོད་གཤིན་རྗེའི་འཇིགས་ལས་བསྐྱབ་ཏུ་གསོལ། །འཇིགས་རུང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །གཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ། །ཞིང་མཆོག་བདེ་བ་ཅན་དུ་ཁྲིད་དུ་གསོལ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུང་། །ཨེ་མ་ཧོ། རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་། །བཀོད་པ་རབ་རྫོགས་བདེ་ལྡན་ཞིང་གི་དབུས། །རང་ཉིད་སྒྱུ་ལུས་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན། །ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁའ་གཟིགས། །དེ་ཡི་ཁོང་དབུས་རྩ་དབུ་མ། །སྦོམ་ཕྲ་མདའ་སྨྱུག་ཙམ་པ་ལ། །སྟོང་སང་འོད་ཀྱི་སྦུ་གུ་ཅན། །ཡར་སྣེ་ཚངས་བུག་གནས་སུ་ཧར། །མར་སྣེ་ལྟེ་འོག་ཟུམ་པ་ཡི། །སྙིང་ག་ཚིགས་ཀྱིས་བཅད་པའི་སྟེང་། །རླུང་གི་ཐིག་ལེ་ལྗང་སྐྱའི་དབུས། །རིག་པ་ཧྲཱིཿཡིག་དམར་པོ་གསལ། །སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་། །སངས་རྒྱས་སྣང་བ་མཐའ་ཡས་ནི། །མཚན་དཔེ་རྫོགས་པའི་ཕུང་པོར་གསལ། །བཅོམ་ལྡན་འདས་དེ་བཞིན་སོགས་ལན་བདུན། ཨེ་མ་ཧོ། གནས་རང་སྣང་དོན་གྱི་འོག་མིན་ན། །སོགས་ནས། དབྱིངས་ཆོས་སྐུའི་རྒྱལ་སར་ཟིན་པར་ཤོག །ལན་གསུམ། ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །མན་ཆད་ལན་གསུམ། དབྱིངས་ཆོས་སྐུའི་རྒྱལ་སར་ཟིན་པར་ཤོག །ལན་གསུམ། ཧྲཱིཿལྔ་ཚར་ཧིཀ་བཅས་ལན་ལྔ་གསུངས། ཡང་། བཅོམ་ལྡན་འདས་སོགས་ལན་བདུན། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སོགས་ལན་གཅིག །ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །མན་ལན་གསུམ། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ལན་གསུམ། སྤར་ཆོག་སྔར་ལྟར་ལན་ལྔ་གསུངས། ཡང་། བཅོམ་ལྡན་འདས་སོགས་ལན་བདུན། ཨེ་མ་ཧོ། ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་། །སོགས་ནས་ལན་གཅིགཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མན་ལན་གསུམ། རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས། །ལན་གསུམ། སྤར་ཆོག་སྔར་བཞིན་ལན་ལྔ། གནམ་ཆོས་ཀྱི་འཕོ་བ་འདིའི་མཇུག་གི་རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས། །ཞེས་པ་འདི་ལན་གསུམ་རེ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་གསུངས་དར། གཞན་ཡང་ཟབ་ལམ་འཕོ་བ་མན་ལན་གསུམ་བསྐྱར་ན་འགལ་བ་མེད་སྙམ། རྗེས་ཐུན་བསྡུ་བའི་ཚེ་ཕཊཿལྔ་བརྗོད་པ་ནི་སྐུ་ལྔའི་དབྱིངས་སུ་རྒྱས་གདབ་སྟེ་ཕྱིར་མི་ལྡོག་པའི་རྒྱས་གདབ་པའི་རྒྱ་ཡི་དོན་རེད། ཕཊཿརེ་རེའི་བར་ཨ་རེ་ངག་གིས་མི་བརྗོད་ནས་ཡིད་ཀྱིས་བརྗོད་དགོས་གསུངས་རྒྱུའི་ཞལ་རྒྱུན་ཡོད། ཨ་ནི་ཆོས་དབྱིངས་སྐྱེ་འགག་དང་བྲལ་བ་ཆོས་སྐུ་འགྱུར་བ་མེད་པའི་དོན་ཏེ་དེ་ལས་ཕྱིར་འདའ་བ་མེད་པའི་དོན་མཚོན་བྱེད་ཡིན། ཀྱེ་མ་བདག་གཞན་༼སོགས་ཕཊཿལྔ་ཕྲུགས་གསུངས། ༽ཐུན་བསྡུ་བ་དངོས་ལ། སྤྱི་བོའི་འོད་དཔག་དེ་ཉིད་ཚེ་དཔག་མེད་དུ་གནས་གྱུར་ནས་རང་ལ་ཐིམ་ཏེ་རང་ཉིད་ཀྱང་ཚེ་དཔག་མེད་དུ་གྱུར་ནས་ཚེ་བསྙེན་འདོན་ན་ཚེའི་གེགས་བར་ཆད་ཐམས་ཅད་ཞི་བ་ཡིན། སྤྱི་བོའི་ཚེ་དཔག་མེད་པའི་སྐུ། །འོད་དུ་ཞུ་ནས་རང་ལ་ཐིམ། །རྐྱེན་དེས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ཚེ་དཔག་མེད་དུ་གྱུར། ཨོྃ་ཨ་མ་ར་སོགས་༼ཅི་མང་གསུངས་ནས། ༽ཨེ་མ་ཧོ། ངོ་མཚར་སངས་རྒྱས་སྣ་བ་མཐའ་ཡས་དང་། །གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ། །སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར། །བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི། །བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །ཞིང་དེར་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག །དེ་སྐད་བདག་གིས་སྨོན་ལམ་བཏབ་པ་ལ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། མི་གཙང་ལུས་འདི་བོར་བ་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེ་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་བས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ད་དེས་ལག་ཁྲིད་ཀྱི་ཐོག་ནས་འཕོ་བ་ཐམས་ཅད་སྦྱངས་པ་ཡིན། འཕོ་བ་སྦྱོང་བའི་དུས་སུ་དུས་མིན་ལས་ལ་སྦྱར་ན་ལྷ་བསད་པའི་ཉེས་པ་འབྱུང་བ་ཡིན། འོན་ཀྱང་འཕོ་ཐུབ་ཀྱང་དཀའ། འཆི་ལྟས་ཚང་ཞིང་བཟློག་ཐབས་མེད་ན་ལམ་སྦྱོང་བ་དམན་ན་འཕོ་བས་བསུ་གསུངས་པ་ལྟར་འཕོ་བའི་གདམས་པ་ཟབ་མོ་འདི་ལས་ལ་སྦྱར་རན་པའི་དུས་སྐབས་རེད། དེའི་སྐབས་སུ་ཆུ་ནང་གི་ཀོ་གྲུ་ལྟར་ཤུགས་ཆུང་ངུས་ཀྱང་བསྒུལ་ཐུབ་པ་དང་། ཁྱད་པར་རྒས་པའི་དུས་སུ་སྟོན་ཀའི་ཤིང་ཏོག་ས་ལ་ལྷུང་སླ་བ་བཞིན་རྣམ་ཤེས་འཕོ་སླ་བ་ཡིན། འཕོ་ལུང་དམིགས་རིམ་གྱི་སྟོབས་ཀྱིས་འཕོ་ཐུབ་པ་ཡང་གཙོ་ཆེ་བ་བླ་མའི་བྱིན་རླབས་དང་། གདམས་པའི་ཟབ་ཁྱད་དང་། རང་གི་མོས་གུས་གསུམ་པོ་ཚོགས་ན་འབྲས་བུ་ལག་ཏུ་ཐོབ་ངེས་པར་ཐེ་ཚོམ་མི་དགོས། དོན་དངོས་བྱེད་ན་འཕོ་བའི་ཁྲིད་སྦྱོང་འདི་ཉིན་བདུན་བྱེད་དགོས་པ་དང་། ཁྲིད་རྐང་གཞན་རྣམས་ཉིན་ཉི་ཤུ་རྩ་གསུམ་བྱས་ན་ཀུན་བཟང་ཞལ་ལུང་ཟླ་ཁྲིད་གཅིག་བྱས་ན་རྒྱས་བསྡུས་འཚམས་པ་ཡིན། དེ་ལྟར་ནའང་ད་རེས་ལས་དང་པོའི་སྒོམ་པ་གསར་བུ་རྣམས་སྣ་སུན་ཨེ་འགྲོ་བསམ་ནས་ཉམས་སད་ཚོད་ལེན་ཙམ་བྱེད་པ་ཡིན། འོན་ཀྱང་གཞིས་བྱེས་ཀྱི་ཆོས་ཞུ་མི་སྣའི་ནང་ནས། བྱེས་ནས་ཕེབས་པའི་ཆོས་པ་ཡག་ཐག་ཆོད་པ་ཚོ་ཅི་བྱེད་རུང་བཟང་ནི་རེད། རྫོགས་ཆེན་ཚང་གི་གཞི་གྲྭ་རྣམ་པ་ཚོ་ཡང་ཤིན་ཏུ་ལེགས་ཐལ། ཆོས་ཞུ་བའི་སྤྱོད་ལམ་བཟང་བྱུང་། རྗེས་སུའང་ཉིན་རེ་བཞིན་དགོང་མོར་ཆག་མེད་ཚར་རེ་ཙམ་སྦྱོང་བ་དང་། ཀུན་བཟང་ཞལ་ལུང་ཐོབ་ཚར་ནས་རྒྱུན་དུ་ཚར་མང་པོར་གཟིགས་ཐུབ་ན་ཡང་དཔེ་མེད་བཟང་པས་དེ་ལུགས་མཛོད། མི་སྐྱ་ཕོ་མོ་རྣམས་ཀྱིས་ཀྱང་དམིགས་རིམ་གྱི་འདོན་པ་ཉུང་ཉུང་འདི་དག་བློ་ལ་སྦྱངས་ནས་ཤེས་པར་གྱིས་དང་འཆི་ཁར་འཕོ་འདེབས་ཀྱི་བླ་མ་མ་འཛོམས་ན་ཡང་རང་གི་དམིས་པས་འཕེན་ཆོག་ནི་རེད། བླ་མ་ཚད་ལྡན་འཛོམས་ན་དེས་ཐུགས་བསྐྱེད་དང་རང་གི་དམིགས་པ་གཉིས་ཀ་བསྡོངས་ན་གནས་བདེ་ཆེན་དག་པའི་ཞིང་ཁམས་སུ་འཕོ་ཐུབ་པ་ལ་ཕན་ཐོགས་ཚད་མེད་ཡོད། རྒྱུན་དུ་ཀུན་ཀྱིས་ནངས་སྔ་མོར་དམིགས་པ་དང་ལྡན་པས་དལ་མོར་སྔོན་འགྲོའི་ངག་འདོན་ཚར་རེ་དང་། ཟངས་མདོག་དཔལ་རིའི་སྨོན་ལམ་རེ་ཙམ་འདོན་པ་དང་། དགོང་མོ་འཕོ་ལུང་མ་ཆགས་པ་དང་དེའི་རྗེས་སུ་བདེ་སྨོན་རྒྱས་བསྡུས་གང་ཤེས་རེ་འདོན། འབུམ་ལྔ་བསགས་ཟིན་རྗེས་བླ་མའི་རྣལ་འབྱོར་ལ་བརྟེན་ཏེ་རབ་ན་སིདྡྷི་དུང་དང་། འབྲིང་ན་གཞུང་གི་འགྲོས་ལྟར་སིདྡྷི་འབུམ་ཕྲག་བརྒྱ་དང་། མ་ཐ་ཡང་ཉིན་རེ་བཞིན་གང་ཐུབ་ཐུབ་དམ་བཅའ་དང་ལྡན་པས་སོག་དང་ཆོས་འདི་ལ་ཞུགས་ནས་ཆོས་ཁྲིད་ཞུས་པའི་དོན་པོ་རེད། མི་སྐྱ་ཡི་གེ་ཤེས་པ་རྣམས་ཀྱིས་ཀྱང་ཚར་ཅི་མང་འགོ་ནས་མར་ལྟོས་དང་གོ་བ་རེ་ལོན་རྒྱུ་ཡོད། གཞུང་འདི་སྙན་ངག་མངོན་བརྗོད་སོགས་ཀྱིས་མ་བཅིངས་ནས་ཐ་མལ་བས་གོ་སླ་ལ་ཉན་བདེ་བར་གསུངས་ཡོད་པས་ཡི་གེ་མི་ཤེས་པ་རྣམས་ཀྱིས་ཀྱང་གཞན་ལ་འདོན་བཅུག་ནས་ཉོན་དང་ཕན་ཐོགས་ཆེན་པོ་ཡོང་སྲིད། མི་སྐྱ་ཕོ་མོ་ཚོས་ཀྱང་གོ་དགོས་རྒྱུ། ཀུན་བཟང་ཞལ་ལུང་སོགས་ཆོས་ཁྲིད་གང་ཞུ་དུས་འགོ་ནས་མཇུག་གི་བར་མི་ཆག་པར་ཆ་ཚང་ཉན་དགོས། ཁྱད་པར་ད་ལོའི་སྨིན་ཁྲིད་འདི་ལྟ་བུར་ཐུན་བཞི་ཆག་མེད་བྱས་ནས་བསྡམ་དགོས་མ་གཏོགས་ཆོས་ཀྱིས་རང་རྒྱུད་ལ་ཕན་མི་ཐོགས། རང་གཅིག་པུས་ཁྱིམ་སྟོང་ཞིག་ཏུ་ཁྲིད་སྦྱོང་བྱེད་མདོག་བྱས་པ་དང་མི་འདྲ་སྟེ། ད་རེས་དགེ་འདུན་འདུས་པ་རྒྱ་མཚོ་དང་མཉམ་དུ་ཁྲིད་སྦྱོང་བྱེད་སར་ལོན་དུས། བྱིན་རླབས་དང་ཐུགས་རྗེ་ལྷག་མར་མྱུར་ནི་རེད། དབང་ཞུ་དང་འཆམ་མཇལ་སོགས་ལ་ཉིན་སྐོར་མ་བྱས་ན་ཆོག་གི་མ་གཏོགས་ཆོས་ཁྲིད་ཞུ་དུས་འགོ་མཇུག་ཆ་ཚང་དགོས། དབང་ཞུ་ནའང་དབང་རྫས་དང་བུམ་ཆུ་ལོན་པ་ཙམ་གྱིས་དབང་ཐོབ་པའི་ངེས་པ་མེད་པས་དབང་ཞུ་ལུགས་ཤེས་དགོས། དེ་ཡང་དབང་གང་གསུངས་ཤེས་དགོས་པ་དང་། དབང་ཚིག་གོ་བརྡ་འཕྲོད་ནས་རྣ་བས་ཉན་ཅིང་རྗེས་ཟློས་དགོས་སར་རྗེས་ཟློས་བྱེད་ཅིང་དབང་དོན་རྣམས་བླ་མས་གསུངས་པ་ལྟར་ཡིད་ལ་བསྒོམ་དགོས། དབང་བསྐུར་མཁན་གྱི་བླ་མ་ཡང་མི་རུ་མི་བཟུང་བར་དབང་བསྐུར་བའི་དཀྱིལ་འཁོར་གྱི་ལྷ་གང་ཡིན་དང་དབྱེར་མེད་དུ་བསྒོམ་ན་བྱིན་རླབས་ཆེ་བས་དབང་ཡང་ཐོབ། དབང་རྫས་མགོ་ལ་བཞག་དགོས་རིགས་ལ་མགོ་སྒུར། ཁ་ལ་འཐུང་རྒྱུ་ཡིན་ན་ལག་པ་ཟེད། ལག་གཡས་གཡོན་ལ་ཁྱད་པར་ཡོད་ན་དབང་ཚིག་ཉན་ནས་འཛེད། ཡང་དབང་རྫས་འགའ་ཞིག་སྒོ་ལུས་ངག་ཡིད་གསུམ་ལ་བསྐུར་དགོས་པ་རྣམས་ལ་ལག་པ་གཉིས་པོ་བཟེད་ནས་རང་ཉིད་ཀྱི་སྙིང་ཁ་ལ་ལག་གཉིས་ཀྱིས་བསྟིམ་ཚུལ་བྱ་དགོས། དབང་གི་རྗེས་ཆོག་བཀྲ་ཤིས་ཡོན་འབུལ་ལ་སོགས་པ་གྲུབ་རྗེས་སོ་སོར་འགྲོ་ཆོགདབང་ཐོབ་པ་ལ་ཡང་འགོ་མཇུག་མེད་པར་ཆ་ཚང་ཞུ་དགོས། ཆོས་ཞུ་བ་ལ་འགོ་མཇུག་མེད་པར་ཆ་ཚང་ཞུ་དགོས་ཀྱི་སྐེད་ཆད་མཇུག་རྡུམ་རེད་ཤོར་ན་མི་རུང་སྟེ་ཆོས་ཞུ་རྒྱུའི་རྟེན་འབྲེལ་འཕྱུགས་པ་དང་རང་ཉིད་ཀྱིས་མི་གོ་ཞིང་ཆ་ཚང་ཞིག་ཐོབ་ཀྱང་མེད། དེས་ན་ཆོས་ས་ཆོས་ཡུལ་ལ་སྐྱེས་པའི་རྟགས་མཚན་དབང་ཞིག་ཡིན་ཡང་ཞུ་ལུགས་ཤེས་ན་ཡག་པོ་ཡིན། དེ་རྣམས་ཞོར་དུ་བཤད་པ་ཡིན། དེ་རིང་གི་ཁྲིད་སྦྱོང་འདིར་མི་སྐྱ་ཕོ་མོ་རྣམས་ཀྱང་དགེ་འདུན་པའི་གྲལ་དུ་འདུག་བཅུག་ན། ཁོ་རང་ཚོ་ལ་ཡང་འཕོ་བའི་བྱིན་རླབས་འཇུག་པ་སོགས་ཀྱི་དགོས་པ་ཡོད། རང་མགོ་རང་གིས་འདོན་པའི་ཉམས་ལེན་གྱི་ས་ཟིན་མེད་པས་རང་མགོ་མི་ཐོན་པའི་སྟེང་དུ་གཞན་ཤི་བོའི་རོ་མགོར་སོང་ནས་དམིགས་རིམ་མེད་པའི་ཧིཀ་དང་ཕཊ་ཀྱིས་ཅ་ཅོ་སྣ་ཚོགས་སྒྲོགས་ཏེ། དམ་ཆོས་རང་རྒྱུད་ལ་སྦྱར་ཏེ་ཉམས་སུ་མི་ལེན་པར་ཁ་ཡིས་བཤད་རྒྱངས་རིང་པོ་དང་ཆེན་པོར་གདུགས་ལྟར་ཕུབ་པ། ཁོང་གིས་ཁེངས་སྐྱུང་མཛད་ནས་བདག་དང་གདུལ་བྱ་བླུན་པོའི་རིགས་ཅན་བདག་འདྲ་ཟོག་པོའི་རིགས་ཅན་རྣམས། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་ཁྲིད་དོ།། །།ཞེས་གསུངས་ཤིང་བསྔོ་བས་མཐའ་བརྒྱན་ཏེ་ཆོས་

ཁྲིད་གྲོལ་སོང་ངོ་།།

ཝ༽ཉིན་ཉི་ཤུ་བར་ཁྲིད་རྐང་གནད་བསྡུས་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽མཚམས་སྦྱོར་གྱི་གདམས་ངག

ཐོག་མ་མེད་པའི་དུས་ནས་སྡུག་བསྔལ་རྣམ་པ་གསུམ་གྱིས་ཉམ་ཉེས་པར་གྱུར་དང་འགྱུར་བཞིན་པའི་འཁོར་བའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། ད་དུང་འདི་ཙམ་འཁོར་ནས་ཐར་ཞེས་པའི་ཕྱི་མའི་མཐའ་མི་མངོན་པར་འདི་བཞིན་དུ་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་དུས་རྟག་ཏུ་ཁོར་མོ་སྤྱོད་པར་གྱུར་བའི་མ་རྒན་སེམས་ཅན་ཉམ་ཐག་པ། སྐྱབས་མེད་མགོན་བྲལ་དུ་གྱུར་པ་འདི་དག་སྐྱོབ་ཐུབ་པ་ཞིག་བྱུང་ན། རང་ཉིད་གཅིག་པུས་དེ་དག་སྡུག་བསྔལ་ལས་བསྒྲལ་བའི་ཆེད་དུ་འབད་པའི་ཁུར་ཅི་ལྟ་བུ་ལེན་དགོས་ཀྱང་བཟོད་སྙམ་པའི་གོ་ཆ་དང་སྙིང་སྟོབས་བརྟན་པོ་རྒྱུད་ལ་བསྐྱེད་པའི་ཐོག་ནས། སེམས་ཅན་འདི་དག་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱེད་པ་ལ་འདང་ཞིག་བརྒྱབ་ན། སྐྱེས་བུ་ཆུང་ངུའི་ལམ་ནས་མཐོ་རིས་ལྷ་མིའི་བདེ་འབྲས་ལ་གལ་ཏེ་བཀོད་ཐུབ་ཁ་གྱིས་དང་དེ་འདྲས་དུས་རིང་པོར་ཕན་མི་ཐོགས་ཁི། འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱིས་མི་མནར་ས་ཞིག་མེད་ཁི། ཁྱད་པར་དུ་ལྷ་དང་མི་ནས་ངན་སོང་དུ་འཁོར་ནི་མང་བས་འཁོར་བའི་གནས་ནས་ལྟ་ཅི་ངན་སོང་གི་གནས་ནས་ཐར་ཐབས་མེད་ངེས། སྐྱེས་བུ་འབྲིང་གི་ལམ་ནས་ཐར་བ་ཙམ་དོན་དུ་གཉེར་བའི་ལམ་ཞིག་གལ་ཏེ་སྟོན་ཐུབ་ན། དེས་ཀྱང་མཐའ་གཉིས་ལ་མི་གནས་པའི་རྫོགས་པའི་སངས་རྒྱས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཐོབ་པ་མིན། དེས་ན་སྐྱེས་བུ་ཆེན་པོས་ལམ་ནས་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་ས་ལམ་རིམ་བགྲོད་ཀྱི་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པར་བྱེད་པ་ལ་ད་རེས་བརྩོན་དགོས་བསམ་རྒྱུའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་སྔོན་དུ་བཏང་ནས། ད་ལྟ་རང་ཉིད་ཀྱང་ཉམ་ཐག་འཁོར་བའི་སེམས་ཅན་ཞིག་ཡིན་པས། གཞན་དག་སྐྱོབ་པའི་ནུས་པ་མེད། ནུས་པ་དང་ལྡན་པ་པོ་སྐྱབས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་ནས། སྦྱོར་བ་ལག་ལེན་གྱི་ཐོག་ནས་སྦྱིན་སོགས་ཕྱིན་དྲུག་གི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་འཇུག་དགོས། དེ་ཡང་བསྐལ་བ་གྲངས་མེད་གསུམ་སོགས་ཚོགས་བསགས་དགོས་ན་དུས་ཡུན་ཧ་ཅང་རིང་དྲག་པས་རིང་ལམ་མཚན་ཉིད་ཐེག་པ་རྐྱང་བ་ལ་ཞུགས་པ་དེས་ཀྱང་མི་འོང་། ཉེ་ལམ་སྔགས་ཕྱི་བ་ཕྱི་རྒྱུད་སྡེ་གསུམ་དེ་ལ་ཞུགས་ན་མི་ཚེ་བཅུ་དྲུག་ལ་སོགས་སྐྱེ་བ་མང་པོར་བརྒྱུད་དགོས། དེ་བས་ན་མྱུར་ལམ་སྔགས་ནང་པ་ནང་རྒྱུད་སྡེ་གསུམ་ལ་ཞུགས་དགོས་པས་མ་ཚད། ཤིན་ཏུ་མྱུར་ལམ་ཐེག་རྩེ་ཨ་ཏི་རྫོགས་ཆེན་མན་ངག་སྡེའི་ལམ་ལ་ཞུགས་ན། རིང་ན་མི་ཚེ་ཐུང་ན་ལོ་དང་ཟླ་བས་ཀྱང་འཚང་རྒྱ་བར་ནུས་པས་ལམ་དེ་ལ་ཞུགས་རྒྱུ་མ་ནོར་པ་ཡིན་པས། ད་རེས་ཀྱི་སྐྱེ་ལུས་འདི་དབུལ་པོ་ཞིག་གི་སྒྱེད་རྡོའི་འོག་ནས་གསེར་རྙེད་པ་དང་འདྲ་བ། ཤིན་ཏུ་མྱུར་ལམ་གྱི་ཆོས་དང་འཕྲད་ནས་ལམ་ཟབ་མོ་བགོ་སྐལ་དུ་ཐོབ་པ་འདི་ལ་བརྩོན་འགྲུས་བྱས་ཏེ། མ་རྒན་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ནི་ཞིག་བྱེད་དགོས་བསམ་པ་ཁ་བཤད་ཙམ་མ་ཡིན་པར་བློ་སྦྱོང་དགོས། ད་རེས་སྐལ་བ་བཟང་པོ་ཐོབ་པ་ཡིན་ཏེ། གཅིག་ཏུ་ཆོས་དང་མཇལ། གཉིས་སུ་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་ཡོད། འོན་ཀྱང་རང་གིས་བརྩོན་པ་མ་བསྐྱེད་ན་སྔར་བྱོན་སངས་རྒྱས་ཐམས་ཅད་ལ་ཐུགས་རྗེ་མེད་ནི་མ་རེད་གདའ་སེམས་ཅན་གྱི་བློ་མིག་མ་སད་པས། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སྡིག་པ་ཆུ་ཡི་བཀྲུ་ཐབས་དང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་ཐབས་མེད་ནས་རང་རེ་སྙིགས་མའི་སེམས་ཅན་ད་ལྟའི་བར་དུ་འཁོར་བར་འཁྱམས་ནི་བོ་འདི་རེད། ད་སྐབས་བསྟན་པ་ཉི་ཞུར་ཙམ་ཞིག་མཐོང་རྒྱུ་འདི་ཡང་། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུབ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་གསུངས་པ་ལྟར་དུ། སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་ཚད་མེད་པའི་མཐུ་ལ་བརྟེན་ཏེ་འོ་ཅག་གི་ཐར་བའི་ལམ་སྣེ་འདི་རྙེད་ནི་ཡིན་ན། འདི་འདྲའི་རྙེད་དཀའ་བ་རྙེད་དུས་གོ་སྐབས་འདི་མི་ཤོར་བའི་སྟེང་ནས་དལ་རྟེན་འདིས་སྙིང་པོ་ལོན་པར་བྱ་དགོས་པའི་རྒྱུ་མཚན་སྔར་ཡང་ནས་ཡང་དུ་ལན་མང་བཤད་པ་ལྟར་ཡིན། དེས་ན་དལ་བའི་རྟེན་འདི་ལས་སྙིང་པོ་ཞིག་བླངས་ཏེ་དམ་ཆོས་རྣམ་དག་ཞིག་སྒྲུབ་དགོས་ན། ཐོག་མར་ཤེས་རབ་ཀྱི་མིག་སྒྲུབ་དགོས་ནི་རེད། རང་རེ་ཐོག་མེད་ནས་ད་བར་འཁོར་བར་འཁྱམས་པས་རྨོངས་པ་མ་རིག་པའམ་མི་ཤེས་པའི་གདོན་གྱིས་བཏབ་ནས་ལོང་བ་ལྟར་འགྲོ་བའི་ལམ་མ་རྙེད་ནས་སྡུག་བསྔལ་མྱོང་ནི་རེད། ཐ་ན་འཇིག་རྟེན་གྱི་བྱ་བ་ཞིག་སྒྲུབ་དགོས་ཀྱང་ཤེས་རབ་ཡོད་མེད་འདིས་ཁྱད་པར་ཆེན་པོ་འགྲོ་བ་བཞིན། གཏན་གྱི་བདེ་བ་སྒྲུབ་པ་ལ་ཐོག་མ་ཤེས་རབ་ངེས་པར་དུ་ཚོལ་དགོས། དེ་ལ་ཡང་ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པ་གསུམ་པོ་གོ་རིམ་མ་འཆོལ་བར་བསྒྲུབ་དགོས། ལར་དང་པོ་ཤེས་དགོས་མ་ཤེས་ན་ཅི་ཞིག་སྒྲུབ། ཤེས་དགོས་ན་གཞན་ལས་ཐོས་དགོས་ཏེ། ཐོས་པ་རིག་མུན་སེལ་སྒྲོན་མེ་ཡིན། །ཞེས་གསུངས་པ་ལྟར་ཐོས་ན་སྔར་མ་ཤེས་པ་ཤེས་པར་བྱེད་ནི་རེད། དཔེར་ན་རྨོངས་པ་ནི་མུན་པ་ལྟ་བུ་ཞིག་ན་ཐོས་པ་སྒྲོན་མེ་ལྟ་བུས་ལོ་བརྒྱ་སྟོང་ལོན་པའི་མུན་པའང་སྐད་ཅིག་ལ་བསལ་ནུས་པ་ལྟར། ཐོག་མེད་ནས་སྙིང་ལ་ཉལ་བའི་རྨོངས་པ་དེ་ཤེས་རབ་གཅིག་གིས་སད་ཐུབ། རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །གསུངས་པས། འཇིག་རྟེན་གྱི་ནོར་ལོངས་སྤྱོད་ཇི་ཙམ་འབྱོར་ཀྱང་དེ་ཙམ་དུ་སྡུག་བསྔལ་མང་ཞིང་དགྲ་རྐུན་ལ་སོགས་པའི་འཇིགས་པ་ཡང་ཡོད་ནི་རེད། བསགས་དང་བསྲུང་དང་བརླག་པའི་སྡུག་བསྔལ་གྱིས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་གསུངས། དེས་ན་ཐོས་པ་ལས་བྱུང་བའི་ཡོན་ཏན་གྱི་ནོར་འདི་ནི། ཇི་ཙམ་བེད་སྤྱོད་ཀྱང་དེ་ཙམ་ཡར་འཕེལ་བ་ལས་མར་འགྲིབ་ཏུ་མེད། རྐུན་མས་རྐུ་ཐབས་མེད། ཇག་པས་འཕྲོག་ཐབས་མེད། ཕྲག་དོག་ཅན་གྱི་དགྲ་ཟླ་ཞིག་ཐད་ནས་ལངས་ཀྱང་ཁྱོད་ཀྱི་ཡོན་ཏན་ཟིལ་གྱིས་གནོན་མི་ནུས། ཆུ་མིག་རང་ཉིད་མ་སྐམ་ན། །ས་ཡིས་མནན་པས་ག་ལ་ཐུབ། །ཅེས་གསུངས་པ་ལྟར་ཡིན། ཉོན་མོངས་གཡུལ་ངོར་དགྲ་འཇོམས་མཚོན་ཆ་སྟེ། །གསུངས་ན། རང་གཞན་སྡུག་ལ་སྦྱོར་བའི་དགྲ་བོ་ནི་ཉོན་མོངས་པའི་དགྲ་བོ་འདི་རེད། དེ་དང་གཡུལ་སྤྲོད་དེ་འཐབ་འཁྲུགས་བྱེད་པའི་སྐབས་སུ་ཕ་རོལ་གྱི་དགྲ་སྡེ་གཞོམ་པའི་མཚོན་ཆ་ཡང་མང་དུ་ཐོས་པའི་ཡོན་ཏན་འདི་བས་ལྷག་པ་མེད། རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན། །ཕྱི་རོལ་དགྲ་བོ་བརྟུལ་ཞིང་འཕེལ་བར་འགྱུར། །ཞེས་གསུངས་པ་ལྟར་ཡིན། ཐབས་དང་མན་ངག་སྟོན་པ་གྲོགས་ཀྱི་མཆོག །གསུངས་ན། འཇིག་རྟེན་པའི་སྡིག་པའི་གྲོགས་པོ་དང་མི་དགེ་བའི་བཤེས་གཉེན་དང་ཕ་མ་ཡིན་ཡང་ལོག་པའི་ལམ་ལས་སྒྲོལ་བའི་ཐབས་དང་མན་ངག་བསྟན་མི་ནུས། ཐོས་པའི་ཡོན་ཏན་ལྡན་ཞིང་དམ་པའི་གཞུང་ལུགས་ལ་བརྟེན་ན་གཏན་བདེ་ཐོབ་པའི་ཐབས་དང་མན་ངག་དེས་སྟོན་པ་ཡིན་པས་གྲོགས་པོ་མཆོག་གྱུར་ལྟ་བུ་ཞིག་ཀྱང་ཡིན། ཚོགས་ཀྱི་དབུས་ན་མཁས་པ་དགའ་བྱེད་དེ། །གསུངས་ན། མཁས་མང་ཚོགས་པའི་དོ་ར་ཞིག་ལ་སླེབས་ན་གསེར་རྒྱན་དངུལ་རྒྱན་རྒྱབ་གཅིག་ཁུར་ཡོད་ཀྱང་བ་ལང་གསེར་རྒྱན་ཅན་ལས་བརྩི་ནི་མ་རེད། ཐོས་མང་རྙེད་པའི་ལག་རྗེས་ཡོན་ཏན་གྱི་རྒྱན་དང་ལྡན་ན་རྒྱན་གཞན་གང་ལས་ཀྱང་ཁྱད་དུ་འཕགས་པས་མ་ཚད། མཁས་པ་མཁས་པའི་དབུས་ན་མཛེས་ཤིང་མཁས་པ་མཆོག་རྣམས་དེ་ཡིས་མགུ་བར་བྱེད་པའང་ཐོས་པ་དེ་ཡིན། དེ་ལྟ་བུའི་ཡ་རབས་དམ་པའི་སྐྱེས་བུ་རྣམས་ལ་ལེགས་སྐྱེས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ནི་ཐོས་པའི་ཡོན་ཏན་ཁོ་ན་ཡིན་པས། ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཅེས་གསུངས་སོ། །མ་རབས་རྣམས་ཀྱི་ནང་ཐོན་སོང་ན་ཅི་འོང་སྙམ་ན། བླུན་པོས་མཁས་པ་ཇི་ལྟར་གོ། །ཙན་དན་གསེར་ལས་རིན་ཆེ་བ། །བླུན་པོས་སོལ་བར་བྱས་ལ་ལྟོས། །ཞེས་པ་བཞིན་ནོ། །རང་རང་གི་བུ་གྲྭ་སར་བཞག་ནས་ཐོས་པ་སློབ་གཉེར་མཐར་མ་ཕྱིན་པའི་གོང་ནས། སྒོར་མོ་བཙལ་བྱེད་ཀྱི་ལག་ཆ་བྱེད་བཅུག་ན་ཆོས་བརྒྱད་དོན་གཉེར་གྱི་ལམ་ལོག་སོང་ནས་འཕྲོ་བརླག་རེད་འགྲོ། ཕ་མས་བུ་རྒྱུད་ལ་སློབ་གསོ་བྱ་བསམ་ན་ཐོས་པ་ཚོལ་དུ་འཇུག་དགོས། རྒྱུ་ནོར་ཅི་ཙམ་བུ་རྒྱུད་ལ་བཞག་རུང་ཕན་པ་ཡོད་ནི་མ་རེད། ཨབ་རས་བསོག་བསོག་མཛོ་མོས་ཁམ་གང་ཟེར་བ་ལྟར། ཁྱོད་ཀྱིས་མི་ཚེ་གཅིག་ལ་བསགས་བསགས་པ་ཡང་བུ་རྒྱུད་སྡུག་པོ་ཞིག་གིས་ཉིན་གཅིག་ཤྭ་བརྒྱབ་ནས་རྒྱལ་ལ་ཤོར་འགྲོ་ནི་ཡོད། མིན་ན་ཚོང་ཉེས་གཅིག་གི་སྣར་ཁྱིམ་གཞིའི་འཁོར་བ་ཡོངས་རྫོགས་ཤོར་བས་མ་ཚད་མི་ཚེ་དོན་མེད་འགྲོ། གྲྭ་བ་མིན་ཡང་ཐོས་པ་ཚོལ་ནས་གནའ་དེང་གི་ཤེས་རིག་ཡོན་ཏན་ལོབས་ཤིང་དེའི་ཐོག་བསམ་པ་བཟང་པོ་ཞིག་དང་འདྲེས་ན་ཆོས་ཕྱོགས་ནས་ཐར་བའི་ཉེ་རྒྱུར་མ་སོང་རུང་རིང་རྒྱུར་འགྲོ་ངེས་པས་ཚེ་འདི་ཕྱི་གཉིས་ཀྱི་བདེ་སྐྱིད་དེས་སྐྲུན་ཐུབ། ཚེ་འདིའི་བདེ་སྐྱིད་རྐྱང་བ་སྐྲུན་དགོས་ནའང་ཤེས་རབ་ཡོད་ན་གཞན་གཅིག་དང་མི་འདྲ། མ་བཅུས་བཀོད་མའི་ཆུ་ཡང་ཉམས་འགྱུར་ལ། །བུས་ན་མེ་སྟག་ཕྲ་མོའང་མཆེད་འགྱུར་ལྟར། །བསླབ་ན་སྐད་ཅིག་རེས་ཀྱང་བཟང་གོམས་འཕེལ། །བསྐྱུར་ན་སྔོན་གོམས་རྣམས་ཀྱང་བརྗེད་ནས་འགྲོ། །ཞེས་གསུངས་པ་ལྟར་དུ། མ་བསླབ་མ་སྦྱངས་ནས་ཉལ་བསྡད་ན་ལོབ་འོང་རྒྱུ་ཅི་ཡོད། ཐོས་པའི་དོན་དེ་ཡང་བསམ་པའི་ཤེས་རབ་ཀྱིས་གཏན་ལ་འབེབས་དགོས། གོ་བ་ཙམ་དང་ཉན་པ་ཙམ་འབའ་ཞིག་གིས་མི་འོང་དེའི་དོན་ཤེས་ནས་ངེས་ཤེས་འདྲོང་དགོས། ཤེས་པ་དེ་ཡང་སྦོམ་བཤད་རགས་རིམ་ཙམ་གྱིས་མི་ཆོག་པར་ཞིབ་ཅིང་ཕྲ་བའི་ཐོག་ནས་ཐེ་ཚོམ་གྱི་བརྡར་ཤ་གཅོད་དགོས། དེའི་ཐོག་བསམ་དོན་རྒྱུད་ལ་སྦྱར་ནས་སྒོམ་པའི་ཤེས་རབ་ཀྱིས་ཉམས་སུ་ལེན་དགོས། ཉམས་སུ་མ་བླངས་པའི་གཞུང་བརྒྱར་ཤེས་ཀྱང་བེད་མི་ཆོད། ལམ་གྱི་རྩ་བ་ངེས་འབྱུང་སེམས་བསྐྱེད་སྒོམས། །རྩ་བ་མེད་ན་ཡལ་ག་ཅི་ལས་སྐྱེ། །ལམ་གྱི་སྙིང་པོ་མཐའ་བྲལ་ལྟ་བ་སྐྱོངས། །སྙིང་པོ་མེད་པའི་ཡལ་ག་ཅི་ལ་རུང་། །ཞེས་གསུངས་པས་སྒོམ་བསམ་གཏན་གྱི་ངང་ལ་གནས་པ་ནི་ཞི་ལྷག་ཟུང་དུ་འབྲེལ་བ། ཕྱི་ཡུལ་གྱི་དངོས་པོ་མེད་སྣང་སྟོང་གཟུགས་སྣང་བ་རྫུན་པའི་རང་བཞིན་དུ་ཤེས་ནས། དེ་ལྟར་སྣང་བའི་མཁན་པོ་ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བརྟགས་ཤིང་དཔྱད་ན་སྣང་ཡུལ་མ་འགག་གཟའ་སྐར་བཞིན་དུ་བཀྲ་ཡང་དེར་འཛིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་དུ་ཆོས་ཉིད་སྟོང་གསལ་མཐའ་དབུས་དང་བྲལ་བ་ནམ་མཁའ་ལྟ་བུའི་དོན་རྟོགས་པ་དེ་སྒོམ་པའི་ཤེས་རབ་ཡིན། དེས་ན་དེ་ལྟ་བུའི་ཐོས་བསམ་སྒོམ་པ་གོ་རིམ་ལོག་མི་རུང་། དམ་ཆོས་དྲན་པ་མང་སྟེ་བཤད་པ་དཀོན། །ཐེག་མཆོག་འདོད་པ་མང་སྟེ་ཤེས་པ་དཀོན། །གདམས་ངག་ཞུ་མཁན་མང་སྟེ་སྒྲུབ་མཁན་ཉུང་། །གསུངས་ནི་རེད། དང་པོ་གཞོན་ནུ་ལོ་ཆུང་གི་དུས་ཞིག་ནས་སྒོམ་རྒྱག་ཁུལ་གྱིས་རི་མཐོ་སར་འགྲོ་མདོག་བྱས་ཀྱང་། བར་དུ་ཅི་ཤེས་འདི་ཤེས་མེད་ནས་སྦྱང་སའི་ཆོས་གྲྭ་ཞིག་ལ་ཞུགས་ཁུལ་བྱས། དེ་ནས་ཀྱང་མཐར་མ་བུད་ཁོང་དུ་མ་ཆུད་ནས། ཆོས་དྲེད་ཆོས་ཀྱིས་མི་ཐུལ་པའི་མི། ཡང་ན་རྟོགས་ལྡན་རྒས་ཁར་ཨ་ཀྲད་ཆུ་རྡུང་ལ་ལོག་རྒྱུ་དང་། ཡང་ན་ལས་མཐའ་ལོག་པ་ནགས་མཐའི་མི་རྒོད་ལྟ་བུ་རེད་ཉེན་ཆེ། མདོར་ན་དམ་པའི་ཆོས་རྣམ་དག་ཞིག་བསྒྲུབས་ཏེ་ཚེ་འདིའི་ཐོག་ནས་འཁོར་བར་ཕྱི་ཕྱག་འཚལ་བསམ་ན་དམ་པའི་བཤེས་དང་དགེ་བའི་གྲོགས་པོ་དང་ཐོག་མཐའ་བར་གསུམ་མ་བྲལ་བའི་ཐོག་ནས། དཔལ་སྤྲུལ་རིན་པོ་ཆེས། རྨོངས་པའི་བྱིས་པ་སྨིག་རྒྱུའི་རི་དྭགས་བཞིན། །སྲིད་འབྱོར་ཕྲ་མོའི་འབྱོར་བ་འདི་མཐོང་ནས། །མཁས་པའི་རང་བཞིན་ཞེན་པའི་སྒྲོག་བྲལ་ཏེ། །དབེན་པའི་གནས་སུ་སྒྲུབ་ལ་བརྩོན་པར་རིགས། །ཞེས་གསུངས་པ་ལྟར་བློ་ཐག་རང་གིས་བཅད་དེ་དབེན་པའི་གནས་སུ་སྒྲུབ་ལ་བརྩོན་པ་དུས་སུ་བབས་པའི་ལས་ཡིན། རྩོད་པ་ཅན་གྱི་ས་ཡུལ་སྤྲོ་ཡང་སླུ། །རྣམ་གཡེང་འདོར་མེད་དམག་གི་ས་མཁན་འདྲ། །མཁར་ལས་དཀོར་ཕྱིན་མང་པོ་ངལ་བའི་རྒྱུ། །ཉེས་མེད་དབེན་པར་བརྟེན་ན་མི་ལེགས་སམ། །ཞེས་དང་། འབད་པས་བསགས་པའི་ལོངས་སྤྱོད་འཛོམས་ཀྱང་བསླུ། །སེར་སྣས་བསྲུངས་ཀྱང་སྦྲང་མའི་སྦྲང་རྩི་འདྲ། །དོན་མེད་གསོག་བྲིན་མཁས་ཀྱང་ངལ་བའི་རྒྱུ།།གང་བྱུང་ཆོག་ཤེས་བྱས་ན་མི་ལེགས་སམ། །ཞེས་གསུངས་པ་ལྟར་དུ། ད་གདམས་པའི་སྙིང་པོ་ཚིག་གཅིག་ལ་བསྡུས་ནས་ཁྱོད་རྣམ་པ་ལ་དེ་རིང་ཕྱི་འབོད་ཅིག་བྱས་ན། ཡབ་མེས་བཟང་པོ་དམ་པ་གོང་མའི་རྣམ་ཐར་གྱི་རྗེས་སུ་སྙོགས་རྒྱུ་བོ་གདམས་པ་ཐམས་ཅད་ཀྱི་ཉིང་ཁུ་ཡིན། སྐབས་སུ་བབས་པ་གང་གསན་པར་བྱ་བ་ནི། ཐོག་མཐའ་བར་གསུམ་དགེ་བའི་ཆིངས་ཆེན་པོ་གསུམ་ལས། མཐའ་མ་ལ་ཉེ་བའི་མཇུག་མན་ངག་གི་དོན་བསྡུ་བ་ཡིན་ལ། ད་ནི་གདམས་ངག་ཐམས་ཅད་ཀྱི་གནད་བསྡུས་ཏེ་མཇུག་བསྡུ་བ་ནི།

༡༽ཁྲིད་རྐང་གནད་བསྡུས།

དེ་ལྟར་དལ་འབྱོར་རྙེད་པར་དཀའ་བ་ལ་བསམས་ནས་རྒྱལ་སྲས་ཞི་བ་ལྷས། འདི་འདྲའི་དལ་བ་རྙེད་གྱུར་ནས།།བདག་གིས་དགེར་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་པ་ལྟར་ད་རེས་ཀྱི་སྐྱེ་བ་འདི་གཏན་ལེགས་དང་གཏན་ཉེས་ཀྱི་ས་མཚམས་ཡིན་པས་སྟོང་ལོག་བྱས་ན་འདི་འདྲ་བའི་ལུས་རྟེན་ཐོབ་དཀའ་བ་ལ་བསམ་བློ་བཏང་སྟེ་དམ་ཆོས་ཚུལ་བཞིན་དུ་བསྒྲུབས་ཏེ་དལ་བའི་རྟེན་ལ་སྙིང་པོ་བླངས་ནས་རང་གཞན་ཐར་ལམ་ལ་འགོད་པ་ཞིག་དགོས། ཚེ་མི་རྟག་པའི་ཚུལ་ལ་བསམས་ནས་བརྩོན་འགྲུས་ཀྱི་ལྕག་གིས་བྲབས། ཞེས་མི་རྟག་པ་འདི་གཡང་ཁའི་བྱེའུ། རླུང་ནང་གི་མར་མེ་བཞིན་འཆི་རྐྱེན་མང་ནི། འཚོ་རྐྱེན་ཉུང་ནི། ཁྱད་པར་སྙིགས་དུས་ཀྱི་ཚེ་ལ་ངེས་པ་མེད་པ་ཡིན་པས་སང་བྱ་དང་གནངས་བྱའི་མི་ཚེ་མི་སྐྱེལ་བར་ལ་འུར་ལ་འུར་ད་ལྟ་ཉིད་དུ་སྒེག་མོའི་མགོ་ལ་མེ་ཤོར་བ་དང་སྡར་མའི་པང་དུ་སྦྲུལ་ཞུགས་པ་ལྟར་དུ་བརྩོན་འགྲུས་ཐང་ལྷོད་མེད་པར་རྩོམ་དགོས། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་ངེས་འབྱུང་དང་སྙིང་རྗེའི་བློ་བསྐྱེད། གསུངས་ན་འཁོར་བའི་གནས་འདིར་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་མེའི་འོབས་ལྟ་བུ། སྲིན་མོའི་གླིང་ལྟ་བུ། དུག་སྦྲུལ་གདུག་པ་ཅན་གྱི་ཚང་ལྟ་བུ་ཡིན་པར་ཤེས་ནས་ངེས་འབྱུང་དང་ཕ་མར་གྱུར་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་བློ་བཅོས་མ་མ་ཡིན་པ་ཞིག་བསྐྱེད་དགོས། རྒྱུ་འབྲས་ཀྱི་རྣམ་གྲངས་ཤེས་ནས་དགེ་སྡིག་ལ་སྤང་བླང་དུ་བྱ། གསུངས་ན། ལས་རྒྱུ་འབྲས་ཀྱི་རྣམ་གྲངས། མདོ་སྡེ་ལས་བརྒྱ་བ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པ་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་བས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་པ་ལྟར་དུ་རྒྱུ་འབྲས་ཀྱི་རྣམ་གྲངས་ཤེས་པར་བྱས་ནས་དགེ་སྡིག་ལ་སྤང་བླང་དུ་བྱ་བ་སྟེ་བློ་ལྡོག་རྣམ་པ་བཞི་དང་དེའི་ཐོག་ཏུ་འཁོར་བའི་གནས་ལས་གཏན་དུ་ཐར་བའི་ཐར་པའི་ཕན་ཡོན་དྲན་པས་འབྲས་བུ་བྱང་ཆུབ་གསུམ་གྱི་གོ་འཕང་ཐོབ་ཐུབ་པ་ལ་བསམ་ནས་དགའ་བའམ་སྤྲོ་བའི་བྲོད་པ་བསྐྱེད། ཡང་དག་པའི་དགེ་བའི་བཤེས་གཉེན་ལ་བསྟེན་ནས་དགོངས་སྤྱོད་བསླབ་པ་སྟེ། ནད་པས་སྨན་པ་མགྲོན་པོས་སྐྱེལ་མ་དང་། །འཇིགས་པས་ར་མདའ་ཚོང་བས་དེད་དཔོན་དང་། །གྲུ་བས་མཉན་པ་བཞིན་དུ་སྐྱེ་ཤི་དང་། །ཉོན་མོངས་དགྲ་ཡིས་འཇིགས་ཏེ་བསྟེན་པར་བྱ། །གསུངས་པ་ལྟར་མཚན་ལྡན་དགེ་བའི་བཤེས་གཉེན་མཉེས་པ་གསུམ་གྱིས་བསྟེན་ནས་དེའི་དགོངས་སྤྱོད་ལ་བསླབ་དགོས། དེ་ལྟ་བུའི་ཐུན་མོང་ཕྱི་ཡི་སྔོན་འགྲོའི་ཁྲིད་རྐང་དྲུག་དང་། ཐུན་མིན་ནང་གི་སྔོན་འགྲོ་དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་ནས་ཐར་བའི་ལམ་གྱི་རྟེན་གཞི་བཅའ། ཞེས་གསུངས་ན་ནང་པ་སངས་རྒྱས་པའི་ཁྱུར་མ་ཚུད་ན་ཐར་ལམ་མེད་དེ། ཕྱི་བ་ནང་པ་སྐྱབས་འགྲོའི་ཁྱད་གསུངས་པ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་ནང་པ་སངས་རྒྱས་པ་ཡིན་པས་སྐྱབས་སུ་མ་སོང་ན་ནང་པའི་ཁྱུ་མི་ཚུད་ཅིང་ལམ་ཐམས་ཅད་ཀྱི་རྨང་གཞི་སྐྱབས་འགྲོ་ཡིན་པས་འཇིགས་དད་གཉིས་ཀྱི་རྒྱུ་བྱས་ཏེ་སྐྱབས་འགྲོའི་ངོ་བོ། དབྱེ་བ། མཐར་ཐུག་དོན་གྱི་སྐྱབས་འགྲོ་ལ་སོགས་པ་ཤེས་པར་བྱས་ནས་སྐྱབས་སུ་འགྲོ་དགོས། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཕར་ཕྱིན་དྲུག་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུའི་ཁོག་ཕུབས་ཏེ་རྫོགས་སྨིན་སྦྱོང་བ་མཐར་ཕྱིན་པར་བྱ་དགོས། རྡོ་རྗེ་སེམས་དཔའ་དེ་ཉིད་བླ་མ་དང་གཉིས་སུ་མེད་པ་ཀུན་འདུས་ནོར་བའི་ལུགས་སུ་བསྒོམས་པ་དང་བཟླས་བརྗོད་བྱས་པ་ལ་བསྟེན་ནས་ཉེས་པ་ཐམས་ཅད་ཀྱི་རྩ་བ་སྡིག་ལྟུང་བསགས་པ་ཐམས་ཅད་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པར་བྱ། སངས་རྒྱས་སྐུ་གསུམ་གྱི་ཞིང་ཁམས་ལ་སྣང་ཚུལ་སྤྲུལ་སྐུའི་མཎྜལ། གནས་ཚུལ་ལོངས་སྐུའི་མཎྜལ། ཁྱབ་བྱེད་ཆོས་སྐུའི་མཎྜལ་རྣམ་པ་གསུམ་དུ་ཕུལ་ཏེ། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་སྣང་བཅས་བསོད་ནམས་དང་སྣང་མེད་ཡེ་ཤེས་ཀྱི་ཚོགས་བསགས་ནས། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་བླ་མ་དམ་པ་ལ་གསོལ་བ་བཏབ་སྟེ་དབང་བཞི་བླངས་ནས་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བསྐྱེད་པ་སྟེ། ཐུན་མིན་ནང་གི་སྔོན་འགྲོ་ཁྲི་རྐང་ལྔ་དང་། ལམ་མཐར་མ་ཕྱིན་པར་འཆི་བ་ཐོག་བབ་ཏུ་བྱུང་བ་དང་ལམ་སྦྱོང་བ་དམན་པ་ཡིན་ན་དག་པའི་ཞིང་དུ་མཚམས་སྦྱོར་བ་དངོས་གཞིའི་གདམས་པའི་ཆ་ལག་འཕོ་བ་མ་བསྒོམས་སངས་རྒྱས་ཏེ་ཁྱོན་སྡོམ་ཐུན་མོང་ཐུན་མིན་གྱི་ཁྲིད་རྐང་བཅུ་གཉིས་ཡིན་ལ། དེ་དག་ཀྱང་སྔོན་འགྲོ་བློ་ལྡོག་གི་ཆོས་དལ་འབྱོར་རྙེད་དཀའ། ཚེ་མི་རྟགའཁོརབའི་ཉེས་དམིགས། ལས་རྒྱུ་འབྲས་དང་བཞི་པོ་དང་། ཐར་པའི་ཕན་ཡོན་བསྟན་པ་དང་ལྔ་ལ་བརྟེན་ཏེ་བཅོས་མ་མ་ཡིན་པའི་ངེས་འབྱུང་རང་རྒྱུད་ལ་བསྐྱེད་ཅིང་ཐེག་ཆེན་མདོ་སྔགས་ཀྱི་ལམ་ཐམས་ཅད་ཀྱི་སྒོ་ཕྱེ། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དགེ་བའི་བཤེས་གཉེན་ལ་བསྟེན་ནས། ལམ་སྟོན་གྱི་དེད་དཔོན། མུན་སེལ་གྱི་སྒྲོན་མེ་དེ་ལྟ་བུར་བསྟེན་ཏེ་ལམ་ལོག་པར་མི་འཕྱན་ཞིང་ཡང་དག་པའི་ལམ་རྙེད་པའི་སྒོ་ནས་ལམ་གྱི་རྟེན་འབྲེལ་བསྒྲིགསྐྱབས་འགྲོ་མེད་ན་ནང་པའི་ཁྱུ་མི་ཚུད་པས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་གཞི་བཟུང་། སྨོན་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྦྱོར་བ་ཕྱིན་དྲུག་གི་ལམ་ལ་དངོས་སུ་བསླབས་ནས་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡང་དག་པ་ལ་ཁྲིད་པར་བྱེད་པ་སྟེ། ཁྲིད་ཚུལ་གཞན་དུ། ས་སྐྱ་བའི་སྣང་བ་གསུམ་དང་། བཀའ་གདམས་པའམ་དགེ་ལུགས་པའི་སྐྱེས་བུ་གསུམ་དང་། བཀའ་བརྒྱུད་པའི་ཕྱག་ཆེན་མདོ་ལུགས་སུ་ཁྲིད་པར་གྲགས་པ་ལ་སོགས་པ་ཐམས་ཅད་ཀྱི་ལམ་གནད་ཡོངས་སུ་རྫོགས་པའི་འདི་ཙམ་དུ་འདུས་པ་ཡིན་ལ། གསང་སྔགས་ཀྱི་ཐབས་བླ་ན་མེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་བརྟེན་པ་དང་། ཚོགས་བསགས་པ་མཎྜལ་ལ་བརྟེན་པའི་བསགས་སྦྱོང་གཉིས་དང་། དོན་དམ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲུབ་པ་སྦྱངས་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། ཞེས་གསུངས་པ་ལྟར་བསགས་སྦྱངས་སྔོན་དུ་སོང་བས། ཟབ་མོ་དགོངས་བརྒྱུད་རྟོགས་པའི་བྱིན་རླབས་ཀྱི་དོན་ཐོབ་པར་བྱེད་པའི་གསང་ལམ་གྱི་ཐབས་ཁྱད་པར་ཅན་བླ་མའི་རྣལ་འབྱོར་དང་། རྩོལ་བ་ཆེན་པོས་མ་བསྒོམས་པར་སངས་རྒྱས་པའི་མྱུར་ལམ་འཕོ་བའི་གདམས་པ་རྣམས་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཁྲིད་ཚུལ་འདིའི་གཞན་ལ་མེད་པའི་ཁྱད་པར་གྱི་ཆོས་བླ་ན་མེད་པ་ཡིན། ད་དུང་ཡང་ལམ་གོང་མ་སྙིང་ཐིག་རྡོ་རྗེ་སྙིང་པོའི་ལམ་གྱི་དངོས་གཞི་ཐུན་མོང་མ་ཡིན་པའི་ཆོས་སྒོར་འཇུག་པ་ལ་ནི། ཐུན་མིན་ཁྱད་པར་གྱི་སྔོན་འགྲོའི་སྒོ་ནས་སྐུ་གསུམ་གྱི་སྣ་ཁྲིད་པ་འབྱུང་བཞིའི་སྒྲ་ལ་བསླབས་པ། དང་སེམས་རིག་གི་སྣ་ཁྲིད་དེ་འཁོར་འདས་རུ་ཤན་འབྱེད་པ་ལ་སོགས་པ་ནས། གནས་ལུགས་མ་བཅོས་པ་དོན་གྱི་ངོ་སྤྲོད་རིག་པ་རྩལ་གྱི་དབང་ཆེན་པོ་བསྐུར་ནས་ད་གཟོད་གཞི་ནས་ཉམས་ཁྲིད་ཀྱི་སྒོ་ནས་སངས་རྒྱས་ལག་ལེན་དམར་བཅང་དུ་འདེབས་ཤིང་རང་ལ་ཡོད་པའི་སངས་རྒྱས་དེ་མཛུབ་ཚུགས་སུ་ངོ་སྤྲད་པ་དེ་ལྟ་བུ་ཡིན་ནོ། །དེ་ལྟར་ཐུན་མོང་ཐུན་མིན་གྱི་སྔོན་འགྲོའི་ཚུལ་བཤད་པ་ཐམས་ཅད་ཀྱང་ཚིག་གི་སྙན་ཆ་དང་སྡེབ་སྦྱོར་གཙོ་བོར་མ་བཏོན་པར། རྗེ་བླ་མའི་གསུང་སྒྲོས་ཞལ་གདམས་ཀྱི་གསུང་ངག་ཇི་ལྟར་ཡོད་པ་ལྟར་ལ། རང་ཚིག་གི་བསྲེ་བསླད་སྤོང་ཅི་ནུས་སུ་སྤངས་ཏེ་བླུན་པོས་གོ་སླ་བ་དང་མཁས་བླུན་ཐམས་ཅད་ཀྱི་སེམས་རྒྱུད་ལ་ཕན་པ་ཁོ་ན་གཙོ་བོར་བཏོན་ནས་བྲིས་ཤིང་། དེ་ལས་ཀྱང་གདམས་ངག་མཚང་ཐོག་ཏུ་རྒོལ་བའི་མཚང་འདོན་གྱི་ཞལ་གདམས་རྗེ་བླ་མ་དམ་པས་དམིགས་ཀྱིས་བཀར་ནས་གསུངས་པ་དུ་མ་ཡོད་པ་རྣམས་ཀྱང་དཔལ་སྤྲུལ་རིན་པོ་ཆེ་རང་གིས་གང་ཟིན་ཐམས་ཅད་སྐབས་ཅི་རིགས་པར་འཕྲོས་དོན་གྱི་ཚུལ་དུ་བཀོད་པ་ཡིན་ལ། འདི་ལ་བསླབ་པའི་སྐབས་ཁྱེད་ཕྱི་རབས་པ་རྣམས་ཀྱིས་མཚང་འདོན་དེ་དག་ཀྱང་གཞན་སྐྱོན་ལྟ་བའི་མིག་སྒོར་དང་ནི་གཞན་མཚང་བྲུ་བྱེད་ཀྱི་ཐུར་མར་མི་བཟུང་སྟེ། ཁ་ནང་དུ་ལོག་ནས་རང་སྐྱོན་ལྟ་བའི་མེ་ལོང་དུ་བྱས་ནས། སྐྱོན་མཚང་དེ་དག་རང་ལ་ཡོད་དམ་མེད་ལེགས་པར་བརྟགཡོད་པར་འདུག་ན་སྐྱོན་ངོས་བཟུང་། རང་ལ་ཡོད་པའི་མཚང་དེ་དག་ཡུལ་ནས་ཕུད་དེ་ཡང་དག་པའི་ལམ་ལ་བློ་ལྷན་གྱིས་འགྲོ་བ་ཞིག་ཏུ་རང་གིས་རང་རྒྱུད་འཆོས་དགོས་པ་ཡིན་པས་ན། ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས། དགེ་བའི་བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན། གདམས་ངག་གི་མཆོག་མཚང་ཐོག་ཏུ་འབེབས་པ་ཡིན། གྲོགས་ཀྱི་མཆོག་དྲན་པ་དང་ཤེས་བཞིན་ཡིན། སྐུལ་མའི་མཆོག་དགྲ་བགེགས་དང་ན་ཚ་སྡུག་བསྔལ་ཡིན། ཐབས་ཀྱི་མཆོག་བཅས་བཅོས་མེད་པ་ཡིན། ཞེས་གསུངས་པ་ལྟར་གདམས་ངག་མཚང་ཐོག་ཏུ་ཕབ། ཆོས་དང་རང་སེམས་གཉིས་ཐོ་གཏུགས་ནས་ཞུ་དག་བྱས་ཏེ། རྒྱུན་དུ་དྲན་པ་དང་ཤེས་བཞིན་གྱིས་བཟུང་སྟེ། ཞེས་གསུངས་ན། བཟང་པོ་བྱས་ཚད་ང་ཡིན། ངན་པ་བྱས་ཚད་གཞན་རེད་ཟེར་མི་བཏང་ནས། མི་ཐོན་མི་འཇོན་པའི་ལེ་ལན་ཐམས་ཅད་རང་ལ་བདར་ཞིང་། ཀུན་རྟོགས་ངན་པ་ཞིག་སྐྱེས་པ་ཚུན་ཆད། ཁ་ཡན་ལང་ཤོར་ཏུ་སྐྱུར་མི་གཏོང་བར་རང་རྒྱུད་ཆོས་ཀྱིས་འདུལ་བ་ནི་གནད་དམ་པ་ཡིན་ནོ། །དེ་ལྟར་བྱས་ན་རང་དྲིན་རང་ལ་ཆེ། ཆོས་ཀྱིས་སེམས་ལ་ཕན། བླ་མ་བསྟེན་པ་ལ་དོན་སྒོ་བྱུང་བ་ཡིན་ཏེ། ཇོ་བོའི་ཞལ་ནས། ཕན་བཏགས་པའི་མཆོག་ཆོས་ལ་བཙུད་པ་ཡིན། ཕན་ཐོགས་པའི་མཆོག་ཆོས་ལ་བློ་སྣ་འགྱུར་པ་ཡིན་གསུངས། མདོར་ན་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་མོའི་གདམས་ངག་ཐོབ། ཆོས་ཐེག་པ་རིམ་དགུ་ཉམས་སུ་བླངས་ནས་སངས་རྒྱས་རང་ལ་བསྒྲུབ་ཏུ་ཡོད་པའི་སྐབས་འདིར། ཚེ་རབས་གཏན་གྱི་འདུན་མའི་ཆུས་བཟང་པོ་དེ་ཚུགས་ན་ད་རེས་མ་ཚུགས་ན་ད་རེས་བློ་ལེགས་ན་ད་རེས་ཉེས་ན་ད་རེས། འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་ས་མཚམས་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་པས། རང་མགོ་ཉི་མ་ཆོས་ཀྱིས་བཏོན་ནས་དུས་རྟག་ཏུ་འཆི་བའི་སྐུལ་མ་གདབ། ཚེ་འདིར་བློ་སྣ་བསྟུང་། བརྩོན་འགྲུས་སྲོག་དང་བརྡོས་ནས་དགེ་སྒྲུབ་དང་སྡིག་སྤོང་ལ་འབད། མཚན་ཉིད་ཀུན་ལྡན་གྱི་བླ་མ་བསྟེན་ནས་ཅི་གསུང་དང་དུ་བླང་། བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏད་དེ། སྐྱིད་ན་དཀོན་མཆོག་གི་ཐུགས་རྗེ། སྡུག་ན་སྔོན་བསགས་ཀྱི་ལས་འཕྲོར་ཤེས་ཤིང་། བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ངང་ནས་ཉམས་ལེན་བསགས་སྦྱོང་གཉིས་ལ་འབད་དེ། མཐར་ཐུག་མོས་གུས་དང་དམ་ཚིག་རྣམ་པར་དག་པའི་སྒོ་ནས། བརྒྱུད་ལྡན་གྱི་བླ་མ་མཆོག་དང་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཏེ། ཚེ་འདིར་ཐར་ལམ་གྱི་བཙན་ས་ཟིན་པར་བྱ་ཞིང་། མ་རྒན་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་དོང་ནས་འདོན་པའི་བློ་སྟོབས་ཀྱི་ཁུར་ཁྱེར་བ་ནི། གདམས་ངག་གི་གནད་ཐམས་ཅད་བསྡུས་པ་ཡིན་ནོ། །དེ་ཡན་གྱི་ཉམས་ལེན་ལག་ལེན་དུ་དྲིལ་རྒྱུའི་གནད་ཀྱི་མདོ་འགག་ཐམས་ཅད་ཚིག་ཉུང་དོན་འདུས་སུ་སླར་ཡང་བཟླས་ཏེ་བསྟན་པ་ཡིན་ནོ། །

༼ཧཱུཾ༽མཐའ་མར་དགེ་བ་མཇུག་གི་དོན་ལ་གཉིས།

ད་ནི་མཐའ་མར་དགེ་བ་མཇུག་གི་དོན་དངོས། དཔལ་ལྡན་བླ་མ་དམ་པའི་གདམས་ཟབ་བདུད་རྩིའི་ཐིགས་པ་གསུང་ཞལ་ཆབ་དྲི་མ་མེད་པའི་ཡོན་ཏན་དེ་ཉིད་རྗེས་སུ་བརྗོད་པ་ཡིན་པས་དེ་ལ་བསྔགས་བརྗོད་བསྟོད་པའི་མེ་ཏོག་གཏོར་བ་དང་ཆབས་ཅིག་ཏུ། མཇུག་ཡོངས་སུ་རྫོགས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་བཅས་ཏེ། གནས་གང་དུ། དུས་ནམ་གྱི་ཚེ། རྐྱེན་ཇི་ལྟ་བུས་བསྐུལ་ཏེ། དགོས་པ་ཅི་ཞིག་གི་ཆེད་དུ་ཁྲིད་ཡིག་འདི་ཉིད་རྩོམ་པ་པོ་སུས་ཇི་ལྟར་བརྩམས་པའི་མཛད་བྱང་དང་བཅས་པ་བཤད་པའི་སྐབས་ཡིན། གོང་དུ་ཇི་ལྟར་བསྟན་པའི་ཁྲིད་ཡིག་འདིས་བསྟན་བྱའི་ལུས་དངོས་སམ་དེའི་ངོ་བོ་ཇི་ལྟར་ཡིན་པའི་མཇུག་སྡུད་མཐའ་སྡོམ་གྱི་གནད་དང་པོ་ནི།

༡༽མཇུག་རྩོམ་དང་།

དེ་ལྟར་རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་གང་ཟག་སྙན་བརྒྱུད་དེ་བརྒྱུད་པ་གསུམ་གྱི་མན་ངག་ཐམས་ཅད་ཀྱི་བཅུད་བསྡུས་པའི་བདུད་རྩིའི་ཀླུང་ཆེན་པོ་ལྟ་བུ་འདི། མཚུངས་མེད་སྙན་བརྒྱུད་བཀའ་བབས་ཀྱི་བརྒྱུད་པ་དྲིན་ལྡན་བླ་མ་དམ་པའི་ཞལ་ཆབ་ལས་བྱུང་བའི་གདམས་ཟབ་ལས་དོན་གྱི་རོ་བཅུད་མངར་མོའི་བཅུད་དང་བཅས་པ། གསང་སྔགས་སྔ་འགྱུར་བའི་ལུགས་ཀྱི་ཐེག་པ་རིམ་པ་དགུ་ཡི་རྣམ་གྲངས་སུ་ཕྱེ་བའི་རིམ་དགུའི་ཐེག་པའི་ཉམས་ལེན་གྱི་སྙིང་པོའི་གནད་འགག་ཐམས་ཅད། མ་ནོར་བ་ཡོངས་སུ་བསྡུས་ཏེ་གཅིག་ཏུ་དྲིལ་པའི་མན་ངག་གི་གཞུང་ནི་འདི་ཁོ་ན་ཡིན། དེས་བསྟན་བྱ་གཞུང་གི་ལུས་དངོས་སམ་ངོ་བོ་བསྟན་ནས། འདི་མན་གྱི་ཤྭ་ལོ་ཀ་ལྔས་གདམས་པ་འདི་ཉིད་ཀྱི་ཁྱད་ཆོས་དང་དགོས་པ་དགེ་མཚན་ཡུལ་ལ་སྨིན་པ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་མཐུན་དཔེ་སྦྱར་ནས་བསྟན་པ་ཡིན། ཚིག་དོན་གྱི་ཆ་ནས་དགག་སྒྲུབ་ལ་སོགས་རྒྱས་སྤྲོས་ཀྱི་བཤད་པ་བཤད་ཡམ་གྱི་ཚིག་གི་ཚོགས་མང་པོའི་སྤུན་པའམ་སྙིང་པོ་མེད་པའི་ཚིག་ཚོགས་རྣམས་ཡོངས་སུ་དོར་ནས། ཟབ་པ་ལས་ཀྱང་ཡང་ཟབ་ཏུ་གྱུར་བའི་སྙིང་པོའི་གདམས་པ་ཉམས་ལེན་ལག་ལེན་ལ་ཕན་པའི་གནད་ཀྱི་རོ་བཅུད་ཕུན་སུམ་ཚོགས་པ་ཐམས་ཅད་མཉམ་དུ་བསྡེབས་ཏེ། རང་གི་ཉམས་མྱོང་བླ་མ་དམ་པའི་ཞལ་གྱི་གདམས་པ་དྲི་མ་མེད་པས་བཙོས་པའི་བཅུད་བཟང་པོ། དེ་ལྟར་ལེགས་པར་བཤད་པའི་མན་ངག་འདི་ནི་སྐལ་ལྡན་ཐར་ལམ་བགྲོད་པའི་ལུས་བཟང་གསོ་བ་ལ་གཡོས་སྦྱོར་ལེགས་པའི་ཁ་ཟས་བཟང་པོ་དང་འདྲ་བ་ཡིན། སྙིགས་མའི་རང་གཤིས་ངན་པའི་དབང་དུ་སོང་བའི་ཉོན་མོངས་པ་དུག་གསུམ་པོ་ལ་ཇི་མི་སྙམ་པར་སྤྱོད་པའི་ས་གཞི་མ་རུང་བ་ཐ་རྒོད་ལ། སྐྱོན་མཚང་ངན་པ་གཏིང་ནས་འདོན་པར་བྱེད་པའི་ཞལ་གདམས་མི་འཇིག་མི་ཤིག་པར་རྡོ་རྗེ་ལྟ་བུའི་ཐོང་གཤོལ་བཙུགས་ཏེ། ཐར་ལམ་བགྲོད་པའི་ལམ་ཡང་དག་པར་གསུངས་པའི་དམ་པའི་ཆོས་དོན་བཟང་པོ་ཚིག་འབྲུ་བཟང་པོ་ཅན་གྱི་ཆར་བབས་པའི་རླན་གྱིས་འདེབས་པ་མཁས་པ་ཅན་གྱི། དེ་ལྟ་བུ་ལེགས་བཤད་ཀྱི་གདམས་པ་འདི་ནི་སོ་ནམ་གྱི་ཐབས་མཁས་པའི་ཞིང་པ་རྒན་པོ་དང་འདྲ་བ་ཡིན། དེ་ལྟར་ཐབས་ལ་མཁས་པའི་གདམས་པ་ཐོབ་ནས་འཁོར་བ་ལས་ངེས་པར་འབྱུང་བའི་བློ་སྣ་མང་དུ་འཁྲུངས་པའི་གཤིམ་པོའི་ཞིང་ས་ལས་སུ་རུང་བ་ལ། སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས་ཀྱི་ཟུར་གཉིས་དང་ལྡན་པའི་ས་བོན་སོན་འབྲུ་དེ་ཉིད་ལེགས་པར་བཏབ་ནས། ཚོགས་བསགས་པ་དང་སྒྲིབ་པ་སྦྱོང་བའི་ཐབས་ཀྱིས་མཐུན་རྐྱེན་བསྒྲུབས་ཏེ་ཡོན་ཏན་གྱི་འབྲས་བུ་དེ་ཉིད་བསྐྱེད་པའི། དེ་ལྟར་ལེགས་པ་བཤད་པར་འདི་ནི་མཐུན་རྐྱེན་སྣ་ཚོགས་ཀྱིས་བསྐྱེད་པའི་སྐལ་བཟང་གི་ལོ་ཏོག་གཡུར་དུ་ཟ་བ་དང་འདྲ་བ་ཡིན། རང་སྐྱོན་ངན་པ་མཚང་ནས་བྲུས་ཏེ་མཚང་དེ་ཡི་རྩ་བ་དྲུངས་ནས་འབྱིན་ཞིང་ཕྱིས་མི་སྐྱེ་བ་བྱེད་ཅིང་། ཡོན་ཏན་མཐའ་དག་ཐབས་ལ་མཁས་པའི་ངག་འཇམ་པོ་དག་གིས་ཡང་ནས་ཡང་དུ་རང་གིས་བརྩོན་པ་བཞིན་དུ་ལན་བརྒྱར་འདོམས་ཤིང་སློབ་པར་བྱེད་པ། རྟག་ཏུ་རང་ཉིད་ཀྱི་བུ་གཅིག་པ་ལ་བསླབ་པ་ལྟར་དུ་ཕན་པ་འབའ་ཞིག་ལྷུར་ལེན་པར་བྱས་པས་ན། དེ་ལྟ་བུའི་ལེགས་བཤད་འདི་ནི་བུ་ཆུང་མྱུར་སྐྱོང་བྱེད་པའི་གཅེས་པའི་མ་མ་སྡུག་གུ་དང་འདྲ་བ་ཡིན། བཤད་ཡམ་ཚིག་གི་སྟོང་སྐད་སྦོམ་པོ་ཙམ་མ་ཡིན་པར་གནད་འདུས་དོན་གྱི་ཟབ་ཁྱད་ཕུན་སུམ་ཚོགས་པ་ཅན། མཚུངས་མེད་བླ་མ་དམ་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞལ་གྱི་རླངས་པར་བྱིན་རླབས་ཀྱི་དྲོད་མ་ཡལ་བ་དེ་ཉིད། ཡི་གེར་བཀོད་པའི་ལེགས་བཤད་འདི་འདྲ་བ་ནི་སྙིང་གི་མུན་པ་སེལ་བའི་ནོར་བུ་རུ། སྙིང་གི་བཅུད་དུ་ཐོབ་པའི་སྐལ་བཟང་རྣམས་ཡང་དག་པ་འཕགས་པའི་ལམ་གྱིས་ཟིན་པར་འགྱུར་བར་ངེས། འདི་མན་གྱི་ཤྭ་ལོ་ཀ་ལྔ་ཡིས་ཁྲིད་གཞུང་འདི་ཉིད་གོ་སླ་ཞིང་གནད་འདུས་པ་བློ་དམན་འཇུག་པ་བདེ་ཞིང་མཁས་བླུན་ཚིག་ལ་ཞེན་པའི་ཉམས་ལེན་གྱི་གསང་དང་། སྟོན་སྒོམ་མུན་པར་འཕྱན་པའི་སྒོམ་ཆེན་ཕལ་དང་། རང་རྒྱུད་ཆོས་ཀྱིས་མ་ཐུལ་བའི་སྒྲུབ་པ་པོ། གྲུབ་རྫུན་རྒྱུད་ཚོད་མ་ལོན་པའི་མགོ་སྐོར་བཅས་ཀྱི་མཚང་འབྱིན་གནད་ཀྱི་མེ་བཙའ་ཡིན་པས་གཞུང་འདིའི་ཁྱད་ཆོས་ཁྱད་པར་བ་དམིགས་ཀྱིས་བཀར་སྟེ་བསྟན་པ་ཡིནགདུལ་བྱའི་སེམས་ཅན་བློ་དམན་པ་རྣམས་ལ་ཕན་པ་དང་སྒྲུབ་པ་གཅིག་པུ་ལྷུར་ལེན་པར་བྱེད་པ་རྣམས་ལ་དམ་པའི་གཞུང་འདི་ཉིད། རྗོད་བྱེད་སྒྲ་ཡི་སྦྱོར་བ་དང་སྙན་ངག་དང་མངོན་བརྗོད་ཀྱིས་ཚིག་གིས་སྦྲོས་པ་བྱས་ཏེ་དོན་དངོས་བསྒྲིབས་སོང་བ་དེ་འདྲ་མ་ཡིན་ཏེ། སྐྱེ་བོ་ཕལ་བ་དང་ཡུལ་སྐད་གྲོང་པའི་ངག་ཚིག་གིས་ཐར་བའི་སྒོ་ཡང་དག་ལམ་བཟང་། གསལ་ལ་གོ་བདེ་བས་གཞན་ལ་ལེགས་པར་འདོམས་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་ཁྱད་ཆོས་ཡིན། དེ་ལྟར་མ་ཡིན་པ་གཞུང་ཆེན་པོའི་ཁོག་ཕུབ་ནས་བཤད་ཡམ་ཚིག་གི་སྤྲོས་པ་ལ་བཤད་ལུང་བཤད་རྒྱ་ཆེ་པོར་བྱས་པ་ཡང་། སྐྱེས་སྦྱོང་གི་བློ་གྲོས་དམན་ཞིང་རྨོངས་པར་གྱུར་པའི་ཡིད་ཀྱི་ཁང་བུར་ཆུང་ངུ་དོག་པའི་ནང་འཇུག་དཀའ་བའམ་ཚུད་དཀའ་ཞིང་། དོན་ཟབ་མོ་ལྟ་བ་དང་གྲུབ་མཐའ་མཐོན་པོའི་ཁ་སྐད་ཀྱི་བརྡ་སྦྱོར་དག་ཀྱང་། དེང་དུས་སྙིགས་མར་གྱུར་བའི་སྤྱོད་པ་ཅན་གྱི་བློ་ཆུང་དུས་ཐ་མའི་སྐྱེ་བོ་རྣམས་ཀྱིས་ཉམས་ལེན་དཀའ། རྒྱུ་མཚན་དེ་ཡི་སླད་དུ་སྔོན་འགྲོའི་གཞུང་འདི་གོ་བདེ་ཤེས་སླ་དོན་གནད་ཐམས་ཅད་གཅིག་དུ་འདུས་པ། སྙིགས་མའི་སྐྱེ་བོ་བློ་ཆུང་གི་བློ་ཡི་ཁུང་བུ་དོག་པོར་རིན་ཆེན་གསེར་གྱི་བཅུད་བླུགས་པ་དང་འདྲ་བ་ཡིན། བློ་གྲོས་དམན་པའི་ཡིད་ཀྱི་རྨོངས་པའི་མུན་པ་མཐུག་པོ་རང་ལ་ཡོད་པ་དེ་ཉིད་ལ་ཤེས་རབ་ཀྱི་སྣང་བ་གསལ་བྱེད་ཀྱི་མར་མེ་བཞིན། དོན་བཟང་པོའི་རང་བཞིན་གང་ཡིན་པ་གསལ་བར་བྱེད་པའི་ཁྲོ་རྒྱུ་མེད་པའི་སློབ་དཔོན་ཡིན། དོན་ལ་མི་བརྟེན་ཚིག་ལ་བརྟེན་པའི་བཤད་ཡམ་ཚིག་གི་མཐའ་ལ་ཞེན་སོང་པའི་མཁས་མིང་འཛིན་པ་རྣམས་དང་། རང་གཞན་གྲུབ་མཐའི་ཕྱོགས་རིས་ཆགས་སྡང་གིས་དུས་འདའ་བ་ཐུབ་པའི་གཞུང་ལུགས་ཐམས་ཅད་གདམས་པར་མ་ཤར་བའི་སྟོན་ཆེན་དུ་གྲགས་པ་རྣམས་ཀྱང་། ལེགས་བཤད་དམ་པའི་མན་ངག་གི་བཅུད་བཟང་པོ་འདི་འཐུངས་བར་གྱིས་དང་ད་གཟོད་གཞི་ནས། ཉམས་ལེན་གནད་ཀྱི་ཐོག་ཏུ་ཁེལ་བའི་ལུས་ཟུངས་སམ་ལུས་སྟོབས་དེ་ཉིད་ལོས་ཀྱང་ཅིའི་ཕྱིར་ན་མི་རྒྱས་ཏེ་རྒྱས་པར་འགྱུར་རོ། །ཡིད་དཔྱོད་སྟོང་སྒོམ་མུན་ནག་རྡོ་འཕེན་བྱེད་པའི་སྒོམ་ཆེན་གྱི་མིང་འཛིན་པ་རྣམས་དང་། སྦྱོར་དངོས་རྗེས་གསུམ་མེད་པའི་བཟླས་བརྗོད་ཀྱི་གྲངས་ལ་རེ་བའི་དགེ་སྦྱོར་མང་པོ་བྱས་ཡུས་འདྲེན་པའི་སྒྲུབ་པ་པོ་དང་། རང་གི་རྒྱུད་ཚོད་རང་གིས་ཤེས་བཞིན་གྲུབ་པའི་ཚོད་མ་ལོངས་པས་གྲུབ་པ་ལྟར་འཆོས་པའི་ཀུན་སྤྱོད་མཐོན་པོའི་གྲུབ་རྫུ་བ་རྣམས་ཀྱང་། སྙན་བརྒྱུད་འདུས་པའི་ལམ་འདི་མཐོང་ན་གནད་དུ་འགྲོ་བའི་མཚང་འདོན་སྙིང་གི་ཐུར་མ་བྱེད་དོ། །འདི་མན་གྱི་ཤྭ་ལོ་ཀ་གསུམ་གྱིས་བླ་མའི་མན་ངག་གི་གནད་བསྡུས་ཏེ་དཔལ་སྤྲུལ་རིན་པོ་ཆེ་ཁོང་གིས་སྒྲ་དང་སྙན་ངག་གིས་མ་བཅིངས་པ་ཇི་ལྟར་བརྩམས་ཚུལ་དང་། དེ་བཞིན་མཆེད་མཁས་པའི་དབང་པོ་དག་གིས་ཀྱང་འདི་ལ་དཔང་པོ་འོས་པ་དང་། བཀའ་ཡི་བསྡུ་བ་བྱེད་པ་དེ་ཡང་དམ་པའི་བཀའ་དྲིན་ལས་བྱུང་བ་དང་། བསམ་བཟང་མོས་གུས་ཀྱི་ལག་རིས་ལ་ལྷ་དང་བཅས་པའི་ཆོས་ཀྱི་མཆེད་རྣམས་ཀྱིས་མཐུན་གྱུར་ཡི་རང་རྩོལ་རིགས་པར་བསྟན་པ་ནི། རྩོམ་པ་པོ་བདག་གིས་བཤད་ཡམ་ཚིག་གིས་སྤྲོས་པའི་གཞུང་མདོ་སྔགས་རིག་གནས་དང་བཅས་པ་མང་དུ་ཐོས་ཤིང་། སྡེབ་སྦྱོར་དང་སྙན་ཚིག་གི་འཇའ་ཚོན་རི་མོ་ཡང་ལྟར་སྣང་གཞན་ཡིད་འཕྲོག་བྱེད་མང་པོ་བྲི་མཁས་ཀྱང་། དྲིན་ལྡན་བླ་མའི་ཞལ་རྒྱུན་གསུང་སྒྲོས་དྲི་མ་མེད་པ་མ་ལགས་པ། རང་གིས་རང་བཟོའི་ཚིག་རིས་གཅིག་ཀྱང་བསྲེས་པ་གཞུང་འདི་ལ་མེད་ངེས་པ་ཡིན། བཀའ་དྲིན་མཚུངས་མེད་ཀྱི་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ་ནི་འཇིག་རྟེན་མི་ཡུལ་དུ་སངས་རྒྱས་དངོས་ལྟ་བུ་བྱོན་ཏེ། དེ་ལྟར་བྱོན་པའི་གངས་ལྗོངས་འཇིག་རྟེན་སྐལ་པ་བཟང་པོ་རུ། གྱུར་བ་ཡིན་པའི་དུས་ཚོད་དེ་ལས་ཧ་ཅང་འགྱངས་མིན་པས། ད་དུང་རྡོ་རྗེའི་མཆེད་བཞུགས་པ་རྣམས་ཀྱིས་བླ་མའི་ཞལ་རྒྱུན་འདི་ལ་དབང་བའམ་དཔང་པོ་བྱེད་རྒྱུ་འོས། དེ་སླད་བླ་མ་དམ་པའི་ཡང་དག་པའི་བཀའ་ཡི་བསྡུ་བ་རུ། བརྩོན་པའི་རྒྱུ་ཡང་བླ་མ་དམ་པའི་བཀའ་དྲིན་དེ་ལས་ཐོབ་པ་ཡིན་ཏེ། མོས་གུས་དང་བསམ་པ་བཟང་པོའི་ཀུན་སློང་གིས་བྱས་པའི་ལག་རིས་ལ། རྗེས་སུ་ཡི་རང་གི་མེ་ཏོག་འདི་ལྷར་བཅས་འཇིག་རྟེན་ཐམས་ཅད་དང་ཁྱད་པར་ཆོས་ཀྱི་མཆེད་པོ་རྣམས་ཀྱིས་སྩལ་བར་རིགས་སོ། །འདི་མན་གྱིས་ཆོས་འདིར་མོས་པ་ཐོབ་པའི་ཕྱི་རབས་ཀྱི་སྐལ་བཟང་གི་གདུལ་བྱ་དག་གིས་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ། བཀའ་གཙིགས་ཞལ་ཆེམས་ཀྱི་ཚུལ་དུ་གནང་བ་ལ། བླ་མ་སངས་རྒྱས་དངོས་མཇལ་གྱི་མོས་གུས་བསྐྱེད་པར་མཛོད་ཅིག་དང་། གསུང་གི་གནད་འདིས་བསླུ་བ་མི་སྲིད་པར་གདམས་པ་དང་། དཔལ་ལྡན་བླ་མའི་གསུང་གི་གསང་བ་ཟབ་མོ་གདམས་ངག་བདུད་རྩིའི་ཉིང་ཁུ་གང་ཟག་གཅིག་འཚང་རྒྱ་བའི་ལམ་གནད་ཕྱོགས་གཅིག་ཏུ་བསྡུས་པའི་ཁྲིད་ཡིག་འདི་བྲིས་པའི་དགེ་བས་མར་གྱུར་འགྲོ་བའི་ཚོགས་རྣམས་བཤེས་གཉེན་དམ་པས་ཟིན་ནས་དམ་པའི་དཀའ་བཞིན་དུ་སྒྲུབ་པའི་འབྲས་བུ་འགྲོ་ཀུན་ཐར་བ་བྱང་ཆུབ་མཆོག་ལ་འགོད་པའི་བསྔོ་བ་དང་། གསུང་གི་བདུད་རྩིས་བསྐྱངས་ཤིང་ཆོས་གཅིག་གིས་བསྡུས་པའི་མཆེད་དུ་གྱུར་བ་ཐམས་ཅད་ཚོམ་བུ་གཅིག་ཏུ་མངོན་སངས་རྒྱས་པར་སྨོན་པ་དང་ཆབས་གཅིག་ཏུ་སློབ་མའི་ཐུ་བོ་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེའི་ཞབས་པད་བརྟན་པ་སོགས་ཀྱི་སྨོན་ལམ་བདེན་ཚིག་གིས་མཐར་བརྒྱན་པ་ཡིན། སླད་དམ་མ་འོངས་ཕྱི་མའི་དུས་ནས་འབྱོན་པའི་སྐལ་བཟང་གི་གང་ཟག་ཕྱི་རབས་པ་རྣམས་ཀྱང་། དམ་པའི་ཞལ་ལུང་ཟབ་པའི་ཆོས་ཚུལ་འདི་ལྟ་བུ་མཐོང་བའི་སྐལ་བ་དང་ལྡན་སོང་ན་གསུང་རབ་འདི་མཇལ་བའི་ཚེ་ན་བླ་མ་སངས་རྒྱས་དེ་ཉིད། དངོས་སུ་མཇལ་བ་དང་འདྲ་བའི་མོས་པ་དང་གུས་པ་བསྐྱེད་མཛོད་ཅིག་དང་། གསུང་གི་གནད་ཟབ་མོ་ལ་ནོར་བ་དང་འཁྲུལ་བའི་ཆ་མེད་དམ་སྙམ། དེ་ལྟར་ཡང་དག་པའི་གདམས་ཟབ་བླ་མའི་ཞལ་ལུང་ཐོས་པ་དེ་འདྲ་དེ་ལས་གང་ཞིག་ཐོབ་པ་ཡི། རྣམ་པ་དཀར་བའི་དགེ་བ་དེ་ཡང་མ་གྱུར་ནམ་མཁའི་མཐའ་མཉམ་གྱི་འགྲོ་བ་ཀུན་ལ། དང་པོར་དགེ་བའི་བཤེས་གཉེན་དམ་པས་ཟིན་ནས་བར་དུ་བླ་མ་དམ་པའི་བཀའ་གསུང་བཞིན་དུ། ཅི་གསུངས་ལེགས་པར་སྒྲུབ་པའི་མཐར་ཐུག་གི་འབྲས་བཟང་ངེས་ལེགས་ཐར་བའི་གོ་འཕང་མཐོང་བའི་རྒྱུ་རུ་བསྔོ། ཁྱད་པར་དུ་མཚུངས་མེད་བླ་མ་དམ་པ་རྫོགས་པའི་སངས་རྒྱས་དངོས་སུ་བྱོན་པ། དེ་ཡི་ཞལ་གྱི་བདུད་རྩིས་དངོས་སུ་བསྐྱངས་པའི་སློབ་ཚོགས་ཀྱི་མཆེད་པོ་མཐའ་དག་ཀྱང་། ཚོམ་བུ་གཅིག་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། མཐའ་ཡས་འགྲོ་བའི་ཚོགས་ཀུན་ཐར་ལམ་དུ་འདྲེན་པར་ཞུམ་མེད་དུ་ཆས་པའང་མངོན་སུམ་དུ་མཐོང་བར་གྱུར་ཅིགབླ་མ་དམ་པའི་ཞལ་གྱིས་ལེགས་པར་བཤད་པའི་བདུད་རྩིའི་བཅུད་རྣམས་རྫོགས་པར་གསོལ་ཏེ། གདམས་པའི་བདུད་རྩི་ཆང་གིས་མྱོས་པའི་དོ་ཧའི་གླུ་ཡིས་གདུལ་བྱ་སྐལ་བཟང་གི་ཚོགས་རྣམས་དབང་མེད་དུ་ཡིད་འགུགས་པར་བྱེད་པའི། དྲིན་ཆེན་བླ་མའི་གདུང་འཚོབ་པའི་བསྟན་འཛིན་རྒྱལ་ཚབ་ཏུ་བཞུགས་པ་མཆོག་གི་བདག་ཉིད་ཅན་རྣམས་ཀྱང་། སྐུ་ཚེའི་ཞབས་པད་མི་འགྱུར་རྡོ་རྗེའི་ཁྲི་ལ་མི་འདའ་ཡུན་དུ་རྟག་ཅིང་བརྟན་པར་བཞུགས་པར་གྱུར་ཅིགབརྩོམས་པ་པོ་བདག་ཀྱང་དུས་དེང་ནས་བཟུང་སྟེ་ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། རྗེ་བཙུན་དཔལ་ལྡན་བླ་མ་མཆོག་དང་བླ་མ་དམ་པ་དེ་ཡི་རྗེས་འཇུག་དག་གིབྲན་ནམ་གཡོག་ཏུ་གྱུར་ནས་ཅི་གསུང་གི་བཀའ་བཞིན་སྒྲུབ་ཅིང་། དེ་དག་གི་ཐུགས་མཉེས་པ་ཆེན་པོས་རྗེས་སུ་འཛིན་པ་ཡོད་པར་གྱུར་ཅིགསྲིད་པ་འཁོར་བའི་མཐའ་མི་མངོན་པ་དང་ལུས་ཅན་ཟད་པའི་མཐའ་མི་མངོན་པ་དེ་སྲིད། བདག་གི་ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་དང་བཅས་པ་ཡོངས་སུ་བཟུང་བའི་གཞི་གསུམ་པོ་ཀུན་སྤུངས་ཏེ། སྡུག་བསྔལ་གསུམ་གྱིས་ཉམ་ཐག་པའི་མ་རྒན་སེམས་ཅན་རྣམས་ཀྱི་གཡོག་དང་ཡང་བྲན་བགྱིད་ཅིང་། མ་རྒན་སེམས་ཅན་དེ་ཀུན་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པའི་ཆོས་འཛིན་པར་ཤོག་ཅིགདེ་ལྟར་མ་གྱུར་པའི་ཚེ་འདིའི་གནས་སྐབས་སུ་ཡང་གསང་བ་སྙིང་ཐིག་གི་བརྒྱུད་པ་རིན་པོ་ཆེ་འདིའི། བྱིན་རླབས་ཀྱི་ཉི་མ་བདག་གི་སྙིང་ལ་ལེགས་འཆར་ཞིང་། མི་མེད་དབེན་པའི་གནས་སུ་ཚེ་གང་པོ་འདི་མཐར་ཕྱིན་པར་བྱས་ཏེ། །ཕྱི་མར་མཚུངས་མེད་བླ་མ་དམ་པའི་ཞབས་དྲུང་ག་ལ་བ་དེར་ཆོས་ཉིད་འོད་གསལ་ཀྱི་ངང་ནས་འགྲོ་བར་ཤོག་ཅིག་གསུངས་ནས་སྨོན་པའོ།།

༢༽མཛད་བྱང་།

དེ་ལྟར་ཀློང་ཆེན་སྙིང་གི་ཐིག་ལེའི་ཐུན་མོང་ཕྱིན་ནང་གི་ཁྲིད་ཡིག་མཚུངས་མེད་བླ་མ་དམ་པའི་ཞལ་རྒྱུན་ལྟར་བྲིས་པ་འདི་ཡང་། སྔ་སོར་རྗེ་བླ་མའི་ཞལ་སློབ་སྡོམ་བརྩོན་དམ་པ་སྒྲོན་མ་ཚེ་རིང་ནས་ཁོང་རང་གི་ཐུགས་ལ་གང་ངེས་ཟིན་རིས་སུ་བྲིས་ནས་བྱིན་ཏེ། འདི་ལ་གཞི་བྱས་ནས་ཁྱེད་ཀྱིས་རྗེའི་ཞལ་རྒྱུན་བཅོས་མེད་ཀྱི་ཁྲིད་ཡིག་ཅིག་ཅིས་ཀྱང་བྲིས་ཤིག་ཅེས་ནན་ཏན་གྱིས་བསྐུལ་བ་དང་། ཁྱད་པར་རྗེ་བཙུན་བླ་མ་མཆོག་གི་སྨིན་གྲོལ་གྱི་བསྟན་པ་འཛིན་པའི་རྒྱལ་ཚབ་སྤྲུལ་པའི་སྐུ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྡོ་རྗེའི་ཞལ་སྔ་ནས་བྲི་གཞིའི་ཤོག་བུ་དང་བཅས་པ་གནང་ནས་ལན་གྲངས་གཉིས་གསུམ་གྱི་བར་དུ་གསུང་གིས་བསྐུལ་བ་དང་། སླར་ཡང་སྐྱབས་མགོན་བླ་མ་དམ་པའི་གདམས་ངག་གི་བརྒྱུད་པ་འཛིན་པའི་ཐུགས་སྲས་ཡོངས་ཀྱི་ཐུ་བོ་ཡོངས་རྫོགས་བསྟན་པའི་མངའ་བདག་སྐུ་ཞབས་རིན་པོ་ཆེ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་ནས། རྗེ་བླ་མའི་ཞལ་རྒྱུན་གསུང་སྒྲོས་ལྟར་ཡི་གེར་བྲིས་ན། བླ་མ་དྲན་པའི་མོས་གུས་ཀྱི་གསོས་སུ་འདུག་པས་ཅིས་ཀྱང་བྲིས་ཤིག་ཅེས་གསུང་གིས་དབུགས་དབྱུང་གནང་བ་དང་། གཞན་ཡང་ཇི་སྲིད་བྱང་ཆུབ་སྙིང་པོའི་མཐས་གཏུགས་པ་དེ་སྲིད་དུ་མར་མེའི་འོད་དང་སྡོང་བུ་ལྟར་འགྲོགས་པར་ངེས་པ། དཔྲལ་བའི་མིག་ལྟར་བརྩེ་བའི་རྡོ་རྗེའི་མཆེད་པོ་དུ་མས་ལེགས་སོའི་དབུགས་དབྱུང་དང་བློ་གྲོས་ཀྱི་ཟུར་གསོས་ཐོབ་པ་ལ་བརྟེན་ནས། མཚུངས་མེད་གྲུབ་བརྒྱའི་གཙུག་རྒྱན་རིག་འཛིན་བྱང་ཆུབ་རྡོ་རྗེའི་ཞལ་སྔ་ནས། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མིང་གི་ཅོད་པན་བྱིན་པ་ཡིན་ན་ཡང་། དོན་ཏུ་དུག་ལྔ་མེ་འབར་ཨ་བུ་ཧྲིལ་པོར་འབོད་པའི་གདོལ་སྤྱོད་མཁན་དེ་ཉིད་ཀྱིས། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་འཇིགས་བྱེད་དུས་དགྲའི་དབང་པོའི་ཕོ་བྲང་གཤིན་རྗེའི་སྒྲུབ་ཕུག་དབེན་པའི་ཡོན་ཏན་མ་ཚང་བ་མེད་པའི་རྒྱན་གྱིས་བརྗིད་ཆགས་པར་སྤྲས་ཤིང་། དྲོད་བཅུད་ཉི་ཟེར་འོད་སྣང་སྤྱི་བོས་ལེན་ལ། བསིལ་བཅུད་བདུད་རྩིའི་ཐིགས་པ་རྐང་པས་འཐུངས་པའི་ལྗོན་ཤིང་དང་། འཁྲི་ཤིང་དང་། ལྕུག་མ་དང་། ཕང་ཕུང་དང་། ལྡུམ་བུ་དང་། སྡོང་པོའི་བྱེ་བྲག་རིགས་མི་གཅིག་པ་དུ་མའི་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་འཕྱངས་འཕྲུལ་དྲ་བ་དང་། དྲ་བ་ཕྱེད་པར་བྲེས་པའི་ཁོང་སེང་ནས་སྔོ་བསངས་ནམ་མཁའི་བུ་མོའི་འཛུམ་ཟེར་གྱི་ཞེས། དབེན་པའི་གཏམ་ལྷའི་རྔ་སྒྲ་ལས། སྣ་ཚོགས་བྲག་རིའི་བ་གམ་མཛེས་པ་ནི། །ཡིད་འོང་བདེ་བའི་ངལ་སྟེགས་སྟོང་སྦྱིན་པའི། །ཐུབ་བསྟན་རིན་ཆེ་ཐར་པའི་སྟེགས་བཞིན་དུ། །སྐལ་བཟང་སྐྱེ་བོའི་བསྟི་གནས་ཁོ་ན་ཡིན། །ཞེས་དང་། ཡལ་འདབ་དུད་པའི་འཁྲི་ཤིང་གཡོ་བའི་རྩེར། །མགྲིན་སྙན་གླུ་ཡིས་ངེས་འབྱུང་བསྐྱེད་པའི་གཏམ། །ཡང་ཡང་སྒྲོགས་མཁས་ལྷ་ཡི་བྱ་ཚོགས་ཀྱིས། །སུམ་རྩེན་རྒྱལ་རྔའི་ཁེངས་པ་བཅོམ་མམ་སྙམ། །ཞེས་སོ། །གོང་གི་འཕྲོས། བདུད་རྩིས་སྙིང་ལ་སིམ་པ་ཅིར་ཡང་སྦྱིན་པའི་གནས་སུ། ལེགས་པར་གྲུབ་པར་བགྱིས་པ་འདིས་ཀྱང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལམ་མཆོག་འདི་ལ་བརྟེན་ནས་གདོད་མའི་མགོན་པོའི་གཞི་ཀློང་དུ་རྣམ་པར་གྲོལ་བའི་རྒྱུར་གྱུར་ཅིག །།། ད་འདི་ཡན་ཆད་ཀྱིས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ་བརྒྱུད་གསུམ་རིག་འཛིན་གཅིག་ལ་རྫོགས་པ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་སྲས་ཀྱི་ཐུ་བོ། རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཐུགས་ཀྱི་གཟུངས་ནས་ཐོན། ཞལ་གྱི་ཚེམས་བར་ནས་རྡོ་རྗེའི་ལྗགས་ཀྱིས་ཇི་ལྟར་བཀྲལ་བའི་ཞལ་ལུང་གི་མན་ངག་ཟབ་མོ། འཕགས་ཡུལ་རྨད་བྱུང་གི་སློབ་དཔོན་ཆེན་པོ་རྒྱལ་སྲས་ཞི་བ་ལྷ་དེ་ཉིད་ཕྱི་མའི་དུས་འདིར་མིའི་ཟོལ་དུ་ཕེབས་པ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་སྤྲོས་བཅས་ཚིག་གི་སྤུན་པ་བསྐྱུངས་ཏེ། དོན་བཅུད་སྙིང་པོ་ཐང་མར་བརྡལ་བ་སྙན་ངག་དང་མངོན་བརྗོད་ཀྱི་ཚིག་གིས་མ་བཅིངས་ནས་གོ་སླ་ཉན་བདེའི་ཐོག་ནས་ཕྱི་རབས་གདུལ་བྱའི་དོན་དུ་བཀའ་གཙིགས་བཀའ་ཆེམས་ཀྱི་ཚུལ་དུ་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོར་བཞུགས་པའི་ལེགས་བཤད་རིན་པོ་ཆེའི་གླེགས་བམ་འདི། སྨིན་ཁྲིད་ཀྱི་སྒོ་ནས་ཆ་ཚང་ཞིབ་རྒྱས་སུ་ཁོང་ཉིད་ཀྱིས་བརྩམས་པའི་གནས་དེའི་འདབ་འབྱོར་གྱི་ས་ཆ་འདི་ནས་ལེགས་པར་ཕུལ་གྲུབ་ནི་རེད། ཁོ་བོའི་ཐོབ་ས་ནི། བདག་ཅག་གི་རྩ་བའི་བླ་མ་བཀའ་དྲིན་ཅན་མཚན་བརྗོད་པ་དཀའ་ཡང་དོན་གྱི་ཕྱིར་མཚན་ནས་སྨོས་ན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་ཞལ་སྔ་ནས་སྔོན་རྗེས་སུ་ཐེངས་གཉིས་ཐོབ་པ་ཡིན། འདི་གཞན་དང་མི་འདྲ་བའི་ཉེ་བརྒྱུད་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ་ཡིན་གསུངས་མྱོང་། དེས་ན་ཆོས་ཞུས་ན་བརྒྱུད་པའི་ཁོངས་ཤེས་དགོས་ཁི། ཆོས་ཐོབ་རྒྱུ་ལ་རྩ་བའི་ཆོས་བརྒྱུད་དང་ཡན་ལག་གི་ཆོས་བརྒྱུད་ལ་ཁྱད་པར་ཆེ་ནི་རེད། རྩ་བ་སྡོང་པོ་དང་གྱེས་པ་ཡལ་ག་གཉིས་མི་འདྲ་བར་དཔེར་བླ་མའི་སློབ་མ་དང་སློབ་མའི་སློབ་མ་བཞིན་ཁྱད་པར་ཆེན་པོ་ཡོད། སྤྱིར་མདོ་ཁམས་འདི་ན་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་བརྒྱུད་པ་དངོས་ནི་གྲུབ་དབང་རྫོགས་ཆེན་པའི་གདན་ས་འདི་ནས་བརྒྱུད་པ་ཤ་སྟག་རེད། ཇི་ལྟར་ཡིན་ན་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་བཀའ་བབས་ཀྱི་ཤིང་རྟ་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་པ་ཡིན་ན། དེའི་ཆོས་བརྒྱུད་འཛིན་པའི་ཐུགས་སྲས་ཀྱི་ཐུ་བོ་ཡོད་ན་དེས་ཆོག་མེད་ན་ཐབས་ཆགས་ནི་ཁམས་པ་འཇིགས་མེད་རྣམ་བཞི་རེད། འཇིགས་མེད་རྣམ་བཞི་ནི་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ། ཀི་ལུང་འཇིགས་མེད་ངོ་མཚར་རྒྱ་མཚོ། འབར་ཆུང་འཇིགས་མེད་གོ་ཆ་བཞི་བོ་ཡིན། དེ་བཞི་ནི་རྫོགས་ཆེན་ཚང་གི་སྐྱེས་ཆེན་རྣམས་དང་ཕན་ཚུན་བླ་སློབ་ཏུ་འབྲེལ་བ་ཟབ་པ་མ་ཟད་ཆོས་བརྒྱུད་དགོན་ལག་ཁག་གི་བླ་མ་རྩ་ཆེན་ཤ་སྟག་རེད། དེ་རྣམ་པའི་སློབ་དང་ཡང་སློབ་ཀྱི་སློབ་བརྒྱུད་ཀྱིས་དེང་སྐབས་འཛམ་གླིང་ཕྱོགས་མཐར་ཁྱབ་ནས་ཀློང་ཆེན་སྙིང་ཐིག་གི་བསྟན་པ་འདི་དཀར་འབྱམས་ཡུག་གཅིག་ཏུ་གདལ་བ་ཡིན་ཞིང་། རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུས་འདས་རྗེས་བབས་ནས་སྙིང་ཐིག་གི་རྩ་བའི་ཁྲིད་རྒྱུན་གཏད་ས་མ་ནོར་བ་དངོས་ནི་མི་འགྱུར་ནམ་མཁའི་རྡོ་རྗེ་རེད། དེས་དབོན་པོ་བསྟན་དགའ། དེས་མཁན་པོ་གཞན་དགའ། དེས་བདག་ཅག་གི་རིགས་བདག་མཚུངས་མེད་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་ལ་གནང་བ་དེ་འདྲ་ཡིན། འཇིགས་མེད་རྒྱལ་བའི་མྱུ་གུའི་དངོས་སློབ་དཔལ་སྤྲུལ་རིན་པོ་ཆེས་སྨྱོ་ཤུལ་ལུང་རྟོགས་ལ་གནང་བའི་སློབ་བརྒྱུད་ཀཿཐོག་དང་ཨ་འཛོམས་ལ་སོགས་པ་ནས་བརྒྱུད་པའང་ཡོད། དཔལ་སྤྲུལ་ཚང་ནི་རྫོགས་ཆེན་ཚང་གི་མཁན་པོའི་འགན་བཞེས་མཛད་པའི་ཁྲི་རབས་ཤིག་ཡིན། གཞན་ཡང་འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀཿཐོག་མཁན་པོ་ངག་ཆུང་། ཨ་མདོའི་ཕྱོགས་ཀྱི་བདུད་འཇོམས་རོལ་བའི་རྡོ་རྗེ་ལ་སོགས་སྐྱེས་ཆེན་མང་པོ་ཞིག་གདན་ས་འདིར་ཚུར་ཕེབས་ནས་ཆོས་གསན་པ་ཡིན་པས་རྫོགས་ཆེན་རྩ་བའི་བརྒྱུད་པ་ལས་ཕར་ཆད་ནི་ཤ་སྟག་ཡིན། ཞིབ་ཏུ་ཆོས་འབྱུང་དང་རྣམ་ཐར་སོགས་སོ་སོའི་ཐད་ལ་གཟིགས་དང་གསལ་ནི་རེད། ད་ཁྱེད་འདིར་བཞུགས་ཀྱི་ནམ་པ་མང་ཆེ་བ་ནི། ཕྱོགས་གཞན་ནས་ཕེབས་པའི་དམ་ཆོས་དོན་གཉེར་བ་འབའ་ཞིག་རེད། འདི་ན་ས་དགེ་བཀའ་རྙིང་བོད་ཀྱི་ཆོས་བརྒྱུད་བཞི་ཡི་བླ་གྲྭ་མང་པོ་ཡོད་ཁི། འདིའི་ནང་གི་རབ་ཏུ་མང་ཆེ་བ་ཞིག་གིས་ད་ལོའི་དབྱར་ཟླ་གསུམ་པོར། ངའི་ངོ་ལ་མཇལ། ངའི་ཁ་ལ་བལྟས་བཞག་ནི་རེད། ཉན་ནས་གོ་རྒྱུ་ཞིག་ཡོད་ན་མཁྱེན་ནས་བསྡད་ཡོད་ས་ཡོད། བལྟས་ནས་རིག་རྒྱུ་ཞིག་ཡོད་ན་གཟིགས་ནས་བསྡད་ཡོད་ས་ཡོད། དགོངས་བརྒྱུད་ཀྱི་བྱིན་རླབས་ཟེར་བ་ཞིག་འཕོ་རྒྱུ་ཡོད་ན་ད་ཚོད་འཕོས་ཡོད་ས་ཡོད། ཨ་ལ་ཀུ་རེ་ཡིན། གཞུང་བཟང་ཡིད་བཞིན་ནོར་བུ་དང་། གདམས་ངག་བདུད་རྩིའི་དྲོད་རླངས་མ་ཡལ་བ་རེད། འོན་ཀྱང་ང་འཆད་པ་པོ་ཉི་མ་གཅིག་ལ་ཆོས་ཐོས་བསམ་འཆད་ཉན་ལ་གོམས་ཆ་མ་སོང་བར། རྟ་ཐོག་བླ་མའི་བསྟན་པ་མི་ཤེས་པའི་ཚད་འཇོག་ས་ཞིག་གིས་བཤད་ནི་བོ་ལ་ཉམས་མྱོང་གི་རོ་བཅུད་མེད་པ་ནི་ང་རང་ཉིད་ལ་བློ་རང་ལྐོག་ཏུ་མ་གྱུར་པ་ཡིན། ཡིན་ན་ཡང་བརྒྱུད་པའི་བྱིན་རླབས་ལ་ཡིད་རྟོན་བྱས་ནས། རྒན་མོ་ཁྱི་སོས་གྲོལ་བ་ཐོབ་པའི་དཔེས། བཤད་མཁན་སྡུག་ཀྱང་ཉན་མཁན་བཟང་པོ་ཁྱེད་རྣམ་པས་དད་པ་དག་སྣང་གི་མཐུ་ལ་བརྟེན་ནས་བྱིན་བརྒྱུད་རྟོགས་པའི་ཕ་ཕོགས་གང་འཚམས་རེ་བརྙེས་ཡོད་རྒྱུ་ལ་ཡིད་ཆེས་ཡོད། རྫོགས་པ་ཆེན་པོའི་སྔོན་འགྲོ་དང་དངོས་གཞིའི་ཁྲིད་ཀ་གཉིས་ད་ལོའི་དབྱར་འདིར་འཕྲོས་འཕྲོ་ལ་ཆ་ཚང་ཞིབ་རྒྱས་ཤིག་ཕུལ་གྲུབ་ནི་ཡིན། གྲུབ་དབང་རྫོགས་ཆེན་པའི་གདན་སའི་ཐོག་ལ་བསྟན་པ་ཡང་དར་གྱི་སྐབས་འདིར། ཤི་ཤི་བརྒྱའི་རྟིང་མ། གསོན་གསོན་བརྒྱའི་མགོ་བོ། ཤི་འཕྲོ་བརླགས་དུམ། སྤྲུལ་སྐུ་འབྲུག་པ་རིན་པོ་ཆེ་སང་དགུང་ལོ་བགྲེས་ཤོས་རེད། ངེད་རྡོག་མ་ཁ་ཤས་ལྷག་ཡོད་ན། བསྟན་པ་ཉམས་དམའ་ཉག་ཕྲ་དར་རྒུད་ཀྱི་དུས་རབས་འདིར། རྫོགས་ཆེན་ཚང་གི་བསྟན་པ་འདི་ངེད་ཁ་ཤས་ལ་ཐུག་སོང་ནི་རེད། མདོར་ན་གང་ལྟར་བཤད་ཀྱང་ད་ཡོད་བསྟན་པའི་མེ་རོ་བཤད་སྒྲུབ་ལས་གསུམ་གྱི་བདག་ཉིད་ཅན་འདི་ངེད་ཁ་ཤས་ཀྱིས་ཡར་གསོས་འོང་ནི་ཡིན། འདི་གསོས་ན་གསོ་བབས་ཡོད་པ་ཞིག་ཡིན་ཏེ་བླ་མ་གོང་མ་དག་གིས་འདི་གསོ་དགོས་གསུངས་ནས་གསོ་བའི་བདག་པོ་བསྐོས་ནི་རེད། དེ་ཡང་འགའ་རེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བཞག་པ་རེད། འགའ་རེ་འཇིགས་བྲལ་བྱང་ཆུབ་རྡོ་རྗེས་བཞག་ནི་རེད། རྩག་པ་སྐྱ་རས་ཨ་མས་བསྐོན་ནས། །མྱིང་སྐྱ་རས་ཨ་མས་བཏགས་ནི་རེད། །དེའི་ནང་གི་སྤྲུལ་སྐུ་འབྲུག་པ་དང་རྟོགས་ལྡན་ཁོ་བོ་གསུམ་པོ་ལ་མཚོན་ན་དགེ་ཚུལ་སློང་གཉི་གའི་གྲོགས་མཆེད་རེད། སྐུ་བགྲེས་ཤོས་འབྲུག་པ་རིན་པོ་ཆེ་ཁོང་ཡིན་ཞིང་ངེད་ཚང་མས་གཅིག་དགུ་ལྔ་བཅུ་ང་དགུའི་ལོ་ནས་ད་ལ་མ་ཐུག་གི་བར་དུ། རྨ་ཆུས་གྱེན་དུ་ཁུར། འབྲུ་ཆུས་ཐུར་ལ་ཁུར་ན་ཡང་། རང་རྒྱུད་ཀྱི་བསྟན་པ་བྱི་དོར་དང་གཅེས་སྤྲས་བྱས་ནས། རང་བསྟན་སྲོག་གིས་བསྲུང་བའི་ལོ་རྒྱུས་ཀྱི་མཐའ་མཇུག་འདིར་ཚང་མ་དགུང་གྲངས་བདུན་ཅུ་བརྒྱད་ཅུ་ལ་ཉེ་ཁི་ཡོད་ནི་ཚེ་མཇུག་རྣམ་དཀར་གྱི་མཛད་པ་ལ་གཅར་བཞིན་ཡོད་པས། ད་ལྟའི་སྐབས་སུ་མར་བྱོན་ན་དབང་ཐོབ་པ་དང་། ཡར་བྱོན་ན་ཁྲིད་ཐོབ་པའི་དུས་སྐབས་ཕུན་སུམ་ཚོགས་པ་ཤར་ཏེ། རུ་དམ་ལུང་ནས་ཆོས་བཤད་སྒྲུབ་མདོ་སྔགས་ཀྱི་ཆོས་དུང་མང་པོ་རྒྱུན་མི་ཆད་པ་འདི་ཡང་དམ་པ་གོང་མའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་བྱུང་བ་ཡིན་ན། རྫོགས་ཆེན་ཚང་གི་བསྟན་པ་དར་ན་མ་དར་ན་གདན་ས་འདིའི་ཐོག་ནས་ཡིན། ད་སྔ་ཡང་ཡིན། ད་ལྟའང་ཡིན། ད་ཕྱི་རབས་འབྱུང་འགྱུར་ལའང་ཡིན། དེ་རིང་ཁར་སང་ཕྱི་ཕྱོགས་ན་ཡོད་པའི་སྐྱ་མིན་སེར་མིན་ཁ་ཤས་ཀྱིས། ཕྱི་རྒྱ་མགོ་སེར་འགའ་རེ་ལ་རྫོགས་པ་ཆེན་པོའི་ཆོས་བཤད་པ་ཡིན་ཟེར་ཁི་ཡོད་ན་ཡང་། གྲུབ་དབང་རྫོགས་ཆེན་པའི་རྩ་བའི་ཆོས་བརྒྱུད་འདིའི་ཕན་ལ་འགྲོ་ས་ཅང་མེད། དེས་ན་ཁྱེད་འདིར་བཞུགས་རྫོགས་ཆེན་ཚང་གི་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པས་ཀྱང་རང་བསྟན་དྲི་མ་མེད་པ་འདི། གདན་ས་འདིའི་སྟེང་ནས་མི་ཉམས་བརྒྱུད་འཛིན་གནང་དགོས་པར་ངེད་བླ་རྒན་བགྲེས་རབས་ཚང་མས་མཐར་མཇུག་གི་རེ་བ་མ་བགྲོས་གཅིག་མཐུན་ཡིན། ད་ལྟ་མྱི་རབས་བརྗེ་བའི་དུས་ཚོད་ལ་ཐུག་པས་སུས་ཕྱག་ན་བསྟན་འགན་གང་བཞག་ཡོད་ན་དེས་དེ་ཁུར་དགོས་ཏེ། འགན་དེ་ནི་ཐུགས་བསྐྱེད་དུས་བབས་ལྡོག་མེད་ཀྱི་འགན་འཁྲི་ཞིག་ཡིན་ནི་རེད། དུས་འདིའི་སྐབས་སུ་སའི་སྟེང་གི་གྲུབ་དབང་རྫོགས་ཆེན་པའི་མཚན་དོན་གཉི་གའི་སྟེང་གི་བསྟན་སྲིད་ཀྱི་བཏང་འགྲོ་བཞག་སྡོད་ཀྱི་གོ་ཆོད་དུ་ངེད་རྒན་པ་ཁ་ཤས་ཀྱིས་མི་བྱེད་ཀ་མེད་དུས་ལ་གཏུགས་སོང་བ་ཡིན། སྡེ་མི་སེར་དང་གྲྭ་ཚང་གྲུ་བཞི་གང་ཡིན་ན། རང་ངོས་ཀྱི་དམ་ཚིག་རྣམ་པར་དག་པའི་ཐོག་ནས། རང་རང་གི་མདུན་ལམ་རྡོག་མི་འཆལ་བར་འཚོ་དགོས་རྒྱུ་བོ་རང་འཁྲིའི་འོས་འགན་རེད། ཡང་བླ་སྤྲུལ་མཁན་གསུམ་ཕལ་བ་ཞིག་ལ་མཚོན་ན་སངས་རྒྱས་ཀྱི་བསྟན་པ་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་ཞིག་ཡིན་པས། བཤད་དང་སྒྲུབ་པས་འཛིན་ཐུབ་ན་ཅི་བཤད། དེ་ལྟ་བུའི་ས་ཆེན་དཔུང་གིས་འདེགས་པའི་ནུས་པ་མེད་ནའང་། གསེས་མཁར་གྲུ་བཞི་ཞིག་མིན་མ་ཐུབ་རུང་རང་ནུས་ཅི་ཡོད་ཀྱིས་རང་བསྟན་ལ་ཤུགས་ཕྱུངས་ཤིགལར་སེར་སྐྱ་མཐོ་དམན་སུ་ཡིན་ན་ཁ་བཤད་ལ་མི་བལྟ་ལག་ལེན་ལ་བལྟ། ཕྱི་བལྟས་བྱས་ནས་སྔར་འགྱེལ་ས་ལ་མི་བལྟ། སྔ་ལྟས་བྱས་དེ་སྣ་ཚུགས་མི་ཤོར་སར་བལྟ། ད་རེས་འདི་ན་རྫོགས་ཆེན་ཚང་གི་གཞི་གྲྭ་མ་མང་མ་ཉུང་བ་ཞིག་ཡོད་ན། ཁྱེད་རྣམ་པ་ནི་ནངས་སྔ་མའི་ཉི་གཞོན་དང་འདྲ་བ་ལང་ཚོ་གཞོན་དར་གྱི་སྒང་ཡིན་ན། མ་འོངས་རང་བསྟན་དར་བའི་བྱེད་པོ་རྩ་ཆེན་ཡིན་རྒྱུ་གཞི་བཞག་གི་ཐོག་ནས། རང་གཤིས་སླད་མེད་དུང་ལྟ་བུ་དང་ལྷག་བསམ་བཟང་པོ་གསེར་འདྲ་བ་ཞིག་གི་ཐོག་ལ། གནས་ལྔ་རིག་པའི་ཡོན་ཏན་ཞིག་སྦྱངས། མ་ཚད་སྔོན་འགྲོ་འབུམ་ལྔའི་བསགས་སྦྱོང་སྔོན་ལ་སོང་ཞིང་། རྩ་གསུམ་གྱི་བསྙེན་པ་ལས་རུང་ཞིག་བཞག་ནས། སྡོམ་པ་གསུམ་གྱི་གནང་དཀག་གི་བཅས་མཚམས་རེ་ཐུགས་ལ་ངེས་པར་མཛད་ནས་མིག་འབྲས་བཞིན་བསྲུངས་ན་ཅི་འདྲ་མི་ཡགདེ་འདྲ་རེ་བྱུང་ན་རྫོགས་ཆེན་ཚང་གི་བསྟན་པའི་རྒྱལ་མཚན་མི་ནུབ་པའི་གཞི་རྩ་རེ་འཛུགས་ཐུབ་པ་དང་། དེ་ནི་ཕ་མའི་དྲིན་ལེན་ཡང་དེ་ཡིན་ལ། རང་ཉིད་ཀྱི་མདུན་ལམ་ཡང་དེ་ཡིན་ནི་རེད། ཁྱེད་རྣམ་པ་ནི་ས་ཁུག་ལུང་ཆུང་ར་རི་ཕ་ཕུག་གི་དགོན་ཆུང་རེའི་གྲྭ་བ་དང་འདྲ་ནི་མ་རེད། སྔ་འགྱུར་བསྟན་པའི་ཆུ་མགོ་གྲུབ་དབང་རྫོགས་ཆེན་པའི་གདན་ས་འཛིན་མཁན་གྱི་རྫོགས་ཆེན་ཚང་གི་བླ་སྤྲུལ་མཁན་གསུམ་རྣམས་ལྟ་ཅི་དབུ་མཆོད་བརྒྱད་ཅུ་པོ་དེ་རེ་རེ་ཡང་དགོན་ལག་རེ་དང་འདྲ་ནི་ཡིན་ཞེས་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གསུངས་མྱོང་ནི་རེད། དེས་ན་གཞན་ཕལ་བ་ཞིག་དང་མ་འདྲ་ནི་རེད་མོད། བུ་དགོན་སུམ་བརྒྱ་ལྷག་ཅིག་གིས་བལྟ་ས་ཉན་ས་ཡིན་ནི་རེད། ཁྱེད་རྣམ་པས་ད་སྔར་མཐོང་བརྒྱུད་ཀྱི་ཕྱག་ལེན་དེ་རྣམས་སྦྱངས་པའི་ཐད་ལ་གནའ་སྔ་མའི་བན་རྒན་རྙིང་བ་རྣམས་ཀྱི་ལོ་ཚོད་དུས་མཉམ་དང་བསྡུར་ན་འགྲན་དཀའ་གི་ཟེར་ཁི། དེ་ཚོ་ལ་རྗེས་སུ་ཡི་རང་བྱེད་བཞིན་ཡོད། རྗེས་ནས་ཀྱང་མུ་མཐུད་ནས་ཇེ་ལེགས་ཇེ་བཟང་གཏོང་རྒྱུ་བོ་གཅིག་མ་འཁྱུགས། ངེད་བླ་སྤྲུལ་རྒན་ཡོལ་བ་རྣམས་ཀྱིས་ཁྱེད་རྣམ་པ་ལ་རེ་བ་སྙིང་ནས་བཅོལ་པས་མ་ཚད། དབྱིངས་ན་བཞུགས་པའི་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་བརྒྱུད་པ་དང་བཅས་པས་ཁྱེད་རྣམས་ལ་གཟིགས་ཡོད་རྒྱུ་རེད། དེས་ན་གཞོན་ནུའི་མི་ཚེ་ཡིན་ཡང་སྐད་ཅིག་སྐད་ཅིག་གིས་མི་རྟག་པར་ན་ཚོད་ཡོལ་རྒྱུ་རེད། ཁ་རྗེ་ཐོད་པའི་རྟག་ན་ཆོག་རྒྱུའི། ཚེ་རབས་ལས་ཀྱི་འབྲེལ་བའི་བླ་སྤྲུལ་འདི་རྣམ་པའི་བཀའ་གསུང་བརྩི་བཀུར་ཐོག་ནས། དགོན་པ་ལ་གྲྭ་བའི་ཁྱིམ་འདྲ་བ་ཞིགབླ་མ་ལ་གྲྭ་བ་འཁྲི་སའི་ཕ་མ་ལྟ་བུ། བླ་གྲྭ་མགོ་སྐེ་འབྲལ་མེད། གནའ་མྱི་ཐོག་སྔོན་མའི་ལོ་རྒྱུས་ལ་ལྟ་ཞོར་ཉན་ཞོར་གྱིས་དང་། རེ་བའི་ཚོད་ཀྱིས་འབད་པ་ཡོད་པའི་བུ་ཁ་ཤས་ད་རུང་ཡོད་རྒྱུའི་ཡིད་ཆེས་ཡོད། དེའི་ཐོག་མྱི་སྐྱ་ཕོ་མོ་འདི་ན་ཡོད་རྒྱུའི་དོན་གྲངས་ཀྱི་ཐོག་གི་སྡེ་འབྲོག་རུ་ཚོ་བའི་ནང་གི་ཕ་ཚེ་བུའི་རིང་། བུ་ཚེ་བདག་གི་རིང་། བླ་མ་རྫོགས་ཆེན་ཚང་དང་ལྷ་ཡུལ་ནས་དམ་ཚིག་གཅིག་པ། མི་ཡུལ་ནས་སྣང་བ་མཐུན་པ། དུས་བཟང་ངན་སྐྱིད་སྡུག་ཡག་ཉེས་གང་གི་སྐབས་ཡིན་ན། འདི་ཕྱི་གསེར་ནག་གི་ཐག་པ་རྐྱེན་འགྱུར་མ་སོང་། །དམ་ཚིག་ཤེལ་དཀར་གྱི་སྒོང་ངར་གས་ཀ་མ་སོང་བ། །ལྷག་བསམ་རྣམ་པར་དག་པ་ཉི་མ་སྤྲིན་མེད་ཀྱིས་ལ་རྒྱབ་ཁི་ཡོད་ནི། ཚོ་མྱི་བསམ་ཤེས་བཀར་བཏང་ནི་འདྲ་བ་མང་པོ། ཆོས་གྲྭ་འདིའི་ནང་ལ་ཐོན་ཡོད་པ་རེད། ཁྱོད་རྣམས་ནི་སྡེ་དམངས་ཚོགས་ཀྱི་འཐུས་ཚབ་པ་ལྟ་བུ་ཞིག་དོན་གྱི་ཐོག་ནས་རེད་ཡོད་ན། ངས་སྡེ་མང་ཚོགས་ལ་སྐད་ཆ་བཤད་རྒྱུར། བོད་མགོ་ནག་ཕྲེང་བཟུང་གི་བདག་པོ། ཚེ་འདི་ཕྱི་ལས་རྒྱུ་འབྲས་ཁས་ལེན་མི་ཞིག་ཡིན་དུས། ཚེ་འདི་ཕྱིའི་རེ་ལྟོས་སྐྱབས་གནས་ནི་དཀོན་མཆོག་གསུམ་པོ་ཡིན་ཁི་ཡོད་ན། གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་ཕ་དགོན་དཀར་པོ་འདི་ཟུར་ན་ཡོད་པའི་གདན་ས་ཆོས་འཁོར་གྱི་འདབ་འདི་ནས། དགེ་སྒྲུབ་སྡིག་སྤོང་ཆེན་པོ་ཞིག་མ་ཐུབ་རུང་། ནང་འཁྲུགས་དམེ་ཤི་རྒྱུན་མི་ཆད་པའི་བྱ་བ་འདི་ལ་རྒན་གཞོན་ཚང་མས་བསམ་བློ་ཞིག་བཏང་ནས། མགོ་རྣ་བ་ཤི་ན་འཁོ་ནི་རེད། །ལྟོ་ཕོ་བ་རྒས་ན་ཡོད་ནི་རེད། །སྡེ་སྤྱི་ཆུས་གསེར་ནག་གི་ཕ་བོང་དུ་ཐམས་ཅད་ཀུན་ཀྱིས་འཚོ་སའི་ཐོག་ནས། སྡེ་བ་ནང་བཟང་སེམས་སྐྱིད། །གྲྭ་ཚང་ཐུགས་མཐུན་ཁྲིམས་གཙང་། །རེད་ཐབས་ཀྱི་བློ་རེའི་ཐད་ནས་ཆེ་ཆུང་རྒན་གཞོན་ཚང་མས་མྱི་གཅིག་བསམ་པའི་སེམས་འདྲ་འདྲ། གཞོག་གཅིག་སྟྭ་རེའི་སོ་འདྲ་འདྲ། ཁ་སེམས་བསམ་པ་གཅིག་མཐུན་འོང་རྒྱུ་བོ་གནད་ཆེན་ཡིན་པས་ཀུན་ལ་གོ་བརྡ་དང་ཕན་ཐོགས་སྒྲུབས། ད་རེས་ཉི་མ་ཉི་ཤུ་ཐམ་པའི་ཚེ་ལ་ཁྱོད་རྣམས་ཀྱིས་ནངས་སྔ་ལངས་བྱེད་ཐལ། ནུབ་ཕྱི་ཉལ་བྱེད་ཐལ། སྐོར་བ་བསྐོར་ཐལ། འདོན་པ་བཏོན་ཐལ། འགའ་རེས་བརྐྱང་ཕྱག་བཞག་ཐལ། ཐུན་བཞི་ཆགས་མེད་ཀྱིས་ཆོས་བསྒྲུབས་པ་དེ་ཚོ་སྐལ་བ་བཟང་ཐལ། འདི་འདྲའི་དགེ་འདུན་པ་མང་པོ་དགོན་ཁག་བརྒྱ་ཁ་ལྷག་གི་བླ་གྲྭ་གང་བཟང་ཤ་སྟག་དང་མཉམ་དུ་ཆོས་ཞུས་པས་མ་ཚད། ཁྲིད་སྦྱོང་མཉམ་དུ་བྱེད་རྒྱུ་བྱུང་བ་འདི་ཁྱོད་ཚོའི་བསོད་ནམས། ལྷ་དཀོན་མཆོག་གསུམ་ལ་ལྟ་བ་ལོག་མ་མྱོང་བའི་རྟགས་རེད། གནའ་བསྐལ་བ་བཟང་གི་ཐ་སོ་མཁན་སྤྲུལ་ཉི་ཟླ་སྐར་གསུམ་འཛོམས་པའི་དུས་ཚོད་ལ། མྱི་སྐྱ་ཕོ་མོར་ཞིང་སྒྲུབ་རེ་འཚོགས་ནི་གོ་མྱོང་མ་གཏོགས། ལྷ་ཁང་གཅིག་གི་ནང་ཟླ་ཁྲིད་བྱས་ནས་ཆོས་ཁྲིད་འཚོགས་མི་དཀོན་རྒྱུ་རེད། ད་ལྟ་ཚེ་འདི་ལ་དཀྱིལ་འཁོར་གཅིག་ཏུ་འཚོགས། མར་མེ་གཅིག་ལ་བརྟེན་ནས་སྨོན་ལམ་བཏབ་ན། ཚེ་ཕྱི་མར་དག་པའི་ཞིང་ཁམས་སུ་ཚོམ་བུ་གཅིག་ཏུ་འཚོགས་རྒྱུའི་བདེན་ཚིག་འགྲུབ་རྒྱུ་རེད་བསམ་ཁི། དེས་ན་ཚང་མ་དགའ་དགའ་སྤྲོ་སྤྲོས་ཐོག་ནས་ཕྱིར་རུ་ཕེབས་སོང་། སྐྱིད་ན་བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་ཐུགས་རྗེ་ཡིན་བསམ། སྡུག་ན་ཚེ་སྔོན་གྱི་ལས་འབྲས་ཡིན་པས་ལས་ངན་སྡིག་སྒྲིབ་ཐམས་ཅད་དག་པར་ཤོག་བསམས་ནས་སེམས་ཁོག་རྒྱ་ཇེ་ཆེ་གུ་ཡངས་བློ་བདེ་གྱིས། དེའི་འཕྲོ་རེད་དང་མི་རེད་ཀྱི་འཇིག་རྟེན་འཁོར་བའི་སྡུག་བསྔལ་ཐོག་ལ་བྱུང་ན། བདེ་སྡུག་གཏོང་ལེན་རེ་གྱིས་དང་ཚོགས་བསགས་ཞོར་སྒྲིབ་པ་དག་ནི་རེད། མདོར་ན་ད་རེས་ཆོས་ཞུས་པའི་སྙིང་དོན་བསམ་ངན་མེད་པའི་བསམ་བཟང་རེ་འཚག་རྒྱུ་ལ་སེམས་རྟེན་རེ་གྱིས་དང་ཕྱི་མའི་བདེ་འགྲོ་རང་གི་ལག་ལ་ཡོད་ནི་རེད། ད་རེས་རང་ཅག་མཉམ་དུ་འཛོམས་ནས་ཀུན་བཟང་ཞལ་ལུང་གི་ཆོས་ཁྲིད་བཤད་ནས་ཆོས་དུང་འབུད་རྒྱུ་འདི་སྤྲུལ་སྐུ་འབྲུག་པ་མཐུ་སྟོབས་རྣམ་རྒྱལ་སང་གི་སྐུ་ཤུགས་བདག་རྐྱེན་ལས་བྱུང་ནི་རེད། ད་རེས་ཀྱི་གཙོ་བོའི་ཆོས་ཞུ་བ་ནི་རྫོགས་ཆེན་ཚང་གི་གཞི་གྲྭ་རྣམ་པ་ཡིན་ན། སྤྲུལ་སྐུ་མཐུ་སྟོབས་རིན་པོ་ཆེས་གཞི་གྲྭ་རྣམས་ལ་འཚོ་བའི་མཐུན་རྐྱེན་ཤོག་སྒོར་ཁྲི་གཅིག་གནང་བ་དང་། སང་ཉིན་དགའ་སྟོན་ཚོགས་འཁོར་གྱི་སྦྱིན་བདག་ཀྱང་རྫོགས་ཆེན་རིན་པོ་ཆེ་དང་། སྤྲུལ་སྐུ་མཐུ་སྟོབས་སང་ཁོང་དང་། སྤྲུལ་སྐུ་མཆོག་གླིང་ཁོང་རྣམ་པ་གསུམ་པོས་མཛད་ནི་རེད། གཞན་ཡང་འབྲོག་རུ་སྡེ་ཕྱོགས་ཀྱི་ནང་ནས་ཕྱུག་ཁག་མང་པོ་ཞིག་གིས་མར་རྒྱ་བརྒྱ་ཚོ་དང་བརྒྱ་ཚོ། ཤོག་སྒོར་མང་པོས་ཞལ་འདེབས་དང་འགྲེས་སོ་བྱེད་མི་ཤིན་ཏུ་མང་པོ་རེད། སང་ཉིན་དུས་རྒྱུན་ཆོས་ཁྲིད་ཚོད་ཆུ་ཚོད་དགུའི་ཐོག་འཚོགས་རྒྱུ་ཡིན། གསུང་ཆོག་པདྨ་ཐང་གི་གསོལ་ཀ་ཉུང་བསྡུས་དང་རིག་འཛིན་འདུས་པ་ཡིན། དབུ་མཛད་འཇམ་དཔལ་ཟླ་བས་མཛད་ནས་དགོན་གཞུང་གི་དབུ་མཆོད་རྣམས་གདོང་གྲལ་གཡས་གཡོན་དང་རྒྱབ་གྲལ་ནང་བཞུགས། དགོན་གཞུང་དགེ་བསྐོས་ཀྱིས་གཙོ་འགན་བཞེས་ནས་ཤྲཱི་སེང་དགེ་བསྐོས་ཀྱིས་རམ་འདེགས་མཛོད། ཕྱག་དཔེ་མེད་མི་དང་འདོན་ཆོག་མི་གཅིག་པ་ཚོ་ཁང་སྟེང་དང་རྒྱབ་གྲལ་སོགས་ལ་བཞུགས་མཛོད། མཁན་སྤྲུལ་རྣམ་པ་ངའི་གཡས་གཡོན་ནས་ཞལ་མར་འཁོར་ནས་བཞུགས། དགེ་འདུན་པ་ཚང་མས་ཆོས་གོས་སྣོམས་ཤོགགཞན་ཡང་གནས་རི་གནས་བདག་དང་། རྣལ་འབྱོར་པར་དམ་གྲིབ་ཉམས་གྲིབ་སེལ་བའི་ཆེད་དུ་གནོལ་བསང་ཞིག་གསུངས་དགོས་པས། གནོལ་གསང་ཞི་བ་ལྷ་ཆབ་ཀྱི་ཕྱག་དཔེ་དང་། རྩིའུ་དམར་དང་གྲི་བཙན་གྱི་བསང་རེ་ཕུད་དགོས་པས་ཕྱག་དཔེ་སྣོམས་ཤོག མི་སྐྱ་ཕོ་མོ་ཀུན་བཟང་ཞལ་ལུང་མགོ་མཐར་བུད་མི་རྣམས་ལྷ་ཁང་གི་སྒོ་གཡས་གཡོན་ནང་ནས་ཁ་ཡར་འཁོར་ནས་འཚོགས། འདོན་ཤེས་པ་རྣམས་ཀྱིས་ཡི་གེ་ཁུར་ཤོགམི་ཤེས་པ་རྣམས་ཀྱིས་སིདྷི་སོགདེ་མིན་གྱི་མི་སྐྱ་ཕོ་མོ་མཇལ་མི་གསར་བ་བྱུང་ན་དུས་རྒྱུན་ལྟར་སྒོ་ཕྱི་ནས་ཡར་མཇལ་རྒྱུ་ཡིན། གཞན་ཡང་དགེ་འདུན་གཉུག་མ་རྣམས་ལ་ཞུ་བྱ། རྙིང་རྒྱུད་ལུང་ད་ལོ་མཐར་ཕུད་རོགས་གསུངས་ནི་བྱུང་ཡང་། མང་ཆེ་བས་དགོངས་ཕྱོགས་སོགས་ལ་བརྟེན་ནས་རེ་ཞིག་མཚམས་འཇོག་རྒྱུ་ཡིན། སང་ཕོད་མ་ཤི་ཚེ་རིང་བྱུང་ན་སྤྱི་ཟླ་དྲུག་པའི་སྨད་ཙམ་ལ། ང་གང་དུ་ཡོད་ན་དེ་དུས་ཆོས་ཁྲིད་རེ་འདོན་ཤས་ཆེ་བས་དེའི་སྐབས་མཐའ་ཕུད་རྒྱུའི་རྟེན་འབྲེལ་བྱེད། ཁྱད་པར་ཆོས་འཁོར་དུས་ཆེན་ལ་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་གསུམ་པ། སང་ཕོད་ཁེལ་བས་རྒྱས་པར་འཚོགས་རྒྱུའི་འཆར་འགོད་ཡོད། ཡང་སེམས་ཉིད་ངལ་གསོའི་ཞིབ་ཁྲིད་ཅིག་དགོས་ཞེས་དམ་པའི་སྐྱེས་བུ་འགས་གསུངས་པས་རྒྱུ་མཚན་ཡོད་ཤས་ཆེ་ཡང་ཞིབ་ཏུ་བལྟ་ཆོགསྤྲུལ་སྐུ་ཀུན་དགའ་བསྟན་འཛིན་གྱིས་གླིང་དཀར་གཤིས་ནས་ཁྲིད་ཁ་ཞིག་འདོན་དགོས་གསུངས་ཀྱང་དེ་ཡང་ཞིབ་ཏུ་བལྟ་ཆོགཚང་མ་རང་ཡུལ་དུ་བྱོན་རན་པས་གུར་བ་སོགས་ཀྱིས་རང་རང་གི་སྒར་ཤུལ་འཁོར་ཡུག་གཙང་སྦྲ་ལེགས་པོ་རེ་བྱེད་འོང་རོགས། ལར་ལུང་པ་འདིའི་སྟོད་སྨད་བར་གསུམ་ལ་བཞུགས་མཁན་ཚང་མས་རྒྱུན་དུ་གཙང་སྦྲ་ལེགས་པོ་གྱིས་དང་མཆོད་པ་རེད། གཙང་ཞིང་གཙང་མར་སྦྱར་བ་སོགས་གསུངས་པ་ལས། གཙོག་ཅིང་གཙོག་པར་སྦྱར་བ་མ་གསུངས་ཞེས་དཔལ་སྤྲུལ་རིན་པོ་ཆེས་བཀའ་བཀྱོན་བྱས་ནི་ལྟར་རེད། དེ་ནི་ཡོན་ཆབ་བཤམས་སྐབས་ལས་འཁོར་ཡུག་གཙང་སྦྲ་ལ་ཨེ་གོ་ཨང་སྙམ་ན། བདུན་ཚར་ཁ་ཤས་ལས་མཆོད་པ་གཞན་མ་ལོ་ན། ཆོས་ལོངས་སྤྲུལ་སྐུའི་ཞིང་ཁམས་དང་སྣང་སྲིད་མཆོད་པའི་ཕྱག་རྒྱ་ཅི་འདྲ་འབུལ། དེས་ན་ཕྱིའི་འཁོར་ཡུག་བཙོག་པ། ནང་རང་ལུས་བཙོག་པ། གསང་བ་སེམས་ཉིད་བཙོག་ན་ཤིན་ཏུ་སྡུགས་འདི་ཚོ་ཡུལ་ལྗོངས་མཛེས་པ་ཡིན་པས་འཛམ་གླིང་ན་ཡང་འདི་འདྲ་ཡོད་དཀའ། དེས་ན་གང་ལ་བསམས་ཀྱང་འཁོར་ཡུག་གཙང་སྦྲ་སོགས་ལ་དོ་སྣང་བྱེད་རྒྱུ་གནད་ཆེན་རེད།སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཞིང་། ཁྱད་པར་འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཅན་ཡིན་ན། སང་ཉིན་ནས་རང་རང་ཁ་ཁ་སོ་སོའི་ཕ་ཡུལ་ཕྱོགས་བཞི་མཚམས་བརྒྱད་ལ་ཕེབས་རན་པས། དཔེ་འདིས་ཀྱང་རང་ཅག་རྣམས་ལ་མི་རྟག་སྟོན་པའི་སློབ་དཔོན་གསར་བ་ཞིག་འོང་ཁི་ཡོད་ནི་རེད། ཀུན་མཁྱེན་ཆེན་པོས། བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་ཆོས་ཉན་འདོད་ཀྱང་འབྲལ་བར་ངེས། །ཞེས་པའི་ལུང་འདིར། ངས་ཁ་བསྒྱུར་ནས། བཟང་པོའི་མཆེད་གྲོགས་ཁྱེད་རྣམས་དུས་རྟག་ཏུ། །མི་འབྲལ་འགྲོགས་པ་འདོད་ཀྱང་འབྲལ་བར་ངེས། །ཞུས་ན་འགྲིགས་ནི་རེད། ངས་ནི་རང་རེ་ཚང་མར་ཆོས་གྲོགས་ཡིན་རྒྱུའི་འདངས་མ་གཏོགས་ཅང་མེད། ད་ལོའི་ཆོས་ཁྲིད་འདི་རྣམས་མཁན་སྤྲུལ་དགེ་འདུན་བརྒྱ་ཕྲག་མང་པོ་ལ་མཎྜལ་གྱི་ཚུལ་དུ་ཕུལ་བ་ཡིན་ན། དགེ་འདུན་པའི་གྲལ་མཇུག་ནས་ཡར་ཕྱག་གསུམ་འཚལ་ནས་འབུལ་དགོས་ནི་རེད་གདའ། ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར་དུ་ཀླད་ནས་མར་འཁོར་ནས་བཏོན་པ་ཙམ་ཡིན། དཔལ་སྤྲུལ་རིན་པོ་ཆེས། བརྗོད་གཞི་མེད་པའི་སྟོང་སྐད་སྟོབས་སྒྲ་གཅིག །ཕན་པ་མེད་པའི་ཆེ་བཀྱག་བཀུར་སྟི་གཉིས། །རྣམ་སྨིན་ལྕི་བའི་དད་རྫས་འབུལ་བ་གསུམ། །སྤངས་ནས་ཁྱི་རྒན་ཁྱི་བཞིན་འཆི་ནུས་ཤོག །ཅེས་གསུངས་པ་ལྟར་བསམ་བཞིན་ཡོད་ནི་ཡིན། ད་ནམ་པ་ཚང་མ་སྐུ་ཚེའི་ཞབས་པད་བརྟན། ཆོས་མཐུན་གྱི་མཛད་པ་མཐའ་རུ་ཕྱིན། བྱེས་པ་ལམ་ཡགགཞི་བ་བཀྲ་ཤིས། སང་ཕར་ནངས་ལས་སྨོན་ཡོད་ན་སླར་ཡང་མཇལ་འཛོམས་འོང་བའི་རྟེན་འབྲེལ་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཏུ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པར་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། རྨད་བྱུང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ། སླད་ནས་འབྱོན་འགྱུར་གྱི་སྐྱེས་ཆེན་དམ་པ་དག་གིས་བསྟན་ལ་སྨོན་པའི་ཕྲིན་ལས་མཁའ་ཁྱབ་ཏུ་གདལ།དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འབྱོར་ལྡན་བསྟན་པའི་སྦྱིན་བདག་ཐམས་ཅད་ཀྱང་མངའ་ཐང་དབུ་འཕང་དགུང་ལས་མཐོ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབབ། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད། ནད་མུག་མཚོན་འཁྲུགས་ཞི། ཡངས་པའི་རྒྱལ་ཁམས་ལ་དབང་སྒྱུར་བའི་ཆེ་བཙན་དྲག་ཤུལ་ཅན་ཐམས་ཅད་ཀྱི་གནོད་འཚེ་གདུག་པའི་བསམ་སྦྱོར་ཐམས་ཅད་ཞི་ནས། ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། ཡུལ་ཅན་མཐའ་དག་ཕན་ཚུན་ཕ་མ་དང་སྤུན་སྲིང་ལྟ་བུའི་འདུ་ཤེས་ནམ་ཡང་མི་གློད་པའི་ཐོག་ནས། ཚེ་འདིའི་ཕ་མ་གཉིས་དང་དགྲ་བགེགས་གཉིས་ཀྱི་གཙོ་བྱས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མྱུར་དུ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བའི་ཕྱིར་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུའོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པས་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་ཀྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །རིག་དང་མངོན་ཤེས་ཏིང་འཛིན་འགྲུབ་གྱུར་ནས། །དོན་གཉིས་ལྷུན་གྲུབ་བདེ་ཆེན་མཁའ་དབྱིངས་སུ། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །གཅིག་པུར་བསྲན་ཚུགས་སྒྲུབ་ལ་བརྩོན་པ་དང་། །ཚེ་འདིའི་ཕྱོགས་སུ་སྐད་ཅིག་མི་གཡེངས་ཤིང་། །གོང་མའི་རྗེས་སྙོགས་དངོས་གྲུབ་མཐར་ཕྱིན་ནས། །རྟག་ཏུ་བླ་མ་མཉེས་པར་མཛད་དུ་གསོལ། །དམ་ཚིག་སྡོམ་པ་ཉམས་ཆག་མེད་པ་དང་། །ལྟ་སྒོམ་སྤྱོད་འབྲས་མ་ནོར་དོན་རྟོགས་ནས། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང་། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །སྣང་སྲིད་རྣམ་དག་བསྐྱེད་རྫོགས་མཐར་ཕྱིན་ནས། །མཁའ་འགྲོ་དམ་ཅན་སྤྲིན་བཞིན་འཐིབས་ནས་ཀྱང་། །དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ་པ་དང་། །འཕྲིན་ལས་རྣམ་བཞི་འགྲུབ་པར་མཛད་དུ་གསོལ། །དག་སྣང་མོས་གུས་ཕྱོགས་མེད་འཆར་བ་དང་། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པ་དང་། །ལྟ་སྒོམ་ཉམས་རྟོགས་ཡོན་ཏན་འབར་བ་དང་། །འགྲོ་དོན་ཕྱོགས་མེད་འགྲུབ་པར་མཛད་དུ་གསོལ། །བདག་གི་མོས་དགེ་ཕུན་ཚོགས་འདི་ཡིས་ནི། །འགྲོ་ཀུན་མ་ལུས་ཕྱམ་ཅིག་ཡོངས་གྲོལ་ནས། །བདེ་ཆེན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཞིང་། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །དེང་ནས་བདག་ཀྱང་ནགས་ཚལ་མེ་ཏོག་ཅན། །སྐྱེ་བོས་སྟོང་ཞིང་འབབ་ཆུའི་སྒྲ་གྲགས་ལ། །དབེན་ཞིང་ཡིད་འོངས་བྲག་རིའི་དྲུང་འདུག་སྟེ། །དུས་བཞིར་སྙིང་པོ་མེད་ཅེས་སེམས་པ་ཡི། །དགེ་བ་རྒྱན་གྱུར་འཇིག་རྟེན་མིས་བསྐྲུན་པ། །ཀུན་ལས་ཆེས་མཆོག་བདུད་རྩི་ཐོབ་གྱུར་ཅིང་། །མི་རྟག་སྟོང་པའི་སྒྲ་ཆེན་སྒྲོག་པར་ཤོག །སྨན་ཤིང་མེ་ཏོག་ཤང་ཤོང་མཛེས་པ་དེར། །ཆོས་ཚུལ་ཞི་བ་སྤྲིན་གྱི་བླ་བྲེ་ཅན། །རིག་འཛིན་རྒྱལ་བའི་གསེར་གྱི་གློག་འགྱུ་བས། །ཚེ་གཅིག་འོད་གསལ་སྙིང་པོ་འགྲུབ་པར་ཤོག །ཐར་བའི་ཁང་བཟང་རིན་ཆེན་ཕོ་བྲང་ནས། །ཆོས་ཚུལ་ཞི་བ་རྔ་སྒྲའི་དབྱངས་གྲག་པས། །མ་ལུས་འགྲོ་ཀུན་མ་རིག་གཉིད་སངས་ཏེ། །གདོད་མའི་ས་ལ་མངོན་པར་བྱང་ཆུབ་ཤོག །སྐྱོ་བས་སེམས་པའི་རང་བཞིན་གསལ་བ་ཅན། །ཞི་བའི་ནགས་སུ་གཅིག་པུར་འགྲོ་འདོད་ནས། །སྙིང་ནས་སྨོན་པའི་ཚིག་གི་དབྱངས་སྨྲས་པ། །མོས་དགེ་དག་པས་མྱུར་དུ་འགྲུབ་པར་ཤོག །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་བཅུ་མཐའ་གྲུ་ཀུན་ཏུ་ཁྱབ་པ་དང་། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །དངོས་གྲུབ་རྒྱ་མཚོའི་འབྱུང་གནས་བླ་མ་དང་མཆོག་གསུམ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །མི་ངའི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་སྟེ་རྗེ་བཙུན་བླ་མ་མཚན་ཉིད་དང་ལྡན་པའི་གདུལ་བྱར་འགྱུར་པར་ཤོག་ཅིག །མངོན་མཐོ་དང་ངེས་ལེགས་མཐའ་དག་གི་འབྱུང་ཁུངས་ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་བརྟུལ་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྗེས་སུ་སློབ་པར་ཤོག་ཅིག །ཆོས་ལ་འཇུག་པའི་རྩ་བ་ངེས་འབྱུང་དང་བློ་ལྡོག་རྣམ་པ་བཞི་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་ནས་འཁོར་བ་མཐའ་མེད་ཀྱི་བྱ་བ་ལ་བཙོན་དོང་དང་མེ་འོབས་ལྟ་བུར་མཐོང་བར་ཤོག་ཅིགལས་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་རྙེད་ནས་དགེ་སྡིག་གི་ལས་ཕྲ་མོ་ཙམ་ལ་ཡང་འཇུག་ལྡོག་བྱེད་པར་ཤོག་ཅིག །གནས་གྲོགས་འདུ་འཛི་རྐྱེན་ངན་ལ་སོགས་པ་བྱང་ཆུབ་བསྒྲུབ་པའི་བར་ཆད་ཀྱི་དབང་དུ་མི་འགྲོ་བར་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་དེ་སྐྱེས་བུ་གསུམ་གྱི་ལམ་ལ་སློབ་པར་ཤོག་ཅིག །བདེ་གཤེགས་ཀུན་འདུས་ཀྱི་ངོ་བོ་བཀའ་དྲིན་ཅན་གྱི་བླ་མ་དམ་པ་ལ་ཐེ་ཚོམ་དང་མཉམ་འགྲོགས་ཀྱིས་མི་རུ་བཟུང་བའི་ལོག་ལྟ་སྤངས་ཏེ་སངས་རྒྱས་དངོས་སུ་མཐོང་བར་ཤོག་ཅིག །དེའི་མཐུ་ལས་མཚོན་བྱེད་དཔེའི་དབང་བཞིས་སྒོ་གསུམ་སྨིན་པར་བྱས་ཏེ་རྨད་བྱུང་རྡོ་རྗེ་ཐེག་པའི་གསང་ལམ་ལ་འཇུག་པར་ཤོག་ཅིག །གསོལ་འདེབས་དང་མོས་གུས་ཀྱི་མཚམས་སྦྱོར་ལམ་དུ་ལོངས་ནས་མཚོན་བྱ་དོན་གྱི་དགོངས་བརྒྱུད་བདག་ལ་འཕོས་ཏེ་རྟོགས་པ་ནམ་མཁའ་དང་མཉམ་པར་ཤོག་ཅིག །བསྐྱེད་པ་མ་ཧཱ་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤེས་ཤིང་རིག་འཛིན་རྣམ་པ་བཞིའི་ས་ལ་བགྲོད་པ་རྒྱལ་སྲས་པདྨ་དང་བི་མ་ལ་ལྟ་བུར་འགྱུར་བར་ཤོག་ཅིག །ལུང་ཨ་ནུ་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་འཁོར་འདས་ཀྱི་འཛིན་རྟོག་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་སངས་རྒྱས་ཏེ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ལ་དབང་སྒྱུར་བར་ཤོག་ཅིག །རྫོགས་ཆེན་ཨ་ཏི་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་ནས་གཞོན་ནུ་བུམ་སྐུར་གྲོལ་བ་རིག་འཛིན་དགའ་རབ་རྡོ་རྗེ་ལྟ་བུ་འགྱུར་བར་ཤོག་ཅིག །མདོར་ན་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པ་ནས་བཟུང་སྟེ་སྒོ་གསུམ་གྱིས་བྱ་བ་ཅི་བགྱིས་པ་ཐམས་ཅད་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར་བར་ཤོག་ཅིག །དུས་དང་རྣམ་པ་ཐམས་ཅད་དུ་དམ་པའི་ཆོས་མ་ཡིན་པའི་འཇིག་རྟེན་མཐུན་འཇུག་གི་བསམ་པ་སྐད་ཅིག་མ་ཙམ་ཡང་སེམས་ལ་མི་སྐྱེ་བར་ཤོག་ཅིག །གལ་ཏེ་ལས་དང་བག་ཆགས་དབང་བཙན་པར་གྱུར་ནས་ཕྱིན་ཅི་ལོག་གི་བློ་སྐྱེས་ནའང་དེ་ཉིད་མི་འགྲུབ་པར་ཤོག་ཅིག །གཞན་དོན་དུ་འགྱུར་ན་ལུས་སྲོག་འདོར་བ་ལ་ཡང་ཉམ་ང་མེད་པར་གཞོན་ནུ་དོན་འགྲུབ་ལྟ་བུར་འགྱུར་བར་ཤོག་ཅིག །དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་ཕྱིན་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་ནུས་པ་སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ་ཅན་དུ་གྱུར་ཅིག །འདོད་པ་དང་བྲལ་བའི་སྨོན་ལམ་དེ་ལྟ་བུ་ཡོངས་སུ་འགྲུབ་པའི་མཐུན་འགྱུར་མཛད་པར་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཞལ་གྱིས་བཞེས་པ་ཡིན་ནོ། །དྲང་སྲོང་བདེན་པར་སྨྲ་བ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་དྷ་རེ་དྷ་རེ་བྷནྷ་རེ་བྷནྷ་རེ་སྭཱ་ཧཱ༔དགེ་བ་སྟོབས་ཆེ་བར་གྱུར་ཅིག །སྨོན་ལམ་མཐུ་བཙན་པར་གྱུར་ཅིག །སྡིག་པ་འདག་སྐྱེན་པར་གྱུར་ཅིག །ཛ་ཡ་ཛ་ཡ་སིདྡྷི་སིདྡྷི་ཕ་ལ་ཕ་ལ། འ་ཨ་ཧ་ཤ་ས་མ། མ་མ་ཀོ་ལིང་ས་མནྟ། །དེང་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་མཆོག་དང་མི་འབྲལ་ཞིང་། །དབང་བཞིའི་ཆུ་བོས་རྒྱུད་སྨིན་ཅིང་། སྡོམ་དང་དམ་ཚིག་རྣམ་པར་དག །རིམ་གཉིས་ལམ་ལ་རབ་བརྟེན་ནས། །མཐར་ཐུག་རྔ་ཡབ་དཔལ་རིའི་ཞིང་། །ཨོ་རྒྱན་སློབ་དཔོན་པདྨའི་དྲུང་། །རིག་འཛིན་མཁའ་འགྲོའི་ཚོགས་ཁང་དུ། །ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡི། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་སྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཧྲཱིཿསྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རུ། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །ཀརྨ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།། །།ཞེས་གསུངས་ཤིང་ཆོས་ཁྲིད་ཀྱི་མཇུག་ཡོངས་སུ་གྲུབ་པ་དང་མཉམ་དུ་སློབ་ཚོགས་ཡོངས་ལ་སྤྲུལ་སྐུའི་གཟིགས་སྟངས་བརྩེ་བའི་སྤྱན་རས་ཀྱིས་ཡང་དང་ཡང་དུ་གཟིགས་ཤིང་། ཕྱག་གཉིས་ཀྱིས་གྱེས་སྐུལ་གྱི་བརྡ་གནང་སྟེ་ཚོགས་དྲུག་རང་གྲོལ་གྱི་ལྟ་བའི་གདེང་དང་མ་བྲལ་བའི་ངང་ནས། སྤྱན་ཆོས་སྐུའི་གཟིགས་སྟངས་ཀྱིས་སྟེང་གི་བར་སྣང་ལ་གཏད་མེད་དུ་གཟིགས་བཞིན་བྱོན་པ་ན། སློབ་ཚོགས་ཀུན་དགའ་དད་སྐྱོ་བའི་མིག་ཆུ་དབང་མེད་འཐོར་བཞིན་སྐྱེ་དང་ཚེ་རབས་ཀུན་ཏུ་བླ་མ་འབྲལ་མེད་ཀྱི་སྨོན་ལམ་སོགས་བར་མེད་དུ་སྒྲོགས་བཞིན་དལ་གཅིག་གནས་ནས་མཐར་སླར་ཡང་མྱུར་དུ་མཇལ་འཛོམས་ཡོང་བའི་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཀྱི་དགེ་མཚན་གྱིས་ངང་ནས་གྲོལ་བའོ།། །།སླར་སྨྲས་པ།

བསྐལ་མང་རྙེད་དཀའི་རྒྱལ་བསྟན་ཡིད་བཞིན་དབང་།།

མདོ་སྔགས་ཆོས་ཚུལ་ཀུན་ཀྱི་སྙིང་པོའི་བཅུད།།

གཞུང་ལུགས་གཅིག་ཏུ་འཁྱིལ་བའི་བཀའ་གཙིགས་ཆེ།།

ཀུན་མཁྱེན་བརྒྱུད་པའི་གཞུང་བཟང་བླ་ན་བརྗིད།།

སྔོན་འགྲོ་ཞེས་གྲགས་དོན་དུ་ལམ་གནད་ཀུན།།

གཅིག་ཏུ་བཟླུམས་པའི་ཞལ་ལུང་ལྷ་ཡི་རྔའི།།

ལེགས་བཤད་གསར་བའི་སྒྲ་ཆེན་བཟང་པོ་འདི།།

སུ་དང་འཕྲད་ན་དལ་འབྱོར་དོན་ཡོད་འགྱུར།།

དེ་སླད་ཞལ་ཁྲིད་ནོར་བུའི་མེ་ལོང་ངོགས།།

མདོ་རྒྱུད་མན་ངག་འབུམ་གྱི་ཕ་ཕོགས་དང་།།

དམ་པའི་ཞལ་རྒྱུན་ཚད་མས་གྲུབ་པའི་གནད།།

འཆར་འདི་ཐར་འདོད་རྣམས་ལ་བརྩེ་བས་གདམས།།

དམ་པ་མཇལ་དུ་ཡོད་པ་སྐལ་བ་བཟང་།།

གདམས་ཟབ་ཉན་དུ་ཡོད་པ་དོན་རེ་ཆེ།།

འདིར་འབད་ཚེ་རབས་ལས་སྨོན་བཟང་པོས་མཐུ།།

དམན་པ་བདག་ཀྱང་སྐལ་བ་བཟང་པོར་གྱུར།།

དེས་ཕྱིར་སྐྱིད་འདོད་དབེན་ཉལ་སྒྲུབ་པ་པོ།།

ཆོས་རྡུགས་ལོག་འཚོས་དྲེགས་པའི་སྟོབས་འབྱོར་ཅན།།

དོན་གྱི་གནད་མ་ཕིགས་པའི་རྟོག་གེ་རྣམས།།

མན་ངག་བཅུད་འདི་བཞེས་དང་སྨན་དུ་འགྱུར།།

འདི་ན་རྡོ་རྗེའི་མཆེད་ཀྱིས་བཀའ་ཕེབས་དང་།།

རང་ཡང་རིང་ནས་མོས་པའི་ཉེར་ལེན་ལས།།

ཞལ་ཆབ་དྲོན་མོའི་མན་ངག་མ་ནོར་བ།།

བཀའ་གནང་ཕྱོགས་སྟོན་ཡིད་ཆེས་གདེང་ལྡན་བཀོད།།

དེ་ལྟ་ན་ཡང་སྐྱེས་སྦྱངས་དམན་པའི་མཐུས།།

དོན་བཟང་ནོར་བུའི་མེ་ལོང་སྒྲིབ་སྲིད་ན།།

ནོངས་པ་འདི་དང་ཚེ་རབས་སྒྲིབ་ཚོགས་ཀུན།།

སྙིང་ནས་ཡེ་ཤེས་སྤྱན་ལྡན་རྣམས་ལ་འཆགས།།

འོན་ཏེ་ལྷག་བསམ་འོ་མའི་ཆུ་གཏེར་ལས།།

ལེགས་བྱས་མར་གྱི་རིལ་བུ་མཆིས་པ་ཀུན།།

དུས་གསུམ་བསགས་པའི་དགེ་ཚོགས་དང་འགྲོགས་ཏེ།།

བསྟན་དང་འགྲོ་ལ་ཕན་པའི་གསོས་སུ་བསྔོ།།

དེའི་མཐུས་གངས་ཅན་གཙོས་པའི་ཡུལ་གྲུ་ཀུན།།

ཕུན་ཚོགས་ཆོས་སྲིད་སྡེ་བཞིའི་དཔལ་འཕེལ་ཞིང་།།

བསྟན་འཛིན་ཞབས་བརྟན་བསྟན་པ་དར་ཞིང་རྒྱས།།

རྫོགས་ལྡན་གསར་བའི་སྒོ་འཕར་འབྱེད་པར་ཤོག།

ཁྱད་པར་སྐྱབས་རྗེ་བླ་མ་སངས་རྒྱས་དངོས།།

མི་འབྲལ་བསྐལ་བ་རྒྱ་མཚོར་རྟག་བཞུགས་ཤིང་།།

ཐེག་མཆོག་གསུང་གི་བདུད་རྩིར་བར་མེད་དུ།།

ལོངས་སུ་སྤྱོད་པའི་སྐལ་བ་ཡོད་གྱུར་ཅིག།

བདག་ཀྱང་དེང་ནས་ཚེ་རབས་ཉལ་འགྲོའི་རྒྱུན།།

དལ་རྟེན་རླབས་ཕྲེང་རྩེན་པའི་མྱུར་འགྲོས་ཀྱིས།།

ཁྱེད་འཁོར་ཆུ་གཏེར་དང་པོར་འབབ་པ་དང་།།

འབྲལ་མེད་གསུང་གི་བདུད་རྩིས་འཚོར་གྱུར་ཅིག།

གང་ན་བཞུགས་པའི་བསྟན་འགྲོའི་དཔལ་མགོན་རྣམས།།

ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྲུབ་ནས།།

ཕན་བདེ་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ།།

ཉམས་མེད་སྲིད་མཐའི་བར་དུ་སྒྲེང་བར་ཤོག།

ཅེས་བཟང་པོའི་རང་གཤིས་ནམ་ཡང་འགྱུར་བ་མེད་པའི་དཔལ་མགོན་བླ་མ་དམ་པ་མཆོག་གིས་ལྗགས་ཁྲིད་ཟབ་མོ་འདི་ཉིད་ནུབ་མེད་གོང་ནས་གོང་དུ་འཕེལ་བའི་ཆེད་དུ། མཚུངས་མེད་ཆོས་ཀྱི་མཆེད་པོ་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཡང་སྤྲུལ་པདྨ་འཇིགས་བྲལ་གྲུབ་པའི་རྡོ་རྗེ་དང་། མཁན་རིན་པོ་ཆེ་ཁྲིད་དཔོན་བསྟན་འཛིན་དགྲ་ལྷ་སོགས་ཀྱིས་ལྷག་བསམ་དག་པས་གསུང་སྐུལ་གནང་བར་མ་ཟད། ཁྱད་པར་རྗེ་གང་གི་ཕྲིན་ལས་ཀྱི་བྱེད་པོ་མུ་ར་སྤྲུལ་པའི་སྐུ་བསྟན་འཛིན་མཁའ་ཁྱབ་རྡོ་རྗེའི་བཀའ་གསུང་སྤྱི་བོར་ཕེབས་ཅིང་། རྗེ་བླ་མ་མཆོག་གི་བཀས་གནང་བ་ཐོབ་པར་མ་ཟད་དབུགས་དབྱུང་བ་ལ་བརྟེན་ནས། རབ་བྱུང་བཅུ་བདུན་པའི་ས་མོ་གླང་གི་ལོའི་རྒྱལ་བ་ལྷ་ལས་བབས་པའི་ཐ་སྐར་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་ཚེས་བཟང་ལ་དབུ་བརྩམས་ནས། ལས་ཁུར་གཞན་གྱིས་བྲེལ་བ་དང་བཅས་ལྕགས་ཕོ་སྟག་གི་ལོའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ཉིན་གནས་མཆོག་ཨོ་རྒྱན་རི་དྭགས་ཆུ་མིག་གི་ཡང་དབེན་འོད་གསལ་ཉི་མ་འཆར་བའི་ལྡིང་ཁང་ནས་ཡི་གེ་རྩིས་འཕྲུལ་སྟེང་བཀོད་གྲུབ་པ་དང་། མཁན་ཆེན་ཨ་ཆོས་རིན་པོ་ཆེ་དང་ཉན་ཤུལ་མདོ་སྡེ་མགོན་པོ་དང་དགེ་འདུན་དར་རྒྱས་སོགས་ཀྱིས་རམ་འདེགས་ཚད་མེད་གནང་བ་ལ་བརྟེན་ནས་ཞུ་དག་དང་བཅས་ལོ་དེའི་ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། རྫོགས་ཆེན་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་གནས་སྐབས་ཀུན་ཏུ་མཆོག་ཏུ་གུས་པ་དང་། ཁྱད་པར་དཔལ་མགོན་བླ་མ་མཆོག་གི་ཞབས་རྡུལ་སྤྱི་བོས་རིང་དུ་འདེགས་པའི་འདུ་བྱེད་ཅན་ཡིད་ལྷུང་པ་ཀུན་དགའ་བསྟན་འཛིན་ནམ། རྗེ་གང་གིས་བསྩལ་བ་ལྟར་ན་པདྨ་འཇིགས་བྲལ་གྲུབ་མཆོག་ཟླ་བའི་འོད་ཟེར་ཞེས་འབོད་པའི་དམན་པ་དེས་རྫོགས་ཆེན་པདྨ་ཐང་རང་སྤྱིལ་ནས་ཡོངས་སུ་གྲུབ་པར་བགྱིས་པའོ།། །།དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།།།


previousཀུན་བཟང་བླ་མའི་ཞལ་ལུང་གི་ལྗགས་ཁྲིད་རིག་འཛིན་བརྒྱུད་པའི་ཐུགས་ཐིག ༼ཨེ༽no next