Nitartha Digital Library
Tibetan
 
previousཉིན་དང་པོའི་ཆོས་ཁྲིད། next

ཉིན་དང་པོའི་ཆོས་ཁྲིད།

གཞིས་བྱེས་ཐག་རིང་ཐུང་གཉིས་ཀ་ནས་ཕེབས་པ་ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཀྱིས་འཚམས་འདྲི་ཞུ། དེ་ནས་རང་རེས་ཆོས་བཤད་ནས་དེ་ལ་ཉན་དུས་ཚིག་རེ་རེ་བཞིན་གསལ་པོ་ཞིག་གོ་རྒྱུ་གནད་ཆེ། གཙུག་ལག་ཁང་ནང་མའི་ནང་དུ་སྔོན་ལྟར་ཕལ་ཆེར་གསན་ཐུབ་རྒྱུ་རེད། འོན་ཀྱང་གཙུག་ལག་ཁང་ཕྱི་མའི་ནང་དུ་སྒྲ་སྒམ་ཆེན་པོ་བཞག་ན་གྱང་སྐད་བརྒྱབ་ནས་བྲག་ཆ་ལྟ་བུ་ཞིག་འཁོར་གྱིན་འདུག་པས། སྒྲ་ཆེ་ཞིང་ཚིག་མི་གསལ་བ་ཞིག་རེད། སྒྲ་སྒམ་ཆུང་ན་དགའ་སྙམ་སྟེ་ཆུང་ངུ་མང་པོ་བཏགས་ཡོད་མོད། ད་དུང་གྱང་སྐད་ཀྱིས་གསལ་པོ་ཞིག་མ་རེད། ན་ནིང་ཐོག་ཁེབས་མེད་དུས་ཧ་ཅང་གསལ་པོ་རེད། ད་ལོ་ཐོག་ཁེབས་བརྒྱབ་པས་མི་གསལ་བ་ཞིག་ཏུ་གྱུར་འདུག ད་དུང་ཆེད་མཁས་པས་ཞིབ་འཇུག་ལེགས་པོ་ཞིག་མ་བྱས་ཚེ་མགྱོགས་པོར་ཐག་གཅོད་བྱེད་ཐུབ་རྒྱུ་ཞིག་མ་རེད། ཕྱི་ཡི་མདུན་ཐང་གི་སྤང་ཐང་དུ་སྒྲ་སྒམ་ཆེན་པོ་བཙུགས་ཡོད་པས། ཆོས་ཁྲིད་ཀྱི་སྐབས་སུ། འགའ་རེས་དེར་ཉན་ན་ཨེ་དགའ་ལྟོས། གནམ་གཤིས་ཡག་ན་སྤང་ཐོག་གི་རྩྭ་ཐང་སྟེང་ཡང་སྐྱིད་ནི་རེད། གནམ་གཤིས་ངན་ན་དེར་འདུག་ནི་ཚོས་ཆར་གདུགས་རེ་ཕུབ། མདོར་ན་ཆོས་ཁྲིད་བཤད་དུས་ཚིག་རེ་རེ་བཞིན་ཚང་མས་གོ་དགོས་པས། ཚང་མས་གང་དུ་དགའ་རང་གིས་ལྟོས། དེའི་ཚེ་ལ་བཤགས་བསྡུས་ཤིག་ཡིག་བརྒྱ་དང་བསྒྲག་སྟེ་འདོན་ཞོར་བྱེད། ཅེས་གསུངས་ཏེ་གཞི་ཐོག་དང་པོ་ནས་ཡིག་བརྒྱ་ས་ཏྭ་དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག་ཅེས་པའི་བར་གསུངས་སོ། །དེའི་མཚམས་སུ། ཚང་མ་རང་རང་སོ་སོ་ངས་གོང་དུ་བཤད་པ་བཞིན། ཉན་བདེ་ས་རེ་ལ་བསྡད་ཡོད་རྒྱུ་རེད། ད་རེས་བོད་རབས་བྱུང་བཅུ་བདུན་པའི་གནམ་ལོའི་རྒྱལ་པོ་ས་ཕོ་བྱི་བའི་ལོ་འདིར། བོད་བསྟན་པ་ཡང་དར་གྱི་བསྟན་པའི་མེ་རོ་ཡར་ལ་གསོ་བའི་དུས་འདིར་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་བདེ་ཆེན་ཞིང་ཁྲིད་ཆེན་མོ་ཐེངས་གཉིས་པ་འཚོགས་རྒྱུའི་སྐབས་ལ་ཁེལ་བས། ཆོས་རྭ་འདིའི་ནང་དུ་ཞུགས་པའི་མི་ཚང་མ་སེར་སྐྱ་ཕོ་མོ་རིགས་རུས་རྒན་གཞོན་གོ་གནས་ཐོབ་ཐང་ལ་སོགས་པའི་གནས་བབས་ལ་མ་ལྟོས་པར་ཐམས་ཅད་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས། དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་། འཇིག་རྟེན་ཡང་དག་གི་ལྟ་བ་ལ་དད་པ་བྱེད་མཁན་འབའ་ཞིག་ཡིན་པའི་དབང་དུ་བཏང་ན། སྤྱིར་སེམས་ཅན་ཡིན་པའི་ཆ་ནས་རིང་བའི་མཆེད། དགོས་སུ་འཇིག་རྟེན་མིའི་སྡེ་རིས་གཅིག་ལ་གཏོགས་པས་ཉེ་བའི་མཆེད། ཁྱད་པར་དུ་སྟོན་པ་གཅིག་གི་བསྟན་པ་ལ་ཞུགས་པས་ཤིན་ཏུ་ཉེ་བའི་མཆེད། ཡང་དགོས་དམིགས་བསལ་གྱི་ཆོས་རྒྱུད་གཅིག་དང་གསང་སྔགས་ཀྱི་དཀྱིལ་འཁོར་གཅིག་ལ་མཉམ་དུ་འཛོམས་པས་ཐུན་མོང་མ་ཡིན་པའི་མཆེད་དང་ལྕམ་དྲལ་ཡིན་པའི་ངོས་ནས་མ་ཤི་ཚེ་རིང་བྱུང་སྟེ། ཚང་མ་དང་མཉམ་དུ་ཐུག་འཕྲད་ཐེངས་གཅིག་བྱུང་བར་དགའ་སྤྲོ་ཡོད། འུ་ཚོ་འཇིག་རྟེན་གྱི་མི་འདི་རྒན་དར་གཞོན་གསུམ་སུ་ཡིན་ཀྱང། དང་པོ་གཟུགས་འགོར་ཆགས་ནས་ཐ་མར་དབུགས་རྔ་མ་བསྡུས་བར་དུ་དལ་ཁོམ་ཉིན་གཅིག་མེད་པར། ཅིག་མི་འདུས། མི་ཟིན། མི་འགྲུབ། མི་ཆོག་འདུག་རྒྱུའི་རང་གཞན་བར་གསུམ་གྱིས་ཐ་མ་འགྲུབ་དགོས་རྒྱུའི་དམིགས་ཡུལ་དེ་གང་ཞེ་ན། བདེ་སྐྱིད་ཅིག་ཨེ་ཐོབ་བསམ་རྒྱུ་དེ་རེད། དོན་ངོ་མ་བཤད་ན་མི་ལ་བདེ་སྡུག་འབྱུང་བའི་གཞི་རྟེན་ལུས་སེམས་གཉིས་ཀ་མ་གཏོགས་མེད། ལུས་སེམས་གཉིས་ཀའི་སྡུག་བསྔལ་ཐམས་ཅད་ཕར་སྤངས་ནས་ལུས་ཀྱི་བདེ་བ་དང་སེམས་ཀྱི་ཡིད་བདེ་སྟེ། ལུས་སེམས་གཉིས་ཀར་བདེ་བ་ཚིམ་པ་ཞིག་ཐོབ་དགོས་ཀྱིན་ཡོད། ལུས་སེམས་ཀྱི་བདེ་བ་དེ་གཉིས་ཀའི་ནང་ནས་ཀྱང་སེམས་ཀྱི་བདེ་བ་དེ་གལ་ཆེ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སེམས་མི་སྐྱིད་ཅིང་ཡིད་མི་བདེ་བའི་ཟས་ཞིག་རྙེད་ཡོད་པའི་དུས་སུ། ལུས་བདེ་བ་རྒྱལ་པོའི་ཕོ་བྲང་གི་ནང་དུ་འདོད་པའི་ཡོན་ཏན་གྱི་ཕུན་ཚོགས་ལ་རོལ་བཞིན་ཡོད་ཀྱང་སེམས་སྐྱིད་པའི་སྣང་བ་འཐོབ་མི་ཐུབ། མི་ཕྱུག་པོ། གཟུགས་ལང་ཚོ། སྟོབས་འབྱོར་བ། མཚན་སྙན་གྲགས་ཅན་འགའ་རེས་ལུས་སྐྱིད་ཀྱང་སེམས་མི་སྐྱིད་པས་རང་སྲོག་རང་གིས་གཅོད་པ་མང་པོ་དེང་སང་འཛམ་གླིང་ན་ཡོད་པ་ཚོར་ལྟོས་དང་། ཕྱིའི་འབྱོར་བའི་མཐུན་རྐྱེན་འཛོམས་པ་ཙམ་གྱིས། མིའི་བདེ་སྐྱིད་ངོ་མ་དེ་ཐོབ་མི་ཐུབ་པའི་རྟགས་རེད། ནང་སེམས་ཀྱི་བདེ་བ་ཐུན་མོང་མ་ཡིན་པ་ཞིག་རྙེད་པའི་ཉིན་དེར། ཕྱིའི་མཐུན་རྐྱེན་གྱི་འབྱོར་བ་ཚོགས་རུང་མ་ཚོགས་རུང་བདེ་སྐྱིད་ངོ་མ་དེ་ཐོབ་ཐུབ་པ་རེད། དེ་འདྲའི་རིགས་ཀྱི་ནང་སེམས་ཁམས་ཀྱི་བདེ་བ་དེའི་ཟིལ་ཤུགས་ཤིག་གིས། འདོད་ཆགས། ཞེ་སྡང། གཏི་མུག་ང་རྒྱལ། ཕྲག་དོག་ཞེས་བྱ་བ། མི་བདེ་ནད་ཀྱི་གཞི་མ་ཐམས་ཅད་དང་། དེའི་ཁ་ཤུགས་ཀྱི་གཟེར་ན་ཚའི་ཚོར་བ་དེ་ཅུང་ཟད་དམའ་སོང་ན་ཚེ་འདི་ལ་བདེ་ཞིང་། གང་སྣང་གང་ཤར་ཐམས་ཅད་བདེ་བའི་རང་བཞིན་རོལ་བ་ཡིན། ལུས་བདེ་བ་ཅན་དུ་ད་དུང་ཐོན་མེད་ཀྱང་སེམས་བདེ་བ་ཅན་དུ་སྐྱེས་པ་དང་འདྲ་བའི་སེམས་ཞིག་ད་ལྟ་ནས་རང་གིས་རང་ལ་སྒྲུབ་ཆོག ཚེ་ཕྱི་མར་ཡང་བདེ། ཉོན་མོངས་པའི་མགོ་ནོན་སོང་ཕྱིན། དེའི་ལོ་མ་དང་འདྲ་བའི་མི་དགེ་སྡིག་པའི་ལས་ཀྱང་རང་ཤུགས་ཀྱིས་ཇེ་ཉུང་དུ་འགྲོ། དེའི་སྟོབས་ཀྱིས་ཚེ་འདི་ལ་བདེ་བར་མ་ཟད་ཚེ་ཕྱི་མར་ཡང་བདེ་ཞིང་སྐྱིད་པའི་ས་བོན་ཞིག་ད་ལྟ་ནས་ཐེབས་སོང་བས། བདེ་སྐྱིད་དོན་གཉེར་གྱི་མི་ཚེའི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བ་དེ་གང་ཞེ་ན། དམ་པའི་ལྷ་ཆོས་སྒྲུབ་རྒྱུ་འདི་ཡིན། འདི་མ་བསྒྲུབས་ན་སྐྱབས་དང་སྐྱོབ་པ་མགོན་དང་དཔུང་གཉེན་གཞན་ཞིག་མེད། ཁྱད་པར་དུ་ནད་ན་ཚས་མནར། རྐྱེན་ངན་དྲག་པོ་ཐོག་ཏུ་བབ། ཡང་དགོས་ཤི་ནད་དྲག་པོ་ཐོག་ཏུ་བབ་སྟེ་འཆི་བདག་གཤིན་རྗེ་དང་ཕར་ལྟ་ཚུར་ལྟ་བྱེད་སར་ཐུག་དུས། ཕས་མི་སྐྱོབ། མས་མི་སྐྱོབ། དཔོན་གྱིས་མི་སྐྱོབ། བློན་གྱིས་མི་སྐྱོབ། དེ་དུས་སྐྱབས་རེ་ས་བླ་མ་དཀོན་མཆོག་མ་གཏོགས་མེད། དེ་བས། འུ་ཚོས་དཀའ་ལས་སྡུག་བསྔལ་ཅན་གྱི་འཁོར་བའི་བྱ་བཞག་ཟིན་རྒྱུ་མེད་པ་ཆུའི་གཉེར་མ་ལྟ་བུ། གཅིག་ཚར་དུས་ཡང་གཅིག་སྒྲུབ་དགོས་པ། དེ་རིང་རྒྱབ་ཀྱི་སང་ཉིན། ད་ལོའི་རྒྱབ་ཀྱི་སང་ཕོད། ཚར་རྒྱུ་འགྲུབ་རྒྱུ་གཉིས་ཀ་མེད་ཅིང་། གཞོན་ཁ་དཀར་གྱི་ལང་ཚོ་དེ་སྡུག་གི་གཉེར་མ་དང་སྐྲ་དཀར་གཉིས་ཀྱིས་མནན་ཏེ། མཐར་སྡུག་ཁོ་ནས་མི་ཚེ་རྫོགས་བཞིན་ཡོད། ད་འདིའི་བར་གསེང་འདི་ལ་སྤྲིན་བར་ཉི་མའི་ཟེར་མཐོང་ལྟ་བུའི་ཉིན་བརྒྱད་དགུ་ཞིག་ལ་རང་ཅག་གི་སྡུག་གི་ཁུར་པོ་འདི་རེ་ཞིག་ཕོག་ནས། འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་སྡུག་བསྔལ་མྱོང་བའི་སེམས་ལ་ངལ་གསོ་ཞིག་དང་། ཚེ་འདི་ཕྱི་གཉིས་ཀར་རང་རོགས་བར་གསུམ་གྱིས་འགྲོ་རྩིས་འདུག་བཀོད། རང་རེས་དོན་གཉེར་འབད་པ་བྱེད་དགོས་པའི་ནང་སེམས་ཀྱི་བདེ་བ། ཚེ་གཅིག་གིས་དུས་གཏན་དུ་ཕྱིར་སྡུག་བསྔལ་གྱི་ནང་དུ་མི་ལྷུང་བ། རང་གཅིག་པུར་མ་ཟད་གཉེན་ཉེ་རིང་། དགའ་མཛའ་མཐུན་གསུམ། ཤི་གསོན་ཚང་མ། དེའི་སྟེང་དུ་བདེ་འདོད་སྡུག་བསྔལ་གྱིས་མནར་བའི་ཕ་མ་སེམས་ཅན་དང་བཅས་པ། ཚེ་རབས་གཏན་གྱི་བདེ་བ་ཞིག་ལ་འགོད་པར་གྲོས་འགོ་འདོན་རྒྱུ། ཆོས་བཤད་དང་ཞུ་ཟེར་ནའང་དེ་འདྲ་ཞིག་གི་དོན་དུ་ཡིན་པ་ལས། དེ་མིན་ཅི་ཡིན་འདི་ཡིན་མ་གོ་བའི་དབང་ཆོས་ཤིག་ཞུས་ཀྱང་དོན་ཉམས་ལ་རན་པའི་ཕན་པ་དེ་ཙམ་མེད། ཆོས་ཐོས་པའི་ཕན་ཡོན་གྱི་ངོས་ནས་བཤད་ན་ཆོས་སྒྲ་རྣ་བས་གོ་བའི་བྱ་དང་རི་དྭགས་ཀྱིས་ཀྱང་བདེ་འགྲོ་ཐོབ་པའི་ལོ་རྒྱུས་ཡོད་མོད། འོན་ཀྱང་ཆོས་ཐོས་པ་རང་རྒྱུད་ལ་སྦྱར་ཏེ་ཆོས་ཀྱི་སྨན་དེས་སྡུག་བསྔལ་རྒྱུ་འབྲས་ཀྱི་ནད་དེ་དྲག་དགོས་པས། ཆོས་ཀྱི་དོན་དེ་གོ་ནས་རང་ཉིད་ཀྱིས་ལག་ལེན་ལ་མ་ཐེབས་ན། ཆུ་མིག་གིས་མཐོང་བས་སྐོམ་མི་སེལ་བ་ལྟར་ཕན་མེད་དུ་འགྱུར་ཉེན་ཡོད། དེའི་ཕྱིར་རང་དོན་གྱི་ལས་ཀ་གང་སྒྲུབ་ན་སྤུས་དག་ཅིང་རང་མགོ་རང་གིས་མ་གཡོགས་པ་ཞིག་བསྒྲུབ་དགོས། འུ་ཅག་འབྲོག་པ་ཡིན་པས་འབྲོག་ཕྱོགས་ཀྱི་ལས་ཀ་ཞིག་ལ་དཔེར་བླངས་ན། འབྲོག་པས་བཞོན་བཞོ་འོ་དཀྲུག་བྱས་ཏེ་མར་ཕྱུར་བ་གསོག་ནའང་། མ་ལས་མེད་མས་སྤུ་ཐལ་བ་གཉིས་དང་ལྷན་དུ་བྱས་ན། དེས་གཞན་མི་མགུ་བར་མ་ཟད་རང་ཡང་མི་མགུ། དེའི་རིགས་དེ་ཟོས་ན་ཡི་གར་མི་ཡོང་ལ་བཙོང་ན་གོང་ཡང་མི་ཁུག མི་སྐྱེས་པ་ཞིག་ལ་མཚོན་ནའང་ཕྱུགས་རྟ་ནོར་ལུག་གསུམ་གྱི་འཚོ་རྫི་དང་། ཚོང་སོ་ནམ་གྱི་ལས་ཀ་གང་བྱེད་ནའང་འདྲ། མགོ་ཚགས་དམ་ཤ་རེ་བ། སྔ་བསམ་ཕྱི་འདང་གི་སྐྱེས་ཕོ་རབ་ཀྱི་མཁྱེན་པ་རབ་ཅིག་མེད་ཀྱང་། མདའ་འདི་ནས་འཕངས་ན་མདེའུ་འདི་ནས་འབུད་སྙམ་པའི་ཆགས་འཇོག་ཡོད་པ། ལས་བྱ་བ་མགོ་རྔ་ཚང་ནི་ཞིག་མ་བྱས་ཚེ། རྫི་བོ་ཞིག་ཡིན་ནའང་རྫི་བོ་ངན་པ་གཉིད་དུ་ཤོར་ནས་ཕྱུགས་ཟོག་སེམས་ཅན་ཁྱི་བཟས་སྤྱང་རྐུན་ལ་ཤོར་བ། ནང་སྔ་ལང་ནུབ་ཉལ་ཕྱི་མ་ཐུབ་པས་ཐ་མར་ཕྱུགས་ཟད་དུ་གྱུར་པ་ཡང་ཡོད། ཞོར་ལས་གཉེར་མཁན་ཞིག་ཡིན་ནའང་དཔེ་དེ་དང་གཅིག་མཚུངས་རེད། ཁྱད་པར་དུ་ཚོང་ལས་མཁན་ཞིག་ཡིན་ན་བློ་རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ཏེ། སྤྱི་དང་བྱེ་བྲག་གི་ཚོང་རྭའི་དཔལ་འབྱོར་གྱི་འགྲོ་ལུགས། ཚོང་ལས་ཀྱི་ཤེས་བྱ་རིག་གནས། སོ་སོའི་ནུས་པ་དང་བསྟུན་ནས་འདི་བྱས་ན་འདི་འདྲ་ཞིག་གི་ཚོད་དུ་འགྲོ་འདུག་སྙམ་རྒྱུའི་སྔོན་མཐའ་དང་ཕྱི་མཐའ་མཐོང་བའི་བྱ་བ་ཞིག་བསྒྲུབས་ཚེ། ད་གཟོད་བྱ་བ་གང་སྒྲུབ་སྤུས་དག་པ་རང་མགུ་བར་མ་ཟད་གཞན་གྱིས་སྨོན་པ་ཞིག་ཆེ་ཆུང་མ་གཏོགས་འགྲུབ་རྒྱུ་ཡོད། ཆོས་སྒྲུབ་ནའང་དེ་དང་འདྲ་བར། ཚེ་འདི་ཕྱི་གཉིས་ཀའི་དོན་ཆེན་མཉམ་དུ་འགྲུབ་པ་སྤུས་དག་ཅིང་རང་བློ་བདེ་བ་ཤི་ན་བློ་ལྷག་མེད་པ་ཞིག་ཡོང་རྒྱུ་ཡོད། དེ་ལྟར་མིན་པར་མྱི་ཡང་ལ་སྤུ་སུད། སྟོན་ཁའི་ཁུར་མོང་གི་སྤུ་ལྟ་བུ། ས་འདིའི་ཁ་སྐད་ལ་ཨབ་སྤུ་བྱིའུ་སྤུ་རླུང་གིས་སྤུར་བ་དང་འདྲ་བར་གང་ཡིན་སར་འདུར་རུ་རུ་འདུག་པ་ཞིག་གིས་མི་ཁའི་ཁྲལ་སོད་ཀྱི་སྐད་ཆ་ཞིག་བཤད། སྔ་བསམ་ཕྱི་འདང་མེད་པའི་བྱ་བ་ཞིག་བསྒྲུབས། མནའ་དང་གཏམ་གཉིས་ལ་མི་ཐོགས་པའི་མཐར་འབྲས་ལ། ཚེ་འདི་ཕྱི་གང་ལ་བསམ་བློ་བཏང་ནའང་ལམ་ཡག་པོ་ཞིག་ཡོང་དཀའ། དེའི་ཐོག་ཏུ་ད་རུང་ཆང་ཨ་རག་དང་ཤོ་སྦག་རྒྱན་སྐུགས་སོགས་བྱས་ན། དེའི་རྐྱེན་གྱིས་ཉིན་བཞིན་ནང་འཛིང་ཁྱི་ནག་འཛིང་འཛིང་བྱེད་མཁན་གྱི་རིགས་ཡོད། མི་དེ་འདྲ་ལས་སྐོར་ཁྱི་བཙན་པོ་ཞིག་གིས་བཟང་བ་དང་། ཡང་ན་བེད་སྤྱོད་ལ་དབྱུག་པ་སྲ་མོ་ཞིག་གིས་རིན་ཐང་ཆེ་འདུག་སྙམ་པ་ལྟ་བུའི་ཚོད་ཏུ་ལྷུང་བ། ཕར་བལྟས་ན་མི་ཞིག་ཡིན་ཡང་དོན་ལ་ཁྱི་ལ་རྒྱག་པའི་དབྱུག་པའང་མི་དོ་བ། བྱ་སྤྱོད་ནི་གདོན་འདྲེ་ཞིག་དང་འདྲ་བར་ཡུལ་དེར་མེད་ན་དགའ་བ་དེ་འདྲ་ཡོད། དེ་འདྲའི་རིགས་དེས། གནད་འགག་ལ་ཐུག་དུས། ཚེ་ཕྱི་མ་ཕར་ཞོག ཚེ་འདིའི་དོན་ཀྱང་འགྲུབ་མེད། ཡང་འདི་ལྟར་སྙམ་སྲིད། བླ་མ་གྲྭ་པ་རྒྱགས་ཆེས་པ་དག་གིས་ཅི་མི་ཟེར། མི་སྐྱ་ཕོ་མོ་རྣམས་ལ་གོང་ཚད་འདྲ་ཞིག་རྒྱག་ཀྱང་། ཁོང་རྣམས་ཀྱང་མི་སྐྱའི་ཁྱིམ་ནས་མ་ཡོང་བར་ནམ་མཁའི་འཇའ་འོད་ཀྱི་གུར་ཁང་ནས་ཐོག་བབས་བྱས་པ་ཞིག་ཨེ་ཡིན་ནམ་སྙམ་ན། དེ་ཡང་བདེན་པ་རེད། དེར་མ་ཟད་ད་དུང་ཕྱི་ལ་སྟོན་པ་སངས་རྒྱས་ཀྱི་ན་བཟའ་གྱོན། སྡེ་སྣོད་འཛིན་པ་དགེ་འདུན་པའི་གྲལ་དུ་བསྡད། ཕྱོགས་བཅུའི་དགེ་འདུན་པའི་དཀོར་ལ་སྤྱོད། མ་ཟད་ཁྱིམ་ཕ་མས་དེ་ཡོད་ནང་གི་དེ་དྲག ལུག་མགོའི་ཡ་ཐོད་དང་། ཆུ་དཀར་གྱི་བཀོལ་ཕུད་ཀྱིས་མཆོད་བསྟོད་བྱས་ཀྱང་། ཕྱིའི་ཆ་ལུགས་དང་ནང་གི་སྡོམ་དམ་ཚིག་གཉིས་ཀ་ཆ་མི་འགྲིག་པས། དཀོན་མཆོག་གི་རྐང་འདྲེན། དགེ་འདུན་གྱི་གྲལ་རྫོད་ནི་ཅི་འདྲ་མེད། སངས་རྒྱས་ཀྱིས་ཀྱང་། ང་མིན་ང་འདྲ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཅན་འགའ་རེས་བསྟན་པ་ནང་ནས་བཤིགས་འོང་། ཁོང་གི་བསྟན་པ་འདི་ནི་སེང་གེའི་རོ་ལྟ་བུ་ཞིག་ཡིན་པས། ནང་ནས་འབུ་ཞུགས་ཏེ་བརླག་འགྲོ་བ་མ་གཏོགས་ཕྱི་ནས་ཚུར་བཤིག་མི་ཐུབ་གསུངས། ངོ་མ་བསམ་བློ་ཞིག་བཏང་ན། དུས་རབས་སྔོན་མའི་དུས་སྐེད་ཚུན་ཆོད་ནས་རིག་གནས་གསར་རྗེ་སོགས་ཀྱི་དུས་སུ། ཨ་ལ་ལ་མ་བཤིག་བསམ་པ་ཞིག་ཅི་ཡོད་དེ། འོན་ཀྱང་མ་འཇིག་ནས་ད་དུང་ཡོད་པ་འདི་རེད། དེས་ན་རབ་ཏུ་བྱུང་བས་དམ་ཆོས་འདུལ་བའི་བསྟན་པས་རྨང་གཞི་བྱས་ནས་སོར་བྱང་སྔགས་གསུམ་གྱི་སྡོམ་དང་བསླབ་བྱ་དམ་ཚིག་རྣམས་མ་བསྲུངས་ན། ཆུ་མེ་ལ་འབར་ན་ཅི་ཡིས་གསོད། །རྡོ་རླུང་གིས་ཁྱེར་ན་ཅི་ཡིས་གནོན། །ཞེས་པ་ལྟར་ཡིན། དོན་གྱི་བསྟན་པ་བཞུགས་ས་དེ་གང་ཟག་གི་རྒྱུད་ལ་ཡིན་པས་སངས་རྒྱས་ཀྱི་བསྟན་པ་མེད་ན་དཀོན་མཆོག་གི་སྣང་བའང་མེད། སྤྱོད་པ་འདུལ་བ་དང་མ་མཐུན། སྒོམ་པ་མདོ་སྡེ་དང་མ་མཐུན། བཤད་པ་མངོན་པ་དང་མ་མཐུན། དེའི་སྟེང་དུ་གསང་སྔགས་རྒྱུད་སྡེ་དང་ཡང་མ་མཐུན་ན་སྟོན་པའི་དམ་ཆོས་དང་ཡང་མི་མཐུན་པས། ཆོས་དང་མི་མཐུན་པའི་མྱི་ཆོས་གོས་ཅན་མང་ན། ཕྱི་གོས་དམར་དེ་ཚོན་གྱི་རྣམ་གྲངས་ཙམ་ཡིན་པས། དེ་ནི་རྟགས་ཙམ་འཛིན་པའི་བསྟན་པ་ལ་ཐག་ཉེ་བའི་སྔ་ལྟས་རེད། དེའི་ཕྱིར་ཆོས་འཆད་ཉན་བྱ་རྒྱུ་ནི་བླ་མ་སེར་མོ་བ་ཙམ་དུ་མ་ཟད་མི་སྐྱ་ཕོ་མོ་ཡད་ཆད་རང་གཞན་བར་གསུམ་ཀུན་གྱི་ཚེ་འདི་ཕྱིའི་འདུན་གྲོས་ཆེན་མོ། རང་རེ་ཚེ་སྔོན་མའི་ལས་ཤིག་གིས་སྐྱིད་མ་སྡུག་གི་འཇིག་རྟེན་མི་ཡུལ་འདི་འདྲ་ཞིག་ལ་འཕངས་ཡོད་པས། རང་རེའི་མི་ཚེ་འདིའང་གད་པ་ཆུས་ཟོས་ཀྱི་གད་ཁ་ཞིག་ལ་སྐྱེས་པའི་ཤིང་ཕུང་ཞིག་དང་འདྲ་བར་རྟག་བརྟན་མེད་པས་ན། ཚེ་ཕྱི་མའི་བདེ་སྡུག་ཐོད་པའི་རི་མོ་ལ་ད་ནས་གཟབ་རྒྱུ་ཡོད་དམ། ཡོད་ན་གཟབ་ལུགས་ཇི་ལྟར་བྱེད་དགོས་སམ། ཡང་དཔེ་གཞན་ཞིག་ལ་བཞག་ན། ཆུ་ཆེན་ཞིག་གིས་ཁྱེར་སོང་སྟེ་ཆུ་དཀྱིལ་གྱི་བྲག་གདོང་ཞིག་ཏུ་ཤིང་གླ་ཁེའི་ཚེར་ཕུང་ཞིག་ལ་འཐམ་ས་རྙེད་ཡོད་ན། ད་ཡང་ནམ་མཁའ་ནས་སྤྲིན་ནག་འཁྲིགས་ལུགས། བར་སྣང་ནས་གློག་དམར་འཁྱུག་ལུགས་གང་ལ་བལྟས་ཀྱང་། ཡང་ད་དུང་སེར་དྲག་དང་། ཆུ་ལོག་ཆེན་པོ་ཞིག་ཡོང་གྲབས་ཡོད་པས་ན། ཡང་ཆུ་རླབས་ཆེན་པོ་ཞིག་གིས་འདེད་རྒྱུ་ནི། སྔུན་འདི་ན་རིག་རིག་ཁར་ཡིན་པས། ཡུད་ཙམ་ཞིག་ལ་གསོན་དུ་ཡོད་པའི་ཚེ་འདི་ལ་ཐར་བའི་སྲོག་གི་རྒྱུན་ཞིག་མུ་མཐུད་དུ་འཚོ་ཐབས་བྱ་རྒྱུར་འདང་རྒྱག་པ་དང་། དེའི་ཐབས་ལམ་དང་བཀོད་པ་གང་བྱེད་ན་དགའ་མིན་དང་། དེའི་ཐབས་ལམ་ལ་ཉན་རྒྱུ་ལ་སོགས་ཆོས་འཆད་ཉན་བྱེད་སར་འོང་ཟེར་བ་དེ། དེ་འདྲ་ཞིག་གི་དོན་ལ་འོང་ནི་ཡིན་པར་གོ་དགོས། གལ་ཏེ་དོན་ཆེན་ནང་གི་དོན་ཆེན་ཏེ། འདི་ལྟར་ཕ་གཞིས་མེ་ལ་འབར་གྱིན་ཡོད་ནའང་། དེ་གསོད་སར་འགྲོ་བ་ལས། ཆོས་ཚིག་བཞི་གཅིག་གི་ཉམས་ལེན་གྱི་གནད་ཤེས་པར་དོན་གཉེར་བྱ་རྒྱུའི་གནད་ཆེ་བར་ཤེས་དགོས། རྒྱུ་མཚན་ཕ་གཞིས་ཕ་ཁང་གི་འབལ་འབོལ་ལྷབ་ལྷུབ་འདི་དག་ཡོད་ནའང་ཉི་མ་འགའ་རེ་ཙམ་ཡིན་ལ། མེད་ནའང་འདུག་ཐབས་མི་ཆག་ཚེ་ཕྱི་མར་དེས་གནོད་མ་གཏོགས་ཕན་པ་ཆུང་། ཆོས་གདམས་ངག་ཚིག་གཅིག་ཞེ་ལ་འཛིན་རྒྱུ་ཡོད་ན་ཚེ་འདི་ཕྱི་གཉིས་ཀའི་འགྲོ་རྟེན་འདུག་རྟེན་གཉིས་ཀ་དེའི་ཁུངས་ནས་ཡོང་། དེའི་ཕྱིར་བདག་ཅག་གི་སྟོན་པས་ཀྱང་། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ་དམ་པའི་ཆོས་བསྒྲུབས་པར་མ་ཟད་སློབ་པ་ལམ་གྱི་གནས་སྐབས་སུ། སྐུ་སྐྱེ་མང་པོར་དམ་པའི་ཆོས་ཚིག་བཞི་རེའི་དོན་དུ་ཁྲག་གིས་སྣག་ཚ། རུས་པས་སྨྱུ་གུ། པགས་པས་ཤོག་བུ་མཛད་དེ་དམ་ཆོས་ཚོལ་བ་དང་། ཆོས་ཐོས་པའི་དོན་དུ་སྐུ་ལུས་མེ་དོང་དུ་མཆོང་བ། ཆོས་ཀྱི་དོན་དུ་དབུ་བཅད་ནས་སྦྱིན་པ་བཏང་པ་ལ་སོགས་པ་ཅི་འདྲའི་ངོ་མཚར་ཅན་གྱི་སྐྱེས་རབས་རྣམ་ཐར་མང་པོ་འདུག རང་རེ་འདི་ན་བདེ་བདེ་སྐྱིད་སྐྱིད་ཀྱིས་ཆོས་སྒྲུབ་པའི་ཆ་རྐྱེན་རང་སྒོ་ན་འཛོམས་ཡོད་དུས། གྲལ་འདྲ་འདྲའི་ནང་ནས་ཆོས་སྐལ་ཆད་པ་དེ་རང་སྡུག་ཡིན་ནི་རེད། དེའི་ཕྱིར་ཆོས་སྒྲུབ་ན་སྤུས་དག་ཤག་ཤག་ང་ལ་འདི་ཡོད་སྙམ་པའི་སེམས་རྟེན། དགྲ་ལ་ངོམ་རྒྱུ། གཉེན་ལ་བཤམས་རྒྱུ། ཞེས་པ་ལྟར། སྐྱིད་ཀྱི་གོང་ནོན། སྡུག་གི་སྐྱོ་གྲོགས། ཕྱི་མར་བར་དོ་ཆོད་བྱེད་ཀྱི་ལམ་ཡིག ཤི་ནས་ཐར་བ་ཐོབ་བྱེད་ཀྱི་གྲོ་རྟེན། གསོན་ཚེ་འདི་ལའང་། མིའི་ནུས་པ་ལས་བརྒལ་བ་དང། མིའི་ཚོད་དཔག་གི་ཡུལ་ལས་བརྒལ་བའི་བྱ་བར་འཕྲད་ཚེ། ལྷ་དཀོན་མཆོག་ལ་རེ་བ་ཞིག་འཆའ་ན། བཅའ་ལུགས་འདི་ལྟར་བཅའ་དགོས། རང་གཞན་གཉིས་ཀའི་བདེ་སྐྱིད་ཀྱི་དོན་དུ། ཚོགས་གསོག་ལུགས་དང་སྒྲིབ་པ་སྦྱང་ལུགས་འདི་ལྟར་ཡིན་ནོ་སྙམ་པ་ལྟ་བུ་ཞིག་སྟེ། མདོར་ན་ལེགས་ཉེས་བླང་དོར་གྱི་མིག་གསར་བ་ཞིག་རྙེད་པའི་དོན་དུ་ཆོས་རྭར་ཡོང་ནི་ཡིན་པས། རིན་པོ་ཆེའི་གླིང་དུ་ཐོན་དུས་ནོར་བུ་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་གསོལ་བ་བཏབ་ན་ཅི་བསམ་འགྲུབ་པའི་ནོར་བུ་མ་ལོན་ཀྱང་། རིན་ཐང་ཡོད་ཤག་ཤག་གི་ནོར་བུ་ཞིག་མ་ལོན་པར། རྡོ་ལོག་ཅིག་རུམ་དུ་བཅུག་ནས་ཕྱིར་ཡུལ་ལ་འཁོར་ཐབས་མེད་པ་ལྟར་དང། དེ་བཞིན་དུ་ཆུ་ལེན་སར་སོང་ནས་ཟོམ་སྟོང་ཁུར་ཏེ་ཕྱིར་ལོག་པ་ལྟར་དུ། དོན་མེད་སྟོང་ལོག་མི་བྱེད་སྙམ་པའི་བསམ་བློ་སྔོན་དུ་བཏང་ནས་ཆོས་ཉན་དགོས། ཆོས་ཉན་དུས་ཉན་ལུགས་ཀྱི་ཀུན་སློང་དང་ཀུན་སྤྱོད་སོགས་ནི། ཆོས་ནམ་བཤད་ལ་ཉིན་བཞིན་བཤད་པ་ཡིན། འོན་ཀྱང་གཙོ་ཆེ་བ་ནི་ཆོས་ཞུ་དུས་ཆོས་ཀྱི་ཚིག་རྣ་བས་ཉན། དེའི་དོན་ཡིད་ལ་བཟུང་། དེ་རང་གི་རྒྱུད་ལ་སྦྱར་ཏེ་ལག་ལེན་ལ་འདེབས་པ་སྟེ། དེའི་གནད་གསུམ་པོ་དེ་དང་མི་འབྲལ་བ་དེ་ཆོས་ཞུ་ལུགས་ཀྱི་མན་ངག་གི་སྙིང་པོ་ཡིན། ངེད་ཚོ་བླ་མ་གྲྭ་པ་དག་དགོན་པ་དང་རི་ཁྲོད་ནས་འདུག་པ་འདིའང་། སྐྱིད་འདོད་སོས་དལ་གྱི་མི་ཚེ་སྐྱེལ་བ་ཙམ་མ་ཡིན། མཐོ་འདོད་གྲགས་འདོད་ཀྱིས་ཐོབ་གོ་སའི་གསེར་ཁྲིར་སྙེག་པའང་མིན། འོ་ན་ཅི་རེད་ཟེར་ན། སྟོན་པ་སངས་རྒྱས་ཀྱི་སློབ་མ་རེད། སངས་རྒྱས་ཀྱི་རྗེས་སུ་ཞུགས་པ་རེད། དེས་ན་སངས་རྒྱས་ཀྱི་མཛད་པ་སྒྲུབ་དགོས་པ་རེད། ཁྲི་གུང་ཐང་ཚང་གིས། སྐུ་སྐྱེ་བསྟན་དོན་དུ་བྱོན་ན། །བཤད་སྒྲུབ་ལག་རྗེས་ཤིག་འཇོག་དགོས། །འཇིག་རྟེན་སོ་ཚིས་ཀྱི་བྱ་གཞག །བཙན་ཕྱུག་བུ་ཕོ་རེས་ལོས་ཆོག །ཅེས་གསུངས་སོ། །དེ་ཇི་ལྟར་ཡིན་ཞེ་ན། སྤྲུལ་སྐུ་ཆེན་པོའི་མཚན་བཟུང་ནས་བསྟན་པའི་དོན་དུ་བྱོན་པ་ཡིན་ན་བྱོན་དོན་གྱི་མཛད་པ་དེ་བསྒྲུབས་ནས། རྒྱལ་བའི་བསྟན་པ་འདི་ལུང་དང་རྟོགས་པའི་བདག་ཉིད་ཅན་ཞིག་ཡིན་པས། དེ་བཤད་སྒྲུབ་གཉིས་ཀས་མ་གཏོགས་འཛིན་ཐབས་མེད་པས། བཤད་དང་སྒྲུབ་པས་བསྟན་པའི་བྱ་བ་བྱས་ཏེ་བསྟན་པར་ལག་རྗེས་ཤིག་འཇོག་དགོས་པར་གསུངས་པ་ཡིན། བཤད་སྒྲུབ་གཉིས་ཀར་ལག་རྗེས་འདི་བཞག་གོ་ཞེས་ཟེར་རྒྱུར་མེད་དུས་མིང་ཆེན་པོ་གང་བཏགས་རུང་། ཐོབ་གོ་ས་གང་གིས་འགྱིང་རུང། བླུན་པོ་ཅི་འདྲ་མང་པོས་བསྐོར་རུང་། སྤྲུལ་སྐུ་རྫུན་མ། བླ་མ་རྫུན་མ། འཇིག་རྟེན་ཆོས་བརྒྱད་ཡིན་པས། འདི་ཆོས་དང་མི་མཐུན་པའི་བྱ་བ་ཡིན། འཇིག་རྟེན་སོ་ཚིས་ཀྱི་བྱ་གཞག་ཟེར་བ་དེ་ཅི་འདྲ་ཞིག་ལ་གསུངས་པ་རེད་ཅེ་ན། ཁྱིམ་སྐྱོང་། ཆུང་མ་འཚགས། བདག་སྟོད། གཞན་སྨོད། སྡིག་ལས་སྡིག་ཚོང་། ལོག་འཚོས་འཚོ་བ་སྐྱེལ་བ་སོགས་ལ་གསུངས། འདིའི་རིགས་སྒྲུབ་པ་ལ། དམ་པ་གོང་མའི་མཚན་གྱི་རིན་པོ་ཆེ་རྡོ་ལ་བརྡར་མ་བསྡད་ཀྱང་། བཙན་ཕྱུག་ཚང་གི་བུ་རེས་སྒྲུབ་ཆོག་ཅེས་གསུངས་ཡིན། སྙིགས་མའི་དུས་འདིར་བསྟན་འཛིན་གྱི་མིང་བཟུང་ནས་བསྟན་བླ་རིན་མེད་དུ་བཙོང་མཁན་ཚོ་ལ་གསུངས་པ་རེད། དེ་དང་འདྲ་བར་དཔལ་སྤྲུལ་ཚང་གིས། བརྗོད་གཞི་མེད་པའི་སྟོང་སྐད་བསྟོད་སྒྲ་གཅིག །ཕན་པ་མེད་པའི་ཆེ་བཀྱག་བཀུར་སྟི་གཉིས། །རྣམ་སྨིན་ལྕི་བའི་དད་རྫས་འབུལ་ནོར་གསུམ། །སྤངས་ནས་ཁྱི་རྒན་ཅི་བཞིན་འཆི་ནུས་ཤོག །ཅེས་སྨོན་ལམ་བཏབ་པ་ཡིན། དེས་ན་སངས་རྒྱས་ཀྱི་སློབ་མ་འམ་སངས་རྒྱས་ཀྱི་རྗེས་སུ་ཞུགས་པ་ཡིན་ཕྱིན། སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་ནི་ཁུར་དུ་བབ་པའི་འོས་འགན་ཞིག་ཡིན། སངས་རྒྱས་ཀྱི་རྗེས་འཇུག་ནི་སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་རྒྱུན་བསྐྱངས་ནས་རྒྱལ་བ་སྲས་དང་སློབ་མར་གྱུར་པའི་ཐུགས་དགོངས་རྫོགས་ཐབས་བྱེད་པ་པོ་ཡིན། སངས་རྒྱས་སྲས་བཅས་ཀྱི་ཐུགས་དགོངས་རྫོགས་ཐབས་ཇི་ལྟར་བྱ་དགོས་ཤེ་ན། དེ་ནི་དམ་པའི་ཆོས་འཛིན་དགོས་ལ། སངས་རྒྱས་ཀྱི་གསུངས་པའི་དམ་པའི་ཆོས་བཟུང་ནས་དམ་པའི་ཆོས་ཀྱིས་སེམས་ཅན་ལ་ཕན་བདེ་སྒྲུབ་དགོས། རྒྱལ་བའི་མཛད་པ་ཐམས་ཅད་ཚུར་བསྡུས་ན་སེམས་ཅན་ལ་ཕན་བཏགས་རྒྱུ་གཅིག་པུར་འདུས་པ་ཡིན། དེས་ན་འུ་ཚོས་ཀྱང་པདྨ་ཐང་འདིར་ཆོས་ར་ཆེན་པོ་ཞིག་བཀབ་ཅིང་ཆོས་ཀྱི་དུང་ཞིག་འབུད་པ་འདི་དང་། ཁྱད་པར་དུ་ཞིང་ཁྲིད་འཚོགས་པ་འདིའང་། མི་སྐྱ་ཕོ་མོའི་གཙོར་བྱས་པའི་ཤི་གསོན་གྱི་སེམས་ཅན་མང་པོ་ཞིག་ལ་ཕན་ཞིག་ཨེ་ཐོགས་སྙམ་པ་ཡིན། སྙིགས་མ་ལྔ་བདོ་བའི་དུས་གྱི་ཐ་མ་འདིར་རང་རེ་ཆོས་ཀྱི་གྲུ་ཆེན་པོ་ཞིག་ལ་མཉམ་དུ་ཞུགས་པ་ཡིན་ཞིང་། བློ་གྲུ་ནང་མི་དང་རྔོན་པའི་ཡིད། །ལས་བྱ་བ་གཅིག་ལ་རྡོག་པ་གཏོད། །ཅེས་གེ་སར་བདུད་ཡུལ་དུ་བྱོན་ཁར་གླིང་ལ་བསྒོ་བ་མཛད་པ་ལྟར་ཆུའི་ཕ་རོལ་དུ་བགྲོད་དགོས་པའི་གྲུ་བ་དང་། མགྲོན་པོ་ཐམས་ཅད་ཆུའི་ཕ་རོལ་ཏུ་བགྲོད་རྒྱུར་བློ་སེམས་མཉམ་པ་ལྟར་དུ་རང་རེ་ཡང་ཁ་སེམས་བསམ་པ་དང་ལུས་སེམས་གྲིབ་མ་མཉམ་པར་བློ་སེམས་ཕྱོགས་གཅིག་ཏུ་དམ་པའི་ཆོས་ཉན་པའི་ཕྱོགས་སུ་དྲིལ་ཐུབ་ན་ཆོས་ར་རྡོག་པས་བརྫིས་ན་ངན་སོང་ལ་གཞོགས་འཁྲི་མི་དགོས་ཞེས་ཁ་ཕོ་ཆེན་པོ་བསྒྲགས་ནའང་དོན་མེད་པར་མི་འགྱུར། དེ་ལས་གཞན་དུ་དང་པོ་ནས་ཀྱང་ཆོས་དང་བླ་མ་གཉིས་ཀྱི་སྐྱོན་ཞིག་ལ་བསམ་བློ་བཏང་། ང་རྒྱལ་ཕྲག་དོག་གནོད་སེམས་བཅས་ཀྱིས་རྒྱུད་སྦོས་ཏེ་ཆོས་རའི་ནང་དུ་ཇི་ལྟར་བསྡད་ཀྱང་མཁྲིས་ནད་ཅན་གྱི་མིག་ལ་དུང་སེར་སྣང་ལྟར། ཚེ་ཕྱི་མའི་འཇིགས་སྐྲག་གི་ལམ་ཆེན་དུ་ཐོན་དུས། འཕགས་མཆོག་ཐུགས་རྗེ་ཆེན་པོ་དངོས་བྱོན་ཀྱང་གཤིན་རྗེའི་ལས་མཁན་མགོ་དགུ་ཅན་ཞིག་ལས་མཐོང་དཀའ། ཆོས་ཆོས་བཞིན་དུ་མ་བསྒྲུབས་ན་ཆོས་ཀྱི་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཅེས་གསུངས་པ་ལྟར་ཡིན། ཆོས་ཞུ་དུས་ཆོས་དང་མཐུན་ཞིང་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དྲིལ་ཏེ། ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཟེར་བ་ལྟར་ཉི་མ་བརྒྱའི་ནང་ནས་ལུས་སྲོག་གཉིས་ཀ་འཚོ་བྱེད་ཀྱི་ཟ་མ་ཐེངས་གཅིག་མ་གཏོགས་ལོན་རྒྱུ་མེད་ན། དེ་ཅིས་ཀྱང་སྣང་མེད་དུ་འཇོག་མི་འོས་སོ་སྙམ་པའི་བསམ་བློ་དེ་འདྲ་སྔོན་དུ་བཏང་ནས་ཆོས་ཉན་དགོས། དེ་ནས་ང་ཚོས་ད་ལོའི་བདེ་ཆེན་ཞིང་ཁྲིད་ཀྱི་དབུ་དངོས་སུ་འཛུགས་རྒྱུ་བྱེད། བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་རྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད། །བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་རྨོངས་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡིས། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདགབཀའ་དྲིན་མཚུངས་ཟླ་མ་མཆིས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབས་པར་མཛད་དུ་གསོལ། གང་གི་ཞལ་བཟང་བལྟ་བས་མི་ངོམ་གེ་སར་འཛུམ་པའི་མདངས་བཀྲ་ཞིང་། །མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསར་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །ཐུབ་དབང་པདྨ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས། །བདེ་བ་ཅན་ན་འོད་དཔག་མེད་དེ་རི་བོ་ཏ་ལར་སྤྱན་རས་གཟིགས། །འཛམ་བུ་གླིང་དུ་པདྨ་རྒྱལ་པོ་འགྲོ་ལ་ཐ་དད་སྣང་གྱུར་ཀྱང་། །སྐུ་གསུམ་མཛད་པའི་ངོ་བོ་གཅིག་སྟེ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །གངས་ལྗོངས་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་བརྩེའི་འོད་ཟེར་ཅན་ལ་འདུད། །ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། །གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །མཁྱེན་པས་ཤེས་བྱ་ཀུན་ཀྱི་དེ་ཉིད་གཟིགས། །ཐུགས་བརྩེའི་འོད་ཟེར་གདུལ་བྱའི་དཔལ་དུ་ཤར། །ཟབ་ལམ་ཐེག་རྩེའི་བསྟན་པ་གསལ་མཛད་པ། །རིག་འཛིན་འཇིགས་མེད་གླིང་པ་ལ་ཕྱག་འཚལ། །འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བགྲོད་པའི་དེད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་བ། །འཇིགས་མེད་རྒྱལ་བའི་མྱུ་གུ་ལ་ཕྱག་འཚལ། །ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །ནང་ལྟར་གྲུབ་པའི་དབང་ཕྱུག་ཤ་བཱ་རི། །གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །འཇའ་ལུས་རྡོ་རྗེ་སྐུ་བརྙེས་བི་མ་ལ། །དབྱེར་མེད་ཐུགས་རྗེ་གཅིག་བསྡུས་སྤྲུལ་བའི་སྐུ། །མི་འགྱུར་ནམ་མཁའི་རྡོ་རྗེར་གསོལ་བ་འདེབས། །ཨོ་རྒྱན་རིག་འཛིན་ཆེན་པོའི་རིང་ལུགས་ཀྱི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་མཛད་ཅིང་། །ཡོན་ཏན་ནོར་བུའི་མཛོད་མངའ་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཕགས་ཡུལ་མཁས་པའི་དབང་ཕྱུག་ཟླ་བ་གྲགས། །གངས་ལྗོངས་འཇམ་པའི་དབྱངས་དངོས་ཀུན་མཁྱེན་རྗེ། །དབྱེར་མེད་ཐུགས་རྗེས་ཡས་སྤྲུལ་དགེ་བའི་བཤེས། །གཞན་ཕན་ཆོས་ཀྱི་སྣང་བར་གསོལ་བ་འདེབས། །བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས། །སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ། །འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ཧྲཱིཿའོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་ཀྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་དུ་སྟོན་མཛད་པའི། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོང་བ་ཡི། །དམ་ཅན་བཀའ་སྡོད་མ་གཟའ་རྡོར་གསུམ་དང་། །ཚེ་རིང་མཆེད་ལྔ་གནོད་སྦྱིན་ཡང་ལེ་བེར། །རྡོ་རྗེ་དགྲ་འཇོམས་འཛམ་གླིང་སེང་ཆེན་རྒྱལ། །སྡེ་གསུམ་སྲུང་མ་བཀའ་འཁོར་བཅས་པ་ཡིས། །དམ་ལྡན་སྐྱོང་ཞིང་དམ་ཉམས་བསྒྲལ་བ་དང་། །དམ་པ་ཆོས་ཀྱི་རྒྱལ་མཚན་སྒྲེང་བ་ཡི། །གང་བཅོལ་ཕྲིན་ལས་ཐོགས་མེད་ཡུད་ཀྱིས་སྒྲུབས། །གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡཱ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་དུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་བ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་ཉན་ཕྱིར་ན་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གྲུལ་བུམ་མིའམ་ཅི་དང་ལྟོ་འཕྱེ་སོགས། །རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག །བསྐལ་བ་སྟོང་དུ་ཐོས་པ་རབ་དཀའ་ཞིང་། །གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ། །བདེ་གཤེགས་གསུང་སྙན་བདུད་རྩི་ཆོས་ཀྱི་སྒྲ། །བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན། །གང་ཞིག་གཏན་གྱི་སྐྱབས་གནས་མཆོག་གྱུར་པ། །དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། །དེ་ལ་དེར་ཤེས་རྣམ་སྨིན་ཡང་དེ་བཞིན་ཏེ། །བསྐལ་བ་བྱེ་བ་ཁྲག་ཁྲིག་བགྲངས་ན་ཡང་། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ཞིང་། །རྣམ་པར་གྲོལ་བ་རིན་ཆེན་སྣ་ཚོགས་དང་། །ཟབ་མོ་རྒྱལ་བའི་བཀའ་འདི་གུས་པས་ཉོན། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་ཀྱི་སྒྲ་རྣམས་ཇི་ཙམ་པ། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག །ནམ་མཁའ་དང་མཉམ་པའི་མར་གྱུར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་དྲངས་ཏེ་གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེར་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཐར་བ་དམ་པའི་བདུད་རྩི་ལྟ་བུ་འདི་ཉན་ནས། དེའི་དོན་ཚུལ་བཞིན་དུ་བསྒྲུབ་དགོས་སྙམ་པའི། ཀུན་སློང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང། ཆོས་ཉན་པའི་ཀུན་སྤྱོད་ནི་དང་བའི་སེམས་དང་གུས་པའི་རྣམ་འགྱུར་གྱིས་ཆོས་ཉན་དགོས། སྤྱིར་ན་ཆོས་ཞེས་བྱ་བ་འདི་ནི་དོན་ངོ་མར་ཅི་ཞིག་ཡིན་ཞེ་ན། སྤངས་རྟོགས་མཐར་ཕྱིན་ཞིང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་གོ་འཕང་བརྙེས་པའི། རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་དུ་བཞུགས་པའི་འགོག་ལམ་གྱིས་བསྡུས་པའི་ཡོན་ཏན་ལ་ཆོས་ཞེས་བྱ། དེའི་རྐྱེན་གྱིས་སངས་རྒྱས་ཀྱི་དགོངས་སྤྱོད་སེམས་ཅན་གྱིས་མ་ཤེས་ན་ཆོས་སྒྲུབ་ཐབས་ཀྱང་མེད་པས། བདག་ཅག་གི་སྟོན་པ་ཤཱཀྱ་སེང་གེས་གདུལ་བྱ་ལ་སྣང་བའི་ཆེད་དུ་བསྟན་པའི་ཆོས་ཀྱི་རྣམ་བཞག་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཞིང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྟེང་ནས་གསུངས་པ་ཡིན། དེ་ཡང་བརྗོད་བྱ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་། རྗོད་བྱེད་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་ཁོངས་སུ་བསྡུས་ཏེ་གསུངས་པའོ། །ཚུལ་ཇི་ལྟར་གསུངས་ཤེ་ན། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། །དུག་གསུམ་ཆ་སྙོམས་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་བ་རིག་འཛིན་གྱི་སྡེ་སྣོད་དང་བཅས་པ་ཉི་ཁྲི་ཆིག་སྟོང་གསུངས་ཡོད། དེ་ལྟར་ཆོས་མི་འདྲ་བ་མང་པོ་ཅིའི་ཕྱིར་གསུངས་སྙམ་ན། དེ་ཡང་གདུལ་བྱའི་བློ་རིགས་མི་འདྲ་བར་དགོངས་ཏེ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་ལ་དྲང་བའི་ཆེད་དུ་ཐེག་པའི་རིམ་པ་སྣ་ཚོགས་པ་ཞིག་གསུངས་སོ། །ཇི་ལྟར་ཞེ་ན། མཐར་ཐུག་གི་འབྲས་བུ་གཅིག་ལ་ལམ་དང་ལམ་ལ་བཀོད་སྟངས་མི་འདྲ་བས་བསྟན་པའོ། །སེམས་ཅན་ཐམས་ཅད་བདེ་བ་འདོད་པའི་ཆ་ནས་འདྲ་བ་ཡིན། དེའི་སྟབས་ཀྱིས་མཐར་ཐུག་གཏན་བདེ་རྫོགས་པའི་སངས་རྒྱས་ཐོབ་པའི་ཆེད་དུ་ལམ་བསྟན་ཏེ་དེའི་ཕྱོགས་ལ་འདྲེན་པ་ལམ་གཅིག་ཡིན་ཞིང་། འོན་ཀྱང་འགའ་ཞིག་ནི་དང་པོ་ནས་རང་དོན་མི་སེམས་པར་གཞན་དོན་ཁོ་ནར་བརྩོན་ཞེས་སྨྲས་ན། དེ་དང་དུ་ལེན་མི་ནུས་པའི་རིགས་ཡིན་ལ། ལ་ལས་ནི་ལྷ་མིའི་ལུས་རྟེན་ཐོབ་རྒྱུར་མ་སེམས། ཐར་བ་ཁོ་ནར་དོན་གཉེར་གྱིས་ཞེས་སྨྲས་ན་དེ་མི་ནུས། ཡང་འགའ་རེར་ཚེ་འདིར་མ་སེམས་ཕྱི་མ་སོམས་ཞེས་བརྗོད་ན་བསམ་མི་ཤེས་པ་དེ་འདྲ་ཡོད་པ་ཡིན། དེའི་དབང་གིས་སངས་རྒྱས་ཀྱིས་གདུལ་བྱའི་བློ་རིགས་དང་བསམ་པ་འདྲ་མིན་ལ་དགོངས་ནས་ཆོས་ཀྱི་རིམ་པ་དང་ཐེག་པའི་རྣམ་གྲངས་ཀྱང་སྣ་ཚོགས་སུ་བསྟན་ཏོ། །ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་པར། །བསམ་ཡས་ཐེག་པའི་གྲངས་མཐར་ཐུག་པ་མེད། །ཅེས་གསུངས་པ་དེ་སངས་རྒྱས་ཀྱི་གསུང་གི་མཛད་པ་ཕྲིན་ལས་སོ། །ད་དུང་སྒྲ་སྣ་ཚོགས་པའི་སྟེང་ནས། ལྷའི་སྐད། ཀླུའི་སྐད། གནོད་སྦྱིན་གྱི་སྐད། འདྲེ་དང་སྲིན་པོའི་སྐད། འགྲོ་བའི་སྒྲ་སྐད་སྣ་ཚོགས་ཀྱི་སྟེང་ནས་གསུང་དབྱངས་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས་ཆོས་བསྟན་ཏེ་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་དོ། །མངོན་རྟོགས་རྒྱན་ཀྱི་མཆོད་བརྗོད་དུ། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱི་ཉེར་ཞི་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཞེས་གསུངས་པ་ལྟར་དེ་དག་ནི་བདེ་བར་གཤེགས་པའི་གསུང་གི་གསང་བའོ། །འོ་ན་སངས་རྒྱས་ཀྱི་སྐུའི་མཛད་པ་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་ཤཱཀྱ་ཐུབ་པ་མི་རྣམས་ཚེ་ལོ་བརྒྱ་བའི་གནས་སྐབས་སུ་རྒྱ་གར་རྡོ་རྗེ་གདན་དུ་སངས་རྒྱས་ཏེ། མཛད་པ་བཅུ་གཉིས་ཀྱིས་གདུལ་བྱ་བསྐྱངས་པར་མ་ཟད་མཐའ་ཡས་སེམས་ཅན་གྱི་ཁམས་སུ་གང་ལ་གང་འདུལ་གྱི་སྤྲུལ་བ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པའོ། །སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ནི་འདི་རེད་འདི་མ་རེད་ཅེས་སུ་ཞིག་གིས་ཀྱང་ཟེར་མི་ཤེས། བྱ་དང་། རི་དྭགས། རྔོན་པ་ལ་སོགས་པའི་གཟུགས་ཀྱིས་འགྲོ་དོན་མཛད་པའང་ཡོད། གནའ་སྔ་མོ་ཞིག་ལ་ཡུལ་ལུང་ཉམས་དགའ་བའི་རི་སུལ་ཞིག་ན། དྲང་སྲོང་ཆོས་པ་ཞིག་ཆོས་ཕྱོགས་སུ་དཀའ་ཐུབ་རྐྱང་བ་མཛད་ཅིང། རིར་སྐྱེས་པའི་ཤིང་འབྲས་དང་། ལྡུམ་རིགས་ཀྱི་རྩ་བ་དང་། ཆུ་རྣམས་ཀྱིས་འཚོ་རྟེན་བྱས་ནས། ན་བཟའ་ཤིང་གི་ཤུན་པ་དང་། ལོ་མ་སོགས་མནབས་ཏེ་དུས་རྒྱུན་དུ་སྦྱིན་སྲེག་འབའ་ཞིག་མཛད་ཀྱིན་བཞུགས་འདུག་པ་ཞིག་ཡོད། དེ་ལ་གྲོགས་པོ་རི་བོང་མི་སྐད་སྨྲ་ཤེས་པ་ཞིག་ཡོད། རི་བོང་དྲང་སྲོང་གི་མདུན་དུ་ཉིན་རེ་ཐེངས་གསུམ་རེ་ཡོང་ནས་དྲང་སྲོང་དང་གཉིས་ཕན་ཚུན་ཁ་བརྡ་ཐང་ཐུང་རེ་བཤད་ཀྱིན་ཡོད་པ་ཡིན། ལོ་ཞིག་ལ་ས་ཆ་དེར་ཆར་ཆུ་མ་བབ་པས་ཐན་པ་ཆེན་པོ་ཞིག་བྱུང་སྟེ། དྲང་སྲོང་གིས་དཀའ་ཐུབ་བསྟེན་སའི་ས་ཕྱོགས་དེའི་ཆུ་དང་འབྲས་བུ་ཇེ་སྐམ་དུ་སོང་ནས་མཐར་མེད་པར་ཉེ་ཡོང་ཚེ། དྲང་སྲོང་ལ་ཆུ་དང་ལོ་འབྲས་མེད་ན་འཚོ་ཐབས་མེད་པས་ཡུལ་གཞན་ཞིག་ལ་བསོད་སྙོམས་ལ་འགྲོ་དགོས་དགོངས་ནས་དྲང་སྲོང་འགྲོ་གྲབས་བྱས་དུས། རི་བོང་ཡོང་ནས་དྲང་སྲོང་ལ་ཁྱེད་གང་དུ་ཕེབས་པ་ཡིན་ཞེས་ཞུས་པར་དྲང་སྲོང་གིས་ས་འདི་ན་ཆུ་དང་ལོ་མ་ཙམ་ཡང་ཟ་རྒྱུ་རྙེད་མི་འདུག་པས། གྲོང་དུ་སོང་ནས་སློང་མོ་ཞིག་མ་བྱས་ན་འཚོ་ཐབས་དཀའ་འདུག་ཕྱིར། སློང་མོར་འགྲོ་བ་ཡིན་ཞེས་གསུངས་པ་ན། རི་བོང་གིས་དེ་གོ་མ་ཐག་ཏུ་མི་དགའ་བར་གྱུར་ཅིང་། ཕ་དང་བྲལ་སོང་བ་ལྟ་བུས་སེམས་སྡུག་བྱས་ཏེ་དྲང་སྲོང་གི་རྐང་པར་མགོ་གཏུགས་ཤིང་ཕྱག་འཚལ་ཏེ། ཁོ་རང་ཤུལ་ཏུ་མི་སྐྱུར་བར་གསོལ་བ་ཡང་ཡང་བཏབ། །ད་དུང་རི་བོང་གིས་སྨྲས་པ། གཅིག་ན་གྲོང་དང་ཁྱིམ་གྱི་གནས་ནི་ཉེས་པ་དང་སྡུག་བསྔལ་གྱིས་གང་ཡོད། དབེན་པའི་གནས་ནི་ཡོན་ཏན་མང་པོ་དང་ལྡན་ས་ཡིན། གཉིས་ན་གྲོང་ཡུལ་དུ་སོང་ནས་འདི་ཕྱིའི་དོན་ཆེན་འགྲུབ་པ་ཧ་ཅང་ཉུང་། སྟབས་མ་ལེགས་ན་སྡུག་བསྔལ་ཆེན་པོའི་འདམ་དུ་ཚུད་ཉེན་ཡོད་པས། ཁྱེད་རང་ཅིས་ཀྱང་མ་ཕེབས་བཞུགས་རོགས་མཛོད་ཅེས་ལན་མང་ཞུས་ཀྱང་དྲང་སྲོང་ལྡོག་མ་ཐུབ། དེ་ནས་རི་བོང་གིས་ཀྱང་བསམ་བློ་ཞིག་བཏང་སྟེ་གལ་སྲིད་ཁྱེད་གྲོང་ལ་མི་ཕེབས་ཐབས་མེད་ཡིན་ན། དེ་རིང་ཁྱེད་འདིར་བཞུགས་ནས་སང་ཉིན་ཕེབས་ཞེས་ཞུས། དྲང་སྲོང་གི་བསམ་པར་འདིས་དེ་རིང་ང་ངེས་པར་དུ་སྡོད་དུ་འཇུག་ལུགས་ལ་བལྟས་ན། འདིས་དེ་རིང་ང་མགྲོན་དུ་འབོད་གྲབས་རེད་སྙམ་ནས་བསྡད། དེ་ནས་སྔ་དྲོའི་དུས་ཚོད་བརྒལ་ནས་ཉིན་གུང་གུང་ཚིགས་ཀྱི་དུས་སུ་རི་བོང་ཡོང་ནས། དྲང་སྲོང་ལ་སྐོར་བ་ཞིག་བྱས་ཏེ་ངས་ལས་ཉེས་འདྲ་རེད་ཡོད་ན་ཁྱེད་དགོངས་པ་མ་འཚོམས་ཟེར་ནས། ཐེ་ཚོམ་ཙམ་ཡང་མེད་པར་སྦྱིན་བསྲེག་གི་མེའི་ནང་དུ་མཆོངས་སོ། །དྲང་སྲོང་བསྐྲགས་ཏེ་སྤྱན་ནས་མཆི་མ་འབབ་བཞིན་དུ་བུ་གཅེས་པ་མ་ཡིས་བྱམས་པ་ལྟ་བུ་ཞིག་བྱས་ཏེ་མགྱོགས་པར་རི་བོང་མེ་ནང་ནས་ཚུར་བླངས་ཏེ་ཁྱོད་ཀྱིས་ཅི་བྱེད་པ་ཡིན་ཞེས་དྲིས། རི་བོང་གིས་སྨྲས་པ། དྲང་སྲོང་ཆེན་པོ་དབེན་པའི་གནས་འདི་བཟང་བ་ཡིན། ཁྱེད་ཀྱིས་ངའི་ཤ་འདི་ཟོས་ནས་ཞག་མ་གཅིག་གི་འཚོ་ཆས་མཛོད། ནགས་གསེང་དུ་སྐྱེས་པའི་རི་བོང་ང་ལ་ཁྱེད་ཀྱིས་གསོལ་ཆོག་པ་ཞིག་འདི་མ་གཏོགས་འབུལ་རྒྱུ་མེད། ངའི་ལུས་འདི་མེ་ལ་བསྲེགས་ནས་དེ་རིང་གཅིག་པུར་ཁྱེད་དཀའ་ཐུབ་ཀྱི་གནས་འདི་རུ་བཞུགས་རོགས་མཛོད། རི་བོང་རྨས་མ་དེས་སྐད་ཆུང་ངུས་དེ་སྐད་ཞུས་ཚེ། དྲང་སྲོང་གིས་ཚིག་དེ་ཐོས་པས་ཐུགས་འགུལ་ཆེན་པོ་ཞིག་ཐེབས་ནས། གྲོགས་པོ་ཁྱེད་དང་དབེན་པའི་གནས་འདི་བསྐྱུར་བ་ལས་མུ་གེས་ཤི་ཡང་འགྱོད་པ་མེད། ད་མི་འགྲོ་ཁོ་ཐག་ཡིན་གསུངས་པས། རི་བོང་བྱང་ཆུབ་སེམས་དཔའ་དགའ་ནས། དགའ་བའི་འཛུམ་མདངས་རྒྱས་ཏེ་ནམ་མཁའ་ལ་བལྟས་ནས་ང་དབེན་པའི་གནས་ལ་དགའ། དབེན་པའི་གནས་སུ་བསྡད་དེ་དྲང་སྲོང་ཡང་དབེན་པའི་གནས་དེར་བསྐུལ་བའི་བདེན་ཚིག་འདིས། མཁའ་ནས་ཆར་བབ། ས་ལས་རྩི་བཅུད་འཁྲུངས་པར་ཤོག་ཅེས་སྨོན་ལམ་ཞིག་བཏབ། དེས་སྨོན་ལམ་དེ་ལྟར་བཏབ་པ་ན། བྱང་ཆུབ་སེམས་དཔའི་ཐུགས་སྟོབས་ཀྱི་མཐུ་ལས་ནམ་མཁའི་ལྷ་གནས་ཐམས་ཅད་གཡོས་པས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་གཡོ་བའི་རྐྱེན་ཅི་ཡིན་བརྟགས་པས། རི་བོང་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ཀྱི་མཐུ་ཡིན་པར་ཤེས་ཏེ་ཆར་ཆེན་པོ་ཞིག་ཕབ་བོ། །ནམ་མཁའི་ལྷས་ཆར་ཆེན་པོ་ཕབ་པས་དྲང་སྲོང་དང་རི་བོང་བཞུགས་པའི་ཡུལ་ལྗོངས་དང་རི་སུལ་དེར་རྩི་བཅུད་དང་འབྲས་བུ་ཐམས་ཅད་སླར་རྒྱས་ཏེ་སྔར་བཞིན་དུ་ཉམས་དགའ་བར་གྱུར་ཏོ། །དེ་ནས་བཟུང་དྲང་སྲོང་གིས་ཀྱང་དགེ་བའི་བཤེས་གཉེན་རི་བོང་དེ་ལ་བརྟེན་ཏེ་གནས་དེར་བཞུགས་ནས་མངོན་ཤེས་ལྔ་མངོན་དུ་བྱས་སོ། །ཉིན་ཞིག་དྲང་སྲོང་གིས་དགེ་བའི་བཤེས་གཉེན་རི་བོང་ལ་ཁྱེད་ཀྱིས་འདི་ལྟར་སྙིང་སྟོབབས་ཆེན་པོས་དཀའ་སྤྱད་དང་བརྩོན་འགྲུས་མཛད་པ་འདི་ཅི་ཞིག་བསྒྲུབ་པའི་ཆེད་དུ་ཡིན་ཞེས་དྲིས་པས། རི་བོང་གིས་ངས་འགྲོ་བ་སེམས་ཅན་སྐྱབས་མེད་མགོན་མེད་འདི་དག་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་སངས་རྒྱས་སུ་བསྒྲུབ་པའི་ཆེད་དུ་ཡིན། དེ་ལས་འདོད་པ་གཞན་ཅི་ཡང་མེད་ཅེས་གསུངས། དྲང་སྲོང་གིས་ཁྱེད་སངས་རྒྱས་པའི་སྐབས་སུ་ང་རྗེས་སུ་འཛིན་རོགས་ཞུས་པས། རི་བོང་གིས་ཀྱང་ཡ་ཞེས་གསུངས་ནས་ལན་བཏབ། དེ་སྐབས་ཀྱི་རི་བོང་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུའི་སྐྱེ་བ་སྔ་མ་ཞིག་ཡིན། བྱང་ཆུབ་སེམས་དཔའི་ལམ་ལ་སློབ་པའི་གནས་སྐབས་སུ་ཡང་དེ་འདྲའི་ཐབས་སྣ་ཚོགས་པས་སེམས་ཅན་ཀྱི་དོན་མཛད་ཅིང་སངས་རྒྱས་ཚར་ནས་སྤྲུལ་བས་འགྲོ་དོན་མཛད་པ་སྨོས་ཅི་དགོས་སོ། །ཡང་རྒྱལ་སྲས་དངུལ་ཆུ་ཐོགས་མེད་དངུལ་ཆུའི་རྫོང་ན་བཞུགས་དུས་ཤིག་ལ། ཡུལ་དེ་ན་བླ་མ་དཀོར་ཟན་རྒྱུ་ཆེན་ཞིག་ཡོད། ཉིན་ཞིག་བླ་རྒན་ཤི་སོང་བ་དང་། བླ་རྒན་འཆི་རན་ཁར་ཁ་ཆེམ་བཞག་སྟེ་ཁོང་གི་རྒྱུ་ནོར་གྱི་ཆ་གཅིག་རྒྱལ་སྲས་དངུལ་ཆུ་ཐོགས་མེད་ལ་འབུལ་རོགས་ཞེས་བཅོལ་བས། ཤུལ་མི་རྣམས་ཀྱིས་ཀྱང་ནོར་གྱི་ཆ་གཅིག་རྒྱལ་སྲས་དངུལ་ཆུ་ཐོགས་མེད་ལ་ཕུལ། རྒྱལ་སྲས་ཀྱི་ཉེ་གནས་གྲྭ་པ་དེས་རྒྱུ་ནོར་ཚང་མ་བླངས་ཏེ་བླ་མ་ལ་འབུལ་སྐབས་རྒྱལ་སྲས་ཀྱིས་འདི་ལེན་མ་ཉན། འདི་ལེན་ཕོད་པ་མ་ཡིན། ང་ལ་འདི་འདྲེན་སྐལ་མེད་པར་གསུངས། ཉེ་གནས་ཀྱིས་བླ་མའི་ཁར་མ་ཉན་པར་སྨྲས་པ་དུས་རྒྱུན་དུ་ཁྱེད་ཀྱིས་གཤིན་ཆོག་རེ་ཐོན་ན་དགྱེས་བཞིན་དུ་བསྔོ་སྨོན་མཛད་འདུག དེ་རིང་འདི་འདྲའི་རྒྱུ་ཆེན་པོ་ཡོང་ཡོད་པ་ཡིན། དེ་སྔོན་དེ་འདྲ་འབུལ་བ་ཆེན་པོ་ཡོང་མ་མྱོང་། ངེས་པར་དུ་བསྔོ་སྨོན་མཛད་དགོས་ཞེས་ཨུ་ཚུགས་བརྒྱབ། དེ་ལྟར་ཨུ་ཚུགས་བརྒྱབ་པས་གཉེར་པའི་དབང་དུ་སོང་ནས་བླ་མར་ཐབས་མེད་དེ་བསྔོ་སྨོན་མཛད། འོ་ན་དངོས་པོ་འདི་ཐམས་ཅད་ལྕགས་ཁོ་དང་རྗེས་ཤོག་གསུངས་ཏེ་སྟེའུ་དང་། སྟ་རེ། གཟོང་། ཐོ་བ་ལ་སོགས་པ་ལག་ཆ་མང་པོ་ཞིག་གྲ་སྒྲིག་བྱས་ཏེ་ལོ་ཁ་ཤས་ཤིག་ནས་ཡུལ་དེ་དང་ཐག་མི་རིང་བའི་རི་ཐང་མཚམས་ཤིག་ན་བྲག་ཕ་བོང་ཆེན་པོ་ཞིག་ཡོད་པ་དེའི་ཟུར་དུ་ཕེབས་ནས། བྲག་ཕ་བོང་ལ་མཛུབ་མོ་བཙུགས་ནས་བྲག་འདི་ལ་རྣ་བ་གཏད་དེ་ཁྱེད་ཚོས་གཅིག་ཉོན་དང་གསུངས། འཁོར་རྣམས་ཀྱིས་བྲག་དེ་ལ་རྣ་བ་གཏད་དེ་ཉན་དུས་བྲག་དེའི་ནང་ན་འུར་སྒྲ་ཙིག་སྒྲ་མང་པོ་སྒྲོག་བཞིན་ཡོད་པས། བྲག་འདི་ཁ་ཁོས་ཤིག་ཅེས་གསུངས། མི་མང་གིས་ལག་ཆ་རྣམས་ཀྱིས་བྲག་དེ་བཀས་ཚེ། བྲག་གི་གསེབ་ན་སྡིག་པ་རྭ་ཙ་མཐོ་གང་བ་ཞིག་ལ་སྡིག་པ་རྭ་ཙ་ཆུང་ཆུང་སྟོང་ཕྲག་མང་པོས་བསྐོར་ནས་འདུག བླ་མས་དེ་མཐོང་དུས་སྡིག་པ་རྭ་ཙ་ཆུང་ཆུང་རྣམས་ལ་ལྗགས་ཀྱིས་མཆིལ་མ་བཏབ་ནས་དྲངས་སོང་བ་ཡིན། སྡིག་པ་རྭ་ཙ་ཆེ་བ་དེ་འདྲེན་རྒྱུའི་སྐལ་བ་མེད་པས་གཡག་རྭ་ཞིག་གི་ནང་དུ་བསྡུས་ཏེ་ཁ་བཅིངས་ནས་ཁར་ཐེལ་ཚེ་བརྒྱབ་སྟེ། འདི་གཙང་ཀ་ཎི་སྒོ་བཞིའི་ཁ་འོག་ན་ཤན་པ་འཇིགས་སུ་རུང་བ་གཟུགས་མི་སྡུག་པ་ཞིག་ཡོད་དེའི་ལག་ཏུ་མགྱོགས་པར་འཕྲོད་དགོས། ཤན་པ་དེས་ལུག་ཅིག་བསད་ནས་ཁྲག་རྩ་གཅོད་རན་ཁར་ཕལ་ཆེར་ཐོན་ཐུབ་ཤེས་ཆེ། མྱུར་དུ་དེ་ལ་འཕྲོད་པར་བྱོས་ཞེས་གསུངས་ཏེ་བང་ཆེན་ལ་བསྐུར་དེ་མངགས་པ་ཡིན། བང་ཆེན་པ་སོང་བས་གཙང་ཀ་ཎི་སྒོ་བཞི་ན་བླ་མས་གསུངས་པ་ལྟར་ཤན་པ་འཇིགས་སུ་རུང་བ་ཞིག་གིས་ལུག་ཅིག་བསད་ནས་བསྡད་ཡོད་པར་མཐོང་། བང་ཆེན་པས་ཕར་ལ་ཅི་ཡང་ཟེར་མ་དགོས་པར་ཚུར་ལ་བང་ཆེན་པ་མཐོང་མ་ཐག་སྣ་ཞིག་གཉེར་ནས་འདིར་ཁྱེར་ཤོག་ཅེས་སྨྲས། དེར་ཁྱེར་བས་གཡག་རྭའི་རྒྱ་བཤིག་སྟེ་སྡིག་པ་རྭ་ཙའི་མཇུག་མ་ནས་བཟུང་སྟེ་ལུག་གི་ཁོག་པའི་ནང་དུ་ཡར་བྱུག་ཕྱིར་བྱུག་ཅིག་བྱས་ནས་ཟོས་སོ། དེ་ནས་ལུག་གི་དོན་སྙིང་ལྔ་བོ་རྒྱལ་སྲས་ལ་ཚུར་བསྐུར་ཏེ་ཐབས་སྡུག་ཁྱོད་ཀྱིས་འདི་འདྲ་ཞིག་ཀྱང་འདྲེན་མི་ནུས་སམ་ཞེས་ཤོད་ཟེར། བང་ཆེན་པ་ཕྱིར་མངགས་སོ། །སྡིག་པ་རྭ་ཙ་ཤན་པས་དྲངས། ལུག་གི་འདྲེན་སྐལ་དེ་རྒྱལ་སྲས་ལ་ཡོད་པས་ལུག་རྒྱལ་སྲས་ཀྱིས་དྲངས་པའི་ལོ་རྒྱུས་དེ་འདྲ་ཡོད། དེ་ལྟར་ཐབས་སྣ་ཚོགས་པས་འགྲོ་བ་འདྲེན་བཞིན་ཡོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུའི་མཛད་པ་ཕྲིན་ལས་ནི་དེ་འདྲ་ཡིན། སངས་རྒྱས་ཀྱི་ཐུགས་དེ་ཇི་ལྟར་ཡིན་སྙམ་ན། སངས་རྒྱས་ཀྱི་ཐུགས་ནི་ནམ་མཁའ་དང་འདྲ་བའི་མཁྱེན་དང་བརྩེ་བའི་ཡེ་ཤེས་རྒྱ་ཆེན་པོས་སེམས་ཅན་ཀུན་ལ་དུས་རྟག་ཏུ་གཟིགས་ཤིང་དགོངས་པ་ཞིག་ཡིན། །སངས་རྒྱས་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ཀྱི་མཛད་པ་ཐམས་ཅད་ཚུར་བསྡུ་ན། སེམས་ཅན་གྱི་དོན་ལས་མ་འདས་པ་ཡིིན། དེས་ན་རང་རེས་སྐབས་བབ་ཀྱི་བཤད་བྱའམ་འཆད་ཉན་བྱ་རྒྱུའི་ཆོས་གང་ཞིག་སངས་རྒྱས་ཀྱི་གསུང་། དམ་པའི་ཆོས་རྗོད་བྱེད་སྒྲ་ཚིག་གི་རྣམ་པས་སེམས་ཅན་ལ་བསྟན་པ་འདི་ནི། སེམས་ཅན་གྱི་སྡུག་བསྔལ་བསལ་བའི་ཆེད་དུའམ་སེམས་ཅན་ཐམས་ཅད་མཐར་ཐུག་གཏན་གྱི་བདེ་བ་དམ་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་དུ་གསུངས་པ་ཞིག་ཡིན། སངས་རྒྱས་ཀྱིས་བསྟན་པའི་དམ་པའི་ཆོས་སམ། རང་རེས་ཆོས་སྒྲུབ་ཅེས་བྱ་བ་འདི་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་ཞིག་ཡིན་པས། ལུང་རྟོགས་གཉིས་ཀའི་ཆོས་འདི་བཤད་སྒྲུབ་གཉིས་ཀས་འཛིན་དགོས་པ་ཅན་ཞིག་ཡིན་པས། གྲྭ་པ་དང་དེའི་ནང་གི་བཤད་གྲྭ་བ་དང་སྒྲུབ་གྲྭ་བ་དེ་ཚོས་སྤྱོད་ཡུལ་དུ་གྱུར་པ་ཞིག་དང་། ཡང་ན་མཁས་པ་དང་མི་ཆེན་དག་གིས་བསྒྲུབ་རྒྱུ་ཞིག་ཡིན་པ་ལས། ངེད་ཅག་མི་སྐྱ་ཕོ་མོས་འགྲུབ་རྒྱུ་ཞིག་ཅི་ལ་ཡིན་བསམ་དགོས་པ་མ་ཡིན་ལ། ཚིག་འབྲུ་གཅིག་གི་དོན་ཤེས་ན། །དེ་ཡང་ལུང་གི་བསྟན་པ་ཡིན། །དགེ་སེམས་སྐད་ཅིག་གཅིག་སྐྱེས་ཀྱང་། །དེ་ཡང་རྟོགས་པའི་བསྟན་པ་ཡིན། །ཞེས་གསུངས་པས། དཔེར་ན་སྡིག་པ་སྤང་ཞེས་པ་ལྟ་བུའི་ཚིག་གཅིག་དེ་ཁ་ནས་ཡང་བརྗོད་ཤེས། དེའི་དོན་སྡིག་པ་ཞེས་པ་ནི་འདི་འདྲ་ཞིག་གོ་སྙམ་པའི་འདུན་པ་སྐྱེས་ན། དེ་ཡང་ལུང་གི་བསྟན་པ་ཡིན་པར་གསུངས། དགེ་སེམས་སྐད་ཅིག་མ་ཞིག་སྐྱེས་ནའང་། དེ་ཡང་རྟོགས་པའི་བསྟན་པ་ཡིན། སྡིག་པ་སྤངས་པའི་དགེ་བ་དེ་དགེ་བའི་ལས་ལམ་བཅུ་ལ་སོགས་པ་ཡིན། དེའི་ནང་ནས་ལུས་ཀྱི་མི་དགེ་བ་དང་པོ་ནི། སྲོག་གཅོད་པ་ལ་ཟེར། སྲོག་གཅོད་གོང་ན་སྡིག་གཞན་མེད་ཅེས་གསུངས་པས། སྲོག་གཅོད་སྤངས་པའི་ཕ་རོལ་ནས་སེམས་ཅན་གྱི་སྲོག་སྐྱོབ་ན་ཕན་ཡོན་ཆེ་བ་ཡིན་སྙམ་པ། དེ་འདྲའི་དགེ་སེམས་ཐེངས་གཅིག་སྐྱེས་ན་དེ་ཡང་རྟོགས་པའི་བསྟན་པ་ཡིན་གསུངས། དེ་འདྲ་ཙམ་ཡང་མི་དར་བའི་སྐབས་ལ་ཐོན་དུས། དེ་ནི་སངས་རྒྱས་ཀྱི་བསྟན་པ་ནུབ་པ་ཡིན་ཞེས་གསུངས་ཡོད། དེ་འདྲའི་ཆོས་ཚིག་འབྲུ་རེའི་དོན་དང་དགེ་སེམས་སྐད་ཅིག་མ་ཙམ་རེ་སུ་ཡིན་ཡང་ཤེས་རྒྱུ་དང་བསྒྲུབ་ཐུབ་རྒྱུ་ཞིག་རེད། འདི་ནི་རི་མགོར་སོང་ཡང་བསམ་ཐུབ་རྒྱུ། གོ་ཁར་བསྡད་ཀྱང་བསམ་ཆོག་རྒྱུ་ཞིག་ཡིན། དགེ་འདུན་འདུས་པའི་བཞུགས་གྲལ་དང་། སྒོམ་ཁང་ནང་གི་ཐུན་དང་མཉམ་བཞག་གི་སྐབས་སུ་སྨྲོས་ཅི་དགོས། སྐྱེས་བུ་ཆུང་ངུ་ཚེ་ཕྱི་མར་ལྷ་མིའི་བདེ་འབྲས་དོན་གཉེར་བྱེད་པ། སྐྱེ་བ་ཕྱི་མར་མི་ལུས་ཤིག་ལེན་པར་ཤོག་སྙམ་པ། དག་ཞིང་དང་མི་ལུས་གཉིས་ཀ་གང་དགའ་འདེམས་ཟེར་ན། དག་ཞིང་ཡང་ལོས་སྐྱིད་དེ། འཇིག་རྟེན་མི་ཡུལ་འདིའང་ཤིན་ཏུ་སྐྱིད་པས་ད་དུང་ཡང་ཐེངས་གཅིག་ཚུར་མི་ཡུལ་ལ་སྐྱེ་ན་ཅི་མ་རུང་སེམས་ཁུལ་བྱེད་པ། སྡུག་བསྔལ་རགས་པ་ལུས་སེམས་ཀྱི་སྟེང་དུ་ད་སྔོན་ཆེར་ཡོང་མ་མྱོང་བས་དེ་འདྲ་སེམས་མཁན་ཡོད་སྲིད། དེ་འདྲ་ཟེར་མཁན་དང་ཡང་འཕྲད་མྱོང་། འོན་ཀྱང་དོན་ངོ་མར་བཤད་ན། མི་ལུས་ལ་བདེ་བ་ཨེ་ཡོད་དང་པོ་སྐྱེས་པའི་སྡུག་བསྔལ་ནི་མི་དྲན་པ་ཡིན། རྒས་པ་དང། ན་བ། འཆི་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཐོག་ཏུ་བབས་ན་ད་གཟོད་ཤེས་རྒྱུ་ཡོད་ལ། གང་ལྟར་ཡང་དེ་འདྲའི་རིགས་ཅན་གྱི་དོན་དུ་སངས་རྒྱས་ཀྱིས་དགེ་བཅུ་བསྒྲུབ་པ་དང་མི་དགེ་བ་བཅུ་སྤང་པ་སོགས་དང་། སྐྱབས་ཀྱི་དྭངས་མ་དཀོན་མཆོག་གསུམ་ལ་བཟུང་ནས། འཇིག་རྟེན་ཡང་དག་གི་ལྟ་བ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ལ་སོགས་པ་གསུངས་ཡོད། །དེ་ལ་ཡིད་ཆེས་བྱས་ཏེ་དད་པ་བྱས་ན་ལས་དཀར་པོ་བསགས་སྟོབས་ཀྱིས་ཕྱི་མར་ངན་འགྲོ་ལ་མི་ལྟུང་ཞིང་ལྷ་མིའི་གོ་འཕང་གང་དགའ་དེ་ཐོབ་བྱེད་ཀྱི་ཆོས་བསྟན་པ་ཡིན། ཡང་འགའ་ཞིག་གིས་དེ་ལ་ཕན་ཐོགས་ཆེན་པོ་མེད། དཔེར་ན་གཟེར་འཇོམ་གྱི་སྨན་འཐུང་བ་ལྟར་གནས་སྐབས་བདེ་ཡང་གཏན་དུ་མི་བདེ་བས་སྙིང་པོ་ཅི་ཡང་མེད། ཡང་འདི་ལྟར་ཆུ་ཁའི་སྤང་ཐང་གི་མེ་ཏོག་སྐྱིད་ས་ཞིག་ནས་སྤྲོ་ཁང་སྐྱིད་པོ་ཞིག་བྱས་ཏེ་བསྡད་ན། དེ་ལ་ཡུན་རིང་པོའི་འཆར་གཞིས་མ་འདང་བ་དང་། ས་གནད་ལྟ་མ་ཤེས་པས། ཁང་རྨང་དང་ཆུ་རྩའི་གད་པ་ཐག་ཉེ་ཆེས་པས་ཆུ་ཡིས་རྨང་བཤིག་འགྲོ་བའི་རང་བཞིན་ཞིག་ཡིན་ན། དེ་ནི་འཕྲལ་ཉམས་དགའ་ཡང་ཕུགས་མི་བརྟན་པར་ཡིན་པར་ཤེས་པ་བཞིན། འཁོར་བ་ལས་གཏན་དུ་ཐར་དགོས་སྙམ་པ་ནི་སྐྱེས་བུ་འབྲིང་གི་ལམ་མམ་ཉན་རང་དགྲ་བཅོམ་ཐོབ་བྱེད་ཀྱི་ལམ་བསྟན་པ་ཡིན། ཡང་སྙིང་སྟོབས་དེ་ལས་ཆེ་ཞིང་རང་གཞན་གཉིས་ཀར་འདང་རྒྱག་མཁན་ཞིག་གིས་བལྟས་ན་དེས་ཀྱང་ཕན་ཐོགས་ཆེ་ཞིག་མི་འདུག རང་ཉིད་སྡུག་བསྔལ་ལས་ཐར་འདོད་ཡོད་པ་དང་འདྲ་བར་གཞན་ལའང་ཡོད་ངེས། དེ་བཞིན་རང་ཉིད་ཀྱི་སྡུག་བསྔལ་མི་འདོད་པ་བཞིན་གཞན་གྱིས་ཀྱང་མི་འདོད་པར་གདོན་མི་ཟ། ཆུ་ཆེ་ཆུང་རང་གི་སྒོ་རྩ་རེད། དཔེ་རང་ལ་བཞག་ན་ཤེས་ནུས། དེ་བས་རང་གཞན་ཐམས་ཅད་ཀྱི་བདེ་ཐབས་ཤིག་མ་འགྲུབ་པར། རང་གཅིག་པུའི་བདེ་བ་ཞིག་འགྲུབ་ཏུ་ཆུག་མོད། རང་མགོ་གར་ཐོན་བྱེད་པ་ནི་སྐྱེས་བུ་ཐ་མའི་བྱ་བ་ཡིན་པས་སྙིང་པོ་མེད་པར་མཐོང་བ་ནི་སྐྱེས་བུ་ཆེན་པོའི་ལམ་བསྟན་པ་ཡིན། རང་རེའི་ཆོས་ནམ་བཤད་དུ་མགོ་རྒྱ་གར་སྐད་ཀྱི་དབུ་བཟུང་དུས་ནས་བླ་མས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཞུ་བ་ཡིན་པར་སོམས་ཤེས་ཅིའི་ཕྱིར་གསུངས་ཅེ་ན། རྒྱུ་མཚན་རང་རེའི་ཆོས་རྒྱུད་འདིའང་ཐེག་པ་ཆེན་པོའི་ཆོས་ཡིན་པས། ཐེག་པ་ཆེ་ཆུང་གི་ཁྱད་པར་འཇོག་བྱེད་སེམས་ཅན་གཞན་དོན་དུ་སེམས་བསྐྱེད་ཡོད་མེད་ཀྱིས་འབྱེད་ཀྱིན་ཡོད་པས། ཐེག་ཆེན་གྱི་ཆོས་འཆད་ཉན་གྱི་སྐབས་སུ་ཐེག་ཆེན་གྱི་བསམ་པ་ཡོད་པའི་ཆེད་དུ་ནམ་ཡིན་ཡང་ཀུན་སློང་བཅོས་པར་དྲན་བསྐུལ་འདི་བཞིན་བྱེད་ཀྱིན་ཡོད་པ་རེད། གལ་ཏེ་དེ་ལྟར་མ་བྱས་ཚེ་ཐེག་ཆེན་གྱི་བསྟན་དོན་དང་འགལ་བ་རེད། གལ་ཏེ་གཞན་དོན་ཡལ་བར་དོར་ན་བྱང་ཆུབ་དམ་པ་བརྙེས་མི་ཐུབ་ལ། དེ་མ་ཐུབ་ན་སེམས་ཅན་འཁོར་བའི་མཚོ་ལས་བསྒྲལ་མི་ནུས། དེ་ལྟ་ཡིན་མོད་འོན་ཀྱང་གང་ཟག་གི་རྒྱུད་ཚོད་དང་སྦྱར་ནས་བཤད་ན་ཐེག་ཆེན་ལྟ་ཅི་ཐེག་དམན། ཐེག་དམན་ལྟ་ཅི་ལྷ་མིའི་གོ་འཕང་ཙམ་ཡང་དོན་གཉེར་བྱེད་མི་ཤེས། དེར་མ་ཟད་ཚེ་སྨད་སྐྱིད་བྱེད་ཙམ་ཡང་ཚེ་སྟོད་སྒྲུབ་མི་ཤེས། སང་ཉིན་ཇི་ལྟར་བྱ་བའི་བསམ་བློ་དེ་རིང་མེད་པའི་མི། གཞན་ལ་མ་བལྟས་རང་ལ་བསམ་བཞག་ནའང་རང་གཞན་རྟ་ཕོ་ཁ་དཀར་ཆོས་པའི་མིང་ཐོགས་ནས་ཆོས་མིན་གྱི་བྱ་བ་སྒྲུབ་ཀྱིན་ཡོད་པས། ཞུ་དག་ཞིབ་ཀྱིས་བྱས་ན་ཞུ་དག་མི་ནུས་པ། རྒྱུགས་རང་གིས་རང་ལའང་མི་འཕྲོད། དཔེར་ན། ཉི་མ་རེ་རེར། ཇ་ཡུན་རེ་རེར། སེམས་ཀྱི་རྣམ་རྟོག་དང་ལུས་ངག་གི་བྱ་སྤྱོད་གང་ཐད་ནས། སྔོན་གྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམ་པ་ལྟར། དགེ་སེམས་རེ་ལ་རྡེའུ་དཀར་པོ་རེ། སྡིག་སེམས་རེ་ལ་རྡེའུ་ནག་པོ་རེ་བཞག་ནས་རྡོ་འབུམ་བསོག་པར་བྱས་ན། རྡོ་སྤུངས་དཀར་པོ་ཞིག་ལྟ་ཅི་ཁྲ་བོ་ཙམ་དུ་ཡང་འགྱུར་ཐབས་མེད་པ་འདི་ཅི་ཞིག་གིས་ཡིན་ཞེ་ན། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་ལྟར། ལྟར་སྣང་ལ་སྐོར་བ་བསྐོར། ཕྲེང་བ་བཟུང་། མ་ཎི་སིདྡྷི་བཏོན་པར་མ་ཟད་བསྐྱེད་རྫོགས་ཀྱང་སྒོམ་ཁུལ་བྱེད་སྲིད་མོད། འོན་ཀྱང་སེམས་མ་དགེ་ན་དགེ་གོ་ཆེན་པོ་ཞིག་ཀྱང་མི་ཆོད་པ་ནི། བསམ་པ་དགེ་སེམས་བཟང་པོ་ཞིག་དང་ལྡན་ན་ད་གཟོད་ལུས་ངག་གི་བྱ་བ་གང་བྱས་ཀྱང་དགེ་བར་འགྱུར་བའི་རྒྱུ་མཚན་གྱིས་དེ་འདྲ་ཡིན། སྒོ་གསུམ་དགེ་བའི་ལས་ལམ་དུ་འགྲོ་མ་ཐུབ་ཕྱིན། ལས་གང་བྱས་མི་དགེ་པ་འམ། ཡང་ན་ལུང་མ་བསྟན་ལས་འགྲོ་ས་གཞན་མེད། མི་དགེའི་འབྲས་བུ་ནི་ཡུན་མི་རིང་བར་རང་སྟེང་དུ་སྨིན་ངེས་ཡིན། དེས་ན་འུ་ཅག་གི་བཤད་ཚེ་སྐྱེས་བུ་ཆེན་པོས་ཀུན་སློང་བཤད་དགོས་པ་རེད། རྒྱུ་མཚན་ཐེག་ཆེན་གྱི་ཆོས་སྦྱོང་བཞིན་ཡོད་པས་རེད། ནམ་ཞིག་དེ་ཤེས་ནས་རྒྱུད་ལ་འབྱོར་པ་ཞིག་ཀྱང་བྱ་དགོས་པ་ཡིན་མ་གཏོགས། སེམས་ཅན་གྱི་དོན་ལེགས་པོ་ཞིག་འགྲུབ་དགོས་ཕྱིན་སངས་རྒྱས་མ་ཐོབ་ན་མི་ནུས་ལ། ཐེག་ཆེན་གྱི་ལམ་ལ་མ་ཞུགས་ན་སངས་རྒྱས་ཐོབ་མི་ཐུབ་བོ། །དེ་ལྟར་མོད་འོན་ཀྱང་འུ་ཚོ་ལས་དང་པོ་བས་ནི་ཁ་བཤད་ཙམ་ཡིན། འུ་ཚོ་ཟེར་བ་ནི། ཐམས་ཅད་ལ་ཞུས་པ་མིན། འདིའི་ནང་ན་དམ་པའི་སྐྱེས་བུའི་མཚན་གྱིས་ཟིན་ཞིང་ཐུགས་རྗེས་ཡས་སྤྲུལ་གྱི་སྐྱེས་ཆེན་མཁས་བཙུན་གཉིས་ལྡན་གྱི་སྡེ་སྣོད་འཛིན་པ་ཚོ་ལྟ་ཅི། མི་སྐྱ་ཕོ་མོའི་ནང་ནའང་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་མེད་ཅི་ལ་ཟེར་ཤེས། གོང་གི་ཤན་པའི་གཏམ་རྒྱུད་དང་འདྲ་བར། དེ་རིང་མི་ཞིག་ལ་ལམ་ཡག་པོ་ཞིག་བསྟན། བློ་ལེགས་པོ་ཞིག་བཏོན། སེམས་ཅན་ཉམ་ཆུང་ཞིག་གི་འཆི་ཁར་སྲོག་བསྐྱབ་བཞག་ན་དེ་ཡང་སངས་རྒྱས་ཀྱི་ཕྲིན་ལས་ཡིན། དེ་ནི་ཆེ་ཆུང་མ་གཏོགས་པར་གཞན་ཕན་གྱི་བྱ་བའི་སྣེ་གཅིག་ཡིན། གང་ཟག་གི་ཚོད་གང་ཟག་གིས་ག་ལ་ཟིན། ཚང་མ་སོ་སྐྱེས་རེད་ག་ལ་ཟེར་ཤེས། དཔེ་ང་དང་འདྲ་བར་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ལྟ་ཅི་མཐའ་ན་ཐེག་དམན་གྱི་ཚོགས་ལམ་ཆུང་ངུའི་སྣེ་ཙམ་ཡང་མ་ཟིན་པ། མིང་ལ་ཇི་ལྟར་བཏགས་ཀྱང་དོན་ལ་སོ་སྐྱེས་ཀྱིས་རང་གཤིས་ལས་མ་འདས་པའི་གང་ཟག་ཞིག་གིས། སེམས་ཅན་ཐམས་ཅད་མར་ཤེས་པ་དང་། ཐེག་ཆེན་གྱི་ལམ་ཟེར་བ་ཚིག་གི་གོ་བ་ཙམ་ལས་དོན་གྱི་སྟེང་ནས་སེམས་ནང་གི་ཡིད་སྨོན་ཙམ་ཞིག་ཡིན། དེ་ཡིན་མིན་འདི་ལྟར་བརྟག་ན་ཤེས། དཔེར་ན། ཁྱི་རྒན་བཙན་པོ་ཞིག་ཤོར་ཡོང་ནས་ཉྭ་ཤར་འཐམ་སོང་ན། དྲེད་མོས་བླ་མར་མ་བརྩིས་ན། །བླ་མས་དྲེད་མོར་ཅི་ལ་རྩི། །སྙམ་ནས་རྡོ་ལོག་གཅིག་གིས་མ་བརྒྱབ་ན་རབ་ཡིན། དེ་དུས་ཨ་མ་མ་ལོ་དྲིན་ཆེན་མ་ཁྱོད་ང་ལ་ཁོང་ཁྲོ་ན་ངའི་ཉྭ་ཤ་དུམ་གཅིག་ཆོད་སོང་སྙམ་དཀའ། ཁྱི་རྒན་ཚོ་ཆུང་ཆུང་ཡིན། གནོད་བྱེད་ཀྱི་དགྲ། སྡང་བྱེད་ཀྱི་བགེགས་ལ་སོགས་པ། ཐད་ཀྱི་དགྲ་བོ་ཐད་དུ་ལང་པ་ཞིག་བྱུང་ཚེ་དེ་ལ་འདི་དག་རང་གི་ཕ་མ་ཡིན་བསམ་ཐུབ་ན། ད་གཟོད་སེམས་ཅན་ཐམས་ཅད་མར་ཤེས་སོང་བ་ཡིན། དེ་ལྟར་ཤེས་པས་དྲིན་དྲན་པ་དང་དྲིན་ལན་བསབ་འདོད་དག་དེའི་ཞོར་དུ་རང་ཤུགས་ཀྱིས་ཡོང་། དེས་ན་སེམས་ཅན་ཐམས་ཅད་མར་ཤེས་པ་དང་། མ་ཡི་སྡུག་བསྔལ་ཤེས་པ་དང་། མི་བཟོད་པའི་སྙིང་རྗེ་ཆེན་པོ་ཕྱོགས་རིས་མེད་པར་ཚང་མར་འདྲ་མཉམ་ཞིག་སྐྱེ་དགོས། དེ་སྐྱེས་དུས་ད་གཟོད་གཞི་ནས་ཐེག་ཆེན་བྱང་ཆུབ་མཆོག་དུ་སེམས་བསྐྱེད་དེ་ཐེག་ཆེན་པར་འགྱུར་དགོས་པ་ཡིན། དེའི་སྟེང་དུ་སྨོན་འཇུག་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས་ན། སོ་སྐྱེ་ཡིན་ཡང་སངས་རྒྱས་ཀྱི་རིགས་སུ་སྐྱེས་ཏེ་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་ཐེག་ཆེན་ཐར་བའི་ལམ་སྣེ་ཟིན་པ་ཡིན། དེའི་སྟེང་དུ་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་བླངས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་ན་དབུགས་ཀྱི་རྒྱུ་འགྲུལ་ཚུན་ཆོད་སེམས་ཅན་གྱི་དོན་དུ་འགྱུར་ཏུ་ཡོད། འོན་ཀྱང་འུ་བུ་ཚད་དེ་དང་གནམ་ས་ལྟ་བུའི་བར་ཐག་རིང་དུ་ཡོད་པས། ད་དུང་བྱང་ཆུབ་སེམས་དཔར་འགྱུར་མེད། སེམས་བསྐྱེད་སྔོན་སོང་ཞིག་ལ་སྡོམ་པ་སྐྱེ་བ་ཡིན་པས། བྱང་ཆུབ་སེམས་སྡོམ་ཡང་ཐོབ་ཡོད་དཀའ་འདུག ཐེག་ཆེན་ལུགས་ཀྱི་ཐར་ལམ་ལེགས་པོ་ཞིག་གི་ལམ་སྣེ་མོ་ཟིན་ཨེ་ཡོད་མི་ཤེས་རྒྱུ་མི་འདུག དེར་མ་ཟད་ཐེག་ཆེན་གྱི་རིགས་ཅན་ཞིག་ཡིན་མིན་ཀྱང་བསམ་བློ་བཏང་ན་ཧ་ཅང་དཀའ་འོ། །དཔལ་ལྡན་ཟླ་བས། སོ་སོའི་སྐྱེ་བོའི་དུས་ན་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་གསུངས་སོ། །འུ་བུ་སངས་རྒྱས་ནམ་མཁར་འཕུར་ན་དད་པ་མི་ཤེས། སེམས་ཅན་རྒྱུ་མ་དྲུད་ན་སྙིང་རྗེ་མི་ཤེས་པ་ཞིག་ཡིན་པས་ད་རུང་དམྱལ་ཁམས་ཀྱི་ལྕགས་བསྲེག་དམར་ལང་གི་ཁང་པ་དང་། ཡི་དྭགས་ཀྱི་བྱེ་མའི་རྡོ་ཚན། ཟས་ལྟ་ཅི་ཆུའི་མིང་ཙམ་ཡང་མི་གོ་ས། དུད་འགྲོ་རྟ་ཟོག་ར་ལུག་དང་། འབུ་ས་འཇོང་གྲོག་མ་ཡན་ཆོད་ཀྱི་ལུས་བསྐལ་ཆེན་མང་པོར་ལེན་དགོས་པའི་སྔ་ལྟས་ཡིན་སྙམ། དེ་ལྟར་ན་ཐེག་ཆེན་པའི་རིགས་ཤིག་ཏུ་འགྱུར་བར་ད་དུང་དོན་གྱི་སྦྱང་པ་མང་པོ་བྱེད་དགོས་པས། དོན་ངོ་མར་གོང་དུ་བཤད་པའི་ཐེག་དམན་པ་དང། སྐྱེས་བུ་ཆུང་འབྲིང་ཉན་རང་གི་ལམ་ལ་ཡང་སླེབས་ཡོད་དཀའ་བའི་ཚོད་ཡིན། གལ་ཏེ་དེ་ལ་སླེབས་ཡོད་ན་གཞན་དོན་བློས་བཏང་བ་མ་གཏོགས་རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་འགྲོ། འུ་བུ་དེ་འདྲའི་ལམ་སྣེ་ཟིན་རྒྱུའི་ཆ་ཚད་དང་གཅིག་བསྡུར་ནའང་ཧ་ཀྱང་དཀའ། ནམ་རྒྱུན་འུ་ཅག་གིས་འདི་ལ་དམན་ལམ་ཞེས་བསྙད་མོད། བྱང་ཆུབ་སེམས་དཔའི་ལམ་དང་བསྡུར་ན་དམན་པ་རེད་མ་གཏོགས། ལམ་འདི་ལ་ཞུགས་ཏེ་འབྲས་བུ་ཐོབ་དགོས་ན་ཐོག་མར་འཁོར་བ་ལ་ངེས་པར་འབྱུང་བའི་བློ་ཞིག་མེད་ཐབས་མེད་པ་ཡིན། ངེས་པར་འབྱུང་བའི་ཀུན་སློང་གིས་སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་བླངས་ནས་རང་ལམ་གྱི་སྡེ་སྣོད་གསུམ་ལ་འཆད་ཉན་དང་། བསླབ་པ་གསུམ་ལ་ཉམས་ལེན་བྱས་ནས། འབྲས་བུ་སྐྱེས་བུ་ཟུང་བཞི་ཡ་བརྒྱད་རིམ་བཞིན་མངོན་དུ་བྱ་དགོས་མོད། འོན་ཀྱང་འུ་བུ་ལ་ངེས་འབྱུང་སྐྱེས་ཡོད་ཅེས་སྨྲས་ན་དམ་བཅའ་ཟིན་དཀའ་བ་ཞིག་ལ་ཐུག་ཡོད་པ་འདྲ། ངེས་འབྱུང་ནི་འཁོར་བའི་སྡུག་བསྔལ་ཤེས་པ་དང་། དེ་ལས་ཐར་འདོད་ཡོད་པ་གཉིས་ཀ་ལ་ཟེར། གལ་ཏེ་དེ་ཡོད་དགོས་ན་འཇིག་རྟེན་ཆོས་བརྒྱད་འདི་དང་གཏན་དུ་བྲལ་ཡོད་དགོས། ཐུབ་པའི་དགོངས་པ་ཆ་ཚང་ཞིག་བླངས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས། གཞུང་ལུགས་ཐམས་ཅད་གདམས་པར་ཤར། ཉེས་སྤྱོད་ཆེན་པོའི་གཡང་སར་ལ་བཟུར་དགོས་ན་ཐེག་པའི་མས་རིམ་ནས་འཇུག་སྟེ་བསྟན་པའི་བབ་དང་མི་བསྟུན་ཐབས་མེད་ཡིན་པས། ཐོག་མར་ཆོས་བརྒྱད་སྤོང་བའི་ངེས་འབྱུང་གི་ལམ་དེ་ལས་མི་འཇུག་པར་འགྲོ་སའི་ལམ་གཞན་ཞིག་གམ། འཇུག་སྒོ་གཞན་ཞིག་མེད། དེ་ལྟར་ན་འཇིག་རྟེན་པས་ཚེ་གང་ལ་མི་ཁོམ་པར་རྒྱུ་ནོར་དང་། སྙན་གྲགས་སོགས་འབའ་ཞིག་གི་ཆེད་དུ་རྒྱུག་འདུར་བྱེད་པར་མ་ཟད། འདོད་པ་མི་འགྲུབ་པར་དེའི་དོན་དུ་མཐར་ལུས་སྲོག་འདོར་བ་ཡང་མཐོང་བ་ལྟར། འུ་བུ་ལ་ཡང་མི་ཐམས་ཅད་ལ་དགོས་རྒྱུ་རྣམས་མཁོ། བསྟོད་ན་དགའ། སྨད་ན་མི་དགའ། རྙེད་ན་དགའ། མ་རྙེད་ན་སྡུག སྙན་གྲགས་རྒྱས་ན་དགའ། མ་རྒྱས་ན་སྡུག་པ་ཞིག་ཡིན་ཕྱིན། གང་ལྟར་ཡང་ངེས་འབྱུང་ལ་སོར་གང་གིས་ཡར་སྐྱེད་ཀྱང་མེད། དེ་རིགས་ཀྱིས་དགེ་ཚུལ་ཡན་ཆད་དང་། དགེ་སློང་གི་སྡོམ་པ་མན་ཆད་ཀྱི་སྡོམ་པ་གང་ཞུས་ཡོད་ཟེར་ན་རྣམ་པར་དག་པ་ཞིག་ཐོབ་ཐུབ་དཀའ་མོ་ཡིན། སྤྱིར་འཇིག་རྟེན་ཆོས་བརྒྱད་ལ་དཀར་ནག་ཁྲ་གསུམ་ཡོད་གསུངས། རྙེད་བདེ་གྲགས་བསྟོད་བཞི་འདོད་ཅིང་། དེའི་ལྡོག་ཕྱོགས་བཞི་ནི་མི་འདོད་པས་དེའི་ཆེད་དུ། ཆོས་འཆད་དབང་སྐུར། ལྷ་བསྒོམ། སྔགས་བཟླ། མཆོད་སྦྱིན་སོགས་གང་བྱས་ཀྱང་ཆོས་བརྒྱད་དཀར་པོ་ཞེས་བྱ། །ཡང་ཆོས་བརྒྱད་དོན་གཉེར་གྱི་ཆེད་དུ་སྲོག་གཅོད། རྐུ་འཕྲོག རྫུན་བཤད་པ་ལ་སོགས་པ་མི་དགེ་སྡིག་པའི་ལས་སྒྲུབ་ན་དེ་ནི་ཆོས་བརྒྱད་ནག་པོ་ཞེས་བྱ། ཡང་ཆོས་བརྒྱད་ཀྱི་དོན་དུ་དཔེར་ན་ཆོས་འབྲི། ལྷ་བཞེངས། སྨན་རྩིས་མོ་གསུམ། གཏོ་མདོས་གླུད་གསུམ་འཕེན་པ་སོགས་ལྟར་སྣང་དགེ་བའི་རིགས་དང་། ཁེ་ཚོང་ཞིང་ལས། ཕྱུགས་ཀྱི་འཚོ་སྐྱོངས་ལ་སོགས་པ་དགེ་སྡིག་འདྲེས་མ་བྱས་ན་ཆོས་བརྒྱད་ཁྲ་བོ་ཞེས་བྱའོ། རྒྱལ་དབང་ལྔ་བས། ཆོས་བརྒྱད་དཀར་ནག་ཁྲ་གསུམ་གདོན་ཆེན་པོ། །སྙིང་ལ་ཞུགས་པའི་སྡུག་བསྔལ་བདེ་བ་རུ། །གཟུང་ནས་གཏན་གྱི་འདུན་མ་རླུང་ལ་བསྐུར། །ཞེས་གསུངས། །དོན་ངོ་མར་འཇིག་རྟེན་ཆོས་བརྒྱད་ཀྱི་ཞེན་པ་སྤོང་སྟེ་བཅོས་མིན་ངེས་འབྱུང་གིས་ཚེ་འདིའམ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བློས་གཏོང་ནུས་ན། དེ་ནི་ཚེ་འདིའི་ནད་གདོན་འགོག་པའི་རིམ་གྲོའི་མཆོག་ཀྱང་ཡིན། ཀུན་སྤོང་གྲགས་པ་རྒྱལ་མཚན་ཟེར་བ་ཞིག་ཡོད། ཁོང་ལ་སློབ་མ་དགེ་བཤེས་ཁ་རག་པ་ཟེར་བ་ཞིག་ཡོད། དགེ་བཤེས་ཁ་རག་པ་ནི་ཡོན་ཏན་དང་སྐུ་བསོད་ཅན་ཞིག་ཡིན། འོན་ཀྱང་ཚེ་སྐེད་ནས་ཁོང་ལ་མཛེ་ནད་ཅིག་བྱུང་སྟེ། ཐབས་གང་བྱས་ཀྱང་ཕན་ཐོགས་མ་བྱུང་། ནུབ་གཅིག་ཁོང་གིས་ཐུགས་བསམ་བཞེས་པ། འདི་ལྟར་ད་ཅི་བྱས་ཀྱང་ནད་འདིས་མི་མངག་པར་མི་གྲལ་ནས་ཕུད་འཇོག་པ་འདྲ་བས། འབུད་ན་འབུད་ཤག་ཤག་ཅིག་བྱ་དགོངས་ཏེ་རྒྱུ་ནོར་ལོངས་སྤྱོད་ཡོད་ཚད་དགེ་བའི་ཕྱོགས་སུ་བཏང་། ས་ཆ་དེར་ཆུ་མོ་རྫ་འཕྲང་ཟེར་བའི་ལམ་ངན་སྡུག་པོ་ཞིག་ཡོད་པ་དེའི་ལམ་ཞབས་སུ་བསྡད་དེ། ལྟོ་ལམ་ཟེད་ཀྱི་སློང་མོར་བསྟེན་ཏེ་མ་ཎི་བགྲང་ནས་འདུག་དགོས་དགོངས་ཤིང་དེ་ལྟར་ཐུགས་ཐག་བཅད་པས། དེའི་དགོང་མོར་རྨི་ལམ་གྱི་ནང་དུ་ཁོང་ཉིད་ཆུ་ཆེན་པོ་ཞིག་གིས་ཁུར་འགྲོ་བཞིན་ཡོད་པར་མི་དཀར་པོ་ཞིག་ཡོང་ནས་ཁོང་ཆུ་ནང་གི་ཡར་བླང་ནས་ཆུ་མོ་རྫ་འཕྲང་གི་བྲག་ཞིག་གི་སྟེང་བཞག་དུས་ལུས་སྟེང་ནས་ཆུ་མང་པོ་ཞིག་ཟག་ཁི་ཡོད་པ་རྨིས་ཏེ་གཉིད་སད་པས་ཉལ་ས་ཆུས་གང་སྟེ་མཛེ་ནད་སངས་དྲག་ཏུ་སོང་ཡོད། དེ་ནི་ཚེ་བློས་བཏང་གི་བྱིན་རླབས་ཀྱིས་སྡིག་སྒྲིབ་དག་ནས་ནད་དྲག་སོང་བ་ཡིན། ཞེན་མེད་སྙེམས་བྱེད་ཀྱི་བདུད་དང་བྲལ་ཏེ་ཆགས་ཞེན་གྱི་སྙེམས་ཐག་ཆོད་པ་ནི། རང་རེའི་གཅོད་ཀྱི་བདུད་བཞི་གཅོད་ལུགས་བཟང་པོ་ཡིན་ལ། འོན་ཀྱང་འགྲོ་ཀུན་རྫོགས་བྱང་ལ་འགོད་རྒྱུའི་བསམ་པ་དང་ཀུན་སློང་ཅི་ཡང་མེད་པར། ཚེ་འདིའི་ནད་གདོན་ཞི་བྱེད་རྐྱང་བ་ཞིག་ལ་ཚེ་བློས་གཏོང་བྱེད་དགོས་སྙམ་ན། དེ་ནི་དོན་དུ་བློས་མ་ཐོང་བས་རང་འདོད་སྒྲུབ་ཀྱིན་ཡོད་པས། ཐེག་ཆེན་ཐར་བའི་ཉེ་རྒྱུར་འགྱུར་དཀའ་བ་ཡིན། རང་རེས་གང་ནས་ཆོས་བཤད་ཀྱང། ཐོག་མར་ཚིག་མགོ་ལེན་དུས་ནས་མ་སེམས་ཅན་ཟེར་གྱིན་ཡོད་པ་ཡིན་ཞིང་། འོན་ཀྱང་དང་པོ་གཞན་གཅེས་པའི་རྨང་གཞི་ཞིག་ལྟ་ཅི་རང་ཉིད་ཀྱང་གཅེས་མི་ཤེས་པ་ཞིག་གིས་སེམས་ཅན་གཞན་དོན་བཤད་ན་ཁ་ཟེར་དུ་འགྱུར་འགྲོ་བ་ཡིན། ཆོས་འཇིག་རྟེན་གྱི་བྱ་བ་གང་ཡིན་ཀྱང་མ་བསྒྲུབས་ན་དེར་ཟད། བསྒྲུབ་ཕྱིན་གོང་དུ་བཤད་པ་བཞིན་སྤུས་དག་པ་ངས་འདི་འགྲུབ་ཡོད། ང་ལ་འདི་ཡོད་སྙམ་པ་རང་གིས་རང་ལ་བློ་འཁེལ་བ་ཞིག་བསྒྲུབ་དགོས། དམ་པའི་ཆོས་སྒོར་ཞུགས་དུས་དང་པོར་ངེས་པར་དུ་བློ་སྦྱང་གིས་བློ་བཅོས་དགོས། དེས་བློ་མ་བཅོས་ན་ཆོས་དེ་བརྟན་པོ་ཞིག་མི་ཡོང་། བློ་སྦྱོང་བློ་སྦྱོང་རང་གི་བློ་སྦྱོངས་ཤིག །བློ་ལྡོག་རྣམ་བཞིས་རང་གི་བློ་སྦྱངས་ན། །ལུས་ངག་དགེ་བ་སྣ་གཅིག་མ་འགྲུབ་ཀྱང་། །ཐར་བའི་ལམ་ལས་འགྲོ་ས་གཞན་དུ་མེད། །ཅེས་གསུང་པ་ལྟར་རོ། །རང་རེས་ཐར་ལམ་གྱི་སྒོ་མི་རྙེད་ཅིང་། དེའི་འཇུག་སྒོ་མི་རྙེད་པར་འགྲོ་བཞིན་ཡོད་པས། གལ་ཏེ་ཐར་ལམ་གྱི་སྒོ་ཞིག་རྙེད་ན་དེ་བས་དགའ་ཞིག་ཅི་ཡོད། དེ་མིན་དོན་གཉེར་གཞན་པས་ཅི་ཞིག་བྱ། ས་ལམ་གྱི་རྣམ་གཞག སྤངས་རྟོགས་ཀྱི་མཐོ་དམན། དབུ་མ། ཕར་ཕྱིན། ཚད་མ། འདུལ་མངོན་ལ་སོགས་པ་ཟབ་དང་རྒྱ་ཆེའི་ཆོས་ཤེས་དགོས་མོད། དེ་ཤེས་པར་དང་པོ་བློ་ལྡོག་རྣམ་བཞིས་རང་གི་བློ་བཅོས་པ་འདི། ལམ་ཐམས་ཅད་ཀྱི་རྨང་རྡོ། དཔེར་ན་ཁང་པའི་རྨང་རྡོ་ལྟ་བུ་ཡིན། རྨང་བརྟན་པོ་ཞིག་མེད་ན་ཁང་པ་དེ་ཡུན་རིང་མི་བརྟན་པ་བཞིན། དགུན་ཁའི་དར་སྟེང་དུ་མཁར་བྱས་པ་སོས་ཀའི་དར་ཞུ་བ་དང་ཁང་པ་ཞིག་པ་དུས་མཉམ་ལྟ་བུའོ། །བློ་སྦྱོང་གི་རྩ་བ་མ་བརྟན་པར་ཆོས་སྒྲུབ་ཁུལ་བྱེད་པ་ནི། ཉམས་ལེན་རྒྱུད་ལ་མ་འབྱོར་གོང་ཆོས་རྔ་རླུང་གིས་ཁྱེར་འགྲོ་བ་ཡིན། རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལམ་དུ་གླང་གི་མཇུག་མ་དཀར་ཁུང་དུ་ཐོགས་སོང་བ་ལྟ་བུ། ཆོས་རྔ་འཇིག་རྟེན་ལ་ཐོགས་ནས་ཆོས་མཐར་མ་ཕྱིན་པ་ཡིན། དུས་ཕྱིས་བླ་སེར་འགའ་རེའི་ཆོས་འགོ་མི་ཐོན་རྒྱུ་དེ་ཚོ། གཅིག་བྱས་ན་སྔོན་ལས་བཟློག་མེད་ལས་ཀྱི་རླུང་། ཆུ་བོའི་གཞུང་ཡིན་ན་ཅི་ཤེས་ཏེ། གཉིས་བྱས་ན་མི་རྒོད་བདག་མེད་རི་རྒྱག་བྱས་ན། བློ་སྦྱོང་གི་སྨན་མེད་པས་ཉོན་མོངས་ཀྱི་དུག་རོ་འཕར་ལོས་ཡོང་། །བྱ་མིག་བཞིན་དུ་ཡར་ལྟ་ལ་བསླབ་པ་མེད་པས་ཁྱི་མིག་བཞིན་དུ་ཐུར་ལ་བལྟ་མི་ཡོང་ཐབས་མེད་ཡིན། འོན་ཀྱང་རྫོགས་ཆེན་ཚང་གི་གྲྭ་སེར་སྡེ་སྣོད་འཛིན་པ་མང་ཆེ་བར་བལྟས་ན་སྐྱོར་མཁན་གཡོར་མཁན་གཉིས་ཀ་མེད་བཞིན་དུ། བུ་རང་སྐྱེས་ཀྱི་ངོ་བོ་ཆོས་ག་དར་གྱི་བསྟན་པ། གསེར་ཞོ་གང་གིས་རང་ཚུགས་བཟུང་། གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁའ་ལ་ཁྱབ་པའི་ཡ་རབས་བཟང་པོའི་གཤིས་ཀ་ཅན། ཁྲི་ཁར་ཕུད་ན་འདི་ཚོ་ཕུད་འོས་སོ་སྙམ་པ་ཅི་འདྲའི་མང་བ་ལ། རྟ་མགྱོགས་པ་ལྕག་གིས་བསྐུལ་བ་དང་འདྲ་བར། གལ་ཏེ་དགེ་བའི་བཤེས་གཉེན་རེས་ཟིན་ན་ཁྱད་ཆོས་ཁྱད་འཕགས་ངོམ་ནི་ཅི་འདྲ་མེད། འོན་ཀྱང་། ཆུ་མིག་རང་ཉིད་མ་སྐམ་ན། །ས་ཡིས་མནན་པས་ག་ལ་ཐུབ། །ཅེས་གསུངས་བ་བཞིན་དེ་འདྲ་དེ་འགྱོག་མཁན་མེད་ཀྱང་ཉིན་གཅིག་གཡུ་དྲུག་དཀར་དང་འདྲ་བར་མངོན་ཡོང་ལ། མིས་མ་ཤེས་ནའང་དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མས་མངོན་པར་བསྟོད་ཡོང་བ་ཡིན། ངོ་སོ་ཞིག་བསྟོད། བསྟན་པ་ཡང་དར་གྱི་སྐབས་སུ་བསྟན་པའི་མེ་རོ་གསོ་དུས་སྔོན་ཆད་མཚན་གྱི་གྲགས་པ་མེད་མཁན་གྱི་དམ་པའི་སྐྱེས་བུ་འགའ་རེ་ཅི་འདྲའི་བཀའ་དྲིན་ཆེ་ཐལ། དེ་འདྲ་མ་བསམ་ས་ནས་མངོན་རྒྱུ་ཡོད་པ་ཡིན། དེ་ནི་རྒྱལ་བའི་ཕྲིན་ལས་དང་། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ། ཐུགས་བསྐྱེད་དུས་ལ་བབ་ཡོང་བ་ཡིན། ངན་པ་ཞིག་ལ་མིང་ཆེ་ཡང་དོན་སྙིང་མེད། ཁྱི་ལ་སྟག་མོ་བཏགས་པ་ལྟ་བུ་ནི་དོན་ལ་སྡར་ལུ་ཡིན་དུས་ཉིན་ཞིག་ལ་རྐུབ་འབུད་འགྲོ་བ་ཡིན། ད་ཡིན་ཟེར་དུས་རྔ་མ་སྒྱིད་ཁུག་ཏུ་དྲང་འགྲོ་ངེས། རྟོག་ངན་དུག་རོ་ཁོང་དུ་ཡོད་ན། །འཆི་ཁ་ཚུན་ཆོད་མི་མངོན་མི་སྲིད། །ཅེས་གསུངས་པ་ལྟར། འདིའི་རིགས་ལ་སྐྱོར་གཡོར་གང་ཡང་བྱ་རྒྱུ་མེད། བྱེ་མ་ལག་ནང་དུ་བཟུང་བ་འདྲ་བར་ཕྱོགས་གང་ནས་མིན་ན་གང་ནས་ཙིར་ཤོར་འགྲོ་བ་ཡིན། ལྷ་བཤོས་བཞིན་དུ་ཡར་ལ་བཞག་ཀྱང་བགེགས་གཏོར་བཞིན་དུ་མར་ལ་འགྲིལ་ཡོང་བ། གསེར་ཁྲི་སུམ་བརྩེགས་ཀྱི་སྟེང་དུ་བཞག་ཀྱང་མགོ་ཐུར་ལ་བསྟན་ནས་འགྲིལ་འགྲོ་བ་ཡིན། དེ་འདྲའི་རིགས་ལ་མགར་བས་མགར་རྒྱུ་དང་བླུག་པས་བླུག་རྒྱུ་མེད་པར། གངས་རི་ཤེལ་དཀར་གྱི་མཆོད་རྟེན་ལ་བལྟས་བལྟས་ནས་མིག་འབྲས་ལོག སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་ལ་ཞེ་སྨོན་ནས་ཡིད་ཐང་ཆད་པ་ཅི་འདྲ་མེད། དེ་ཚོ་བཤད་ནས་དགོས་པ་མེད། བློ་ལྡོག་རྣམ་བཞིས་བློ་སྦྱོང་དུས་དེ་ཁྲིད་ཀྱི་འགྲོ་ལུགས་ལྟར་དུ་བྱས་ན་དལ་འབྱོར་རྙེད་དཀའ་ནས་མགོ་བཟུང་སྟེ་བཤད་རྒྱུའི་ཕྱག་སྲོལ་ཡོད། འོང་ཀྱང་དེང་སང་གི་དུས་གྱི་སྙིགས་མའི་དམུ་རྒོད་ཀྱི་སྤྱོད་པ་དང་བསྟུན་ཡོང་ན། དང་པོ་རྒྱུ་འབྲས་ཀྱི་འགྲོ་སྟངས་ལེགས་པོ་ཞིག་ངེས་སུ་བཅུག་ནས་འཇིག་རྟེན་ཡང་དག་གི་ལྟ་བའམ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་དེ་གཅིག་ཤེས་ན་དེ་ནས་ཆོས་བསྒྲུབ་པར་ཕན་ཐོགས་དང་། ཆོས་ཇི་ལྟར་བསྒྲུབ་རྒྱུའི་བྱེད་ཐབས་སྐོར་གྱི་སྒྲོག་ཁྲོལ་སོང་བ་ཡིན་སྙམ། ང་ཚོས་འདི་ནས་ཆོས་དུང་བུས་ནས་ད་ལོ་ཡིས་མི་ལོ་དྲུག་སོང་། སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་པས། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་གཟུང་། །ཞེས་གསུངས་པ་འདི་ལ་ངེས་ཤེས་བསྐྱེད་དེ་ཟབ་ཆོས་མན་ངག་གི་བརྒྱུད་པ་འདི་དེང་སང་མིང་གི་ལྷག་མར་གྱུར་ཡོད་པས། འདི་གཅིག་གསོ་ཐུབ་ན་ཅི་མ་རུང་སྙམ་པའི་དམ་བཅའ་བརྟན་པོས་རྐྱེན་དབང་ལ་མ་མངག་པར་གཟབ་གཟབ་བྱེད་ཁུལ་བྱས་པ་ཡིན། ལོ་དྲུག་པོ་དེའི་ཚེ་ལ་གཙོ་བོ་རིས་མེད་ཀྱི་དགོན་སྡེ་སོ་སོ་ནས་ཕེབས་ཡོང་བའི་དགེ་འདུན་པ་ཇོ་སེར་རྣམ་པའི་ཐུགས་བཞེད་སྐོང་རྒྱུ་དང་། ཆོས་བརྒྱུད་འདིའི་རྫོགས་པ་ཆེན་པོའི་ཁྲིད་རྒྱུན་མི་ཆད་པའི་ཕྱིར་དུ་བསྟན་པ་ཉམ་དམའ་ཉག་ཕྲའི་བསྟན་སྲོག་གཉིས་པ་ཞིག་མཐུད་རྒྱུའི་ལྷག་བསམ་གྱི་ཀུན་སློང་གཅིག་པུ་ལ་གཞིར་བཟུང་ནས། ཞོར་དུ་ཁྱིམ་པ་ཕོ་མོ་ཞུགས་ཆོག་སའི་ཆོས་ཁྲིད་རེ་ཡང་འདོན་བཞིན་ཡོད་པ་ཡིན། ཁྱད་པར་དུ་ན་ནིང་མེ་ཕག་ལོར་བདེ་ཆེན་ཞིང་ཁྲིད་ཆེན་མོ་ཞིང་མཆོད་སྨོན་ལམ་དང་འབྲེལ་བཐེངས་དང་པོ་འཚོགས་ནས་དེའི་རྗེས་སུ་སྐབས་གཅིག་གི་རིང་ལ་རང་རེ་ཞལ་གྱེས་ཏེ་ད་ལྟའི་བར་དུ་ལོ་འཁོར་གཅིག་སོང་བ་ཡིན། ན་ནིང་གི་ཞིང་མཆོད་གྲོལ་ལ་ཉེ་དུས་འདི་རྒྱུན་འཛུགས་ཀྱི་རེ་བ་བྱེད་མཁན་དང་། མཆོད་པའི་ཐེབས་རྩ་འཇོག་མཁན་མང་པོས་འཚང་ཁ་བྱས། དེ་ཚོ་དགེ་རྩ་ཁྱད་པར་ཅན་གྱི་སེམས་བསྐྱེད་བཟང་པོ་ཡིན། སེམས་བསྐྱེད་པ་ཙམ་གྱིས་དགེ་རྩ་ཐོབ་རྒྱུར་བསྔོ་བས་རྒྱས་འདེབས་དང་སྨོན་ལམ་གྱི་མཚམས་སྦྱར་དང་བཅས་ཏེ་བྱས་པ་ཡིན། ཡིན་ན་ཡང་ལོ་རྗེས་མར་འཚོགས་དང་མི་འཚོགས་ད་དུང་ཤེས་དཀའ་ལ། གཅིག་འདུས་བྱས་ཀྱི་ཆོས་ལ་རྟག་བརྟན་མེད། ངེས་བརྟན་ཅན་གྱི་ཆ་ཚད་སུས་ཀྱང་འཇོག་དཀའ། ན་ནིང་ཆོས་གྲལ་ན་ཡོད་ཀྱང་ད་ལོ་ཕྱི་མའི་ལྔ་ལམ་དུ་སོང་བ་གྲངས་ཀ་ཅན་ཡིན། འདིས་ཀྱང་ཤེས་འདུག གཉིས་ན་ཆོས་བཤད་ན། ཉན་ན། བསྒོམ་ན། གང་བྱས་ཀྱང་ཕན་ཐོགས་ཤིག་ཡོད་དགོས། ཕན་ཐོགས་མེད་ན་མིང་ཡག་བཙོག་ཙམ་ལ་ལྟ་རྒྱུ་མེད། ཕན་པ་མེད་ན་ཆོས་ཡིན་ཡང་གནས་སྐབས་སུ་སྐྱུར་དགོས། དེས་ན་གཙོ་བོ་ས་ཆ་རང་ཉིད་ཀྱི་སྤྱིར་ན་མང་ཚོགས་མང་བ། དེའི་ནང་ནས་ལོ་ཆུང་གསར་སྐྱེས་ཕོ་མོ་དང་། གྲྭ་སར་ན་གཞོན་མ་འོངས་པར་ས་འདིའི་བདག་པོ་རྣམས་ལ་ཕན་ཐོགས་ཤིག་ཡོད་དགོས་པ་ཡིན། སྤྱིར་ཆོས་ཞེས་པ་ཅི་འདྲ་ཞིག་ཡིན་ན། བཤད་ལུགས་གཞན་ཞིག་ཏུ་བསྒྱུར་ཏེ་བཤད་ན་འདི་སེམས་ཁམས་ཀྱི་སྨན་ཞིག་ཡིན། ཚེ་ཕྱི་མར་བདེ་འགྲོ་ཐོབ་བྱེད་དང་། རང་གཞན་གཉིས་ཀར་བདེ་ཐབས་ཀྱི་ཕྱོགས་ལ་བསམ་བློ་མི་གཏོང་བའི་དབང་དུ་བྱས་ནའང། ཚེ་འདིར་མིའི་འཚོ་བའི་ནང་དུ་མེད་དུ་མི་རུང་བ་ཞིག་ཡིན་ལ། འདི་མེད་ན་འཚོ་བའི་དགོས་མཁོའི་གཙོ་བོའི་ཆ་རྐྱེན་གཅིག་མ་ཚང་། དཔེར་ན་འདོད་ཁམས་པ་ཁམ་ཟས་ལ་བརྟེན་པ་ཞིག་ལ་ཆ་བཞག་ན་མི་ཞིག་གི་འཚོ་བའི་ནང་དུ་ཟས་མེད་ན་འཚོ་ཐབས་མེད་པ་དང། དེ་བཞིན་དུ་སྐོམ་མེད་ནའང་ལུས་ཀྱི་འཚོ་བཅུད་ཀྱི་གྲུབ་ཆའི་གཙོ་བོ་མང་ཆེ་བ་ཆུ་ཡིན་པས། དེ་མེད་ན་ཡང་འཚོ་ཐབས་བྲལ་སོང་བ་ཡིན། དེའི་སྟེང་དུ་གཉིད་མེད་ན་ཡང་འཚོ་མི་ཐུབ། གཉིད་ཀྱང་ལུས་རྒྱས་བྱེད་དམ་འཚོ་བྱེད་ཅིག་ཡིན། རང་རེས་ད་སྔ་ཡན་ཆད་དུ་ཟས་གོས་ཡོ་བྱད། གནས་གྲོགས་ལོངས་སྤྱོད་སོགས་ཀྱི་དོན་དུ། མི་དེ་གོམ་ཁ་ཆོས་ནས་ཤི་མ་རན་གྱི་བར་དུ་རྒྱུགས་འདུར་གཉིས་ཀ་བྱས་ལ། འོན་ཀྱང་ལས་ཀྱི་མཇུག་མ་རྫོགས་ཤིང་སེམས་ཀྱི་འདོད་པ་མ་ཚིམ་བཞིན་དུ་ཚེ་ཕ་རོལ་ཏུ་འགྲོ་མཁན་མང་ཆེ་བ་ཡིན། བྱ་སྔ་མ་ཤི་བའི་རོ་ལ་བལྟས་ན། ཕྱི་མ་མི་རྟག་དེ་དང་འདྲ། དེས་ན་ཟ་འཐུང་ཉལ་གསུམ་སོགས་འཇིག་རྟེན་གྱི་འདུག་ཆུས་ཙམ་ནི་དུད་འགྲོས་ཀྱང་འགྲུབ་པ་ཡིན། དུད་འགྲོ་རྣམས་ཀྱིས་ཀྱང་གསོན་ཚེ་ཟ་འཐུང་ཉལ་གསུམ་ཙམ་ཤེས་ལ། ད་དུང་ང་ཚོར་ཡོད་པའི་སྒོ་ཕྱུགས་གཡག་དང་ར་ལུག་རྣམས་ལ་བལྟས་ན་མཚམས་རེར་རྡུང་ཁ་ཚད་ནས་རྡུང་རེས་རྒྱག་རྒྱུ། གཡག་འགའ་རེས་གདང་དཀྲུག་ནས་ནོར་ལྷས་ལ་འདོག་ཏུ་མི་འཇུག་པ། རྟ་ཡི་ནང་ནའང་འཕྲ་ཁ་རྒོད་པོ་ཅན་བདག་པོར་གློ་འཕྲ་བརྒྱབ་ནས་གཅར་དུ་མི་འཇུག་པར་བྱེད་ཤེས་པ་ཡོད་པ་ཡིན་ཞིང་། མིའི་ནང་ནའང་དེ་འདྲའི་སྤྱོད་ངན་ཅན། ཁོག་ན་ཅི་ཡང་མེད་ཀྱང་འགྱིང་ར་ཅན། སྤྲོ་ཐུང་བཟེ་རེ་ཅན་ཚེར་མ་འདྲ་བ་ཡོད། རིགས་དེ་གཉིས་གོས་གྱོན་ནས་སྐེད་རགས་བཅིང་ཤེས་མི་ཤེས་ཀྱི་ཁྱད་པར་ཙམ་མ་གཏོགས་དུད་འགྲོ་དང་ཐུན་མོང་གི་འཚོ་བ་སྐྱེལ་སྟངས་དང་། ཀུན་སྤྱོད། བསམ་ལུགས་ཕལ་ཆེར་འདྲ་མོ་འདུག ཁྱད་པར་དུ་གཞན་དག་གིས་སྲོག་བཅད་དེ་རང་གི་ཁ་ཟས་བྱེད་རྒྱུ་དེ་ཚོ་དུད་འགྲོ་གཏུམ་པོ་སྟག་དང་། སྤྱང་ཀི། ཁྲ་དང་། དུག་སྦྲུལ་དེ་ཚོ་དང་འདྲ་བ་ཡིན། ངའི་རྩོམ་ཡིག་ཅིག་གི་ནང་དུ། བདེན་གཏམ་དར་གྱིས་ལྕིབས་ཀྱང་ལོག་པར་འཛིན། །ངན་གྲོགས་དུག་ཤིང་སྡོང་པོར་རྟག་ཏུ་འཁྲིལ། །གནོད་པའི་ཁ་རླངས་སྟུག་པོའི་གྲིབ་མ་ཅན། །ངན་པའི་རང་གཤིས་མཐོང་ཚེ་ལྷག་པར་སྐྱོ། །ཟེར་རྒྱུ་ཞིག་བྲི་མྱོང་། དུག་ཤིང་ལ་འཁྲིལ་ནས་མི་ལ་གནོད་པ་སྐྱེལ་བ་སྦྲུལ་གྱི་གཟུགས་སུ་བཀོད་དེ། བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་གྱི་རྒྱན་བྱས་ཏེ་ངན་སྤྱོད་མཐོང་ནས་སྐྱོ་བ་སྐྱེས་པའི་ནང་དོན་ཅན་ཞིག་བྲིས་མྱོང་། དེ་ལྟར་དུད་འགྲོའི་ནང་གི་གཅན་གཟན་གཏུམ་སྤྱོད་ཅན་དང་འདྲ་བ་མིའི་ནང་ནའང་ཡོད། དུད་འགྲོའི་ནང་ན་ཡང་དུད་འགྲོ་གཏི་མུག་ཅན། གཉིད་དགའ་ཅན། ཕག་ལྟ་བུ་ཡིན་ན་ཟ་རྐྱང་རྐྱང་དགོས་པ་དང་། ཉལ་དགའ་ཅན། བཟང་ངན་གྱི་གནད་ཆེན་པོ་མི་ཤེས་པ་ཡོད་པ་ཡིན། མིའི་ནང་ན་ཡང་ཕལ་ཆེར་དེ་དང་རིགས་མཚུངས་པ་ཡོད། ད་དུང་དུད་འགྲོ་བཟང་བ་འགའ་རེ་སྙིང་རྗེ་ཅན་རི་དྭགས་ཀྲིཥ་ཎ་ལྟར་གང་ལ་སོང་ཡང་སྣ་ནས་རླུང་སྤུར་ཞོར་དུ་ལམ་དུ་སྲོག་ཆགས་ཕྲ་མོ་རྐང་ལག་གིས་བརྫི་མི་འགྲོ་ཐབས་བྱེད་པ་དེ་འདྲ་ཡོད། དེ་འདྲ་མིའི་ནང་ན་ཡང་དཀོན་པོ་ངོ་མ་ཡིན། འུ་ཚོ་མི་འདིའི་ཟ་ཉལ་འགྲོ་འདུག་དུད་འགྲོ་དང་ཐུན་མོང་གི་ཕྱིའི་འདོད་ཡོན་གྱི་བདེ་སྐྱིད་བསྒྲུབ་པ་འདིས་མི་ཡིན་པའི་ཁྱད་ཆོས་ཡར་ལྷག་པ་ཞིག་ཅུང་ཟད་ཀྱང་མེད། དེས་ན་ངས་གོང་དུ་ཆོས་སྒྲུབ་རྒྱུ་ནི་གཞན་པ་མ་ཟད་ཚེ་འདི་རྐྱང་བའི་མི་འཚོ་ཐབས་སམ་མཐུན་རྐྱེན་གྱི་སྟེང་ནས་ཡིན་ཡང་མེད་དུ་མི་རུང་བ་ཞིག་ཡིན་ཟེར་བའི་རྒྱུ་མཚན་གང་ཞེ་ན། མི་ལ་བདེ་སྡུག་ཡོང་ས་དེ་ལ་ལུས་སེམས་གཉིས་ཡོད། ལུས་སེམས་གཉིས་ཀ་བདེ་ན་ད་གཟོད་བདེ་བ་ཡིན། གཅིག་ཤོས་མ་བདེ་བས་གཉིས་ཀ་མི་བདེ། ཁྱད་པར་དུ་ནང་གི་སེམས་མ་སྐྱིད་དུས་ཕྱིའི་ལུས་པོ་བདེ་མ་བདེ་ཅི་ཡོད། སེམས་ཀྱི་སྡུག་བསྔལ་དབང་ཆེ་སོང་བས་ལུས་ཀྱི་བདེ་བ་ཟིལ་གྱིས་གནོན་འགྲོ་བ་ཡིན། སེམས་ཀྱི་སྡུག་བསྔལ་མང་ཆེ་བ་རྒྱུ་ནོར་ལ་སོགས་པ་འདོད་རྔམ་གྱི་ཁུངས་ནས་ཡོང་བ་ཡིན། དེ་བས་རྒྱུ་ཆེན་དབང་ཆེན་ཚང་མ་སྡུག་བསྔལ་ཆེ་ཤོས་ཡིན། མིང་གྲགས་ཅན་རྣམས་སྡུག་ཆེ་ནས་རང་སྲོག་མེད་པར་བྱེད་དགོས་པ་མང་བ་ཡིན་ཞེས་གོང་ཞིག་ནས་བཤད་ཡོད། མི་དེ་འདྲ་ལ་ཅི་ཞིག་དགོས་ཤེ་ན་ཆོས་དགོས། སེམས་སྐྱིད་བྱེད་ཀྱི་སྨན་དེ་ཆོས་ཡིན་ན། དུད་འགྲོ་ལ་སོགས་པ་ལ་དེ་མེད། མི་བདེ་མི་སྐྱིད་པའི་ཕུགས་དེ་ཉོན་མོངས་དུག་ལྔ་དུག་གསུམ་ལ་ཐུག་ཡོད། དེ་དག་ནི་གནོད་པ་ཅན་དུག་དང་འདྲ་བ་ཡིན་པས་ན་དུག་ལྔ་དང་དུག་གསུམ་ཞེས་བརྗོད། དུག་ཁོག་ན་ཡོད་པས་སེམས་མི་བདེ་བའི་ན་ཚ་སྡུག་བསྔལ་ཞིག་མི་མྱོང་བའི་ཐབས་མེད། ཉོན་མོངས་མེད་ན་ལས་ངན་མི་བསགས་ལས་ངན་མ་བསགས་ན། དེའི་འབྲས་བུ་སྡུག་བསྔལ་ཀྱང་ཡོང་དོན་མེད། ཉོན་མོངས་བག་ཆགས་དང་བཅས་པའི་སྒྲིབ་གཉིས་ཕྲ་ཞིང་ཕྲ་བ་སྤངས་ཟིན་དུས་སངས་རྒྱས་གྱུར་པ་ཡིན། དེ་དུས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱུར་ལ། ཉོན་མོངས་ཆགས་སྡང་རྨོངས་གསུམ་གྱི་དབང་འོག་ནས་རང་ཉིད་ལ་རང་དབང་ཅུང་ཟད་ཅིག་ཐོབ་ཏུ་བཅུག ཉོན་མོངས་པ་ཧ་ཅང་མགོར་ཤོར་དུ་མ་བཅུག་ན། དེའི་ཚོད་ཀྱི་བདེ་བ་ཞིག་ཐོབ་རྒྱུ་ཡོད་པ་ཡང་མཐོང་ཆོས་མངོན་གྱུར། མྱོང་བས་གྲུབ་པ་ཡིན། དེས་ན་ཚེ་འདིའི་མིའི་འཚོ་བའི་ནང་ནའང་སེམས་ཁམས་ཀྱི་སྨན་ཆོས་འདི་མེད་ན་སྟོང་ཆ་ཆེན་པོ་ཞིག་ཁ་མ་གང་བ་ཡོད། ཟ་ཉལ་ལ་སོགས་པའི་ཆེད་དུའམ་ཕྱིའི་བདེ་བ་ཙམ་དོན་གཉེར་བྱེད་པ་ནི་དུད་འགྲོ་དང་ཐུན་མོང་གི་བྱ་བ་ཞིག་ཡིན། ནང་སེམས་ཀྱི་བདེ་བ་ཆོས་ལས་རྙེད་ཐབས་བྱེད་པ་ནི་མི་ཡི་ཐུན་མིན་གྱི་ཁྱད་ཆོས་ཡིན་ཞིང་། ཚེ་འདིར་མ་ཟད་ཕྱི་མ། རང་གིས་མི་ཚད་གཞན་ལ་བསམ་བློ་གཏོང་བ་ནི་མཐོ་རིམ་གྱི་མི་ཡི་ཆ་ཚད་ལྡན་པའི་ནང་ནས་ཡ་རབས་ཀྱི་མིའི་ཆ་རྐྱེན་ཡིན། དེས་ན་གོང་དུ་བཤད་པ་བཞིན་སངས་རྒྱས་ཀྱི་མཛད་པ་སེམས་ཅན་བདེ་ཐབས་ལས་ཅི་ཡང་མེད། ངེད་ཚོ་སངས་རྒྱས་བསྟན་པའི་ཆོས་སྒོར་ཞུགས་ནས་ཤཱཀྱའི་དགེ་སྦྱོང་ཞིག་གི་ཚུལ་བྱས་པ་དང། དེའི་དམིགས་ཡུལ་ཡང་གཞན་ལ་ཕན་པའི་དོན་ཞིག་ཨེ་འགྲུབ་བསམ་རྒྱུ་བོ་དེ་ཡིན། ལོ་རེ་བཞིན་ཆོས་དུང་རེ་བུས། ཆོས་ར་རེ་བསྡུས་པ་ལ། གང་ཟག་རེ་རེ་ཡིན་ཡང་བྱང་ཆུབ་ཀྱི་ས་བོན་རེ་ཐེབས་པ་དང་། ཐར་བའི་ལམ་སྣེ་རེ་ཟིན་སོང་ན་བསམ་པ་དེ་དམིགས་ཡུལ་གཙོ་བོ་ཡིན། ཆོས་བརྒྱུད་ཀྱི་རྐང་འཛིན་དང་། དོན་བརྒྱུད་ཀྱི་བསྟན་པ་གཏད་ས་ནི་རེ་གཉིས་ཙམ་ཡིན། དེས་ན་ནིང་གི་ཞིང་ཁྲིད་བཏོན་ནས་ད་ལོའི་བར་ལ་ས་ཆ་འདིའི་སྡེ་སྣོད་འཛིན་པ་རྣམ་པ་ལྟ་ཅི། རྫོགས་ཆེན་ཚང་གི་གྲྭ་པ་གཞོན་རབས་པ་འདི་ཚོའང་གོང་དུ་བཤད་པ་དེའི་རིགས་བསམ་བཞིན་དུ་སྲིད་པ་བཞེས་པ་མིན་དུ་ཆུག་ཀྱང་། བསམ་བཞིན་དུ་སྨོན་ལམ་བཏབ་སྟེ་དཔོན་སློབ་མི་འབྲལ་ལྷན་ཅིག་ཚོགས་པའི་མཚམས་སྦྱོར་ཐེབས་སོང་བའི་ལྷག་བསམ་ཅན་དག་གི་སྐྱེ་བ་ཡིན་ཟེར་ན་ངོ་མ་ཡིན་ས་འདུག་བསམ་པ། ཡང་ལྟ་ཤོར་ས་ཤ་སྟག་མང་ཆེ་བ་ཡིན། དེ་རྣམས་ཕར་ཞོག སྡེ་འདིའི་མང་ཚོགས་རྒན་དར་གཞོན་གསུམ་ཐམས་ཅད་བློ་ཆོས་ཕྱོགས་སུ་ཕྱོགས་ན་ཕྱོགས་པ་དང་མཐུན་པར། སྐོར་བ་བསྐོར་རྒྱུ་དང་། ཁ་ཏོན་བཟླས་བརྗོད་བྱེད་པ་སོགས། སྡེ་ཤོག་ཁག་འདྲ་འདྲའི་ནང་ནས་མི་འདྲ་བ་ནི་བཤད་མི་དགོས་པ་ཞིག་ཡིན། མིའི་ཀུན་སྤྱོད་ཀྱི་སྟེང་ནས་ཡིན་ཡང་རྒྱག་རེས་འཛིང་རྩོད། གསད་རྨས་གཏུབ་གསུམ། རྐུན་མ་ཇག་པའི་བྱ་སྤྱོད་དེ་ཚོ་ཇེ་ཉུང་དང་མེད་པར་གྱུར་པ་དེ་དོན་གྱི་སྟེང་ནས་ཆོས་གོ་ཡོད་པའི་རྟགས་དང། ཆོས་དང་རང་རྒྱུད་གཉིས་ཀ་ཅུང་ཟད་ཅིག་བསྲེ་ཤེས་ཡོད་པའི་རྟགས་ཡིན་པས། སྡེ་འདིའི་ནང་ནའང་ཆོས་ཞུས་དང་མ་ཞུས་པའི་རྐྱེན་གྱིས་མིའི་སྤུས་ཀ་བཟང་ངན་གྱི་དབྱེ་བ་ཡང་རང་ཤུགས་ཀྱིས་ཕྱེ་ཡོད་པ་མཐོང་འདུག་རྒྱུ་འདི་ཡིན། རང་རྒྱུད་ཆོས་དང་འདྲེས་ན་བྱ་སྤྱོད་ཀྱང་ཆོས་དང་འདྲེས་ཡོང་བ་ཡིན། བྱ་སྤྱོད་ཆོས་དང་འདྲེས་ན་རང་གཞན་གཉིས་བདེ། འདི་ཕྱི་གཉིས་སྐྱིད་ཅིག་འགྱུར་རྒྱུ་ཡོད། འཇིག་རྟེན་ཁྱིམ་པ་བ་ཞིག་ཡིན་ཕྱིན་ཁྱིམ་ལ་གནས་པའི་མི་ཡིན། ཁ་ཟས་རྒྱབ་གོས་ཀྱིས་འཚོ་ཐབས་ལོས་བྱེད། ཆོས་པ་ཡིན་ཡང་སྤྲང་པོ་ཡིན་ན་དེ་རིང་ཁ་སང་གི་མིས་གདེང་འཇོག་མི་བྱེད། རྒྱུ་གསོག་ནའང་བསོད་ནམས་དང་ཤེས་རབ་ཀྱི་སྟོབས་ཀྱིས་རྒྱུ་གསོག་རྒྱུ་ཡོད་པ་ཡིན། ཤེས་རབ་ཡོད་ན་བསོད་ནམས་གསོག་ལུགས་ཤེས་ཡོང་ལ། ཆོས་འཇིག་རྟེན་གང་ལ་ཐུག་ན་རྣམ་དཔྱོད་ཀྱི་རིག་པ་དང་སྡུར། ཐབས་མཁས་དང་གཡོ་སྒྱུ་གཉིས་སོ་སོ་ཡིན། འོན་ཀྱང་སོ་སོར་འབྱེད་བྱེད་ནི་ཀུན་སློང་ཡིན་ལ། དེ་ལ་གཞན་ཕན་གྱི་དམིགས་ཡུལ་ཡོད་མེད་ཀྱི་ཁྱད་པར་ཡོད། ས་ཆོས་ཡོད་ཀྱི་མི་དེ་འདྲ་ཡང་ཅི་ལ་འདྲ་སྟེ་འདྲ་མི་འདུག་སྙམ་པ་ལྟ་བུ་ཞིག་མངོན་སུམ་མིག་གི་ལྟ་སར་གསལ་ཚེ་ད་གཟོད་གསལ་བ་རང་ཡིན། ངས་ནམ་རྒྱུན་ས་ཆ་འདི་གཅིག་དང་མི་འདྲ། འདིའི་རྡོ་རིལ་རིལ་ཞིག་ཡིན་ཡང་བཤད་པ་ཡོད་ཅེས་སྨྲས་ཚེ་ལ་ལས་རང་བསྟོད་རེད་སྙམ་སྲིད་མོད། དེ་ནི་རང་བསྟོད་གཅིག་མིན་ཏེ། ང་རང་ཉིད་རྫ་ཆུ་ཁ་པའི་མི་ཞིག་ཡིན་པ་དང་། ལས་སྨོན་ལམ་འདི་ལ་བབ་ཅིང་། བསྐོས་ཐང་ཐོད་པའི་རི་མོ་འདི་ལ་དོད་དེ། མི་རབས་སྔོན་རྗེས་ཚང་མར་སྐྱིད་སྡུག་མཉམ་དུ་གཤིབས་པ་ཙམ་ཞིག་ཡིན། ས་གྲུབ་བརྙེས་ཀྱི་རིག་འཛིན་མང་པོ་འབྱོན་སའི་གདན་ས། བོད་ཤར་ཕྱོགས་མདོ་ཁམས་ཀྱི་སྨད་ལ་དམ་ཆོས་འདུལ་བ་དར་སའི་ལྟེ་བ་ཡང་ཡིན་ཞིང་། གདན་ས་རྩ་ཆེན་དང་། དགོན་པ་ཆོས་ཆེན་རེད། ལོ་རྒྱུས་ཀྱི་རི་མོ་སུ་ཞིག་གིས་སྣོག་ཐབས་སྒྱུར་ཐབས་མེད། འོན་ཀྱང་སྔར་སོང་གི་ལོ་རྒྱུས་ནི་ལོ་རྒྱུས་རང་སྟེ། གནའ་ཤ་བ་ཉལ་ཤུལ་ན། དེང་ཤེའུ་ཉལ་བ་དཀོན་པོ་ཡིན་ལ། ད་ཡོད་མིག་གི་ལྟ་སར་ཅི་ཞིག་ཡོད་ན་དེ་ཡིན། དེས་ན་དམ་པ་ཆོས་ཕྱོགས་ནས་བཤད་ན། རྫོགས་ཆེན་ཚང་གི་མཁན་རབས་ནོར་བུའི་ཕྲེང་བ་ལྟ་བུ་བཞི་བཅུ་ཙམ་ཞིག་བྱོན་པ་མང་ཆེ་བ་སྐུ་ཡུལ་འདི་ནས་ཡིན་ལ། དེ་རྣམ་པའི་སྐུ་ཚ་གདུང་རྒྱུད་ཀྱི་མི་མང་ཞིང་། འཇིག་རྟེན་མི་ལུགས་ནས་ཡིན་ན་བསམ་པ་ལྷ་ལ་དཀར། ཞེ་སེམས་དགྲ་ལ་གནག་ཟེར་བའི་དཔེ་དང་ཕྱོགས་འདྲ་བར། བསྟན་དོན་དུ་བསམ་པ་རྣམ་དག་གིས་ལུས་སྲོག་ཕངས་མེད་བྱས་པ། ལྷག་བསམ་རྣམ་དག་ཅན་རྣམས། ས་ཆ་འདི་ནས་སྐྱེས་པས་མི་རྒྱུད་ཀྱང་འདི་ན་ཡོད་པ་འདི་རྣམས་ཡིན། དེ་ལྟར་ཡིན་ན་དེའི་ཚོད་ཀྱིས་འདི་ཕྱི་རང་གཞན་གཉིས་དོན་གྱི་ཆོས་བྱེད་ཚེ་སྤུས་དག་བྱེད་རྒྱུ་ནི་ཕོ་རབ་ཀྱི་ལས་ཀ་ཡིན་ཞིང་། རྒན་པ་ཐམས་ཅད་བཟང་བས་བུ་དང་ཚ་རྒྱུད་ལམ་ལ་བཞག་པ་ཡིན་པ་ནི་སྨོས་མ་དགོས་ལ། འོན་ཀྱང་གཞོན་པ་ཐམས་ཅད་མ་བཟང་ན་ཆེ་ཁར་ཆུང་ཉན་གྱི་ཡ་རབས་སྤྱོད་བཟང་ཅན་དེང་སང་གང་ལ་སོང་ཡང་ཉིན་མོའི་སྐར་མ་དང་འདྲ། མདོར་ན་ན་ནིང་རང་རེས་ཞིང་ཁྲིད་བཤད། དེའི་སྟེང་དུ་འདི་རྣམ་པའི་བཀའ་ཆོས་ལ་ཉན་ཡོང་ན། ད་ལྟ་མི་ལམ་གྱིས་མི་ཚད་ལྷ་ལམ་ན་ཡོད་པ་ཞིག་རེད་ཡོད་ཟེར་རྒྱུའི་མཚམས་སྦྱོར་ང་ལ་བྱས་པའི་གཏམ་བཟང་དེ་འདྲ་གོ་ནས། ངས་ཀྱང་ཞིང་ཁྲིད་ཐེངས་གཉིས་པ་མཆོད་པ་སྨོན་ལམ་དང་བཅས་པ་འཚོག་རྒྱུ་ཡིན་ཞེས་སྨྲས་ཏེ་སྔོན་ཞིག་ནས་སྔ་ཆ་བརྒྱབ་ཡོད། སྤྱིར་དེང་སང་གི་དུས་ཚོད་འགྱ་མ་འགྱུར་ཡིན་ཞིང་། རང་རེ་བོད་ཁམས་ཀྱི་ས་ཆ་མང་པོ་ཞིག་བདེ་གཟར་རི་ཐང་གཉིས་ཀའི་མཚམས་སུ་ཡོད་པས། རང་རེའི་ཆོས་ཁྲིད་ཆེ་བ་རྣམས་ད་ལོར་ཆད་སོང་བ་རེད། ཡིན་ན་ཡང་རང་རེ་ཆོས་པ་ཡིན་པས། ཆོས་ལ་རྒྱལ་མཚམས་དང་མི་རིགས་ཀྱི་དབྱེ་བ་མེད། སེམས་ཅན་གྱི་རིགས་ཡོད་ཚད་ཕ་མར་གྱུར་བ་ཡིན་པ་དང་། སངས་རྒྱས་ཀྱི་བསྟན་པ་དར། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཀྱི་སྐུ་ཚེ་བརྟན། ཐུགས་བཞེད་འགྲུབ། སེམས་ཅན་བདེ་ཞིང་སྐྱིད། འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་འདེབས་ཀྱིན་ཡོད་པས། འདི་མིའི་རིགས་རྐྱང་པ་བདེ་ཐབས་སྐྱིད་ཐབས་ཀྱི་སྨོན་ལམ་ཞིག་མིན་ནམ་སྙམ་པ་ཞིག་ཡིན་མོད། འོན་ཀྱང་སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟནཔར་ལ་རག་ལས། སངས་རྒྱས་ཀྱི་བསྟན་པ་མི་ཡུལ་ནས་དར་དགོས་ཕྱིར། བསྟན་པ་འཛིན་སྲུང་སྤེལ་བའི་མཛད་པ་དེ་འཁོར་ཡུག་ཞི་བདེ་ཡོང་བ་གནད་ཆེ་ལུགས་ལ་བསམ་བློ་བཏང་ཚེ། འཛམ་གླིང་ཞི་བདེ་འདི་ཚོ་སྨོན་ལམ་གྱི་ནང་དུ་འཇོག་དགོས་རྒྱུ་དང་འཇོག་ཆོག་རྒྱུ་ཅན་ཞིག་ཡིན། དེས་ན་རང་རེའི་ཆོས་འཆད་ཉན་རེའི་མཇུག་ཏུ་སྨོན་ལམ་ལེགས་པོ་རེ་འདེབས་པ་འདི་ཡང་ཆོས་པ་རྣམས་ཀྱི་ལས་འགན་ཞིག་ལོས་ཡིན་སྙམ་ཞིང་། མི་རིགས་དང་ལ་རྒྱའི་ཐད་ནས་བསམས་ནའང་གཙོ་བོ་མི་རིགས་ཆག་འཇིག་གི་རྩ་བ་འདི་ཆོས་དང་རིག་གཞུང་། དེའི་ནང་གི་བོད་ལ་དར་བའི་མདོ་སྔགས་ཟུང་འབྲེལ་གྱི་ཆོས་འདི་འཛམ་གླིང་སྤྱི་དང་འགྲོ་བ་ཡོངས་ལ་ཕན་ཐོགས་ཅན་ཞིག་ཡིན་པ་དང་། འདི་མི་ཉམས་པར་སྲུང་བ་དེ་ཉིད་ལ་རྒྱའི་སྙིང་པོ་ཡིན་པ་འདི་མཆོག་དམན་ཐམས་ཅད་ཀྱི་སེམས་ཀྱི་དམིགས་འདུན་ཡིན་ལ། རང་རེའི་ནུས་པ་དང་བསྟུན་ནས། སོ་སོའི་རྒྱུད་ན་ཡོད་པའི་བསྟན་པ་དེ་ལེགས་པོ་ཞིག་བཤད་སྒྲུབ་གཉིས་ཀས་བསྲུངས་ཚེ། རེ་རེ་ཚོགས་པའི་ཐུན་མོང་གི་བསྟན་པ་འདི། གངས་ལ་ཉི་མ་ཤར་བ་ལྟ་བུ་ཞིག་འགྱུར་བའི་རེ་བ་དང་། སྒོས་ཁུར་དེའང་མ་བགོས་ཐུན་མོང་གི་ཐོག་ནས་འགྲུབ་ཡོང་རྒྱུའི་རེ་འདུན་དེ་ཡིན། ན་ནིང་སྔོན་མའི་སྐབས་ན་བསྟན་པའི་ཉམས་རྒུད་གསོ་བའི་སྐབས་ཡིན་ཞིང་། དོན་ངོ་མར་ལུང་རྟོགས་ཀྱི་བསྟན་པ་དེ་ཆོས་འཆད་ཉན་བཤད་སྒྲུབ་ཀྱིས་གསོ་དགོས། འོན་ཀྱང་རྟེན་གཞི་བཞེངས་བསྐྲུན་དེ་ཚོའང་མེད་ན་ཐབས་མེད་ལྟ་བུ་ཞིག་ཡིན་པས་བླ་སྤྲུལ་རྒན་གཞོན་ཚང་མ་དེ་ལ་དུས་ཚོད་ཤོར། ས་ཆ་འདི་ཚོ་ནས་བསྟན་སེལ་ཉམས་ཆག་གིས་དཀྲུག་རྐྱེན་ངན་པ་བྱུང་ནས། ཆོས་ཞིབ་ཀྱིས་བཤད་རྒྱུ་དེ་ཙམ་ཞིག་གྲུབ་མ་སོང་། ཆོས་གོ་མ་མྱོང་བའི་སྟབས་ཀྱིས་སྐབས་ཤིག་ཏུ་ཆོས་ཉན་ཤེས་མཁན་མེད་ལ། ད་ལྟ་དེའི་ཞད་ཕལ་ཆེར་མེད་ལས་ཆེ་སྙམ་གྱིན་ཡོད། མང་ཆེ་བ་ཞིག་ཆོས་བཤད་ཟེར་དུས་ཉན་སར་མི་འོང། དེ་ལ་ཞེ་སྙིང་ནས་ཆོས་དད་མེད་པ་མིན་མོད། དབང་སྐུར་ཟེར་དུས་སྒོ་སྒྲོག་ནས་ཚང་མ་ཐོན་ཡོང་བ་ཡིན། དབང་ཞུས་ན་ཕན་ཡོན་ཡོད་མོད། བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སློབ་མའི་མཐུན་རྐྱེན་ཚང་བ་ཞིག་ལ་དབང་ཞུ་སྐུར་བྱས་ན་སྨིན་པར་བྱེད་པ་དབང་གི་ཆུ་བོ་ཡིན། སྔ་འགྱུར་བཀའ་བབ་ཀྱི་ཆུ་བོ་ཆེན་པོ་བཞིའི་ནང་གི་གཅིག་ཡིན་པས་གལ་ཆེ། འོན་ཀྱང་དབང་ཞུ་མ་ཤེས་ན་དབང་ཐོབ་ཡོང་རྒྱུ་ཞིག་མེད། རིན་ཆེན་གསེར་སྣོད་མིན་ན་སེང་གེའི་འོ་མ་མི་ཚོགས་པ་ལྟར་དབང་ཞུ་ལུགས་དང་དབང་ལ་རབ་དང་རིམ་པ་ཅི་འདྲ་ཡོད། ཅི་འདྲ་བྱས་ནས་བསྐུར་དགོས། ཇི་ལྟར་ཞུ་དགོས། ཐོབ་ལུགས་ཇི་ལྟར་ཡིན། ཐོབ་རྒྱུ་བོ་ཅི་ཞིག་ཡོད། ཕན་ཐོགས་ཅི་ཡོད། དབང་བསྐུར་དང་དབང་ཞུས་པའི་བསྲུང་བྱ་དམ་ཚིག་དང་། ཐོབ་བྱ་འབྲས་བུ་ཐམས་ཅད་དང་པོར་ཤེས་དགོས། མདོར་ན་ཆོས་ཀྱི་ཤེས་བྱ་ཤེས་དགོས་ན། ཆོས་ཉན་དགོས། དེ་ལ་ཐོས་པ་ཟེར། ཉན་ནས་དོན་དེ་ཤེས་དགོས། དེ་ལ་བསམ་པ་ཟེར། བསམ་ནས་དེ་ཉིད་རྒྱུད་ལ་སྦྱར་ཏེ་བེད་སྤྱད་ནས་ཉམས་སུ་ལེན་དགོས། དེ་ལ་སྒོམ་པ་ཟེར། ཐོས་བསམ་སྒོམ་གསུམ་དང་གོང་དུ་བཤད་མ་ཐག་པའི་ལུང་རྟོགས་ཀྱི་བསྟན་པ་དེ་རྣམས་ངེད་ཚོ་ཁྱིམ་པ་བ་འགའ་ཞིག་གིས་ཐུབ་རྒྱུ་ཅན་ཞིག་མ་ཡིན་སྙམ་མི་དགོས། ཤཱཀྱའི་བསྟན་པར་རིགས་མི་གཙོ། རུས་མི་གཙོ་ཞེས་གསུངས་ལ། རྫོགས་ཆེན་ཉམས་ལེན་གྱི་སྐབས་སུ་ཡང་ཕོ་མོ་དང་རྒན་གཞོན་ལ་ཁྱད་པར་མེད་པར་གསུངས་ཡོད། ངས་མི་ཤེས། ངས་མི་འགྲུབ། ངས་མི་ཐོན་སྙམ་པ་དེ་ཉིད་ལ་སྒྱིད་ལུག་བདག་ཉིད་བརྙས་པའི་ལེ་ལོ་ཟེར། ད་སྔོན་ཡན་ཆོད་ཀྱང་འདི་ལྟར་ཁོ་ནར་མགོ་འཁོར་སོང་བ་ཡིན། ངས་ཐོན། ངས་འཇོན་བསམ་དགོས། དོན་ལ་དེ་ལྟརཡིན། རྒྱུ་མཚན་མི་ཡོད་ཚད་ཁ་ལག་སྤྱོད་གསུམ་གཅིག་པ་ཡིན་ཞིང་། རྒྱུ་བདེ་གཤེགས་སྙིང་པོ་ནི་རང་ལ་ཡོད། རྟེན་མི་ལུས་རིན་ཆེན་ནི་ཐོབ་ཡོད་ལུགས་འདྲ། རྐྱེན་དགེ་བའི་བཤེས་གཉེན་ཞིག་གིས་ཟིན་ན། གཅིག་གིས་འགྲུབ་པ་གཅིག་གིས་མི་འགྲུབ་པའི་རྒྱུ་གང་ཡང་མེད། ཐོས་པ་བྱེད་མི་ཤེས་རྒྱུ་ཅི་ཞིག་ཡོད་དེ་གཅིག་གིས་ཁ་ཡིས་བཤད་པ་དེ་ཉིད་གཞན་པ་རྣམས་ཀྱིས་རྣ་བས་ཉན་ནས་དེའི་དོན་ཡིད་ལ་བཟུང་བ་དེ་ཉིད་ལ་ཐོས་པ་ཟེར། དཔེར་མཚོན་ན་དལ་འབྱོར་རྙེད་དཀའ་ཡིན་ཞེས་པ་དེ་གོ་ནས་དེའི་ཚིག་བློར་ཟིན་པ་དེ་ཉིད་ཐོས་པ་ཡིན། དལ་འབྱོར་རྙེད་དཀའི་ནང་དོན་དང་རྒྱུ་མཚན་ཤེས་པ་ནི་བསམ་པ་ཡིན། དེའི་ཚིག་ཤེས་ཤིང་དོན་གོ་བ་རྐྱང་པས་མི་ཕན་པས་རྒྱུད་ལ་སྦྱར་ཏེ་བསྒོམ་དགོས། སྒོམ་ཞེས་བྱ་བ་ནི་དལ་འབྱོར་རྙེད་དཀའ་ཚུལ་དེ་ཚང་མ་དངོས་སུ་རང་གི་ལུས་ཐོག་ཏུ་ཡོང་བ་ལྟ་བུ་ཞིག་ལ་སེམས་གཏོད་ཅིང་དེ་ལས་མི་གཡེངས་པ་དེ་ཉིད་སྒོམ་པ་ཡིན། ཆོས་ཉམས་སུ་ལེན་ཞེས་པ་གཙོ་བོ་བསྒོམ་པ་ཡིན་ལ། བསྒོམ་དགོས་པ་ལས་མ་བསྒོམས་པའི་ཐོས་བསམ་དེ་ལ་ཕན་པ་ཆེར་མེད། དཔེར་ན་གོང་དུ་བཤད་པ་ལྟར་ཆུ་ལག་ཏུ་ལོན་པས་སྐོམ་མི་སེལ་བ་ལྟར་ཡིན། འགའ་རེས་སྒོམ་མི་ཤེས་པས། དེ་བས་ཕྱག་སྐོར་བའི་ཁ་གྲངས་ཤིག་བསགས་ན་དགའ་འདུག འབད་པ་བྱ་ས་ཞིག་ཀྱང་འདུག ཡང་ན་གཟུངས་སྔགས་བྱེ་བ་འགའ་རེ་འདོན་འཇོག་སྙམ་མཁན་དང་ཟེར་མཁན་ཡོད་མོད། ཁ་ཏོན་དགེ་སྦྱོར། ཕྱག་སྐོར་སྒྲིབ་སྦྱོང་བྱས་ན། སེམས་ཀྱི་བསམ་བྱ་ཞིག་གམ་དམིགས་པ་གཏད་ཡུལ་ཞིག ཡང་ན་དམིགས་མེད་མཉམ་པར་འཇོག་རྒྱུ་ཞིག ཐ་ན་ཚིག་རྗེས་དོན་དྲན་ཞིག སྦྱོར་དངོས་རྗེས་གསུམ་ཆ་མཐུན་ཙམ་ཞིག་དང་ཡང་མ་སྦྲགས་ཚེ་ཅི་བྱས་ཀྱང་གོ་ཆེན་པོ་ཞིག་མི་ཆོད། དེས་ན་ཚང་མས་ཆོས་སྦྱོང་ན་སྤུས་དག་ཅིག་བྱ་དགོས། དང་པོ་འགོ་ནས་ཡག་དགོས། སྔོན་མ་ཞིག་ལ་བླ་མ་ཞིག་ཡོན་བདག་ཅིག་གི་ཁྱིམ་ལ་ཕེབས་པས། ཡོན་བདག་ཚང་ལ་བུ་འགའ་ཞིག་ཡོད་པར་གཟིགས་ཏེ། བླ་མས་ཡོན་བདག་ལ་ཁྱེད་ཀྱི་བུ་རྣམས་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་ཚེ། ཡོན་བདག་གིས་བུ་ཆེ་བ་ལ་མཛུབ་མོ་བཙུགས་ནས་འདིའི་མིང་ལ་མགོ་རིལ་ཟེར་ཞེས་ཞུས་དུས། བླ་མ་གཅིག་འཛུམ་ནས་ཡ་ཡ་དེས་ཆོག་འདུག་གཞན་པ་རྣམས་བཤད་མི་དགོས་ཞེས་གསུངས། བུ་ཆེ་བ་ཉིད། གཡག་གདང་མགོ་མ་ལ། མིང་དེ་མ་གཏོགས་མེད་པས་གཞན་པ་རྣམས་ལ་དེ་ལས་ངན་པའི་མིང་འགའ་རེ་འཛིན་ཤས་ཆེ་སྙམ་ནས་ཟེར་མ་བཅུག་པ་ཡིན། དེ་དང་མཚུངས་པར་ལས་བྱ་བ་གང་ཡིན་ཡང་འགོ་ནས་ཡག་དགོས། ཆོས་ཞུས་ན་ཡང་འགོ་ནས་ཉེས་སོང་ན་མི་ལེགས། འགའ་རེས་བསམ་པར་ད་སྔོན་མི་སྐྱ་ཕོ་མོས་སྒོམ་ཞིག་རྒྱག་སྲོལ་ཞིག་མི་འདུག་པས། བླ་རབས་ཅི་ཞིག་འདྲ་ཞིག་དང་བླ་མ་ག་གེ་མོ་ཞིག་གི་སྐུ་རིང་ཡིན་ཡང་ཁྱིམ་པས་སྒོམ་རྒྱག་དགོས་མི་འདུག་ཅེས་རྒན་འཁོགས་མ་གོམས་པ་འགའ་རེས་ཟེར་སྲིད། བླ་རབས་དེ་འདྲ་ཞིག་གི་སྐུ་རིང་ལ་ཆོས་དྲེད་ཆོས་ཀྱིས་མ་ཐུལ། གྱོང་པོ་སྣུམ་གྱིས་མ་ཐུལ་བར་སེ་ཇོ་རེར་རང་རྒྱུད་ཐ་མལ་དུ་ལྷག་བསྡད་ཡོད་པ་དེ་བླ་མས་འདྲེན་སྐལ་ལྕགས་ཀྱུ་ལྟ་བུ་དང་སློབ་མའི་ཆོས་སྐལ་ཨ་ལོང་གཉིས་ཀ་དེ་ལྟར་མ་འཕྲད་པར་ལྷག་སོང་བ་ལོས་ཡིན། མི་རབས་མང་པོའི་མི་ཡིན་པ་ཙམ་གྱིས་ཕན་ཐོགས་མེད་། སངས་རྒྱས་འོད་སྲུང་གི་སྐུ་དུས་ཀྱི་སེར་རྒན་གོ་བོ་ད་དུང་ཡོད་པའི་སྐད་ཆ་ཡོད། རུས་པ་ཁྱུར་མིད་བྱེད་པ་ལ་ད་རུང་ཐེ་མི་ཚོམ་ཟེར་སྲོལ་ཡོད། ཨ་ལ་དེ་ཚོ་ཁ་མཚར་བརྩེས་པ་ཡིན། བྱ་བ་གང་སྒྲུབ་ན་རང་གི་རྣམ་དཔྱོད་ཀྱིས་བརྟག་དགོས། ཚབ་ཚུབ་ངང་ཐུང་ཡིན་ལ། ཚབ་ཚུབ་ངང་ཐུང་བའི་ཉེས་པའི་གཏམ་རྒྱུད་ཅིག་ཡོད། གནའ་ཞིག་ལ་ཝ་མོ་ཞིག་ཟས་ཚོལ་ནས་ཟ་རྒྱུ་ཞིག་ཨེ་རྙེད་བལྟ་ཕྱིར་སྣ་ཉུལ་བྱས་ནས་འགྲོ་སྐབས་རུས་སྦལ་ཞིག་ལ་ཐུག་སོང་ལ། རུས་སྦལ་གྱི་སེམས་སུ་འདིས་བདག་ཟ་བའི་ཉེན་ཁ་འདུག་པས་རྫུན་ཞིག་བཤད་ན་དགའ་སྙམ་ནས། ཝ་མོ་ལ་བདག་མ་གསོད་དང་བདག་གིས་ཁྱེད་ལ་ཕུན་སུམ་ཚོགས་པ་ཞིག་བྱེད་ཅེས་སྨྲས། ཝ་མོས་རུས་སྦལ་མ་བསད་ནས་ཡ་ཁྱེད་ཀྱིས་ཅི་བྱེད་རྒྱུ་ཡིན་ཞེས་སྨྲས། རུས་སྦལ་གྱིས་སེང་གེ་མ་བུ་བརྒྱད་ཉལ་ཡོད་ས་ཞིག་གི་བྲག་ཕུག་བསྟན་ནས་ཕ་གའི་བྲག་ཕུག་ནང་དུ་སོང་དང་གངས་སྦལ་མ་བུ་བརྒྱད་ཉལ་ནས་གཉིད་དུ་ཡུར་ཡོད་པས། དེར་སོང་དང་ཁྱེད་ཀྱིས་དེ་རྣམས་ཟ་ཆོག་ཅེས་རྫུན་སྨྲས། ཝ་མོས་དེ་བདེན་པར་བཟུང་ནས་འགྲམ་ཆུ་ལྡངས་ཏེ་བྲག་ཕུག་གི་ཕྱོགས་སུ་ཁ་གཏད་དེ་སོང་བས་བྲག་ཕུག་གི་སྒོ་རྩར་ཝ་གཞན་པ་ཞིག་འགྲོ་བཞིན་ཡོད་པ་དེས་སྨྲས་པ། ཉིན་པར་གངས་སྦལ་གཉིད་དུ་ཡུར་འདུག་ཟེར་བ་ཞིག་མི་སྲིད། གཅན་གཟན་གདུག་པ་ཅན་ཞིག་ཉལ་ནས་ཡོད་ན་ཐང་། ཁྱེད་རང་ནང་དུ་མ་སོང་ན་དགའ་ཞེས་སྨྲས། འོན་ཀྱང་ཝ་མོས་དེའི་ཁར་མ་ཉན་པར་ད་དུང་དེའི་སྟེང་དུ་རང་ཉིད་སྟོབས་དང་བརྩོན་འགྲུས་ཆེ་རབས། རང་ཉིད་འགྲན་མེད་ཅིག་ཡིན་རབས། གླང་པོ་ཆེ་གྱང་ཐོག་ཏུ་བབ་པ་དང་འདྲ་བར་གངས་སྦལ་མ་བུ་བརྒྱད་བདག་གིས་ཇི་ལྟར་ཟ་ལྟོས་ཞེས་རང་གིས་རང་ལ་ཆེ་བསྟོད་དང་དཔའ་སྐད་བཅས་བྲག་ཕུག་ནང་དུ་འཛུལ་སོང་བ་ཡིན། བྲག་ཕུག་ནང་ན་སེང་གེ་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཏེ་བསྡད་ཡོད་པར་སེང་གེའི་ཕྲུ་གུ་གཉིས་ཀྱིས་ཝ་མོ་བཟུང་ནས་གསོད་རྩིས་བྱས་ཚེ་སེང་གེའི་མ་དེས་བུ་གཉིས་ལ་འདི་མ་གསོད་འདི་གསད་རིན་དང་ཟ་རིན་མེད་པས་ཐོངས་ཤིག་ཅེས་སྨྲས། སེང་གེའི་ཕྲུ་གུ་གཉིས་ཀྱིས་ཀྱང་མས་བཤད་པ་ལྟར་ཝ་མོ་མ་བསད་པར་རྩེད་མོ་རྩེ་བྱེད་བྱས་ནས་གཅིག་གིས་ཝ་མོའི་རྣ་བ་བཅད། གཅིག་གིས་རྔ་མ་བཅད་ནས་ཕྱིར་མངགས་ཡོང་བ་ཡིན། ཝ་མོ་ཕྱི་རོལ་ཏུ་འུ་ཐུག་ཙམ་དུ་ཐོན་ཡོང་བས་ཝ་མོ་གཞན་པ་དེས་ཁྱོད་སྟོབས་དང་བརྩོན་འགྲུས་ཆེ། ཁྱོད་དང་འགྲན་ཡ་ཞིག་མེད་པ་ཡིན་ཞེས་མ་སྨྲས་སམ། དེ་རིང་ཁྱོད་ཅི་ཞིག་གིས་ལན་སོང་ཞེས་ངོ་མཚང་འབྲུ་དུས་ཝ་མོ་དེ་ཅི་ཡང་མི་སྨྲ་བར་ཁ་སྐྱེངས་ཏེ་འདུག་པ་མ་གཏོགས་མེད་སོང་བ་ཡིན། གཞན་ཟེར་གྱི་ཁར་བརྒྱུགས་ན་དེ་འདྲ་ཡིན་པས་གཞན་ཟེར་གྱི་ཁ་ལ་རྒྱུགས་མི་ཉན། མདོར་ན་རང་དོན་རང་གིས་དོན་གཉེར་བྱ་དགོས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་རིམ་ཞིན་དུ་སྐས་ཐོག་ནས་ཡར་ཁང་སྟེང་དུ་འགོས་པ་ལྟ་བར་བགྲོད་རྒྱུའི་དབང་དུ་བྱས་ན། དང་པོར་རང་གིས་རང་གཅེས་སུ་ཆུག ངར་འཛིན་ཆེ་བས་ངར་འཛིན་དེ་ཡར་སློང་ཡག་ཅིག་བྱེད། ང་རྒྱུ་ཆེ་བྱེད་སྦྱིན་པ་གཏོང་། མཆོད་པ་ཕུལ། རྟེན་རྩ་ཆེན་ཡོད་ས། དགེ་འདུན་འདུས་པ་མང་ས། གདན་ས་ཆོས་འཁོར་ཆེ་ས་ནས། ཚེས་བཟང་དུས་འགྱུར་ལ་གཏུགས་ནས་མཆོད་འབུལ་ཚོགས་བསགས་གྱིས་དང་དགེ་བ་ལྷག་པར་ཆེ། ང་ཚེ་རིང་ནད་མེད་ཡོང་ཐབས་ལ། དེའི་ཆེད་དུ་སྲོག་གཅོད་སྤོང་། ཚེ་བླུ་ཚེ་ཐར་བྱོས། ང་རྒྱུ་ཆེ་ཐབས་འབྱོར་བ་ཕྱུག་ཐབས་བྱེད། དེའི་ཆེད་དུ་རྐུ་མི་བྱེད། སྦྱིན་པ་ཐོངས། ཚོགས་གསོག ང་བཀྲག་དང་གཟི་མདངས་འབར་དང་། ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་པར་སྨོན་ལམ་ཅི་བཏབ་ན་འགྲུབ་པ་ཞིག་དགོས་འདུག་སྙམ་ན་ཚུལ་ཁྲིམས་སྲུངས། ཡང་ང་ཀུན་ཀྱི་ཡིད་དུ་འོང་བ། གཏམ་བཤད་ན་ཚིག་བཙུན་པ། ཐམས་ཅད་ཀྱིས་ཡར་དཔེ་ཞྭ་ལ་འགྲན་རྒྱུ་ཞིག་བྱེད་དགོས་སྙམ་ན་བཟོད་པ་སྒོམ་རྒྱུ་ལ་སོགས་པ་སྟེ། མདོར་ན་མི་དགེ་བཅུ་སྤངས་ནས་དགེ་བ་བཅུ་བསྒྲུབས་ན་ཁ་ལས་ཀླུང་རྟ་དར། ཅི་བསམ་ལམ་དུ་འགྲོ་བ་ཡིན། ཚེ་འདི་ལ་སྐྱིད་པོ་ཨེ་ཡོང་སྙམ་ན་དེ་ལྟར་བྱ་དགོས། ཕྱི་མ་ལྷ་མིའི་གོ་འཕང་ཞིག་ཐོབ་དགོས་འདུག་མ་གཏོགས་ཚེ་འདི་རྐྱང་པ་བདེ་བ་ཙམ་གྱིས་མི་ཕན་སྙམ་ན། ཡང་དགེ་བཅུ་སྒྲུབས། མི་དགེ་བཅུ་སྤོངས། འཇིག་རྟེན་ཡང་དག་གི་ལྟ་བ་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་ནས་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་ལ་དད་པ་བྱོས། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ན་ད་གཟོད་ལྷ་མིའི་ལུས་རྟེན་ཐོབ་པ་ཡིན། སྨོན་ལམ་ལེགས་པོ་ཞིག་བཏབ་ནས་བསམ་པ་བཟང་པོ་ཞིག་བཅངས་ན། ལྷ་དང་མི་ཡི་གོ་འཕང་ལ། །བརྟེན་ན་ཐར་བ་གམ་ན་གནས། །ཞེས་གསུངས་པས་མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པ་དང་། རྟེན་དེའི་ཐོག་ནས་མཚན་ལྡན་གྱི་བླ་མ་དམ་པ་དང་མཇལ་ན་ཐར་བ་ཡང་ཐོབ་སྲིད། སྐྱེ་བ་རྗེས་མ་ཅི་འགྱུར་ཅི་ཤེས། དེ་དུས་མི་ལུས་ཀྱང་ཨེ་ཐོབ་ཅི་ཤེས། ལོན་ན་དལ་འབྱོར་ཚང་བ་ཞིག་ཨེ་རེད་ཅི་ཤེས། ཕྱི་བཞག་བྱས་ནས་ཅི་བྱ། དེ་བས་ད་ལྟའི་ལུས་རྟེན་དལ་འབྱོར་བཅོ་བརྒྱད་ཚང་པ་འདིའི་ཐོག་དུ་ད་དུང་ཀུན་མཁྱེན་ཆེན་པོས་གསུངས་པའི་དལ་འབྱོར་གྱི་ཆོས་སོ་བཞི་པོ་ཚང་ངེས་ཅན་བྱས་ཏེ་ལུས་རྟེན་འདིའི་སྟེང་ནས་ཐར་བ་ཞིག་ཐོབ་དགོས་འདུག་སྙམ་ནས་ངེས་འབྱུང་སྐྱེར་བཅུག་སྟེ་ངེས་འབྱུང་དང་འབྲེལ་བའི་དགེ་བ་འགའ་རེ་འགྲུབ་ན་ཐེག་དམན་གྱི་ལམ་ནས་ཐར་བ་ཐོབ་སྲིད། ད་དུང་དེ་ཙམ་གྱིས་མི་ཕན་པར། ཕ་མར་གྱུར་བའི་རིགས་དྲུག་གི་སེམས་ཅན་འདི་ཐམས་ཅད་ཀྱི་དོན་ཞིག་འགྲུབ་དགོས་སྙམ་ན། འཁོར་བ་ལས་ངེས་པར་འབྱུང་བའི་བློ་སྟེ་འཁོར་བར་ཞེན་ལོག་གི་བློ་མཁྲིས་ནད་ཅན་ལ་སྣུམ་ཟན་སྟེར་བ་ལྟ་བུ་ཞིག་དང་། ཐེག་ཆེན་ཐར་བ་ཐོབ་འདོད་ཀྱི་བློ་དེ་ལྟོགས་པའི་མདུན་དུ་ཟན་བཞག་པ་ལྟ་བུ་ཞིག་དང་། དེའི་རྒྱུན་བརྟན་པ་ཞིག་བྱུང་ན་དེ་ནི་ངེས་འབྱུང་ཆེན་པོ་ཞེས་བྱ། །དེའི་སྟེང་དུ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་ཏེ། སྙིང་རྗེའི་ཚད་ནི་སེམས་ཅན་མིག་གིས་མཐོང་ན་མིག་ནང་ནས་མཆི་མ་འོང་བ་ཞིག་གྱུར་ན། དེའི་ཐོག་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་ཀྱི་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་དང་ལྡན་པའི་སེམས་བསྐྱེད་དེ་དགེ་བའི་བཤེས་གཉེན་ནམ་རྟེན་གྱི་མདུན་ནས་སྨོན་འཇུག་གི་སྡོམ་པ་བླངས་ཤིང། བསླབ་པ་སྲུང་ནུས་ན་དེ་ནི་ཐེག་ཆེན་ཚོགས་ལམ་ཆུང་ངུའི་ལམ་སྣེ་ཟིན་ཏེ་ཐར་ལམ་མ་ནོར་བ་རྙེད་སོང་བ་ཡིན། དེ་རྙེད་པ་ཙམ་གྱིས་བསོད་ནམས་ཆེན་པོ་བསགས། སྡིག་པ་ཆེན་པོ་དག་པ་ཡིན་ཞིང་། རྨང་གཞི་དེའི་ཐོག་ནས་ཐེག་ཆེན་མདོ་སྔགས་ལམ་མྱུར་བུལ་གང་གི་ནང་དུ་ཞུགས་ཀྱང་རང་རང་གི་མོས་པ་དང་ལས་འབྲེལ་ལ་སྒོ་བསྟུན་ནས། བརྩོན་འགྲུས་དང་ལྡན་ན་ཚེ་ལུས་གཅིག་གིས་སངས་རྒྱས་ཐོབ་ཏུ་འཇུག་བསམ་ནའང་རང་ལག་ཡིན། མདོར་ན་སྙིང་རྗེ་ཆེན་པོ་རྒྱུད་ལ་ཨེ་སྐྱེ་བལྟ་རྒྱུ་ནི་གནད་ཆེན་ནང་གི་དོན་ཆེན་ཡིན་པ་སྟེ། བཅོམ་ལྡན་འདས་ཀྱི་མདོ་ལས། བྱང་ཆུབ་སེམས་དཔས་ཆོས་མང་པོ་ལ་བསླབ་པར་མི་བྱ། གཅིག་ལ་བསླབ་པར་བྱ། གཅིག་གང་ཞེ་ན། སྙིང་རྗེ་ཆེན་པོའོ་ཞེས་གསུངས་ལ། མི་ཞིག་ལ་དཔེར་མཚོན་ན་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་འདི་ཡན་ལག་གི་དྭངས་མ་མགོ་ལྟ་བུ་ཡིན། བྱང་ཆུབ་ཀྱི་སེམས་མེད་པའི་ཆོས་གང་བསྒྲུབས་ཀྱང་མགོ་མེད་པའི་ལུས་ལྟ་བུ་ཞིག་སྟེ། མགོ་མེད་པའི་ལུས་དེ་ཇི་ལྟར་བཟང་ཡང་རོ་ཡིན་པས་མི་གསོན་པོའི་གོ་མི་ཆོད། དེས་ན་དཔལ་ལྡན་ཟླ་བ་གྲགས་པས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུ་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་མངོན་དུ་མཛད་པའི་རྒྱུ་དེ་སྙིང་རྗེ་ཆེན་པོ་ཡིན་ལ། དེ་དཔེར་བཞག་ན་ལོ་ཏོག་ཅིག་འདེབས་པའི་དབང་དུ་བྱས་ན་ཐོག་མར་ས་བོན་གལ་ཆེ། བར་དུ་ཆུ་གལ་ཆེ། ཐ་མར་སྨིན་པ་གལ་ཆེ་བ་བཞིན་སངས་རྒྱས་ཀྱི་ལོ་ཏོག་ལ་ཡང་ཐོག་མཐའ་བར་གསུམ་དུ་སྙིང་རྗེ་གལ་ཆེ་བར་གསུངས་ཡོད། དེ་ལྟར་བཤད་ན། འུ་ཅག་གིས་དམ་པའི་ཆོས་འདི་ཅི་ཞིག་ལ་ཕན་བྱེད་ཡིན་པ་དང་། ཆོས་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་གྱི་ཇི་ལྟར་དགོས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྐོར་རགས་རིམ་ཕྱོགས་སྟོན་ཙམ་ཞིག་འགོ་ནས་གླེང་སྟེ། སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་མཁས་གྲུབ་ར་གཱ་ཨ་སྱས་མཛད་པ་འདི་ཉིད་ཡིན་ཞིང་། འདིའི་གཞུང་གི་བཤད་པ་མ་བྱས་པའི་སྔོན་དུ་ཆོས་རའི་ནང་དུ་ཆོས་ཞུ་ལུགས་ཇི་ལྟར་བྱེད་དགོས་རགས་རིམ་ཞིག་བཤད་ན། ཆོས་ཞུ་དུས་སེམས་ཀྱི་ཀུན་སློང་དང་ལུས་ངག་གི་ཀུན་སྤྱོད་གཉིས་ཀ་བཟང་པོ་ཡིན་ན་དེའི་སྟེང་དུ་མི་མཐུད་དུ་གནས་རྒྱུ་དང་། ཀུན་སློང་ཡག་པོ་མེད་ན་བཟང་པོའི་ཕྱོགས་སུ་བཅོས་དགོས། ཀུན་སློང་བཅོས་ནས་སྣོད་ལེགས་པོ་ཞིག་གི་ནང་དུ་བཅུད་ལེགས་པོ་ཞིག་བླུག་ལ། དང་པོ་ཀུན་སློང་བཅོས་པ་དེ་ཉིད་སྣོད་ངོ་བཀྲུ་བ་ལྟ་བུ་ཞིག་ཡིན། སྣོད་བཙོག་པ་མི་གཙང་བའི་ནང་དུ་བཅུད་ཁ་ཟས་བཟང་པོ་ཇི་ལྟ་བུ་ཞིག་བླུགས་ཀྱང་སྣོད་ཀྱི་སྐྱོན་གྱིས་བརྫད་འགྲོ་བ་དང་མཚུངས། ཀུན་སློང་ངན་པ་དེ་གང་གང་ཡིན་ཟེར་ན། ལེགས་སྨོན་དང་། འཇིགས་སྐྱོབས་ཀྱི་ཀུན་སློང་སྟེ། འདི་ཤིན་ཏུ་བཟང་འདུག་ཆོས་པ་ཞེས་པ་དེ་འདི་རེད་འདུག་ཅེས་གཞན་གྱིས་བསམ་པའི་ཆེད་དུ་ཆོས་ཞུ་ཁུལ་བྱེད་པ་དེ་ཉིད་ལ་ལེགས་སྨོན་ཞེས་བྱ། ཡང་རྒྱལ་པོས་ཆད་པ་ལ་སོགས་པ་ལས་གཟུར་བའི་ཆེད་དུ་ཆོས་པ་མིན་ན་ཡིན་མདོག་བྱེད་པ་དེ་ཉིད་ལ་འཇིགས་སྐྱོབ་ཅེས་བྱ། ཡང་དེ་མིན་ན་ཡང་། རྙེད་བཀུར་གྲགས་འདོད་ཀྱི་ཆེད་དུ་འདི་གཅིག་ཞུས་ཏེ། རྒྱུན་ཞིག་བླངས་ནས་རྗེས་མར་ཕར་ལ་བཤད་ཨེ་ཤེས་ལྟ་དང་། རྒྱུ་ལོན་པ་ལ་མ་ཕན་ནའང་སྙན་གྲགས་སྒྲུབ་བྱེད་ཆོག་འདུག་བསམས་ནས་ཉན་པ་དེ་རྣམས་སྤང་བྱའི་ཀུན་སློང་གི་ཕྱོགས་གཏོགས་ཡིན། དེ་དག་ཐམས་ཅད་སྤངས་ནས་གཞན་ལ་ཕན་པའི་ཀུན་སློང་དང་མི་འབྲལ་བའི་ཐོག་ནས་དམ་པ་གསུམ་གྱི་རྩིས་ཟིན་པ་ཞིག་གིས་ཆོས་ཉན་དགོས། ཐོག་མར་སེམས་བསྐྱེད་ཡིན། ངའི་ཆོས་ཉན་པ་འདི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ་ཉན་པ་ཡིན་སྙམ་པའི་ཀུན་སློང་དང་མ་བྲལ་བའི་ཐོག་ནས། དངོས་གཞི་དམིགས་མེད་ནི། དབུ་ཕྱག་རྫོགས་གསུམ་གྱི་ལྟ་བས་རྩིས་མ་ཟིན་ཀྱང་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གོ་བའི་ཐོག་ནས་སྒོ་གསུམ་ཆོས་ལ་ཕྱོགས་ནས་ཉན་རྒྱུ། མཇུག་བསྔོ་བ་སྟེ་དགེ་བ་འདི་དང་བཅས་པའི་དུས་གསུམ་བསགས་དང་གསོག་འགྱུར་གྱི་དགེ་རྩ་ཐམས་ཅད་བྱང་ཆེན་རྒྱ་མཚོ་ཆེན་པོར་ཕྱོགས་གཅིག་ཏུ་བསྡོམས་ཏེ་སེམས་ཅན་ཐམས་ཅད་ལ་བསྔོས་པ་ཡིན་སྙམ་པའི་དམ་པ་གསུམ་དེ་དང་མ་བྲལ་བ་ཞིག་དགོས། དམ་པ་གསུམ་པོ་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་སོང་ན་ཆོས་ཆེ་ཆུང་གང་བསྒྲུབས་ཀྱང་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་བ་འམ་སངས་རྒྱས་ཐོབ་པའི་རྒྱུར་གྱུར་པ་ཡིན། དམ་པ་གསུམ་གྱིས་རྩིས་མ་ཟིན་ན་ལྟར་སྣང་ལ་ཆེན་པོ་ཞིག་བྱས་ཡོད་བསམས་ན་ཡང་སངས་རྒྱས་ཐོབ་པའི་ཉེ་རྒྱུ་རུ་འགྱུར་མི་ཐུབ། ཀུན་སྤྱོད་ནི་མ་གུས་པའི་རྣམ་འགྱུར་སྤངས་ཏེ་གུས་ཤིང་དང་བས་ཆོས་ཉན་དགོས། དེ་ལྟར་ཆོས་ཞུ་ལུགས་ཤེས་པའི་ཐོག་ནས་རང་རེའི་གང་འཆད་ཉན་བྱེད་པའི་ཆོས་གྱི་རིམ་པ་བདེ་ཆེན་ཞིང་གི་སྨོན་ལམ་ཡིན་ཞིང་། འདི་མཛད་པ་པོ་སུས་མཛད། ལུང་གང་ལས་བཏུས། ཕྱོགས་གང་དུ་གཏོགས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་དང་། དགོས་ཆེད་སུ་ཞིག་གི་དོན་དུ་མཛད། འདིའི་བརྗོད་བྱ། དགོས་པ། ཉིང་དགོས། འབྲེལ་བ་ལ་སོགས་པ་བཤད་ན། མཛད་པ་པོ་སུས་མཛད་ཟེར་ན། མཛད་པ་པོ་ཐོག་མར་ཞལ་བྱང་གི་སྟེང་དུ་འཁོད་ཡོད་པའི་མཁས་གྲུབ་ར་གཱ་ཨ་སྱས་མཛད་པ་ཡིན་ལ། མཁས་གྲུབ་ར་གཱ་ཨ་སྱ་ཞེས་པ་ནི་མཁས་གྲུབ་ཀརྨ་ཆགས་མེད་ཅེས། བཀའ་རྙིང་རིས་སུ་མ་ཆད་པའི་མཁས་ཤིང་གྲུབ་པ་བརྙེས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཡོངས་ལ་གྲགས་པ་དེ་ཉིད་ཡིན། སྨོན་ལམ་འདི་ཁུངས་དང་ལུང་གང་ལས་བཏུས་པ་ཡིན་ཞེ་ན། འོད་མདོ་དང་། འཆི་མེད་རྔ་སྒྲ། སྙིང་རྗེ་པདྨ་དཀར་པོའི་མདོ་ལ་སོགས་པ་ལས་བཏུས་ཤིང། མདོ་དེ་དག་ལས་བཏུས་པ་དང་མདོ་རྒྱུད་ཀུན་དང་མཐུན་ཞིང་མདོ་རྒྱུད་དེ་དག་གི་ཕྱོགས་སུ་གཏོགས་པ་པ་ཞིག་ཡིན། འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅི་ཞིག་ཡིན་ཞེ་ན། གོ་བདེ་ཞིང་ཚིག་ཟིན་སླ་བ་ཡིན་པར་མ་ཟད་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་འགྲོ་དོན་རྒྱ་ཆེན་པོ་ཅན་ཞིག་ཡིན། སྤྱིར་བསྟན་བཅོས་རྩོམ་པ་དང་བཤད་པའི་སྐབས་སུ་ཚིག་གི་སྡེབ་སྦྱོར་སྙན་ཆ་དང་མཛེས་ཆ་གཙོ་བོར་རྩལ་འདོན་བྱས་ནས་གཞུང་མཛེས་པར་བྱེད་པ་ཞིག་དང་། ཕན་ཐོགས་དང་སེམས་འདུལ་བ་གཙོ་བོར་ལྷུར་ལེན་བྱེད་པའི་ཚུལ་ལུགས་རྣམ་པ་གཉིས་ཡོད་པའི་ནང་གི་འདི་ཚིག་གོ་བདེ་ཞིང་དོན་གཟུང་བདེ་བ། ཉམས་ལེན་རང་རྒྱུད་ལ་སྦྱོར་བར་གདུལ་བྱའི་སེམས་རྒྱུད་ལ་ཕན་པ་གཙོ་བོར་བཟུང་ནས་གསུངས་པ་ཞིག་ཡིན། དབུ་ནས་ཞབས་སུ་བསྡུས་པའི་དོན་ནི་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ཆིངས་ཀྱིས་བཅིངས་པའི་ཡན་ལག་བདུན་དང་འབྲེལ་བའི་ཚོགས་བསགས་སྒྲིབ་སྦྱོང་གི་སྐོར་དང་། རྟེན་དང་བརྟེན་པའི་ཞིང་བཀོད་སྨོན་ལམ་དང་བཅས་པ་རྣམས་ཡིན་ཞིང་། །དེ་ཚོ་བརྗོད་བྱ་ཡང་ཡིན། འདིའི་དགོས་པ་ནི་འདི་དང་འཕྲད་པའི་སོ་སྐྱེས་ཐ་མལ་པ་ཞིག་ཡིན་ཡང་དད་དང་མོས་པས་ཀུན་ནས་བསླངས་ཏེ་སྤང་བླང་གི་གནས་ཐམས་ཅད་ཕྱིན་ཅི་མ་ལོག་པར་འདོར་ལེན་བྱས་ཏེ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བསྒྲུབས་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ཤིང་ཞིང་ཁམས་དེ་ནས་སངས་རྒྱས་འཁོར་བཅས་ཀྱི་མདུན་ནས་ཆོས་དངོས་སུ་མཉན་ཏེ་སངས་རྒྱས་པ་དེ་ཡིན། འདི་ལ་ཉིང་དགོས་སམ་དགོས་པའི་དགོས་པ་ཅི་ཞིག་ཡོད་ཅེ་ན། མཐར་ཐུག་སེམས་ཅན་ཐམས་ཅད་འཁོར་བའི་དོང་ནས་འདོན་རྒྱུ། ཞིང་སྨོན་རང་གི་ནང་དུ་ཡང་། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་ཤོག་ཅེས་གསུངས་པ་ལྟར་ཡིན། འདིའི་ཚིག་དོན་གཉིས་ཀ་འབྲེལ་ནས་བརྗོད་བྱ་བསྟན་པ་དེ་ལ་བརྒྱུད་དེ་མཐར་ཐུག་སེམས་ཅན་སངས་རྒྱས་སུ་སྦྱོར་བ་འབྲེལ་བ་སྟེ། དེ་ལྟ་བུ་དགོས་འབྲེལ་ཡན་ལག་བཞི་དང་ལྡན་པའི་སྨོན་ལམ་གྱི་ཞིང་འཆད་པ་ལ་ཆིངས་ཆེན་པོ་རྣམ་པ་གསུམ་གྱིས་བཅིངས་པའི་བསྟན་བཅོས་འཆད་ཐབས་སྤྱི་ཁྱབ་ཀྱི་ལུགས་ལྟར་དུ་བྱས་ན།

ཐོག་མར་དགེ་བ་ཀླད་ཀྱི་དོན་གསུམ་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ། དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ། མཚན་སྨོས་པ། མཚན་དོན་འགྲེལ་པ་གཉིས་ལས།

དང་པོ་མཚན་དོན།

དབུའི་ཞལ་བྱང་ན་འཁོད་ཡོད་པ་འདི་ཉིད་མཛད་པ་པོའི་མཚན་དང་བཅས་པ་སྟེ། ཚང་མས་དབུའི་ཞལ་བྱང་གི་ངོར་ལྟོས་དང་། མཚན་སྨོས་པ། མཁས་གྲུབ་ར་གཱ་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ། །ཞེས་པའོ། མཚན་དོན་འགྲེལ་བ། གཉིས་པ་མཚན་དོན་འགྲེལ་ན་མཛད་པ་པོའི་མཚན་གོང་ནས་ཞུས་པ་ལྟར་ཡིན་ལ། རྣམ་དག་ཅེས་གསུངས་པའི་དོན་གང་ཡིན་ཞེ་ན། སྤྱིར་དག་དང་མ་དག་ཅེས་པ་དེ་ཉིད་གདུལ་བྱའི་སེམས་ཅན་ལས་དག་དང་མ་དག་གི་སྣང་ངོར་ཤར་ལུགས་ཤིག་ཡིན་ཞིང་། སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་ཡོད་སྐབས་སུ་ཚངས་པ་རལ་བ་ཅན་གྱིས་ཁྱེད་ཀྱི་ཞིང་དེ་དག་པ་ཡིན་འདུག་ཅེས་ཞུས་པ་དང་། སློབ་མ་གཞན་དག་འགའ་རེས་མ་དག་པ་ཡིན་ཞེས་རྩོད་པར་སངས་རྒྱས་ཀྱིས་ལས་དག་པའི་སྣང་ངོར་དག་པ་ཡིན་ཞེས་གསུངས་ཏེ། ཉི་མ་བདུན་ཙམ་ལ་ཐམས་ཅད་ཀྱི་མཐུན་སྣང་ལ་ཚངས་པ་རལ་བ་ཅན་གྱི་མཐོང་སྣང་ལྟར་དག་པའི་ཞིང་ཁམས། རང་རེས་མཐོང་སྣང་ལ་ཤར་གྱིན་འདུག་པའི་ས་རྡོ། བྱེ་ཐང་། ངམ་གྲོག གཅོང་རོང་། གཡང་ས། ཚེར་མ་ལ་སོགས་པ་འདི་དག་མེད་པའི་དག་པའི་ཞིང་ཁམས་ཤིག་ཏུ་བྱིན་གྱིས་བརླབས་པའི་ལོ་རྒྱུས་ཡོད། དེ་ལྟར་ཡིན་ཕྱིར་འདུལ་བྱེད་སྟོན་པ་གཅིག་གི་གདུལ་བྱའི་ཞིང་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ལ་སོགས་ལ། སོ་སྐྱེས་ཐ་མལ་བའི་མཐུན་སྣང་ལ་མ་དག་པ་ལྟར་སྣང་བའི་ཞིང་ཁམས་ཡོད་ཀྱང་དེ་འདྲ་ཡང་མ་ཡིན་པར་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་འོད་དཔག་མེད་པའི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ཀྱི་དབང་གིས་སྟོན་འཁོར་གདུལ་བྱ་ཕྲིན་ལས་སྤྱོད་ཡུལ་སྣོད་ཀྱི་ཞིང་ཁམས་དང་བཅས་པ་རྣམ་པར་དག་པ། གཙང་ཞིང་གཙང་མར་གྱུར་པའི་རྣམ་པར་དག་པ་ཡིན་པས་ན་རྣམ་དག་ཅེས་གསུངས། བདེ་ཆེན་ཞིང་ཞེས་པ་ནི། ཞིང་ཁམས་དེ་ལ་སྐྱེ་བ་བླངས་ནས་བཟུང་བདེ་བ་མ་གཏོགས་མེད་ཅིང་། བདེ་བ་དེ་ཡང་ཟག་བཅས་ཀྱི་འགྱུར་བདེ་ཆུང་ཆུང་མ་ཡིན་པར་ཟག་མེད་ནང་གི་བདེ་བ་ཆེན་པོ་ཏིང་ངེ་འཛིན་གྱི་མཐུ་ལས་བྱུང་བའི་དགའ་བདེ་བརྗོད་མི་ཤེས་པ་དང་ལྡན་པའི་བདེ་བ་ཆེན་པོ་ཡིན་པས་ན་བདེ་ཆེན་ཞེས་གསུངས་པ་ཡིན། དེ་ལྟ་བུ་བདེ་བ་བརྙེས་པ་དེ་གང་དུ་ཡོད་ན་ཞིང་ཁམས་དེ་ན་མཆིས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྡན་པས་ན་རྟེན་དང་བརྟེན་པ་འབྲེལ་བ་དང་། རྟེན་སྣོད་ཀྱི་ཞིང་ཁམས་གཙོ་བོར་སྨོས་པའི་ཆ་ནས་ཞིང་ཞེས་གསུངས་པ་ཡིན། གི་ཞེས་པ་ནི་འབྲེལ་སྒྲ་སྟེ། འདིའི་སྨོན་ལམ་འདི་ཅིའི་སྨོན་ལམ་ཡིན་ཟེར་ན་བདེ་ཆེན་ཞིང་གི་སྨོན་ལམ་ཡིན་པ་དེ་ཉིད་གི་ཞེས་པའི་ཡི་གེ་འདིས་བསྟན་ཡོད། སྨོན་ལམ་ཞེས་པ་ནི་སྨོན་པ་ལམ་དུ་བྱས་ནས་སྨོན་བྱའི་དོན་དེ་འགྲུབ་པར་བྱེད་པས་ན་སྨོན་ལམ། བཞུགས་སོ་ཞེས་པ་ནི། དེ་ལྟ་བུའི་སྨོན་ལམ་དེ་འདི་ན་ཡོད་ཅེས་བརྡ་བསྟན་པའམ་མཚན་བྱང་གི་རྟགས་ཀྱིས་མཚོན་པར་བྱེད་པ་ཞིག་ཡིན། མཚན་བཏགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། འཕགས་པ་ཀླུ་སྒྲུབ་ཀྱིས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐམས་མཁས་པས། །ཆོས་རྣམས་མིང་དུ་འདོགས་པར་མཛད། །ཅེས་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་ཆོས་ཐམས་ཅད་ལ་མིང་ཞིག་གཏན་ནས་མེད་ན་ཕན་ཚུན་ལ་གོ་བརྡ་སྤྲོད་བྱེད་ཅིག་མེད། ཁྱོད་དང་ང་ཟེར་བ་ཞིག་མེད། འགྲོ་འདུག་ཟ་འཐུང་ལ་སོགས་པ་དོན་དང་བྱ་བ་ལ་སོགས་པ་ལ་མིང་གཅིག་ཀྱང་མེད་ན་འཇིག་རྟེན་ཐམས་ཅད་རྨོངས་པ་ཡིན་པ་སྟེ། ལྐུགས་པ་དང་ལྐུགས་པ་ཐུག་སོང་བ་ལྟ་བུ་ཞིག་ལོས་ཡིན། དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་དོན་དེ་མིང་གི་མཚོན་བརྗོད་ལས་འདས་པ་ཡིན་ཡང་དེ་ཡང་འདས་པ་ཡིན་ཞེས་པའི་ཚིག་ཅིག་གིས་མཚོན་དགོས་པས་མིང་དང་བརྡ་ལ་མ་བརྟེན་པར་བརྗོད་ཐབས་མེད། འཇིག་རྟེན་གྱི་ལེགས་པའི་ཆ་ཐམས་ཅད་ནི་སངས་རྒྱས་ཀྱི་མཐུ་ལས་བྱུང་བ་ཡིན་པས་མིང་ཚིག་ཡི་གེ་བརྡ་ཐམས་ཅད་མགོན་པོ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་མཛད་པ་ཡིན། དེས་ན་སྤྱིར་བསྟན་བཅོས་ཀྱི་མཚན་སྨོས་པ་ལ་དགོས་པ་ཇི་ལྟར་ཡོད་ཅེ་ན། གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་དང་སྦྱར་ན། གང་ཟག་དབང་པོ་རབ་ཀྱིས་མཚན་མཐོང་བ་ཙམ་གྱིས་མཚན་དེ་ལྡན་གྱི་གཞུང་དེའི་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་པའི་དགོས་པ། དབང་པོ་འབྲིང་གིས་མཚན་མཐོང་ནས་དེའི་ནང་དོན་དང་བརྗོད་བྱ་ཆེ་ལོང་ངམ་རགས་རིམ་ཙམ་ཞིག་ཚོད་དཔག་གིས་ཤེས་པ། མ་མཐའ་ཡང་ཆོས་འདི་ཕྱོགས་གང་དུ་གཏོགས་ཙམ་ཞིག་ཤེས་པ་ཡིན། གང་ཟག་དབང་པོ་ཐ་མ་ཡིན་ཡང་མཚན་མཐོང་བས་གཞན་དང་མི་ནོར་བར་གླེགས་བམ་བཙལ་སླ་བའི་དགོས་པ་ཡན་ཆད་ཡོད། དེས་ན་འདིའི་མཚན་གྱིས་བསྟན་བྱའི་གཙོ་བོ་བདེ་ཆེན་ཞིང་ཡིན་ཞིང་། བདེ་བ་ཅན་གྱི་ཞིང་འདི་ཞིང་ཁམས་གཞན་དང་མི་འདྲ་བའི་བདེ་བ་ཆེ་བའི་རྒྱུ་མཚན་ཅི་ཡིན་ཟེར་ན། འོད་མདོའི་དགོངས་པ་ལྟར་ན་སངས་རྒྱས་འོད་དཔག་མེད་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱི་སྐུའི་སྐྱེ་བ་བཞེས་ཚེ་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཐུགས་རྒྱུད་བསྐུལ་ཏེ། ཞིང་ཁམས་རྨད་དུ་བྱུང་བ་ཞིག་ཡོངས་སུ་གཟུང་བའི་ཆེད་དུ་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་ཁམས་ཡོན་ཏན་ཐམས་ཅད་ཀྱི་བཀོད་པ་དང་། དེ་སྒྲུབ་བྱེད་ཀྱི་རྒྱུ་དང་བཅས་པ་ལོ་བྱེ་བ་གཅིག་གི་ཡུན་དུ་གསན་ཞིང་། ཁྱད་པར་དུ་འཕགས་པའི་ཞིང་ཁམས་དེ་རྣམས་ཀྱི་རྒྱ་ཁྱོན་དང་། དེའི་རང་བཞིན་འཁོར་ལོངས་སྤྱོད་ཀྱི་བྱེ་བྲག་ཟད་མི་ཤེས་པ་ཐམས་ཅད་ལྡན་པའི་སངས་རྒྱས་ཀྱི་ཞིང་ཁྱད་འཕགས་ཤིག་ལ་ཐུགས་རྩེ་གཅིག་ཏུ་གཏད་དེ་སེམས་ཤིང་བཞུགས་པ་ཡིན། དེ་ལྟར་བསྐལ་བ་བྱེ་བ་ཕྲག་བསམ་གྱིས་མི་ཁྱབ་པ་ཞིག་གི་རིང་ལ་ཐོས་པ་དང་བསམ་པ་མཛད་མཐར་ད་གཟོད་དེ་བཞིན་གཤེགས་པའི་སྤྱན་སྔར་དེ་འདྲའི་ཞིང་ཁམས་ཤིག་བཟུང་རྒྱུའི་སྨོན་ལམ་བཏབ་པ་ཡིན། །སྙིང་རྗེ་པདྨ་དཀར་པོའི་མདོའི་དགོངས་པ་ལྟར་ན། སངས་རྒྱས་འོད་དཔག་མེད་པ་འཁོར་སྒྱུར་གཙུག་གི་མུ་ཁྱུད་ཀྱི་སྐྱེ་བ་བཞེས་པའི་ཚེ་ན་རྒྱལ་པོ་དེས་ལོ་བདུན་ལ་གཡེང་བ་སྤངས་ནས་ནང་དུ་ཡང་དག་པར་འཇོག་པའི་བསམ་གཏན་ལ་གནས་པའི་སྐབས་སུ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྲས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་མདུན་དུ་ཞིང་ཁམས་གཟུང་བའི་སྨོན་ལམ་རྒྱ་ཆེན་པོ་བཏབ་ལ། སངས་རྒྱས་དེའི་བྱིན་རླབས་ཀྱིས་ཕྱོགས་བཅུའི་ཕྱོགས་རེ་རེ་ཡང་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་ས་ཡ་སྟོང་གི་རྡུལ་སྙེད་ཡོན་ཏན་བཀོད་པའི་རྒྱན་ཐམས་ཅད་མཐོང་ཞིང་གཟིགས་ནས་རང་ཉིད་གང་དུ་འཚང་རྒྱ་བར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དེ་ཡང་ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་བར་སྨོན་ལམ་གྱི་ཚུལ་ལ་མཁས་པར་མཛད་དེ་དེ་བཞིན་གཤེགས་པའི་ཞལ་སྔ་ནས་སྨོན་ལམ་རྒྱ་ཆེར་མཛད་ཚུལ་གསུངས་ཡོད། སངས་རྒྱས་དང་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའི་མཛད་པ་དང་སྐྱེས་རབས་ནི་ཐ་མལ་སྐྱེ་བོས་བློ་ཡུལ་ལས་འདས་པ་ཡིན། གང་ལྟར་ཡང་འོད་མདོ་དང་སྙིང་རྗེ་པད་དཀར་གྱི་མདོའི་དགོངས་དོན་ལྟར་བསྐལ་བ་བྱེ་བ་ཕྲག་བསམ་ཡུལ་ལས་འདས་པའི་ཕྱིན་དྲུག་གི་སྤྱོད་པ་ལ་སོགས་པ་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ལྟ་བུ་ཞིག་མཛད། སླར་དེ་ལྟ་བུ་མཛད་པ་དེ་སྙེད་ཀྱང་ཡང་ཞིང་ཁམས་མང་པོའི་རྡུལ་སྙེད་ཀྱི་བསྐལ་བའི་བར་དུ་ཞིང་ཁམས་སོ་སོའི་རྡུལ་གྲངས་དང་མཉམ་པར་བསྐྱེད་རབས་དང་། དེའི་ཐོག་ཏུ་གསན་བསམ་སྦྱོང་བ་མང་པོ་ཞིག་མཛད་དེ། མཐར་ཐུགས་བསྐྱེད་སྨོན་ལམ་རྣམ་པར་དག་པས་ཀུན་ལས་ཀྱང་ཁྱད་པར་དུ་འཕགས་པའི་ཞིང་ཁམས་འདི་ལྟ་བུ་བཟུང་བ་དང་། རྒྱུད་ཀྱི་དགོངས་དོན་ལྟར་ན། ཆོས་སྐུ་སྤྲོས་པ་དང་བྲལ་བའི་ཆོས་དབྱིངས་ཆེན་པོའི་ངང་དེ་ལས་མ་གཡོས་བཞིན་དུ་ཡེ་ཤེས་ལྔ་ཡི་རང་མདངས་རིགས་ལྔའི་སངས་རྒྱས་སུ་ཤར་བ་ལས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་མདངས་ནུབ་སྣང་བ་མཐའ་ཡས་པདྨའི་རིགས་ཀྱི་གཙོ་བོར་ཤར་ཞིང་དེ་ཉིད་གང་འདུལ་གདུལ་བྱའི་སྣང་ངོར་སྤྲུལ་བའི་གཟུགས་སྐུར་ཤར་བ་ལ་སངས་རྒྱས་འོད་དཔག་མེད་ཅེས་བྱ། ཞེས་གསུངས་སོ། མདོར་ན་སངས་རྒྱས་འདི་ཉིད་གཞན་ལས་ཁྱད་པར་དུ་འཕགས་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མངའ་བདག་ཡིན་པས་དེས་ཞིང་ཁམས་བཟུང་བའི་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་མཐུ་ཡིས་ཞིང་ཁམས་དེ་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན། དེ་ཡན་ཆད་ཀྱིས་ཐོག་མར་དགེ་བ་ཀླད་ཀྱི་དོན་མཚན་སྨོས་པ་དང་མཚན་དོན་འགྲེལ་བ་ལ་སོགས་པ་སོང་ནས། ད་བར་དུ་དགེ་བ་གཞུང་གི་དོན་ཡིན་ལ།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། འཇུག་པའི་ཡན་ལག་དང་། གཞུང་དོན་སྨོན་ལམ་དངོས་གཉིས་ལས། དང་པོ་ལའང་འདི་ཇི་ལྟར་འཆང་ཞིང་ཐུགས་དམ་དུ་བྱ་བ་དང་། འདིའི་ཕན་ཡོན་གདམས་པར་འཛིན་པ་གཉིས་ལས།

དང་པོ་སྨོན་ལམ་འདི་ཉིད་ཇི་ལྟར་འཆང་ཞིང་ཐུགས་དམ་དུ་བྱ་བ།

དང་པོ་སྨོན་ལམ་འདི་ཉིད་ཇི་ལྟར་འཆང་ཞིང་ཐུགས་དམ་དུ་བྱ་བ་ནི། འདིར་ཡིག་ཆུང་ལ་ལྟོས་དང་། འདི་ཉིད་ཆག་མེད་ཐུགས་དམ་མཛོད། །མང་པོ་འགའ་ལ་ཨེ་ཕན་བསམ། །ལག་པ་ན་ཡང་འབད་ནས་བྲིས། །དཔེ་གཅོད་འདོད་མི་གདའ་ན་གཡོར། །ཞེས་གསུངས་ཏེ། འདི་ཉིད་ཆག་མེད་ཐུགས་དམ་མཛོད་ཅེས་སྔོན་སངས་རྒྱས་འོད་དཔག་མེད་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་ཁམས་ཀྱི་ཡོན་ཏན་བཀོད་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པ་དང། ད་དུང་དེ་ལས་ཀྱང་ཁྱད་པར་འཕགས་པའི་ཞིང་ཁམས་ཤིག་གཟུང་བའི་ཆེད་དུ་བསྐལ་པ་བྱེ་བ་སྟོང་བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པ་མང་པོའི་མདུན་དུ་ཞིང་ཁམས་དེ་དག་གི་ཡོན་ཏན་དང་དེ་དག་ཏུ་སྐྱེ་བའི་རྒྱུ་དང་བཅས་པ་གསན་བསམ་དང་ཞིང་སྦྱངས་མཛད་ཅིང་། འུ་ཅག་སྙིགས་མའི་སེམས་ཅན་ཚེ་ཐུང་ནད་མང་ཡིན་ཡང་བདེ་བ་ཅན་གྱི་ཞིང་ཁམས་དེ་ལ་སྐྱེ་བའི་ཆེད་དུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ཞིང་ཁམས་བཟུང་བའི་ཐུགས་སྟོབས་དང་སྨོན་ལམ་གྱི་རྗེས་སུ་མཐུན་པར་ཕྱོགས་མཚུངས་པ་ཞིག་བྱེད་དགོས་པས། དེ་ལྟར་ན་བདེ་བ་ཅན་ལ་སྐྱེ་བའི་སྨོན་ལམ་འདི་ཉིད་ཉིན་མཚན་དུས་དྲུག་ཏུ་མ་ཆག་པར་བྱ་ཐུབ་ན་བཟང་ཤོས་ཡིན། དེ་ཙམ་མ་ཐུབ་ན་ཡང་ཉིན་རེ་བཞིན་དུ་རྒྱུན་ཆད་མེད་པར་ཆག་མེད་ཏུ་ངག་གིས་ཚིག་འདོན་པ་དང་། འདོན་བཞིན་དུ་ཡིད་ཀྱིས་དད་པ་མོས་གུས་དང་བཅས་པ་དང་། ལུས་ཀྱི་གུས་ཕྱག་དང་ཐལ་མོ་སྦྱར་ནས་འོད་དཔག་མེད་འཁོར་དང་བཅས་པ་གསལ་སྣང་ལས་མ་གཡེང་བཞིན་དུ་ཐུགས་ཀྱི་དམ་པ་སྙིང་གི་དཀྱིལ་དུ་ཆོངས་ཤིག དགེ་སྦྱོར་ཐམས་ཅད་ཀྱི་ནང་ནས་གནད་ཆེན་པོ་འདི་མཛོད་ཅིག་ཅེས་གསུངས་པ་ཡིན། ལག་པ་ན་ཡང་འབད་ནས་བྲིས་ཞེས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟབ་མོའི་མདོ་སྡེ་འཆང་བའི་ཕན་ཡོན་གསུངས་སྐབས་མདོ་སྡེ་འདི་འཆང་བའམ། ཀློག་པ་དང་། ཡི་གེ་འདི་འབྲི་བའམ། འབྲིར་འཇུག་པའམ། འདི་ཉིད་ཡུལ་ཕྱོགས་གང་དུ་བཞུགས་པའི་ས་ཆ་ཐམས་ཅད་དགེ་ཞིང་བཀྲ་ཤིས། སེམས་ཅན་ཀྱི་སྡུག་བསྔལ་སེལ་བར་མ་ཟད་འདི་དང་འབྲེལ་བའི་སེམས་ཅན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྲམ་ཟེ་དགེ་སྦྱོང་སུ་ཡིན་ཡང་ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་ལ། དེའི་ཕྱིར་ན་འདི་ཉིད་འཇིག་རྟེན་གྱི་ཁམས་སུ་མི་ནུབ་ཅིང་དར་བའི་ཕྱིར་དང་ཡི་གེ་མང་པོ་སྤེལ་བའི་ཆེད་དུ་ལག་པ་ན་ཡང་འབད་པ་བསྐྱེད་ནས་བྲིས་ཤིག་ཅེས་བདེ་སྨོན་གྱི་དཔེ་ཆ་འདི་ཕྱོགས་ཀུན་དུ་ཁྱབ་གདལ་གྱིས་ཤིག་ཅེས་གསུངས་པ་ཡིན། དེང་དུས་གློག་པར་དང་འཕྲུལ་པར་ལ་སོགས་པ་ཡི་གེ་སྤེལ་བའི་ཐབས་ཤེས་མང་པོ་ཡོད་པས། དེ་ལྟར་རྒྱུ་བཏང་ནས་ཡི་གེ་མང་པོ་སྤེལ་ནའང་ཕན་ཡོན་ཆེ། ཡང་ན་རང་ཉིད་ཀྱི་སྡིག་སྒྲིབ་འདག་པའི་ཆེད་དུ་ཚར་མང་པོ་ཡིག་ནོར་དང་ཆད་ལྷག་ཤོར་དུ་མི་འཇུག་པར་བྲིས་ནའང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་དང་། རྡོ་ལ་བརྐོས་ནའང་ཕན་ཡོན་ཆེན་པོ་ཡོད་པ་དེ་རིགས་པས་དཔོག་ཐུབ། མང་པོ་འགའ་ལ་ཨེ་ཕན་བསམ་ཞེས་མང་པོ་ནི་མཐའ་ཡས་པའི་སེམས་ཅན་ནམ་མཁའི་གར་ཁྱབ་ལ་སེམས་ཅན་གྱིས་ཁྱབ་ཡོད་པས་ཕ་མར་གྱུར་བའི་སེམས་ཅན་ཤིན་ཏུ་མང་པོ་དེ་དག་ལ་ཕན་ཐོགས་ནས་སེམས་ཅན་དེ་དག་ཐམས་ཅད་གཅིག་ཀྱང་མ་ལུས་པར་རྫོགས་བྱང་ཐོབ་པའི་རྒྱུ་རུ་འགྱུར་བའི་ཉིང་དགོས་དང་། འགའ་ལ་ཞེས་པ་ནི་ཡང་དེའི་ནང་ནས་བྱེ་བྲག་པ་དལ་འབྱོར་ཚང་བའི་མིའི་ལུས་རྟེན་ཅན་འཛམ་བུ་གླིང་ལས་གྱི་ས་པར་སྐྱེས་ཡོད་པ་འདི་རྣམས་ལ་ཐོག་མར་ཕན་ཞིག་ཨེ་ཐོགས་བསམ་པ་ཡིན་ཞེས་གསུངས་པ་ཡིན་ཞིང་། སྨོན་ལམ་འདི་ཉིད་བརྩམས་པའི་ཉིང་དགོས་དང་དགོས་པ་ཞོར་ལ་བསྟན་པ་ཡིན། དཔེ་གཅོད་འདོད་མི་གདའ་ན་གཡོར་ཞེས་པ་ནི། སྨོན་ལམ་འདི་ཉིད་ཀྱིས་མ་ཁྱབ་པའི་ས་ཆའི་གདུལ་བྱ་ལས་དང་སྨོན་ལམ་མཐུན་པ་ཚོར་ཕན་ཐོགས་པའི་ཆེད་དུ་ས་ཕྱོགས་དེའི་མོས་པ་ཅན་སྨོན་ལམ་འདི་ཉིད་ཡི་གེ་མ་ཕྱི་གཅིག་ནས་མང་པོར་སྤེལ་སྙམ་སྟེ་དཔེ་གཅོད་བྱེད་འདོད་མཁན་གདའ་ནའམ་ཡོད་ན་དཔེ་མཁྱུད་མ་བྱེད་པར་གཡོར་དང་། ཁྱོད་རང་ཉིད་ལ་མདོ་སྡེ་སྤེལ་བའམ་སྤེལ་དུ་བཅུག་པའི་བསོད་ནམས་ཐོབ་པ་ཡིན་ཞེས་གསུངས་པ་ཡིན། འདིའི་ཤུགས་བསྟན་ལ། ཡི་གེའི་གཟུགས་དཔེ་གཅོད་དུ་འཇུག་པར་མ་ཟད་དེའི་དོན་བཤད་ནས་དེའི་ནང་དོན་སེམས་ལ་ངེས་སུ་བཅུག་སྟེ་སེམས་ཅན་མང་པོ་ཞིག་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་སྒྲུབ་པའི་ཕྱོགས་ལ་བློ་ཁ་ཕྱོགས་སུ་ཆུག་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཅེས་བསྟན་པ་ཡིན། གཉིས་པ་ཕན་ཡོན་གདམས་པར་མཛད་པ་ནི།

གཉིས་པ་ཕན་ཡོན་གདམས་པར་མཛད་པ།

འདི་ལས་ཕན་ཡོན་ཆེ་བ་མེད། །འདི་ལས་ཟབ་པའི་གདམས་ངག་མེད། །ང་ཡི་ཆོས་ཀྱི་རྩ་བ་ཡིན། །རང་གར་མ་སྐྱུར་ཉམས་ལེན་འབུངས། །ཞེས་གསུངས་ཏེ། འདི་ལས་ཕན་ཡོན་ཆེ་བ་མེད། །ཅེས་སྨོན་ལམ་འདི་ཉིད་ཐེག་ཆེན་མདོ་སྡེའི་དགོངས་དོན་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ། བདེ་བར་གཤེགས་པའི་ཆོས་ཀྱི་ཕུང་པོ་ཐམས་ཅད་ཀྱི་ཉིང་བཅུད་ཀྱང་ཡིན་པས་ན་འདི་ཉིད་འཛིན་སྐྱོང་ཀློག་པ་ལས་ཕན་ཡོན་ཆེ་བ་ཞིག་གཞན་ན་མེད་ལ་བཙལ་ཀྱང་རྙེད་རྒྱུ་མེད་ཅེས་གསུངས་པ་ཡིན། འདི་ལས་ཟབ་པའི་གདམས་ངག་མེད། །ཅེས་པ་ནི་འདི་ལས་ཟབ་པའི་གདམས་ངག་ཞིག་ཀྱང་མི་དགོས། ཅིའི་ཕྱིར་ཞེ་ན། ཆོས་ཟབ་མོ་གདམས་ངག་གནད་ཆེན་གཞན་གང་ཡིན་ཡང་སོ་སོའི་སྐྱེ་བོ་ཐ་མལ་བ་ལམ་ལ་སྦྱོང་བ་ཆེན་པོ་མི་དགོས་པར་དག་པའི་ཞིང་ཁམས་སུ་སྐྱེ་བ་དེ་ཅུང་ཟད་དཀའ་བ་ཡིན། འདིའི་ཁྱད་ཆོས་གང་ཡིན་ཞེ་ན། དུས་ཐ་མའི་སྐྱེ་བོས་ཀྱང་འགྲུབ་ཐུབ་རྒྱུ་ཅན་རྒྱུ་བཞི་བསྒྲུབས་ན་བདེ་བ་ཅན་ལ་སྐྱེས་ངེས་པ་ཅན་ཡིན་པར་མ་ཟད། ཞིང་ཁམས་དེ་ལ་སྐྱེས་ནས་དུས་ངན་བསྐལ་ངན་གྱི་རྒུད་པ་དང་བར་ཆད་ཀྱིས་མི་གོས་པར་ས་ལམ་བགྲོད་དེ་སངས་རྒྱས་པར་འགྱུར་བ་ཡིན་ཞིང་། འདི་ལས་ཟབ་པའི་གདམས་ངག་མེད་པའམ་མི་དགོས་པ་ཤེས་བཞིན་པ་དེ་ཡིན། ང་ཡི་ཆོས་ཀྱི་རྩ་བ་ཡིན། །ཞེས་པ་ནི་འདིའི་སྐབས་སུ་སྨོན་ལམ་མཛད་པ་པོ་གང་ཉིད། གང་བསྟན་བྱའི་ཆོས་སམ་ཞིང་ཁམས་ཀྱི་གཙོ་བོ་མགོན་པོ་འོད་དཔག་མེད་ཀྱི་ཕྲིན་ལས་ཀྱི་ཆ་ཤས། དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མ་མཆིས་ཤིང་ཐ་མི་དད་པའི་ངོས་ནས། ནུབ་སྣང་བ་མཐའ་ཡས་གསུང་མ་ཆགས་པདྨའི་རིགས་ཀྱིས་བྱིན་རླབས་དང་དངོས་གྲུབ་ཀྱི་བདག་པོའི་ཚུལ་གྱིས་ང་ཡི་ཆོས་ཀྱི་རྩ་བ། མཆོག་གསུམ། རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་དམིགས་ཏེ། བསྐྱེད་དང་རྫོགས་པ་ཟུང་དུ་འབྲེལ་ན་ཐུན་མོང་དང་ཐུན་མིན་གྱི་མཐར་ཐུག་གི་འབྲས་བུ་འདིས་སྦྱིན་པར་བྱེད་པས་ང་ཡི་ཆོས་ཀྱི་རྩ་བ་ཡིན་ཞེས་གསུངས་པ་དེ་སྔགས་དང་སྦྲེལ་ཏེ་འགྲེལ་ན་ཡང་ཆོག རང་གར་མ་སྐྱུར་ཉམས་ལེན་འབུངས་ཞེས་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་རྙེད་པར་དཀའ་ཞིང་། སྔར་བསགས་བསོད་ནམས་ཀྱི་དབང་གིས་ནོར་བུ་ལག་ཏུ་ལོན་དུས་ནོར་བུའི་ནོར་ཉམས་ཆོད་ནས། ནོར་བུ་རྒྱལ་མཚན་གྱི་རྩེ་མོར་བཏགས་ནས་ཁྲུས་བྱས་ཤིང་དར་གྱིས་བརྒྱན་ཏེ་གསོལ་བ་བཏབ་ན་དགོས་འདོད་ངང་གིས་འབྱུང་པ་ཡིན་ཞིང་། ནོར་བུ་ལག་ཏུ་ཡོད་ཀྱང་དེ་ལ་བེད་སྤྱད་དེ་གསོལ་འདེབས་ཀྱི་སྒོ་ནས་འདོད་དོན་འགྲུབ་ཏུ་མ་བཅུག་ཚེ་འཕྲོ་བརླག་ཡིན་ལ། དེས་ན་འདི་ནི་འདོད་དོན་སྒྲུབ་པ་ལ་ནོར་བུ་ལས་ཀྱང་ལྷག་པ་ཡིན། ནོར་བུས་ཚེ་འདིའི་འདོད་དོན་སྐོང་བ་ཙམ་ཡིན་ཞིང་། འདིས་ཚེ་རབས་གཏན་གྱི་སྡུག་བསྔལ་དང་བྲལ་ཏེ་བདེ་བ་ཅན་དུ་སྐྱེ་བའི་ལམ་སྟོན་པར་བྱེད་པས་ན་རང་གར་མ་སྐྱུར་ཞེས་རང་གར་མ་སྐྱུར་བར་ཉམས་ལེན་གནད་དུ་འཛིན་པ་ལ་འབད་འབུངས་གྱིས་ཤིག་ཅེས་གདམས་ངག་གནང་བ་ཡིན། འདི་ནི་མདོ་ལུགས་ཡིན་པའི་ཕྱིར། །ལུང་མ་ཐོབ་ཀྱང་འདོན་ནི་རུང་། །ཞེས་གསུངས་ཏེ། སྤྱིར་ན་ཆོས་བཤད་པའི་སྐབས་དང་ཆོས་སྒྲུབ་པའི་སྐབས་སུ་ལུང་རིགས་དང་མི་འགལ་བ་ཞིག དྲང་དོན་དང་ངེས་དོན་མ་འཁྲུགས་པ། དགོངས་ལྡེམ་དགོངས་དྲང་པོར་དགོངས་པ་རྣམས་མ་འཆོལ་བ། གང་ཟག་མཆོག་དམན་ལ་གསུངས་པའི་ཆོས་ཀྱི་ཐེག་པའི་རིམ་པ་མ་འཁྲུགས་པ། ཉན་ཐོས་དང་ཐེག་ཆེན་གཉིས་ཀྱི་མཐུན་པ་རྣམས་མི་འགལ་བ། མི་མཐུན་པ་རྣམས་མ་འདྲེས་པ། མདོ་སྔགས་ཀྱི་དབྱེ་བ་འབྱེད་ཤེས་པ་ཞིག་སྟེ། མདོར་བསྡུས་ན་བཤད་པའི་སྣོད་དང་། ཆོས་ཀྱི་དབྱེ་བ། འཆད་པའི་ཚུལ་རྣམས་ཤེས་དགོས། སྨོན་ལམ་འདི་ནི་འོད་དཔག་མེད་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་དང་། འཆི་མེད་རྔ་སྒྲ། སྙིང་རྗེ་པདྨ་དཀར་པོའི་མདོ། ཚངས་པས་བྱིན་གྱིས་ཞུས་པའི་མདོ། ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ། མདོ་སྡོང་པོ་བཀོད་པ་ལ་སོགས་པ་མདོ་སྡེ་མང་པོ་དང་། བསྟན་བཅོས་ནི་མགོན་པོ་བྱམས་པའི་རྒྱུད་བླ་མ་ལ་སོགས་པ་སྟེ། བཀའ་དང་བསྟན་བཅོས་མང་པོ་ཞིག་གི་དགོངས་དོན་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་པས་གཙོ་ཆེར་མདོ་ལུགས་ལྟར་ཡིན་པའི་ཕྱིར་ན་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་མེད་པའམ་མ་ཐོབ་ཀྱང་འདོན་མི་རུང་བའི་བཀའ་རྒྱ་ཅན་དེ་ལྟ་བུ་མིན། ཟབ་པའི་ཆ་ནས་མདོ་རྒྱུད་ཀྱི་དགོངས་དོན་འདུས་པ། འཆང་བདེ་ཞིང་འཛིན་སླ་བའི་ངོས་ནས་ཐུན་མིན་གྱི་ཁྱད་ཆོས་དང་ལྡན་པ། གོང་དུ་འདི་ལས་ཟབ་པའི་གདམས་ངག་མེད་ཅེས་གསུངས་ཤིང་། དེས་ན་ལུང་མ་ཐོབ་ཀྱང་འདོན་རུང་ཞེས་གསུངས་ལ། འདིའི་འདོན་མི་རུང་བ་མེད་ཅེས་པའི་རྣམ་གཅོད་ཀྱིས་དགག་བྱ་བཀག་པའི་ཤུལ་དུ་ཡོངས་གཅོད་ཀྱི་སྒྲུབ་ཕྱོགས་ཀྱི་དགོས་པ་ཅི་ཞིག་བསྟན་པ་ནི་རྒྱུད་རང་ལུགས་དང་མདོ་སྔགས་ཟུང་འབྲེལ་གྱི་དབང་ལུང་ཁྲིད་གསུམ་ལ་སོགས་པ་ཐོབ་ནས་བསྒྲུབ་ན་ལྷག་པར་དུ་བཟང་ཞིང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བ་དེ་བསྟན་པ་ཡིན། དེ་ཡན་ཆོད་ཀྱིས་གཞུང་དོན་དངོས་ལ་འཇུག་པའི་ཡན་ལག་སོང་ནས། ད་བར་དུ་དགེ་བ་གཞུང་གི་དོན་དངོས་འཆད་པའི་སྐབས་ཡིན་ལ། དེ་ཡང་མདོ་དང་བསྟན་བཅོས་གང་བཤད་ཀྱང་མདའ་ལྟར་རྩེ་མོ་ནས་བཟུང་བའི་བཤད་ལུགས་ཤིག་དང་། མདུང་ལྟར་སྐེད་པ་ནས་བཟུང་བའི་བཤད་ལུགས། རལ་གྲི་ལྟར་ཡུ་བ་ནས་བཟུང་བའི་བཤད་ལུགས་ཏེ། གསུམ་ཡོད་མོད། རང་རེས་ཚིག་དོན་ཐམས་ཅད་ཟུང་དུ་སྦྲེལ་ནས་གནད་ལ་ཕུག་པ་མདའ་ལྟར་རྩེ་མོ་ནས་བཟུང་བའི་ཚུགས་ཀ་བྱས། དོན་སྙིང་ཟིན་ཡོད་པས་རྩ་བ་མ་ཤོར་བ་རལ་གྲི་ལྟར་ཡུ་བ་ནས་བཟུང་བའི་བཤད་ལུགས་ཀྱི་རྗེས་སུ་འབྲང་། རྒྱུ་བཞི་བསྒྲུབ་དགོས་པའི་གནད་དག་ཐད་ཀ་ཐད་ཀྱི་བཟུང་ནས་མདུང་ལྟར་སྐེད་པ་ནས་བཟུང་བའི་བཤད་ལུགས་ཀྱི་ཚུལ་བྱས་པས་བཤད་ལུགས་རྣམ་པ་གསུམ་པོར་གཞི་བཟུང་ལ། ཆིངས་ཆེན་པོ་རྣམ་པ་ལྔའམ་གསུམ་གྱིས་བཅིངས་ཏེ་བཤད་ན་མ་འདྲེས། མི་འཛིང་། གོ་སླ་བའི་གནད་ཡོད་པ་ཡིན་པས་འདི་ནས་ཆིངས་གསུམ་གྱི་དབང་དུ་བྱས་ན་དཀྱུས་ཀྱི་ས་གཅོད་པ། ཚིག་གི་འབྲུ་ནོན་པ། སྐབས་ཀྱི་དོན་བསྡུ་བའི་གནད་མ་བོར་བའི་ཐོག་ནས་བཤད་དགོས།

གཉིས་པ་གཞུང་དོན་སྨོན་ལམ་དངོས།

གཉིས་པ་གཞུང་དོན་སྨོན་ལམ་དངོས་ལ་གསུམ། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབ་པ་ལ་སྨོན་པ། མཚན་བཟུང་བའི་བྱིན་རླབས་ཚེ་འདིར་འབྱུང་བའི་གསོལ་བ་འདེབས་པ། སྨོན་ལམ་འགྲུབ་པའི་རྒྱུ་བདེན་ཚིག་གཟུངས་སྔགས་དང་བཅས་པ་བརྗོད་པའོ། །སྤྱིའི་ཆིངས་གསུམ་གྱི་ནང་དུ་སྨོན་ལམ་གྱི་གཞུང་དོན་ཡོངས་སུ་རྫོགས་པ་འདུས་ཡོད།

དང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་སྨོན་པ།

དང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་སྨོན་པ་ལ་ནང་གསེས་རྣམ་པ་བཞི་སྟེ། དང་པོ་ཞིང་ཁམས་ཀྱི་བཀོད་པ་ཡང་ཡང་ཡིད་ལ་བྱེད་པ། གཉིས་པ་དགེ་བའི་རྩ་བ་དཔག་ཏུ་མེད་པ་སྒོ་དུ་མ་ནས་བསགས་པ། གསུམ་པ་གྲོགས་བྱང་ཆུབ་མཆོག་དུ་སེམས་བསྐྱེད་པ། བཞི་བ་དགེ་བའི་རྩ་བ་དེ་རྣམས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ཞིང་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ་དང་བཞི་ཡིས་བསྟན་ཡོད། བདེ་བ་ཅན་ལ་སྐྱེ་བྱེད་ཀྱི་རྒྱུ་ལ་རྣམ་པ་དུ་ཡོད་ཅེ་ན། རྣམ་པ་བཞིར་གྲངས་ངེས་པ་སྟེ། གྲངས་ངེས་པ་དེ་ལ་དགོས་པ་ལ་ལྟོས་ནས་གྲངས་ངེས་པ་ཞིག་དང་། ལོག་རྟོག་ལ་ལྟོས་པའི་གྲངས་ངེས་གཉིས་ཡོད། འདི་དགོས་པ་ལ་ལྟོས་པའི་གྲངས་ངེས་པ་ཡིན་ལ། བདེ་བ་ཅན་དུ་སྐྱེས་པའི་ཐེག་ཆེན་འཕགས་པ་ཞིག་ཡིན་ན་འདིའི་རྒྱུ་བཞི་འདི་མ་ཚང་ན་མི་སྐྱེ། ཚང་ན་སྐྱེ་བས་ན་དེ་ལས་མང་མི་དགོས། དེ་ལས་ཉུང་མི་རུང་བ་ཡིན། ཡང་འདི་རྣམས་རྒྱུ་རྐྱང་པ་ཞིག་ག་ལ་ཡིན་ཏེ་འགའ་རེ་རྐྱེན་འགའ་རེ་གྲོགས་མ་ཡིན་ནམ་སྙམ་ན། གཙོ་ཆེ་བ་རྒྱུ་འབྲས་གཉིས་སུ་ཕྱེ་བའི་དབང་དུ་བཏང་སྟེ་བྱེ་བྲག་གི་སྒྲ་སྤྱི་ལ་འཇུག་པའི་ཚུལ་གྱིས་བསྟན་པ་ཡིན་ཞིང་། བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་བོ་ཞེ་ལ་ངེས་རྒྱུ་དེ་གལ་ཆེ། རྒྱུ་བཞི་པོ་རེ་རེ་བཞིན་དུ་རྒྱས་པར་གསུངས་ཡོང་དུས་གོ་ཐུབ་ཀྱང་། ལས་དང་པོ་བ་རྣམས་ཀྱི་བློ་ལ་འཛིན་བདེ་བའི་ཆེད་དུ་ན་ནིང་ཞིག་ལ་རང་རེས་འདི་ལ་སྡོམ་ཚིག་ཅིག་བྱས་ཡོད། རྟེན་རྒྱུ་གྲོགས་རྐྱེན་བཞི་པོ་ཡིན། དེ་ཡང་བརྗོད་བྱས་ན་དང་པོ་རྟེན་ཞིང་ཁམས་ཀྱི་བཀོད་པ་ཡང་ཡང་ཡིད་ལ་བྱ་པ། གཉིས་པ་རྒྱུ་དགེ་བའི་རྩ་བ་དཔག་དུ་མེད་པ་སྒོ་དུ་མ་ནས་བསགས་པ། གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། བཞི་པ་རྐྱེན་དགེ་བའི་རྩ་བར་བསྟེན་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ཞིང་སྨོན་ལམ་འདེབས་པ་སྟེ་བཞིས་བསྟན་ཡོད།

རྒྱུ་དང་པོ་ཞིང་ཁམས་ཀྱི་བཀོད་པ་ཡང་ཡང་ཡིད་ལ་བྱེད་པ།

ཨེ་མ་ཧོ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །ཞེས་པ་ནས་ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །ཞེས་པའི་བར་གྱིས་རྒྱུ་དང་པོ་བསྟན་པ་ཡིན་པས་ཚིག་དོན་སྦྲེལ་ཏེ་འབྲུ་མནན་ནས་བཤད་ན། ཞིང་ཁམས་ཀྱི་བཀོད་པ་ཡང་ཡང་ཡིད་ལ་བྱ་བ་ལ་གཉིས་ཏེ། རྟེན་ཞིང་ཁམས་ཡིད་ལ་བྱེད་པ་དང་། བརྟེན་པ་ཚོགས་ཞིང་གསལ་འདེབས་པའོ།།

དང་པོ་རྟེན་ཞིང་ཁམས་ཡིད་ལ་བྱ་བ།

ཨེ་མ་ཧོ། ཞེས་པ་ནི་ངོ་མཚར་བའི་ཚིག་སྟེ། ངོ་མཚར་བའི་ཚིག་འདི་དགྱེས་པའི་བཞད་སྒྲ་དང་བཅས་ཏེ་གསུངས་པ་འདིས་ངོ་མཚར་བའི་དོན་ཅི་ཞིག་བསྟན་ཅེ་ན། བདེ་བ་ཅན་དང་འོད་དཔག་མེད་པའི་ཞིང་དང་སྐུ་ཡི་བཀོད་པ་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་ངོ་མཚར་བའི་ཚིག་གིས་བརྗོད་པ་ཞིག་ཡིན། །སྐྱེ་རྒ་ན་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མི་བཟད་པས་དུས་རྟག་ཏུ་གདུང་ཞིང་མནར་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཕན་བཏགས་ཏེ་དེ་རྣམས་གཏན་གྱི་བདེ་བ་ལ་བཀོད་དགོས་བསམ་མཁན་ཞིག་གིས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་དོན་གཉེར་བྱེད་ངེས། དེ་ལྟར་ན་སངས་རྒྱས་ཀྱི་གོ་འཕང་སྒྲུབ་བྱེད་ལ་རྒྱུ་གཅིག་མ་གཏོགས་གཉིས་མེད། གཅིག་པོ་དེ་གང་ཞེ་ན། ཟབ་དང་རྒྱ་ཆེའི་ལམ་གྱི་ཕྱོགས་ཡོངས་སུ་འདུས་པ་ནི། བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པ་དེ་ཉིད་ཡིན། བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པ་དེ་ནི་སྤྱོད་པ་རྒྱ་ཆེན་པོ་མཐའ་ཡས་པ་ཡིན་པས་ན་དང་པོ་སྤྱོད་པ་དེ་ལ་འཇུག་པ་དང་། ཞུགས་ནས་མཐར་ཕྱིན་ཏེ་ཆ་ཚང་བ་བྱེད་པ་གཉིས་ཀ་བྱ་དཀའ་བའི་གནས་ཡིན། དེ་ལྟར་ན་བྱ་དཀའ་བ་དེ་བདེ་བླག་ཏུ་འགྲུབ་པའི་ཆེད་དུ་རྟེན་སའི་སྐྱབས་དང་མགོན་རླབས་པོ་ཆེ་ཁྱད་དུ་འཕགས་པ་ཞིག་ཡོད་དགོས་པས། སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཇལ་བ་དང་། ཕྱག་བྱ་བ། བསྙེན་ཞིང་བཀུར་བ། ཐེ་ཚོམ་གཅོད་པའི་ཡོངས་སུ་དྲི་བ་ཐམས་ཅད་བྱ་བའི་ཆེད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བ་འཛིན་ཅིང་། མ་དག་པའི་ཞིང་ན་སྙིགས་མ་ལྔ་བདོ་བའི་དབང་གིས་དད་པ་དང་། བརྩོན་འགྲུས། ཤེས་རབ་ལ་སོགས་པ་མཐུ་ཆུང་ཞིང། ལོངས་སྤྱོད་ཀྱི་འབྱོར་བ་དམན། དེའི་མཐུན་རྐྱེན་བསྒྲུབ་པའི་ཕྱིར་དུ་སྔ་དྲོ། ཕྱི་དྲོ། ད་ལོ། སང་ཕོད། ཚེ་སྟོད། ཚེ་སྨད་བྱས་ཏེ་བརྒྱུགས་བརྒྱུགས་འདུར་འདུར་གྱིས་ཉི་མ་ཟད། ཅུད་ཟད་ཅིག་སྐྱིད་ན་ཡང་དེས་སེམས་བསླུས་ཏེ་ངེས་འབྱུང་མི་སྐྱེ། ཡང་ནད་ན་ཚ་མྱ་ངན་སྡུག་བསྔལ་ཞིག་གིས་མནར་གྱིན་ཡོད་ཚེ་ཆོས་སྒྲུབ་པའི་ཡི་ག་མེད། གལ་ཏེ་ཐོས་པའི་ཡོན་ཏན་ལྟ་བུ་ཅུང་ཟད་ཅིག་རྒྱུད་ལ་སྐྱེས་ཡོད་ཀྱང་། ཆོས་ལྟར་བཅོས་པའི་གྲོགས་ངན་མང་བའི་ཤུགས་ཀྱིས་སྔར་རྒྱུད་ལ་སྐྱེས་ཡོད་པའི་ཡོན་ཏན་ཆུང་ཆུང་དག་ཉམས་སླ་བ་ཡིན། ཞིང་ཁམས་བདེ་བ་ཅན་ལ་སྐྱེས་སོང་ན་དེ་འདྲའི་ཉེས་པ་མེད་ཅིང་གཙང་བས་ན། རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན་ཞེས་གསུངས་པས་ཞིང་ཁམས་དེ་ལ་སོང་ནས་ལམ་བསྒྲུབས་ན་ལམ་གྱིས་ཆོད་ཆེ། ཞིང་ཁམས་དེ་ལ་སྐྱེས་ཚད་མངོན་ཤེས་ལྔ་དང་ལྡན་པ་ཁོ་ན་སྟེ། རྫུ་འཕྲུལ་གྱི་མངོན་ཤེས་ཡོད་པས་དེའི་གདུལ་བྱའི་སེམས་ཅན་གང་དུ་ཡོད་ན་དེ་ལ་སོང་ནས་རྒྱལ་བའི་བསྟན་པ་ལ་མི་དད་པ་རྣམས་དད་པར་བྱེད་པ་དང་དད་པ་རྣམས་ལྷག་པར་དད་དུ་འཇུག་པ་དང་། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱིས་གདུལ་བྱའི་རྒྱུད་ཀྱི་རྒྱུ་སྔོན་སོང་ཇི་ལྟར་ཡིན་པ་ཤེས་ནས། དེར་བྱུང་རབས་ལོ་རྒྱུས་དང་སྔོན་གྱི་སྐྱེ་རབས་སོགས་བསྟན་ནས་དེ་ལ་སྐྱོ་བ་སྐྱེད་ཐུབ་པ་ལ་སོགས་པ་འོག་ནས་འབྱུང་བའི་མངོན་ཤེས་དང་སྤྱན་ལ་སོགས་པར་དབང་འབྱོར་བ་ལྟ་བུ་ཡིན། བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེས་ཕྱིན་རང་ཉིད་ཞིང་དག་པའི་རྒྱལ་སྲས་རྣམས་དང་སྐལ་བ་མཉམ་པར་གྱུར་སོང་བ་ཡིན་ལ། དེའི་དུས་སུ་མ་དག་པའི་ཞིང་གི་འགྲོ་བ་ལ་ཕན་འདོགས་པའི་ནུས་པ་དང་ལྡན་ཞིང་། སངས་རྒྱས་དངོས་ཀྱི་མདུན་ནས་ཆོས་ཉན་ཏེ་ཞིང་ཁམས་གཞན་དུ་སྐད་ཅིག་གཅིག་གིས་བགྲོད་ཐུབ་པ་ལ་སོགས་པ་མདོར་ན་ཡོན་ཏན་ཚད་མེད་པ་ཡོད། དེས་ན་འགྲོ་བ་སེམས་ཅན་གྱི་དོན་བྱེད་བསམ་པ་ཞིག་གིས་དང་པོ་དེ་ལ་སོང་སྟེ། དེ་ནས་ས་ལམ་བགྲོད་ཞོར་འགྲོ་དོན་རྒྱ་ཆེན་བསྒྲུབ་ཞོར་དུ་རྫོགས་སྨིན་སྦྱངས་པའི་བྱང་སེམས་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པའི་སྐལ་བ་བཟང་པོ་དང་ལྡན་སོང་བ་ཡིན། དེས་ན་བདེ་བ་ཅན་གྱི་ཞིང་ཁམས་དང་ཞིང་དེའི་གཙོ་བོ་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པའི་ཡེ་ཤེས། ཡོན་ཏན། གཟི་བརྗིད། ཕྲིན་ལས་ཚད་མེད་པ་ལ་ངོ་མཚར་བའི་ཚིག་གིས་ཨེ་མ་ཧོ་ཞེས་དང་བ་སྟོན་པའི་ཚིག་དང་བཅས་ཏེ་གསུངས་ལ། དོན་བསྡུས་ཏེ་བཤད་ན་ཨེ་མ་ཧོ་ཞེས་པ་ངོ་མཚར་བའི་ཚིག་ཡིན། དེས་ན་དེ་བཞིན་གཤེགས་པ་མགོན་པོ་འོད་དཔག་མེད་དམ་ཚེ་དཔག་མེད་པའི་རྣམ་པར་ཐར་བ་འདི་ངོ་མཚར་བའི་ཚིག་ཨེ་མ་ཧོ་འདིས་བསྟན་ཞེས་ཟེར་ཆོག་པ་རེད། དེའི་རྣམ་ཐར་དེའང་ངོ་མཚར་ལུགས་གསུམ་དུ་བསྡུས་ནས་བཤད་ཆོག་པ་ཡིན། དེ་གསུམ་པོ་གང་ཡིན་ཞེ་ན། ཐུགས་བསྐྱེད་ངོ་མཚར་བ་་དང་གཅིག བརྩོན་འགྲུས་ཀྱི་འཇུག་པ་ངོ་མཚར་བ་དང་གཉིས། འབྲས་བུའི་ཡོན་ཏན་ངོ་མཚར་བ་དང་གསུམ་གྱི་སྟེང་ནས་བཤད་ཡོད། ཐུགས་བསྐྱེད་ཇི་ལྟར་ངོ་མཚར་ན་སེམས་ཅན་ཚད་མེད་མཁའ་མཉམ་སེམས་ཅན་གྱི་དོན་དུ། དུས་ཚད་མེད་ནམ་མཁའ་ཇི་སྲིད་ཀྱི་བར། དམ་བཅའ་ཚད་མེད་སེམས་ཐམས་ཅད་ཀྱི་སྡུག་བསྔལ་ཡོངས་སུ་རྫོགས་པ་བསལ་ཏེ་མ་སྨིན་པ་སྨིན། སྨིན་པ་གྲོལ་བ་ལ་འགོད་རྒྱུའི་ཐུགས་བསྐྱེད་ངོ་མཚར་བ་ཡིན། བརྩོན་འགྲུས་ཀྱི་འཇུག་པ་ཇི་ལྟར་ངོ་མཚརཞེ་ན། དེ་ལྟ་བུ་ཐུགས་བསྐྱེད་འགྲུབ་པའི་ཆེད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་དེ་སྒོ་ཚད་མེད་པ་ཞིག་གི་སྟེང་ནས་ཡོངས་སུ་རྫོགས་པར་མཛད་པ་ཡིན། འབྲས་བུའི་ཡོན་ཏན་དེ་བཞིན་དུ་ངོ་མཚར་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཞིང་ཁམས་དང་ཡང་དག་པར་ངེས་པའི་འཁོར་ཞིང་ཁམས་མཐའ་ཡས་ཚད་མེད་པ་རྒྱས་པར་ཡོངས་སུ་འགེངས་པའི་གྲགས་པ་དང་ལྡན་པའི་སངས་རྒྱས་ཀྱི་སྐྱེ་བ་མི་ཟད་པའི་འབྲས་བུས་ཁྱད་དུ་འཕགས་ཏེ་ངོ་མཚར་བ་ཡིན། དེ་ལྟ་བུ་ངོ་མཚར་བའི་ཡུལ་དུ་གྱུར་བའི་ཞིང་ཁམས་དེ་ཉིད་དང་། དེ་ན་བཞུགས་པའི་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་རྟེན་བརྟེན་པའི་ཞིང་ཁམས་གསལ་འདེབས་པའི་ཐོག་མར་གཞན་ལས་ཁྱད་པར་འཕགས་པའི་རྟེན་ཞིང་ཁམས་གསལ་འདེབས་པ་ནི། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །ཞེས་གསུངས་ཏེ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན་ཞེས་ད་ལྟ་རང་རེ་ཡོད་པའི་ས་ཕྱོགས་འདིའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་སམ་མི་མཇེད་འཇིག་རྟེན་འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ནའམ་ནུབ་ཕྱོགས་སུ་ཡོད་ལ། བདེ་བ་ཅན་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་རེ་ཡོད་སར་ཚུར་གཟིགས་ཡོང་དུས་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འཛམ་བུ་གླིང་ཞེས་གསུངས་དར་བ་ཡིན། དེས་ན་རང་རེ་ཡོད་སའི་ཞིང་ཁམས་འདི་ནས་ནུབ་ཀྱི་ཕྱོགས་སུ་ཐག་རིང་ཐུང་གི་ཚད་ཀྱིས་གཞལ་ན། གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན་ཞེས་པ་སྟེ། འདིའི་གྲངས་མེད་འདི་གྲངས་ཀྱིས་བགྲང་བའི་གྲངས་མེད་རྩི་རྒྱུ་ཡོད་པ་དེའི་གྲངས་མེད་ལ་གོ་བ་མི་ལེན་པར་མི་ཕལ་བས་བགྲང་བའི་ཡུལ་ལས་འདས་བའི་གྲངས་མེད་དམ། གཞལ་བྱ་ལས་འདས་པའི་ཕ་རོལ་ན་ཡོད་ཅེས་གསུངས་པ་ཡིན། མདོར་ན་འདི་སོ་སོའི་སྐྱེ་བོའི་བློ་ཡུལ་ལས་འདས་པའི་ས་ན་ཡོད་པས་གྲངས་མེད་ཅེས་གསུངས་ལ། ཐག་རིང་བའི་ལུགས་ཀྱི་ཐད་ཀའི་གོ་བ་བླངས་ན་གྲངས་མེད་འཇིག་རྟེན་གྱི་ཕ་རོལ་ཞིག་ན་ཡོད་ཅེས་གསུངས་ཀྱང་ཐུང་ས་ཞིག་ནས་བཤད་ན་རྡུལ་ཕྲ་རབ་རེ་རེའི་ནུབ་ཕྱོགས་ན་བདེ་བ་ཅན་གྱི་ཞིང་ཁམས་རེ་རེ་ཡོད་ཅིང་། ཕྲ་རབ་རྡུལ་གྱི་རྡུལ་སྙེད་རེ་རེའི་ཁོང་ན་ཡང་ཞིང་ཁམས་བྱེ་བའི་རྡུལ་སྙེད་ཆུད་པ་ཡིན་པས་དེ་སོ་སོའི་སྐྱེ་བོའི་བློ་ཡུལ་ལས་འདས་པ་ཞིག་ཅིའི་ཕྱིར་མིན། དཔེར་ན་སྟོང་གསུམ་གྱི་འཇིག་རྟེན་ཞེས་པ་རྒྱ་ཆེན་པོ་ཞིག་ཡིན་ཡང་དེ་ཡུངས་དཀར་གཅིག་གི་ནང་དུ་ཆུད་པ་སྟེ། སྟོང་གསུམ་ཇེ་ཆུང་དུ་མ་སོང་། ཡུངས་དཀར་ཇེ་ཆེ་རུ་མ་སོང་བར་དེའི་ནང་དུ་ཆུད་པ་ལྟར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཁམས་ཡོད་པ་དེ་དག་སངས་རྒྱས་ཀྱི་གཟིགས་ཚུལ་ཁོ་ན་ཡིན། མ་དག་པ་སེམས་ཅན་གྱི་སྣང་བ། རིགས་དྲུག་སོ་སོའི་ལས་སྣང་ལྟར་སྡུག་བསྔལ་ཅན་ཞིག་ལ་སྣང་ཞིང་། ལས་སྣ་ཚོགས་ཀྱི་དབང་གིས་སྣང་ཚུལ་ཡང་སྣ་ཚོགས་པ་སྟེ། སེམས་ཅན་ལ་ལས་ནམ་མཁའ་ས་གཞི་རུ་མཐོང་ལ། ལ་ལས་ས་གཞི་ནམ་མཁའ་རུ་མཐོང་། འགའ་རེའི་སྟེང་ཡིན་སྙམ་པ་དེ་ཉིད་འགའ་རེའི་འོག འགའ་རེའི་འོག་ཡིན་སྙམ་པ་དེ་ཉིད་འགའ་རེའི་སྟེང་ཡིན། སེམས་ཅན་ལ་ལ་མེ་དང་ཐུག་ན་ཚིག་ནས་འཆི་བར་འགྱུར་ལ། ཡང་ལ་ལ་མེ་དང་བྲལ་ན་ཤི་འགྲོ་བ་མེའི་སྲིན་བུ་ལ་སོགས་པ་དང་། ཆུ་ལ་སོགས་པ་ཐམས་ཅད་ཀྱང་དེ་ལྟར་ཡིན། རང་གི་སྒྲིབ་པ་སྲབ་ཅིང་མཐོང་བ་དག་ན་བདེ་བ་ཅན་གྱི་ཞིང་ཁམས་ཀྱང་ཐག་རིང་མ་ཡིན། བདེ་བ་ཅན་གྱི་ཞིང་ཁམས་དེའི་ཆགས་དབྱིབས་ཅི་འདྲ་ཡིན། སྟེང་འོག་གི་ཆ་གང་ན་ཆགས་ཡོད་ཅེ་ན། ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན་ཞེས་ཞིང་ཁམས་འདི་དང་བསྡུར་ན་བདེ་བ་ཅན་གྱི་ཞིང་ཁམས་དེ་ཅུང་ཟད་ཅིག་སྟེང་དུ་འཕགས་ཤིང་མཐོ་བའི་ས་ཆ་ན་ཆགས་ཡོད་ཅེས་གསུངས་པ་ཡིན། འདིའི་དངོས་བསྟན་སྒྲ་ཇི་བཞིན་པར་བསམས་ན་ཁོད་སྙོམས་པའི་གཞི་གཅིག་གི་སྟེང་ནས་འཇལ་ན་ཅུང་ཟད་སྟེང་དུ་འཕགས་པའི་ས་ན་ཡོད་ཅེས་གསུངས་ཀྱང་། དོན་དུ་འཇིག་རྟེན་ལས་འདས་ཤིང་འཕགས་པའི་འཕགས་པ་གནས་པའི་ཞིང་ཁམས་ཡིན་པར་མཚོན་པ་ཡིན་ལ། དེ་ལྟར་ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན་གང་ཆགས་ཡོད་པ་ཡིན་ཞེ་ན། རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན་ཞེས་སྐྱོན་དང་ཉེས་པ་མ་དག་པའི་ཆ་མེད་པས་རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན་ཆགས་ཡོད་པར་བསྟན་པ་ཡིན་ཞིང་། རྣམ་པར་དག་པ་ཇི་ལྟར་ཡིན་ཞེ་ན། བདེ་བ་ཅན་གྱི་ཞིང་ཁམས་དེ་སྣོད་རྣམ་པར་དག་པ། ས་རྡོ། གསེག་མ། མཐོ་དམའ། འབར་འབུར། གཡང་ས། ངམ་གྲོགའབྱུང་བཞིའི་གནོད་པ་ལ་སོགས་པ་གཅིག་ཀྱང་མེད་པ། ས་གཞི་ཁོད་སྙོམས་པ། དག་གཙང་མེ་ལོང་གི་ངོས་ལྟ་བུ། ཤིན་ཏུ་མཛེས་པའི་འོད་ཟེར་སྟོང་གི་རི་མོ་ཅན། ས་གཞི་འཇམ་ཞིང་བདེ་བ། འབབ་སྟེགས་བདེ་བའི་སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་གྱི་གསེར་གྱི་བྱེ་མ་འདྲེན་གྱིན་ཡོད་པ། དཔག་བསམ་གྱི་ཤིང་དང་པདྨས་བརྒྱན་པ། ཞིང་ཁམས་ཀྱི་བཀོད་པ་དེ་རྣམས་འོག་ནས་འབྱུང་འགྱུར་ལྟར་སྣོད་རྣམ་པར་དག་པ་ཡིན། བཅུད་རྣམ་པར་དག་པ་ནི། མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཆེན་པོའི་མཐུ་ལས་གྲུབ་པ། མཚན་དང་དཔེ་བྱེད་ཀྱིས་བརྒྱན་པ། ཡོན་ཏན་ཡེ་ཤེས་ཚད་མེད་པ་མངའ་བ་ཤ་སྟག་བཞུགས་པས་ན་རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན་ཞེས་གསུངས་སོ། །བདག་གི་ཆུ་བུར་མིག་གིས་མ་མཐོང་ཡང་། །རང་སེམས་གསལ་བའི་ཡིད་ལ་ལྷམ་མེར་གསལ། །ཞེས་གསུངས་ཏེ། བདག་གི་ཆུ་བུར་མིག་གིས་མ་མཐོང་ཡང་ཞེས་རང་རེ་སོ་སོའི་སྐྱེ་བོར་ཡོད་པའི་ཆུ་བུར་ལྟ་བུའི་མིག་ཐབས་སྡུག་འདིས་ཆེན་པོ་ཞིག་མི་མཐོང་། རང་རེའི་མིག་གིས་རྒྱང་ཐག་དཔག་ཚད་གཅིག་གཉིས་ཤིག་གི་ཕན་ལ་མི་མཐོང་ཞིང་རི་དང་ཁང་ཁྱིམ་གྱིས་བར་དུ་ཆོད་པའི་གཟུགས་ཡིན་ན་ཐག་ཉེ་ཡང་མི་མཐོང་། རི་མཐོན་པོ་ཞིག་གི་མགོར་བུད་ནས་རྒྱང་ཤེལ་བཟང་པོ་ཞིག་གིས་ཐག་རིང་ཞིག་ལ་ལྟ་ཁུལ་བྱས་ཀྱང་ཆེན་པོ་ཞིག་མཐོང་མི་ཐུབ་པ་རེད། དེས་ན་ཐེ་ཚོམ་ཅན་རྣམས་ཀྱིས་མ་རིག་ན་མེད་པ་མ་ཡིན་ནམ་སྙམ་ན། མ་མཐོང་ཕྱིར་ན་མེད་པ་མིན་ཞེས་གསུངས་པས་བྱང་གི་སྒྲ་མི་སྙན་མི་རིག་ཀྱང་ཡོད་པ་ཡིན། དེ་ལྟར་ན་ཡང་གླིང་བཞིའི་ཆགས་ཚུལ་དེ་ཅི་ཡིན་ཤེས་མི་འདུག་སྙམ་ན། གཞན་པ་མི་བཤད་རྒྱ་གར་རྡོ་རྗེ་གདན་ཀྱང་གནས་འདི་ནས་ད་ལྟ་མི་མཐོང་ཀྱང་ཡོད་པ་བཞིན། དེས་རིགས་འདྲ་སྦྱར་ན་ཤེས་ཐུབ། དེ་ལྟར་ནང་རྒྱ་གར་རྡོ་རྗེ་གདན་ནི་མི་སོང་ནས་ཕྱིར་ཐོན་ཡོང་ས་ཞིག་ཀྱང་ཡིན་ལ་ཐག་ཉེ་ཞིག་ཀྱང་ཡིན་པས་དེ་དང་མི་འདྲ་སྙམ་ན། བདེ་བ་ཅན་དུ་རང་རེ་ལས་མ་དག་པ་སངས་རྒྱས་གཅིག་གིས་ཀྱང་མ་ཐུལ་ཏེ་ལུས་སོང་བ་རྣམས་མ་གཏོགས་བདེ་བ་ཅན་མཐོང་གིན་ཡོད་པ་དང་། དེར་སོང་སྟེ་སྤྲུལ་བ་སྣ་ཚོགས་ཀྱི་ཚུལ་གྱིས་ཚུར་ལ་ཡོང་བཞིན་ཡོད་པ་ཡིན་ཞིང་། ཐག་ཉེ་རིང་གི་ཐད་ནས་རྣལ་འབྱོར་བ་གང་དུ་ལུས་རྒྱ་བྲལ་བའི་རང་སྣང་བདེ་བ་ཅན་ཡིན། སྔོན་མ་ཞིག་ལ་སངས་རྒྱས་ཞལ་བཞུགས་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉེ་གནས་ཀུན་དགའ་བོས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་ཞིང་དེ་གཅིག་ལྟར་འདོད་ཅེས་ཞུས་ཚེ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ཁྱོད་ཀྱིས་ཐལ་མོ་སྦྱར་ནས་ཕྱག་འཚོལ་ལ་མེ་ཏོག་གཏོར་ལྟོས་ཤིག་དངཞེས་གསུངས་པ་དང་། ཀུན་དགའ་བོས་གཅིག་བལྟས་པས་བདེ་བ་ཅན་གྱི་ཞིང་ཁམས་རྟེན་བརྟེན་པ་དང་བཅས་པ་མཇལ་ཞིང་། དེ་སངས་རྒྱས་ཀྱི་སྐུའི་འོད་ཟེར་གྱིས་སྒྲིབ་བྱེད་ཐམས་ཅད་མི་སྣང་བར་མཛད། དེའི་སྟོབས་ཀྱིས་ཀུན་དགའ་བོས་མཇལ་བ་ཡིན། དེའི་ཚུལ་ཀུན་མཁྱེན་འཇིགས་གླིང་གི་བདེ་སྨོན་ལས། བུ་རམ་ཤིང་བའི་ཞལ་ནས་ཀུན་དགའ་བོ། །ཁྱོད་ལངས་ནུབ་ཀྱི་ཕྱོགས་སུ་ཁ་གཏོད་ལ། །མེ་ཏོག་གཏོར་ནས་ཐལ་མོ་སྦྱར་བྱས་ཏེ། །རྫོགས་པའི་སངས་རྒྱས་འོད་སྣང་དཔག་ཏུ་མེད། །རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ལ། །ཕྱག་འཚོལ་དེ་མཚན་སྒྲིབ་པ་མེད་པ་ན། །ཕྱོགས་བཅུར་གྲགས་ནས་རྒྱལ་བ་དེ་རྣམས་ཀྱང་། །བསྔགས་པ་བརྗོད་པར་གསུངས་ན་བདག་ཅག་གིས། །ལུས་དང་ལོངས་སྤྱོད་ལྟོས་པ་མེད་པ་འབུལ། །ཞེས་གསུངས་པ་ལྟ་བུ་ཡིན་ལ། རྒྱལ་བ་རྫོགས་བའི་སངས་རྒྱས་ཀྱི་བཀའ་ཚད་མ་དང་། རྗེས་འཇུག་དམ་པའི་སྐྱེས་བུའི་ལུང་ཚད་མ། རང་གི་རྗེས་སུ་དཔག་པའི་བློ་ཚད་མ་རྣམས་ལ་ཡིད་ཆེས་བྱས་ཏེ། མ་དག་ཆུ་བུར་མིག་འདིས་མ་མཐོང་ན་ཡང་། རང་སེམས་གསལ་བའི་ཡིད་ལ་ལྷམ་མེར་གསལ་ཞེས་སེམས་ཀྱི་ནུས་པ་འདི་ཚད་མེད་པ་གང་དུ་ཡིན་ཡང་ཐོན་ཐུབ་པ་ཞིག་ཡིན་ཞིང་། མིག་གིས་མི་མཐོང་ས་ཡང་སེམས་ཀྱིས་མཐོང་ལ། སེམས་ཀྱིས་མཐོང་སར་མིག་གིས་མི་མཐོང་། སེམས་ཀུན་ཏུ་ཐོགས་མེད་གླིང་བཞི་སྐད་ཅིག་གཅིག་ལ་སྐོར་ཐུབ་པ་ཞིག་ཡིན་པ་དང་། ཏིང་ངེ་འཛིན་གྱི་ནུས་པ་ནི་དེ་བས་ཀྱང་རྒྱ་ཆེ་བ་ཡིན། དེས་ན་རང་གི་སེམས་གསལ་ཞིང་དང་བའམ། མོས་གུས་དང་ལྡན་པའི་ཡིད་ཀྱི་གསལ་སྣང་གིས་རྒྱལ་བ་འོད་དཔག་མེད་མངོན་སུམ་བཞིན་དུ་བཞུགས་ཡོད་པར་གསལ་ཆོག་མོད། འོན་ཀྱང་བདེ་བ་ཅན་གྱི་བཀོད་པ་རྒྱ་ཆེན་པོ་ཆ་ཚང་བ་ཞིག་ནི་རང་རེ་ལྟ་ཅི་ས་ཐོབ་ཀྱི་སེམས་དཔའི་ངག་གིས་ཀྱང་རྗོད་མི་ནུས་པས་རང་རེས་དམིགས་པ་ཇི་མ་ཇི་བཞིན་ཞིག་ཟིན་ཐབས་མེད་ཀྱང་ས་ཆ་འདི་དང་མི་འདྲ་བར་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པའི་ཞིང་ཁམས། རང་གི་བློས་དཔོག་ཚོད་ཅིག་ནུབ་ཕྱོགས་ན་ཡོད་སྙམ་ནས་དེ་ལ་སེམས་གཏད་དེ་དགེ་བ་ཕྲན་བུ་ཙམ་ཞིག་ཅི་བྱས་ཚུན་ཆད་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་ཆེད་དུ་བསྔོས་ན། ཞིང་ཁམས་གསལ་བདེབས་དང་ཞིང་སྦྱོང་གི་སྨོན་ལམ་གཉིས་ཀར་འགྱུར་ཐུབ། འདི་ཡན་ཆད་རྟེན་ཞིང་ཁམས་ཀྱི་བཀོད་པ་གསལ་འདེབས་བཤད་པ་ཡིན། ཞིང་ཁམས་ཀྱི་རྒྱན་དང་བཀོད་པ་རྒྱས་པ་འོག་ནས་འབྱུང་ཡང་སྨོན་ལམ་འགྲུབ་པའི་རྒྱུའི་ཐོག་མར་དད་པ་བརྟན་པོ་དང་ཞིང་ཁམས་དེ་ལ་སྐྱེ་བའི་འདུན་པ་ཤུགས་དྲག་པོ་ཡོད་པ་གནད་ཆེ་ཞིང་དད་པ་དང་འདུན་པ་སྐྱེ་བ་ལའང་ཞིང་གི་ཡོན་ཏན་ཤེས་པ་གལ་ཆེ། ཚོགས་ཞིང་དཔང་པོར་བཞག་སྟེ་ཚོགས་བསགས་སྨོན་ལམ་བྱེད་དགོས་ཕྱིར་ཞིང་གི་ཡོན་ཏན་ཤེས་པ་དང་མཉམ་དུ་གྲུབ་ན་འཇུག་པ་བདེ་བས་རྒྱུན་གྱི་ཉམས་ལེན་གྱི་སྐབས་སུ་འོག་ནས་འབྱུང་བའི་ཞིང་ཁམས་ཀྱི་རྒྱན་དང་བཀོད་པ་ཐམས་ཅད་འདི་ནས་ཀྱང་དྲན་པར་བྱས་ནས་མངོན་སུམ་མིག་གི་ལམ་དུ་གསལ་སྣང་བརྟན་པོ་ཞིག་བྱེད་དགོས།

གཉིས་པ་བརྟེན་པ་ཚོགས་ཞིང་གསལ་འདེབས་པ།

དེ་ལ་གསུམ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་སྒོམ་པ་གཙོ་བོར་བྱེད་པའི་གདམས་ངག སངས་རྒྱས་འོད་དཔག་མེད་སྲས་དང་བཅས་པའི་སྐུའི་རྣམ་པ་ལ་བརྟེན་ནས་ཡང་དང་ཡང་དུ་ཡིད་ལ་བྱས་ཏེ་གུས་པ་བྱེད་པའོ།།

དང་པོ་སངས་རྒྱས་རྗེས་སུ་དྲན་པ།

དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །ཞེས་གསུངས་ཏེ། དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད་ཅེས་པ་ནི། བཅོམ་ལྡན་ནི་བདུད་བཞིའི་དགྲ་ཐམས་ཅད་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་ནོ། །རྒྱལ་བ་ནི་སེམས་ཅན་ཐམས་ཅད་འཁོར་བའི་གནས་སུ་འཆིང་བར་བྱེད་པའི་བདུད་བཞིའི་དགྲ་ལས་རྒྱལ་བས་ན་རྒྱལ་བའོ། །འདི་ལྟར་འགྲེལ་བ་ནི་བྱིས་པ་དག་གིས་མཚན་དོན་འདོན་པ་ལྟ་བུ་ཞིག་ཏུ་གྱུར་སོང་མོད་མི་སྐྱ་ཕོ་མོས་ཤེས་བདེ་བའི་ཆེད་ཡིན། འོད་དཔག་མེད་ཅེས་པ་ནི་ཐུགས་རྗེས་འོད་ཟེར་མཐའ་ཡས་པ་མུ་མེད་པར་སྤྲོ་བས་འོད་དཔག་མེད་ཅེས་གསུངས་པ་ཡིན་ནོ། །དེ་ན་ཞེས་པ་ནི། རྗེ་ཙོང་ཁ་བས། ཡིད་ཀྱི་རེ་བ་རྫོགས་ཤིང་སྤྱོད་པ་རྫོགས། །ཕུན་ཚོགས་འབྱོར་བས་ས་དང་བར་སྣང་ཀུན། །མི་མཉམ་མེད་པ་ཡོངས་སུ་གྲུབ་པ་ནི། །གསེར་གྱི་གཞི་ལ་ཆུ་གཏེར་ཆེན་པོ་བཞིན། །ཞེས་གསུངས་པ་དང་། ཀུན་མཁྱེན་འཇིགས་གླིང་གིས། ལྟ་ན་སྡུག་པའི་སྐྱེད་ཚལ་ལྗོན་པ་ལས། །འདོད་པའི་ཡོན་ཏན་བརྒྱ་ཕྲག་མོད་ལ་འབྱུང་། །བར་སྣང་ལ་སྤྲུལ་གཞལ་མེད་ཁང་ལ་སོགས། །གཞན་འཕྲུལ་དབང་བྱེད་ཀྱིས་ཀྱང་དོ་ཟླ་མིན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཅེས་གསུངས་པ་ལྟ་བུའི་བདེ་བ་ཅན་གྱི་ཞིང་ཁམས་དེར་མཚན་མོའི་ནམ་མཁའ་གཡའ་དག་པའི་སྐབས་སུ་ཚེས་བཅོ་ལྔའི་དགོང་མོར་རྒྱུ་སྐར་བྱེ་བའི་དབུས་ན་ཉ་གང་ཟླ་བ་ཤར་བ་ལྟ་བུ་དང་། གསེར་རི་རོལ་མཚོའི་དབུས་སུ་རི་རྒྱལ་མངོན་པར་མཐོ་བ་ལྟར་འཁོར་ཚོགས་རྒྱ་མཚོའི་དབུས་སུ་བཅོམ་ལྡན་འདས་རྒྱལ་བ་འོད་དཔག་ཏུ་མེད་པ་དེ་ཉིན་བྱེད་ཉི་མའི་དཀྱིལ་འཁོར་མཁའ་ན་ཤར་བ་བཞིན་དུ་འོད་དང་འོད་ཟེར་གྱི་ཕུང་པོ་མཐའ་ཡས་པ་འཕྲོ་བཞིན་དུ་ལྷམ་མེར་ལྷང་ངེ་ལྷན་ནེ། གང་ནས་མཇལ་ན་དེ་རུ་ཞལ་ཕྱོགས་ཏེ་ཕྱོགས་ཀུན་ཏུ་གསལ་བ། རི་དྭགས་ཀྱི་རྒྱལ་པོ་སེང་གེ་རི་དྭགས་མང་པོའི་འཁོར་གྱི་དབུས་ན་ཕས་རྒོལ་གྱི་འཇིགས་པ་ཐམས་ཅད་དང་བྲལ་ཏེ་བག་ཚ་བ་མེད་པར་ང་རོ་སྒྲོག་པ་ལྟར་སངས་རྒྱས་འོད་དཔག་མེད་པ་ཡང་། གྲངས་མེད་འཁོར་གྱི་དབུས་ན་ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་ཆེན་པོ་རྒྱུན་མི་ཆད་པར་གསུངས་ཏེ་བཞུགས་ཡོད། དེས་འོད་དཔག་མེད་ཀྱི་སྐུའི་རྣམ་པ་སྤྱི་རྣམ་ཙམ་ཞིག་ཡིད་ལ་བྱས་ཏེ་བྱེ་བྲག་མཚན་དཔེའི་ཡོན་ཏན་གསལ་འདེབས་པ་ནི། པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར་ཞེས་པ་ནི། པདྨ་རཱ་གའི་མདོག་དམར་པོ་ཡིན་པ་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་མདོག་ཀྱང་དམར་པོ་ཡིན་ལ། རྒྱུ་མཚན་གང་ཞེ་ན། ཡེ་ཤེས་ལྔའི་ནང་ནས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་མདངས་ཏེ་འོད་ཟེར་དམར་པོ་གསུང་པདྨའི་རིགས་ཀྱི་ཁ་དོག ཐུགས་རྗེས་འགྲོ་ལ་རྗེས་སུ་ཆགས་པའི་མཚོན་ཚུལ་ཅན། པདྨ་རཱ་གའི་ཕུང་པོ་ལ་ཉི་མ་བྱེ་བའི་འོད་ཟེར་གྱིས་དུས་གཅིག་ལ་ཕོག་པ་ལྟ་བུ་འོད་དང་འོད་ཟེར་འཕྲོ་བའི་གཟི་བྱིན་ཅན་ཡིན་པའི་དོན་ཏོ། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཞེས་པ་ནི། དབུའི་གཙུག་ཏོར་ལྟར་མི་མངོན་པ། མཛོད་སྤུ་གཡས་སུ་འཁྱིལ་བ། སྐུ་ཆུ་ཞེང་གབ་པ། སྐུ་ཆེ་ཞིང་དྲང་བ། སྤྱན་མཐོན་མཐིང་ཅན། སྤྱན་གྱི་རྫི་མ་ཁྱུ་མཆོག་གི་རྫི་མ་ལྟ་བུ། ཚེམས་དཀར་བ། ཚེམས་མཉམ་པ། ཚེམས་ཐགས་བཟང་བ། ཚེམས་བཞི་བཅུ་ཚང་བ། ཕྱག་ཞབས་བཞི་འཇམ་པ། སྐུ་ཡི་གནས་བདུན་མཐོ་བ། པགས་པ་གསེར་མདོག ཕྱག་ཞབས་འཁོར་ལོའི་མཚན་པ་ལ་སོགས་པ། རྒྱས་པ་མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས་ལ་སོགས་པ་དང་། མི་ཕམ་རིན་པོ་ཆེའི་མཁས་འཇུག་སྡོམ་བྱང་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་ཞབས་མཐིལ་མཉམ། །རྟིང་བ་འཕགས་པའི་ཞབས་ཡང་འབུར་མི་མངོན། །ལ་སོགས་པ་མཚན་བཟང་སོ་གཉིས་དང་། དེའི་སྟེང་དུ་དཔེ་བྱད་བརྒྱད་ཅུ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །སོགས་དང་། མཁས་འཇུག་སྡོམ་བྱང་ལས། སེན་མོ་ཟངས་མདོག་མདོག་སྣུམ་མཐོ་བ་དང་། །སོར་མོ་ཟླུམ་ལ་རྒྱས་ཤིང་བྱིན་གྱིས་ཕྲ། །རྩ་རྣམས་མི་མངོན་རྩ་ཡི་མདུད་པ་མེད། །ལ་སོགས་པ་གསུངས་པ་དང་དེ་དག་གི་རྒྱུ་ཡང་གཞུང་སོ་སོ་ནས་བཤད་པ་ལྟར་རོ། །དེ་ལྟ་བུ་མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས་པ་དང་། ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན་ཞེས་པ་ནི། སྤྱིར་ཞིང་ཁམས་འདིའི་གདུལ་བྱ་ཞིང་འདི་ལ་སྐྱེས་པའི་ཉན་རང་བྱང་སེམས་ཐམས་ཅད་ལྷ་མིའི་རྣམ་པ་ཅན་ཁོ་ན་ཡིན། དེ་ནི་གང་ལ་གང་གིས་འདུལ་བ་དེ་དང་དེའི་རྣམ་པ་དང་མཐུན་པར་ཞལ་ཕྱག་དང་ཆས་གོས་ཀྱི་སྣང་ཆར་ཤར་བའི་གཟུགས་སྐུའི་བཀོད་པ་སྟོན་པར་མཛད་པ་ཡིན་ལ། དེ་ཡང་བརྡ་དོན་རྟགས་གསུམ་དང་སྦྱར་ན། ཞལ་གཅིག་ཡིན་པ་འདི་ཆོས་སྐུ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་མཚོན་རྟགས་སོ། །ཕྱག་གཉིས་ཡོད་པ་ནི་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱི་མཚོན་བྱེད་དོ། །ཕྱག་གཉིས་ཀ་མཉམ་བཞག་མཛད་ཡོད་པ་ནི་ཐབས་ཤེས་དབྱེར་མེད་ཀྱི་ཕྱག་རྒྱའོ། ཕྱག་ན་ལྷུང་བཟེད་བདུད་རྩིས་གང་བ་འཛིན་པ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པའི་རྟགས་སོ། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས་ཞེས་པ་ནིའགྲོ་བ་སེམས་ཅན་རྣམས་སངས་རྒྱས་བསྟན་པའི་གཞི་མ་དམ་ཆོས་འདུལ་བའི་བསྟན་པ་ལ་འགོད་པའི་རྟགས་སུ་ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་གྱུར་པ་རབ་ཏུ་བྱུང་བའི་ཆས་གོས་ཏེ། སྐུ་སྟོད་ལ་མནབ་པའི་ཆོས་གོས་བླ་གོས་ཞེས་པ་ནི་རང་རེས་ཆོས་གོས་ཟེར་གྱིན་འདུག་པའི་ཆོས་གོས་བླ་གོས་སྔོན་པོ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་ན་བཟའ་སྐུ་སྟོད་དུ་མནབས་པའི་ཆོས་གོས་སྣམ་སྦྱར་དམར་པོ། སྨད་གཅེར་བུ་ལས་སྐྱོབ་ཅིང་ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་འཕགས་པ་ཆོས་གོས་མཐང་གོས་རང་རེས་ཤམ་ཐབས་ཟེར་གྱིན་འདུག་པའི་ཆོས་གོས་མཐང་གོས་དམར་སེར་སྐུ་སྨད་ལ་མནབས་པ་འདིའོ། །ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་འཁོར་འདས་མཉམ་ཉིད་ལས་མི་གཡོ་བའི་རྟགས་ཡིན་ཞེས་གསུངས་ཡོད། བཞུགས་སའི་གདན་ཁྲི་ཇི་ལྟར་ཡིན་ཞེ་ན། པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ་ཞེས་པ་ནི། སྤྱིར་རིགས་ལྔའི་སངས་རྒྱས་ཀྱི་བཞུགས་ཁྲི་ལ་སྟོབས་གླང་པོ་ཆེ་ཡི་ཁྲི། རྫུ་འཕྲུལ་རྟའི་ཁྲི། དབང་རྨ་བྱའི་ཁྲི། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་ལ་སོགས་པ་ཡོད་ཅིང་། དེའི་ནང་ནས་ནུབ་ཕྱོགས་ཀྱི་སངས་རྒྱས་གསུང་པདྨ་དབང་གི་ཕྲིན་ལས་ལ་མངའ་བརྙེས་པའི་རྟགས་ལ་རིན་པོ་ཆེའི་ཁྲི་རྨ་བྱ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཐོག་ན་པདྨ་འདབ་མ་སྟོང་དང་ལྡན་པ་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་པའི་སྟེང་ན་ཟླ་བའི་གདན་གྱི་སྟེང་དུ་བཞུགས་ཡོད། འཁོར་བའི་སྐྱོན་གྱིས་མ་གོས་པའི་པདྨ་དང་། རང་བཞིན་ཡེ་ནས་དག་པའི་ཟླ་བ་སྟེ་པདྨ་སྟོང་ལྡན་དང་ཟླ་བའི་གདན་གྱི་སྟེང་དུ། བཞུགས་ལུགས་ཇི་ལྟར་བཞུགས་ཡོད་ཅེ་ན། ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས་ཡོད་པ་སྟེ། སྐྱིལ་མོ་ཀྲུང་གིས་བཞུགས་པ་དེ་འཁོར་འདས་མཉམ་ཉིད་ཀྱི་དོན་ལས་མི་གཡོ་བའི་རྟགས་ཡིན། བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ་ཞེས་སྣོད་དང་བཅུད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཞིང་ཁམས་ཀྱི་མཆོག་དེའི་ས་གཞིའི་དབུས་སུ་བྱང་ཆུབ་ཀྱི་ལྗོན་ཤིང་ཆེན་པོ་མཐོ་ཚད་ལ་དཔག་ཚད་སྟོང་ཕྲག་དྲུག ཡལ་ག་དང་། ལོ་མ། འདབ་མ་ཐམས་ཅད་དཔག་ཚད་བརྒྱད་བརྒྱ་ཚུན་ཆད་དུ་འཕྱང་བ། ལྗོན་ཤིང་གི་རྩེ་མོའི་སྦོམ་ཕྲ་ལ་དཔག་ཚད་བརྒྱད་བརྒྱ་ཡོད་པ། དེ་དག་གི་ཆ་ཚད་མདོ་ལས་ཇི་སྐད་གསུངས་པ་དེ་ནི་ངེས་པ་ཅན་མ་ཡིན་པ་སྟེ་མདོ་སོ་སོའི་དགོངས་པ་གང་ཟག་སོ་སོའི་བློ་རིམ་དང་མཐུན་པའི་ཐུན་མིན་གྱི་ཁྱད་ཆོས་སོ་སོ་ཡོད་པས་སོ། །མེ་ཏོག་དང་འབྲས་བུ་ལ་སོགས་པ་རྒྱུན་དུ་ཡོད་པ། ནམ་མཁའི་ཟླ་བ་ལྟར་རང་འོད་ཀྱིས་གསལ་བའི་ནོར་བུ་རིན་པོ་ཆེ་མང་པོས་བརྒྱན་ཅིང་འོད་དུ་འཚེར་བ། ནོར་བུ་རིན་པོ་ཆེ་ཡང་སྣ་ཚོགས་པ། བརྒྱ་བྱིན་གྱིས་ཐོགས་པའི་ནོར་བུ་རིན་པོ་ཆེ་ལྟ་བུ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ། རྒྱ་མཚོའི་ནོར་བུ་རིན་པོ་ཆེ་མཆོག་ཅེས་པ་ལྟ་བུ་རྣམས་ཀྱིས་བརྒྱན་ཡོད་པ། གསེར་གྱི་སྐུད་པ་དང་། སེ་མོ་དོ། རིན་པོ་ཆེའི་ཆུན་འཕྱང་། དོ་ཤལ་སེ་མོའི་རྒྱན་དང་། དྲིལ་བུ། གཡེར་ཁ། རྔ་ཡབ་ནོར་བུས་མཚན་པ། ད་རུང་མུ་ཏིག་དཀར་དམར། མུ་མེན་ལ་སོགས་པ་ལྷ་དང་མིའི་རིན་པོ་ཆེ་མང་པོ་བསམ་པའི་རྣམ་རིག་ཇི་ལྟ་བ་བཞིན་དུ་བརྒྱན་པ། དེ་ལྟ་བུ་བྱང་ཆུབ་ཀྱི་ཤིང་དེའི་ལོ་མ་དང་ཡལ་ག་སོགས་རླུང་གིས་བསྐྱོད་ཚེ་ཆོས་ཀྱི་སྒྲ་དབྱངས་སྙན་ཞིང་འཇེབས་པ་གྲགས་ཏེ་ཕྱོགས་ཀུན་ལ་ཁྱབ་པ། ཤིང་དེའི་དྲི་ཞིམ་པོའི་བསུང་གིས་དཔག་ཚད་བརྒྱ་སྟོང་མང་པོར་ཁྱབ་པ། བྱང་ཆུབ་ཀྱི་ཤིང་དེ་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་དབང་པོ་གསལ་ཞིང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སེམས་མི་གཡེང་བར་ཏིང་ངེ་འཛིན་ལ་རང་བཞིན་གྱིས་གནས་པ་དེ་ལྟར་ཡིན་པར་གསུངས་སོ། །བྱང་ཆུབ་ཀྱི་ཤིང་གི་དབང་པོ་དེའི་དྲུང་ན་བཅོམ་ལྡན་རྒྱལ་བ་འོད་དཔག་ཏུ་མེད་པ་དེ་རྡུལ་མེད་རྡུལ་བྲལ། དྲི་མ་དང་བྲལ་ཞིང་། རྣམ་པར་དག་ཅིང་བཞུགས་པ་དེ་ཉིད་འཁོར་ཚོགས་རྒྱ་མཚོའི་དབུས་ན་ཆོས་བསྟན་ཏེ་འཚོ་ཞིང་གཞེས་པ་ཡིན་ལ། དེ་ལྟར་དངོས་སུ་ཞལ་མཇལ་བ་ལྟ་བུ་གསལ་འདེབས་པ་དེ་སྐུའི་རྣམ་པ་ཡིད་ལ་བྱེད་པ་ཡིན། ཐུགས་མཁྱེན་བརྩེའི་རྣམ་པ་ཡིད་ལ་བྱེད་པ་ཇི་ལྟར་བསྟན་ཚུལ་ནི། ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །ཞེས་པ་དེས་བསྟན་པ་སྟེ། འོད་དཔག་མེད་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་སྤྱན་དུས་གསུམ་ལ་ཆག་ཐོགས་མེད་པར་གཟིགས་པའི་སངས་རྒྱས་ཀྱི་སྤྱན་དེས་རྒྱང་རིང་པོ་བདེ་བ་ཅན་གྱི་ཞིང་འདི་ནས་འཇལ་ཡོང་ན་གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ལམ་ཡང་མིན་ན་མིའི་སྤྱོད་ཡུལ་ལས་རིང་དུ་འདས་ཤིང་སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པའི་ས་ནས། བདག་སོགས་དད་ཅིང་མོས་པས་འདུན་པའི་གང་ཟག་ལ་བརྩེ་བའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས། དགྱེས་པའི་ཐུགས་ཀྱིས་དགོངས་ཏེ། འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་ཡོད་པར་མོས་པས་ཡིད་ལ་བྱེད་པ་དེ་ཐུགས་ཀྱི་རྣམ་པ་ཡིད་ལ་བྱེད་པ་ཡིན། སྤྱིར་རྫོགས་པའི་སངས་རྒྱས་ལ་རྟག་པ་རྒྱུན་གྱི་ཐུགས་རྗེ་ཡོད་པས་གསོལ་བ་བཏབ་རུང་མ་བཏབ་རུང་ཐུགས་རྗེའི་གཟིགས་པས་མི་ཁྱབ་པ་ཞིག་ག་ལ་ཡོད་མོད། དེ་ལྟར་ན་ཡང་གདུལ་བྱ་རྐྱེན་དང་འཕྲད་པའི་ཐུགས་རྗེ་དེ་ཚོགས་བསགས་སྒྲིབ་སྦྱང་དང་དད་དང་མོས་གུས་གསོལ་འདེབས་སྨོན་ལམ་གྱིས་རྒྱུད་དག་པར་མ་བྱས་ཚེ་སངས་རྒྱས་འོད་དཔག་མེད་ཚེ་འདི་ལ་དངོས་སུ་མཇལ་བ་དང་། ཕྱི་མ་བདེ་བ་ཅན་དུ་ལམ་སྣ་འདྲེན་པ། སངས་རྒྱས་ཀྱི་བྱིན་རླབས་སེམས་ཅན་གྱི་རྒྱུད་ལ་འཇུག་པ་དེ་ཅུང་ཟད་དཀའ་བ་ཡིན་ལ། དཔེར་ན་ཉི་མ་ནམ་མཁར་ཉིན་རེ་བཞིན་དུ་ཤར་ཞིང་ཉི་ཟེར་ས་སྟེང་དུ་ཉིན་རེ་བཞིན་དུ་འཕྲོ་བཞིན་ཡོད་ཀྱང་སྒོ་དཀར་ཁུང་མེད་པའི་ཁང་པའི་ནང་དུ་ཉི་འོད་མི་ཕོག་པ་ལྟ་བུ་ཡིན། དེ་ཡན་གྱིས་གཙོ་བོ་འོད་དཔག་མེད་མགོན་གྱི་སྐུ་གསུང་ཐུགས་ཀྱི་སྤྱི་རྣམ་ཙམ་ཞིག་བསྟན་ཏེ་སངས་རྒྱས་རྗེས་སུ་དྲན་པ་བཤད་ཟིན་ལ།

གཉིས་པ་དགེ་འདུན་རྗེས་སུ་དྲན་པ་སྒོམ་པ་གཙོ་བོར་བྱེད་པའི་གདམས་ངག

གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། །གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། །ཞེས་གསུངས་ཏེ། གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཞེས་པ་ནི། སྤྱིར་སངས་རྒྱས་འོད་དཔག་མེད་ཀྱི་འཁོར་འདུས་པའི་ཚོགས་དེ་མངོན་རྟོགས་ཀྱི་སྟེང་ནས་ཕྱེས་ན་ཉན་རང་གི་འཁོར་དང་བྱང་ཆུབ་སེམས་དཔའི་འཁོར་གཉིས། སྡེ་རིས་ཀྱི་སྟེང་ནས་དབྱེ་ན་ལྷ་དང་མི་ཡི་རྣམ་པ་ཅན། དབང་པོའི་སྒོ་ནས་དབྱེ་ན་ཀུན་ཀྱང་དབང་རྣོན་བཟོད་པ་ཐོབ་པ་ཤ་སྟག་ཡིན། འཁོར་ཕལ་བའི་སྐོར་འོག་ནས་འབྱུང་བ་ཡིན་ལ། འདི་ནས་འཁོར་གཙོ་བོ་རྒྱལ་སྲས་ཐུ་བོ་རྣམ་པ་གཉིས་གསལ་འདེབས་པ་བཤད་པའི་སྐབས་ཡིན། གཙོ་བོ་འོད་དཔག་མེད་པ་སྐུ་གཟི་བྱིན་ལམ་སེ། གསུང་ཆོས་སྒྲ་དི་རེ། ཐུགས་གཡོ་མེད་ཆོས་དབྱིངས་ཀྱི་ངང་ལ་བཞུགས་ཏེ་འོད་དང་འོད་ཟེར་མུ་མེད་པ་ཕྱོགས་བཅུར་སྤྲོ་བའི་གཡས་ཕྱོགས་སུ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གསུངས་ཏེ། དྲི་མ་མེད་པ་སྐྱོན་གྱིས་མ་གོས་པའི་བརྡར་སྐུ་མདོག་དཀར་པོ་གངས་རི་ལ་ཉི་འོད་ཕོག་པ་ལྟ་བུ་དང་། ཞལ་གཅིག་ཕྱག་གཉིས་རིན་པོ་ཆེའི་རྒྱན་དང་དར་གྱི་ཆས་གོས་ཀྱིས་བརྒྱན་པའི་ལོངས་སྐུའི་ཆས་ཅན། ཕྱག་གཡས་པ་སྐུའི་སྟ་ཟུར་ནས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད། ཕྱག་གཡོན་པས་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་སྙིང་རྗེས་འགྲོ་ལ་རྗེས་སུ་བརྩེ་བའི་རྟགས་སུ་འདབ་དྲུག་པདྨ་དཀར་པོའི་ཡུ་བ་ཐུགས་ཀའི་ཐད་དུ་འཛིན་པ། མཁྱེན་བརྩེ་ནུས་པ་རྒྱས་པའི་རྟགས་སུ་པད་དཀར་སྙིང་གི་ཐད་ནས་ཁ་ཕྱེ་བའོ། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །གསུངས་ཏེ། སངས་རྒྱས་འོད་དཔག་མེད་པའི་སྐུའི་གཡོན་ཕྱོགས་སུ་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པའི་རང་གཟུགས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་བམ་ཕྱག་ན་རྡོ་རྗེ་ཉིད། སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། །ཞེས་པ་ནི། ཆོས་ཉིད་མི་འགྱུར་བ་མཚན་མས་མི་ཤིགས་པའི་རྟགས་སུ་སྐུ་མདོག་སྔོན་པོ། བེེཌཱུརྱའི་རི་བོར་ཉི་འོད་སྟོང་གིས་འཁྱུད་པ་ལྟ་བུ། ཡང་ཞལ་གཅིག་ཕྱག་གཉིས་ལོངས་སྐུའི་ཆས་ཅན། ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་པས་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་རྒྱལ་བ་ཐམས་ཅན་གྱི་གསང་བ་གསུམ་གྱི་མཐུ་བྱིན་ནུས་པ་ཐོབ་ཡོད་པའི་རྟགས་སུ། དབང་རྟགས་སུ་གསེར་གྱི་རྡོ་རྗེས་མཚན་པའི་པདྨའི་ཡུ་བ་ཐུགས་ཀར་འཛིན་པ་ཞིག་གསལ་འདེབས་དགོས་སོ། །གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། ཞེས་པ་ནི། གོང་དུ་བཤད་པའི་ཕྱག་གཡས་པ་གཉིས་ཀ་སྐུའི་སྟ་ཟུར་ནས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་དེ་བདག་སོགས་སེམས་ཅན་ཐམས་ཅད་ལ་སྐྱབས་སྦྱིན་གྱི་ཕྱག་རྒྱ་བསྟན་ནས་སྐྱབས་ཀྱི་འོག་ཏུ་ཤོག་དང་སྲིད་དང་ཞི་བའི་འཇིགས་པ་དང་སྡུག་བསྔལ་ཀུན་ལས་སྐྱབས་ཆོག་ཅེས་པའི་བརྡ་མཛད་པའོ། །འདིའི་སྐབས་སུ་སྐྱབས་སྦྱིན་གྱི་ཕྱག་རྒྱར་སྐུའི་སྟ་ཟུར་ཟེར་ལ། ཞེ་ས་མ་ཞུས་ན་སྐུའི་ཞོག་གཡས་པའི་དཔྱི་འགོའི་མཚམས་ནས་ཕྱག་བརྐྱངས་ཏེ་ཕྱག་དབང་འཇོག་གིན་ཡོད་པ་ཞིག་གི་རྣམ་པ་རེད། ཕྱག་གཡོན་པ་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་མཐེབ་མཛུབ་གཉིས་ཀ་རྩེ་སྦྱར་ཏེ་པདྨའི་ཡུ་བར་བཟུང་ནས་སོར་མོ་གཞན་པ་གསུམ་པོ་གྱེན་ལ་སྒྲེང་བ་ནི་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱའོ། །བྱང་ཆུབ་སེམས་དཔའ་དེ་རྣམ་པ་གཉིས་ཀ་བཞེངས་ནས་བཞུགས་ཡོད་པ་དེ། འགྲོ་བའི་དོན་ལ་སྐད་ཅིག་ཙམ་ཡང་གཡེང་བ་མེད་པར་ཐུགས་རྗེས་སེམས་ཅན་ལ་དགོངས་ཏེ་སྤྲུལ་བས་གཞན་དོན་མཛད་པ་རྒྱུན་མི་ཆད་པ་དང་། འགྲོ་དོན་ལ་སྐྱོ་དུབ་མེད་པ་ལམ་ཞུགས་ཀྱི་ཚུལ་བསྟན་པའོ། །

གསུམ་པ་སངས་རྒྱས་འོད་དཔག་མེད་སྲས་དང་བཅས་པའི་སྐུའི་རྣམ་པ་ལ་བརྟེན་ནས་ཡང་དང་ཡང་དུ་ཡིད་ལ་བྱས་ཏེ་གུས་པ་བྱེད་པ།

གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར། །ཞེས་གསུངས་ཏེ། །གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ཞེས་པ་ནི། རྗེ་བདག་ཉིད་ཆེན་པོས། ཕོངས་པའི་གཉེན་གཅིག་འདྲེན་པ་འོད་དཔག་མེད། །སྤྱན་རས་གཟིགས་དབང་རྒྱལ་སྲས་མཐུ་ཆེན་ཐོབ། །འཁོར་དང་བཅས་ལ་གུས་པས་གསོལ་འདེབས་ན། །དཔག་མེད་བསྐལ་བར་བདག་ཅག་རྣམས་ཀྱི་ཕྱིར། །ཐུགས་མཆོག་བསྐྱེད་པའི་དམ་བཅའ་མ་གཡེལ་བར། །འདབ་བཟང་གཙོ་བོ་ལྷ་ཡི་ལམ་ལ་བཞིན། །རྫུ་འཕྲུལ་སྟོབས་ཀྱིས་བརྩེ་བས་འདིར་གཤེགས་ཤིག །ཅེས་གསུངས་པ་ལྟར། རྒྱལ་བ་འོད་དཔག་མེད་ལ་འཁོར་གྱི་སྲས་ཐུ་བོ་རྣམ་གཉིས་ཏེ་བདེ་ཆེན་ཞིང་གི་གཙོ་བོ་གསུམ་པོ་ཡི། སྐུ་མདོག་ནི་དཔེར་ན་རིའི་རྒྱལ་པོ་རི་རབ་གསེར་རི་རོལ་མཚོ་ལས་འཕགས་ཤིང་རི་ཕྲན་གྱི་དབུས་ན་ཁྱད་པར་དུ་གྱུར་པ་བཞིན་དུ། གཙོ་བོ་གསུམ་གྱི་སྐུ་མཚན་དཔེའི་ཡོན་ཏན་གཞན་ལས་ཁྱད་པར་དུ་འཕགས་པ། མགོན་པོ་འོད་དཔག་མེད་སྐུ་མདོག་དམར་པོ་བྱི་རུ་སྣུམ་གྱིས་བསྐུས་པའམ། པདྨ་རཱ་གའི་ལྷུན་པོ་ལྟ་བུ་དམར་སེར་གཟི་འོད་འབར་བ། སྤྱན་རས་གཟིགས་དེ་གངས་རིའི་སྟེང་དུ་ཉི་མ་ཕོག་པ་ལྟ་བུ་དཀར་གསལ་འཚེར་བ། མཐུ་ཆེན་ཐོབ་དེ་མཐིང་ཆེན་སྔོན་པོའི་གུར་ཁང་ཕུབ་པ་ལྟ་བུའམ་བེེཌཱུརྱ་ཞུན་མའི་ལྷུན་པོར་ཉི་འོད་ཕོག་པ་ལྟ་བུ་མཐིང་གསལ་འཚེར་བ་ཞིག་གོ། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར། །ཞེས་པ་ནི། ཚངས་དབྱངས་ཡན་ལག་དྲུག་ཅུའི་ཆོས་སྒྲ་ལྷང་ངེ། སྐུ་མཚན་དཔེ་གསལ་རྫོགས་ཀྱི་ངོ་བོ་ལྷན་ནེ། ཐུགས་མཁྱེན་བརྩེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷམ་མེར་བཞུགས་ཏེ། བཟང་སྤྱོད་སྨོན་ལམ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་ལྟར། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་ཐུགས་བསྐྱེད་ཀྱི་དམ་བཅའ་མི་ལྡང་། འགྲོ་དོན་གྱི་སྤྱོད་པ་ལས་མི་འདའ་བར་བཞུགས་ཡོད་པར་གསལ་འདེབས་དགོས་སོ། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །ཞེས་པ་ནི། གཙོ་བོ་གསུམ་པོ་གོང་ནས་བཤད་པ་ལྟར་མཁའ་ལ་ཉི་ཟླ་སྐར་གསུམ་འཛོམས་པ་བཞིན་བཞུགས་ཡོད་པ་དེའི་མཐའ་སྐོར་དུ་བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ་དང་བྱང་ཆུབ་ཆེན་པོར་འགྱུར་བའི་ཉན་རང་དགྲ་བཅོམ་པའི་འཁོར་གྲངས་མེད་པས་སྐོར་བ་པོ། བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ་གསུངས་པ་ནི་ཤིན་ཏུ་མང་བའི་དོན་ཡིན་གྱི་བྱེ་བ་འབུམ་ལས་མེད་ཅེས་པའི་དོན་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་འཁོར་དེ་རྣམས་གྲངས་དཔག་དུ་མེད་ཅིང་ཡོན་ཏན་མཐའ་མེད་པའམ་མཐའ་ཡས་མུ་མེད་དང་ལྡན་ཞིང་། སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་ཕན་སེམས་དང་བྱམས་པའི་སེམས་དང་ལྡན་པ། ཤེས་རབ་མཐའ་མེད་པ་རྒྱ་མཚོ་ཆེན་པོ་ལྟ་བུ། ཏིང་ངེ་འཛིན་རི་རབ་དང་མཚུངས་པ། ཡོན་ཏན་ཟད་མི་ཤེས་པ་ཆུ་བོ་ཆེན་པོ་ལྟ་བུ། བཟོད་པའི་གོ་ཆ་བགོས་པ་བཟང་ངན་ཐམས་ཅད་ཐེག་པའི་ས་འདྲ་བ། ཉོན་མོངས་པའི་དྲི་མ་འཁྲུད་པའི་ཆུ་ལྟ་བུ། ཉོན་མོངས་དང་རྣམ་རྟོག་སྲེག་པར་བྱེད་པས་མེ་ལྟ་བུ། ད་དུང་མ་ཆགས་པ་རླུང་འདྲ་བ། མི་དམིགས་པ་ནམ་མཁའ་ལྟ་བུ། འཇིག་རྟེན་གྱི་སྐྱོན་ཐམས་ཅད་ཀྱིས་མ་གོས་པ་མེ་ཏོག་པདྨ་འདྲ་བ་ལ་སོགས་པ་ཡོན་ཏན་རྒྱ་མཚོ་ལྟ་བུ་བརྗོད་ཀྱིས་མི་ལང་བ། རྒྱལ་བའི་གདུང་འཚོབ་གྲགས་ལྡན་དཔའ་བོ་ཆེ། །དག་པའི་ཞིང་གི་རྒྱལ་སྲས་རྣམས་ཡིན་ནོ། །ཞེས་གསུངས་སོ། །དེ་བཞིན་དུ་རྒྱལ་བའི་ཉན་རང་གི་འཁོར་གྲངས་མེད་པ་ཞིག་ཡོད། མདོ་ལས། ཉན་ཐོས་ཀྱི་འཁོར་འདུས་པ་དང་པོའི་དབང་དུ་བྱས་ན། རྫུ་འཕྲུལ་ཅན་གྱི་མཆོག་མོའུ་འགལ་གྱི་བུ་ལྟ་བུ་འདོད་ན་སྟོང་གསུམ་འཇིག་རྟེན་གྱི་ནམ་མཁའི་སྐར་མ་ཐམས་ཅད་ཉིན་ཞག་གཅིག་གིས་རྩི་ཐུབ་པའི་བྱེ་བ་ཕྲག་བརྒྱ་སྟོང་གིས། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་གཞན་བྱ་བ་གཅིག་ཀྱང་མི་བྱེད་པར་འདུས་པ་དང་པོ་ཉན་ཐོས་ཀྱི་འཁོར་རྐྱང་པ་བརྩིས་ཀྱང་བརྩི་མི་ནུས་པར་གསུངས་བས་ན། འདུས་པ་དང་པོར་དེ་འདྲ་ཞིག་མང་ན་འདུས་པ་གཉིས་པ་དང་གསུམ་པ་ལ་དེ་ལས་འབུམ་འགྱུར་མང་པོའི་མང་བས་བརྩི་ཚོད་མེད་པ་ཞིག་ཡིན་པར་སྨོས་མ་དགོས་པ་ཡིན་ཞེས་གསུངས་སོ། །ཉན་ཐོས་དེ་ཚོ་དགྲ་བཅོམ་པ། ཟག་པ་ཟད་པ། འོད་འདོམ་གང་གིས་བརྒྱན་པ་ཤ་སྟག་གོ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཞེས་པ་ནི། འཁོར་དེ་དག་ཐམས་ཅད་གཟུགས་ལ་བཟང་ངན་དང་སྐྱེ་ལ་ཡག་བཙོག་མེད་པར་ཐམས་ཅད་མཚན་དཔེས་མཛེས་པ་སྐུ་མདོག་དྭངས་མ་གསེར་གྱི་མདོག་ལྟར་དྲི་མས་མ་གོས་པའོ། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །ཞེས་པ་ནི། ཐམས་ཅད་ཀྱི་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་མེ་ཏོག་སེར་ཆེན་གྱི་རྒྱ་མཚོ་འཁྱིལ་སོང་བ་ལྟ་བུ། ནང་སྔ་མོའི་མཚོ་སྟེང་དུ་གཞོག་པའི་མཚམས་སྤྲིན་གྱི་འོད་ཀྱིས་ཁྱབ་པ་དང་འདྲ་བར་སེར་ལྟེམ་མེ་མཛེས་པ། དེ་ལྟར་སྐུ་གཟི་བྱིན་ཉི་མ་འབུམ་ཕྲག་དུས་གཅིག་ལ་ཤར་བ་དང་འདྲ་བ། གསུང་ཚངས་དབྱངས་ཞི་བའི་འབྲུག་སྒྲ་འཇམ་མཉེན་གྱིས་གྲགས་པ་དང་འདྲ་བ། ཐུགས་གཡོ་མེད་རྟག་འཛིན་ནམ་མཁའ་ལྟ་བུ་ལས་མི་གཡོ་བར་བཞུགས་ཡོད་པ་གསལ་བཏབ་སྟེ། ཚེ་འདིའི་ཕ་མ་གཉིས་ཀའི་གཙོར་བྱས་པའི་རང་གཞན་ཤི་གསོན་གྱི་སེམས་ཅན་ཐམས་ཅད། དུས་ནམ་ཞིག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་དང་སྐྱོབས་པ་མགོན་དང་དཔུང་གཉེན་ཁྱེད་རྣམས་ཡིན། སྐྱིད་སྡུག་ལེགས་ཉེས་བཟང་ངན་མཐོ་དམན་གང་བྱུང་ཡང་ཁྱེད་རྣམས་ཀྱིས་མཁྱེན། ཁྱེད་རྣམས་ལས་རེ་ས་སྐྱབས་གནས་ཤིག་མེད་བསམ་སྟེ། སེམས་ཀྱིས་དེ་ལྟརབསམ་ཞིང་ངག་ནས་ཀྱང་དེ་ལྟར་བརྗོད། ཡིད་ཁྱེད་ཤེས་ཀྱི་དད་པ་བཅོས་མིན་ཞིག་ཡོད་པ་ནི་གལ་ཆེ་བ་རེད། གུ་རུ་རིན་པོ་ཆེས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་གསུངས་སོ། །དེའི་ཡན་ཆད་རྩ་བའི་ས་བཅད་དང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ནང་གི་རྟེན་ཚོགས་ཞིང་གསལ་འདེབས་པ་སོང་བ་ཡིན། དེ་རིང་གི་ཉིན་དང་པོའི་ཆོས་མཚམས་འདི་ནས་འཇོག དུས་ཚོད་ཀྱང་མང་པོ་ཞིག་སོང་འདུག སང་ཉིན་མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར་གསུངས་ས་ནས་དབུ་བཙུག་ནས་བཤད་རྒྱུ་བྱེད། བདེ་སྨོན་གྱི་ཚིག་མང་ཆེ་བས་བློ་ལ་འགྲོ་བ་ཡིན། དེ་སྔོན་རྒྱུན་དུ་འདོན་དུས་མཚམས་རེ་དོན་དྲན་ཞོར་དུ་དང་བའི་དད་པ་རེ་བྱེད་ཀྱིན་ལོས་ཡོད། ད་ཕན་ཆད་ཡིན་ཡང་འདིས་ནང་དོན་གང་བསྟན་ན་དེའི་ནང་དོན་གྱི་གཙོ་བོ་ཐམས་ཅད་དང་། ཡན་ལག་བདུན་པ་ལ་སོགས་པ་བསགས་སྦྱང་གི་གནད་ཐམས་ཅད་འདི་ནི་འདིའོ། །དེ་ནི་དེའོ་སྙམ་པའི་གནད་ཁྲོལ་བར་བྱས་ཏེ་འདོན་དགོས། ཆོས་ཁྲིད་ཀྱི་ནང་དུ་བཤད་པ་ལྟར་དུ་འདིའི་ས་བཅད་ཀྱི་ཆིངས། དོན་དུའི་ཐོག་ནས་བཤད་ཡོད། དེའི་དོན་དེ་དང་འབྲེལ་བའི་ཚིག་ངག་ཐོག་ནས་འདོན་དུས་སེམས་ནས་གསལ་ཅི་ཞིག་འདེབས་དགོས་པའི་སྐོར་དེ་ཚོ་ཤེས་རྒྱུ་གནད་ཆེ། དོན་གྱི་གོ་བ་མ་བླང་པར་སེམས་ནས་གཞན་པ་ཞིག་དྲན་ཞོར་དུ་ཁ་ནས་སྒྲ་ཚིག་ཙམ་ཞིག་བརྗོད་ན་ཕན་ཡོན་ཆུང་། ནེ་ཙོའི་འདོན་པ་ཙམ་ཞིག་རེད། སྒྲ་ཙམ་ཞིག་བྲག་ཅ་དང་སྒྲ་འཁོར་ཚོའི་ནང་ནས་ཀྱང་གྲག་བཞིན་ཡོད། རང་རེས་དེ་རིང་གི་ཆོས་ཁྲིད་ལ་ཐོག་མར་དགེ་བ་ཀླད་ཀྱི་དོན་བདེ་སྨོན་གྱི་མཚན་དོན་འགྲེལ། དེ་ནས་བར་དུ་དགེ་བ་གཞུང་དོན་དང་། དེ་ལ་ས་བཅད་རྣམ་པ་གསུམ་ཡོད་པརསྨྲས་པ་ཡིན། ས་བཅད་ཟེར་ན་དོན་ཚན་སོ་སོར་བགོས་ནས་བཤད་པ་ལ་ཟེར། ས་བཅད་དང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་སྨོན་པ། ས་བཅད་གཉིས་པ་མཚན་བཟུང་བའི་བྱིན་རླབ་ཚེ་འདིར་འབྱུང་བར་གསོལ་བ་འདེབས་པ། ས་བཅད་གསུམ་པ་སྨོན་ལམ་འགྲུབ་པའི་རྒྱུ་བདེན་ཚིག་གཟུངས་སྔགས་དང་བཅས་པ་བརྗོད་པ་དང་གསུམ་ཡིན། ས་བཅད་དེ་གསུམ་པོའི་ནང་དུ་སྨོན་ལམ་འདིའི་གཞུང་དོན་ཡོངས་སུ་རྫོགས་པ་འདུས་ཡོད་རེད། དེའི་ནང་གི་གནད་ཆེ་ས་དང་སྨོན་ལམ་འདིའི་མང་ཆེ་ས་ས་བཅད་དང་པོའི་དོན་བཤད་ཡོད། ས་བཅད་དང་པོ་དེ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བཤད་པ་ཡིན་པས། དེ་ལ་ནང་གསེས་ཀྱི་དབྱེ་བ་དོན་རྣམ་པ་བཞིས་བཤད་ཡོད། དང་པོ་རྟེན་ཞིང་ཁམས་ཀྱི་བཀོད་པ་ཡང་ཡང་ཡིད་ལ་བྱེད་པ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དང་དེར་བཞུགས་པའི་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་དད་མོས་དྲག་པོས་དུས་རྒྱུན་དུ་མི་བརྗེད་པ་དེ་རེད། གཉིས་པ་རྒྱུ་དགེ་བའི་རྩ་བ་དཔག་ཏུ་མེད་པ་སྒོ་དུ་མ་ནས་བསག་པ་ནི། རྒྱུ་མེད་རྐྱེན་མེད་དུ་བདེ་བ་ཅན་ལ་སྐྱེ་མི་ཐུབ་མོད། འོན་ཀྱང་འུ་ཚོ་སོ་སོའི་སྐྱེ་བོ་དེའི་ནང་གི་ཁྱིམ་པ་བ་ཞིག་ཡིན་ཡང་འགྲུབ་ཐུབ་རྒྱུའི་རྒྱུ་དགེ་བའི་རྩ་བ་ཞིག་བསགས་ན་སྐྱེ་ཐུབ་པ་རེད། ཅི་ཕྱིར་འདི་ཞིང་ཁམས་གཞན་དང་མི་འདྲ་བར་དེ་འདྲ་སྐྱེ་སླ་བ་ཡིན་ཞེ་ན། མགོན་པོ་འོད་དཔག་མེད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་ཞིང་ཁམས་བཟུང་དུས་སྨོན་ལམ་ཁྱད་པར་ཅན་བཏབ་པའི་སྟོབས་ཀྱིས་ཡིན། མགོན་པོ་འོད་དཔག་མེད་ཀྱིས་སྨོན་ལམ་དེ་འགྲུབ་པའི་ཆེད་དུ་བསྐལ་བ་གང་གའི་ཀླུང་གི་བྱེ་མ་སྙེད་གཉིས་ཀྱི་བར་དུ་བྱང་ཆུབ་སེམས་དཔའི་བྱ་དཀའ་བའི་སྤྱོད་པ་དང་མཛད་པ་རླབས་པོ་ཆེ་ལ་སྐྱོ་སེམས་མེད་པར་བསླབས་པར་མཛད་ནས་མཇུག་མཐར་སྨོན་ལམ་གྱི་མཐུ་གྲུབ་པའོ། །གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རེད། བཞི་བ་རྐྱེན་དགེ་བ་སེམས་ཅན་ཐམས་ཅད་རྫོགས་བྱང་ཐོབ་པའི་རྒྱུར་བསྔོ་བ་དང་སྨོན་ལམ་འདེབས་པ་ནི། དགེ་རྩ་བསགས་ཚད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ཞིང་སྨོན་ལམ་འདེབས་དགོས། མ་བསྔོས་ན་ཅི་ཡིན་འདི་ཡིན་མེད་པར་འཕྲོ་བརླག་ཏུ་འགྱུར་འགྲོ་བ་ཡིན། ས་ཆ་འདིའི་སྐད་ཀྱི་དབང་དུ་བཏང་ན། བར་ཁ་ས་ཁ་རུ་འགྱུར་འགྲོ་བ་ལས་གོ་མི་ཆོད། བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞིའི་ནང་གི་དེ་རིང་རྒྱུ་དང་པོ་རྟེན་ཞིང་ཁམས་ཀྱི་བཀོད་པ་ཡང་ཡང་ཡིད་ལ་བྱེད་པའི་སྤྱི་རྣམ་ཙམ་ཞིག་དང་། བརྟེན་པ་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པའི་སྐུའི་རྣམ་པ་ཡིད་ལ་བྱེད་ལུགས་བཤད་ཟིན་ལ། སྨོན་ལམ་གྱི་ཚིག་གི་ཐོག་ནས་འདི་ནས་འདིའི་བར་དུ་འདི་བསྟན་རེད། དེ་ནས་དེའི་བར་དུ་དེ་བསྟན་རེད་སྙམ་པ་ལྟ་བུ་ཞིག་ངེས་པར་གྱིས། གཅིག་གིས་གཅིག་ལ་ཤོད། མ་ཤེས་པ་རྣམས་བླ་སེར་ཚོར་དྲིས། དུས་རྒྱུན་དུ་ཁ་བརྡ་བྱ་ནའང་ཡ་རབས་ཀྱི་གླེང་མོལ་དང་ཆོས་ཕྱོགས་ཀྱི་སྐད་ཆ་བྱས་ན་ནང་དོན་ཡོད་པ་ཡིན་ཞིང་། ཕན་སྒོ་ཡོང་སྒོ་རང་ཉིད་ལ་ཆེ་བ་ཡིན། མཇུག་ཏུ་འུ་ཅག་གིས་ཐེངས་གཅིག་ལ་ཆོས་འཆད་ཉན་བྱས་པའི་དགེ་རྩ་བ་རྫོགས་བྱང་དུ་བསྔོ་དགོས་སོ། །


previousཉིན་དང་པོའི་ཆོས་ཁྲིད། next