Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད། next

ཉིན་གཉིས་པའི་ཆོས་ཁྲིད།

མཚམས་སྦྱོར་གྱི་གདམས་ངག

ད་ལྟའི་སྐབས་སུ་སངས་རྒྱས་འཇིག་རྟེན་དུ་བྱོན་ཏེ་ཆོས་གསུངས། དེའི་བསྟན་པ་དམ་ཆོས་མ་ནུབ་པར་འཆད་ཉན་དར། བསྟན་པ་དེའི་སྒོར་ཞུགས། དམ་ཆོས་ཚུལ་བཞིན་དུ་སྒྲུབ་ཤེས། སྒྲུབ་ལོང་ཡོད། སྒྲུབ་པའི་ཆ་རྐྱེན་དང་ལྡན། སྒྲུབ་འདོད་རང་ལ་ཡོད་པ་འདི་སྤྱི་དང་བྱེ་བྲག་གཉིས་ཀའི་ངོས་ནས་སྒྲོན་མེའི་བསྐལ་བ་མ་ནུབ་པར། དཔེར་ན་ཉི་མས་འཛམ་གླིང་ལ་གཡས་སྐོར་བརྒྱབ་ན་རང་ངོས་ནས་ཀྱང་དེར་ལྡེ་བའི་སྐལ་བ་དང་ལྡན་སོང་བ་ལྟ་བུའོ། །འོན་ཀྱང་སྤྱི་ཁྱབ་ཀྱི་ངོས་ནས་འཇིན་རྟེན་གྱི་ཁམས་ལ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སྒྲོན་མེའི་བསྐལ་བ་ཤར་ཏེ་སྐལ་ལྡན་ལས་འཕྲོ་ཅན་ཚོགས་བསགས་སྨོན་ལམ་སྔོན་ལ་སོང་ཡོད་པ་ཐམས་ཅད་ཀྱི་མགོར་ཉི་མ་ཤར་ཡོད་མོད། འོན་ཀྱང་བྱ་བརྒྱའི་ཁ་ཤར་ལ་འཁོར་ཡང་ཕ་ཝང་སྐྱ་ལེབ་ཀྱི་ཁ་ནུབ་ལ་འཁོར་བ་ལྟར་རང་ཉིད་ལ་དེའི་མོས་པ་མེད་ན། ཉི་མ་འཛམ་གླིང་ལ་ཤར་ཀྱང་ཁ་བྱང་བསྟན་གྱི་བྲག་ཕུག་ལ་ཉི་མ་ཤར་ཐབས་མེད་པ་ལྟར་རེད། དེ་ལྟར་ན་འཇིག་རྟེན་དུ་སྒྲོན་མེའི་བསྐལ་བ་ཤར་ཡོད་ཀྱང་རང་མགོར་མུན་པ་འཁྲིགས་ན་མི་སྒེར་གྱི་སྟེང་དུ་མུན་པའི་བསྐལ་བ་ཚེས་པ་ལྟ་བུ་ཡིན། སྒྲོན་བསྐལ་མུན་བསྐལ་གང་བཤད་ཀྱང་། ཆོས་ཡོད་མེད་གང་ཡིན་ཀྱང་ཕྱི་མར་སྡུག་བསྔལ་མི་མྱོང་བའི་གདེང་ཚོད་རེ་ཡོད་ན་འགྲིག་ཡོད་ཀྱང་འཆི་ཁ་ཆོས་མེད་ལག་སྟོང་དུ་ལྷུང་དུས་ད་གཟོད་སྔར་བྱས་ཀྱི་ལས་ལ་འགྱོད་པ་ཇི་ལྟར་ཆེ་རུང་གློ་བུར་དུ་བཅའ་ལོང་སྐོར་ལོང་ཞིག་སྟེར་ནི་མ་རེད། ཤི་ཁ་གཟེར་ཁ་ཞིག་ལ་ད་གཟོད་ཤྭ་བ་རིག་དུས་མདའ་སྒྲོན་ཁུལ་བྱེད་མོད། འོན་ཀྱང་ཅུང་འཕྱིས་ཚར་བ་རེད། དེས་ན་རང་རེས་ནམ་རྒྱུན་ཁ་བརྡ་བཤད་དུས་འཇིག་རྟེན་གཏམ་གྱི་དཔེ་ལ། སྐྱེས་ཕོ་ཁོག་རེ་ལ་ཕོ་སེམས་རེ། མདའ་ཉག་ཕྲན་རེ་ལ་འགྲིམ་ལམ་རེ་ཡོད་ཟེར་བ་རེད། ཡ་ཆུང་ནང་ན་སྙིང་ཞིག་ཡོད་པ་དེ། འདང་རྒྱག་བྱེད་དང་། ཐོད་པའི་ངོ་ན་མིག་ཞིག་ཡོད་པ་དེ། རྡོག་ལམ་ལྟ་བྱེད་ཡིན། ཐག་རིང་རྒྱང་གི་ས་ཆ་དང་ཡུན་རིང་བསྐལ་བའི་ཆགས་འཇིག་རྣམས་ལ་ཅི་ཡང་ལྟ་མི་དགོས། རང་ཡོད་སའི་གཡས་རྩ་གཡོན་ཟུར་ལ་བལྟས་ན། ན་ནིང་ཡོད་པའི་མི་ད་ལོ་མེད་པ། དེའི་ནང་གི་ལ་ལ་ཆོས་ར་གཅིག་གི་ནང་ནས་ཆོས་མཉམ་དུ་ཞུས་ཤིང། ཚེ་མི་རྟག་པ་རྒྱུད་ལ་སྐྱེས་མ་མྱོང་བ་ཞིག་ཀྱང་མིན་པར་ཆོས་ལམ་རེར་ཞུགས་ཁུལ་བྱས་མོད། དེ་འདྲ་སླ་མོ་ཞིག་གིས་ཕྱི་མའི་ཡུལ་ལ་གློ་བུར་དུ་འགྲོ་ཆགས་རང་རོགས་གཉིས་ཀས་མ་བྱས་ཀྱང་བུད་སོང་བསམ་རྒྱུ། ལོ་ན་ཅུང་བགྲེས་པ་ཚོས་ཁ་ཡ་ན་ཟླ་ཅི་ཙམ་སོང་ཟིན། ད་ཅི་ཙམ་ལྷག་ཡོད་ལྟོས་དང་ཤེས་རྒྱུ་ཞིག་ཡོད། རང་ཅག་ཁོམ་པའི་དུས་ཚོད་ཞིག་མེད་པར། ལོ་རེའི་ནང་དུ་ཆོས་ཁྲིད་ལན་རེར་ཉན་པར་ཁོམ་ན་ད་དུང་སྐྱོན་མེད་མོད། མི་ཚེའི་ནང་དུ་ཆོས་ལན་རེ་ལན་གཉིས་མ་གཏོགས་ཉན་པར་མ་ཁོམ་ན་དལ་བ་བརྒྱད་ཀྱི་ཆ་རྐྱེན་ཚང་བའི་མི་ལུས་མིན་པའི་རྟགས་ཚང་བར་ཉེ་བ་རེད། དམྱལ་བ་ཡི་དྭགས་ཙམ་ཞིག་མིན་མོད་ཀླ་ཀློའི་ཕྱོགས་གཏོགས་དང་དུད་འགྲོ་ཚོ་དང་ཕལ་ཆེར་འདྲ། དུད་འགྲོ་བཟང་པོ་རིན་ཐང་ཅན་ལ་བརྩི་བ་དག་གི་སྐྱིད་དགའ་འདྲ་ཞིག་ད་དུང་ཨེ་ཡོད་མི་ཤེས། དེ་ལྟ་ན་ཁ་སང་ལ་ཕྱི་བལྟས་ཀྱི་འདས་པའི་བསམ་བློ་ཞིག་བཏང་། ད་ལྟ་ཇི་ལྟར་བྱེད་ཀྱིན་འདུག་རང་ཉིད་ཐད་ལ་བཞག་སྟེ་ལན་བལྟས་བརྒྱབ་ནས་ཁ་རང་ཐོག་ལ་ཚུར་སྐོར་དང། འདིའི་མ་འོངས་པའི་འདུན་སྣེ་རྒྱ་ལམ་གྱི་ཐག་རིང་ཐུང་འགྲོ་ལམ་བཟང་ངན་འགྲོ་སའི་དམིགས་ཡུལ་ལ་འདང་བསམ་བློ་སྐོར་མ་མྱོང་བས་སམ། འདང་རྒྱག་མ་ཤེས་ན་བློ་ཉེས་ཆེན་པོ་ཞིག་ཁུར་བ་ཡིན། རང་ཉིད་འཁོར་བ་ལ་ངེས་འབྱུང་མེད་ན་ཐར་བའི་ལམ་སྣེ་ཟིན་ཐབས་མེད་པས། ཕྱིན་ཆད་འཁོར་བར་མི་འཁྱམ་པའི་རྒྱུ་མེད་པ་རེད། དེས་ན་ཕྱི་མར་ངན་སོང་ལ་མི་ལྷུང་བའི་ཐབས་ཤེས་ཇི་ལྟར་ཡིན་བསམ་ནས་རང་གིས་རང་ལ་གྲོས་འདེབས་ཤིག་གམ་བསམ་བློ་ཞིག་བཏང་ན། རྨ་ཆུ་གཅོད་བྱེད་ཀྱི་རྟ། རྨ་ལ་འགྲོ་བྱེད་ཀྱི་གྲོ། རང་ལ་ཅི་ཡོད་བསམ་བློ་ནང་དུ་བསྐོར་དང་། ཚེ་ཕྱི་མར་འགྲོ་བྱེད་ཀྱི་འགྲོ་རྟེན། མཐོ་རིས་ལྷ་མིའི་སྐྱེ་བ་ལེན་བྱེད། དགེ་བ་བཅུ་སྒྲུབ་མི་དགེ་བཅུ་སྤོང་། དེའི་སྟེང་དུ་བསོད་ནམས་ཆ་མཐུན་གྱི་ལས་གསོག་དགོས་པ་ཡིན། གཟུགས་མེད་དང་བསམ་གཏན་གོང་མའི་ལྷ་གནས་གོང་མར་སྐྱེ་དགོས་ན་མི་གཡོ་བའི་ཏིང་ངེ་འཛིན་བསྒོམས་ཤིང་མི་གཡོ་བའི་ལས་གསོག་དགོས། དེ་ཚོར་བསམ་བློ་བཏང་ན། མི་རང་ཉིད་ཀྱིས་ཚེ་གང་བོར་སྲོག་རང་གིས་བཅད་པ། གཞན་ལ་གཅད་དུ་བཅུག་པ། གཞན་གྱིས་བཅད་པ་ལ་རྗེས་སུ་ཡི་རང་བྱས་པ་ལ་སོགས་པ་སྲོག་གཅོད་དང་འབྲེལ་བའི་ལས་དང། མ་བྱིན་ལེན་པ་ཡང། དངོས་སུ་འཇབ་ནས་གཞན་གྱི་རྒྱུ་རྫས་ཁྱེར་མ་མྱོང་ཡང་དབང་དང་མཐུ་གཡོ་ཐབས་ལ་སོགས་པས་མི་མགོ་བསྐོར་ཏེ་ལེན་པ། དེའི་ཐོག་ནས་མི་དགེ་བ་གཞན་དག་སྣ་ཚོགས་པ་རང་གིས་ལས་བསགས་པ་ལ་འདང་ཞིག་བརྒྱབ་ན་ཚེ་ཕྱི་མ་ལྟ་ཅི་ཚེ་སྨད་སྐྱིད་ཐབས་ཙམ་ཞིག་ཀྱང་སྒྲུབ་ཤེས་མེད། ལྷ་ཚེ་རིང་པོ་ཟེར་བ་རེད་མ་གཏོགས་ཁམས་གོང་མར་སྐྱེ་དགོས་ན་ཡང་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་དགོས། བསམ་གཟུགས་ཀྱི་ཏིང་ངེ་འཛིན་ཞིག་ལྟ་ཅི་འདོད་སེམས་རྩེ་གཅིག་པ་ཞིག་ཀྱང་སྒོམ་མི་ཤེས་ཤིང་སྒོམ་མ་མྱོང་བས། མདོར་ན་ཡར་གྱི་ཤྭ་རྗེས་མ་ཆོད་མར་གྱི་ཤེའུ་རྗེས་མ་ཆོད་སྨུག་པའི་ནང་ནས་ས་བྱང་སར་མགོ་འཁོར་ཏེ་ལམ་ལོག་ཏུ་སོང་བ་ལྟ་བུ། ཕྱོགས་ཤར་ལྷོ་ནུབ་བྱང་གོ་ནོར་ཏེ་གར་འགྲོ་ངོས་མ་ཟིན་པར་འཁྱམ་གྱིན་ཡོད་པ་ལྟ་བུ་ཞིག་ཡིན་པ་རེད། དེ་འདྲའི་བསོད་ནམས་མེད་པར་འཁོར་བའི་ནང་དུ་འདི་ལྟར་འཁྱམ་གྱིན་ཡོད་ན། མེད་པའི་ནང་ནས་ཅུང་ཡོད་པ་སྟེ། ལྷུང་ལུགས་ངན་པ་ཁ་སྦུབ་དུ་ལྷུང་ཡང་། ལྷུང་ས་བཟང་པོ་བྱེ་མའི་ནང་། ཟེར་བ་ནང་བཞིན། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐེངས་འགའ་འབྱུང་། །ཞེས་གསུངས་པ་ལྟར། ད་རེས་སངས་རྒྱས་ཀྱི་བསྟན་པ་དང་མཇལ། ལམ་སྟོན་དགེ་བའི་བཤེས་གཉེན་དང་འཕྲད་པའི་སྐབས་འདིར་ལམ་མ་ནོར་པའི་སྣེ་མོ་ཞིག་མ་ཟིན་ན། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་ལྟར། ནམ་ཡིན་ན་འདི་འདྲའི་གོ་སྐབས་བཟང་པོ་རྙེད་དཀའ། རང་རེས་ཆེ་ས་མཐོ་ས་ནས་བཤད་དགོས། ཐེག་ཆེན་མདོ་སྔགས་ཀྱི་ཆོས་ལམ་ལ་ཞུགས་ན་སྐྱེ་བ་ཚེ་རབས་མང་པོ་མི་འགོར་བར་སངས་རྒྱས་ཐུབ་པའི་ཆོས་དང་འཕྲད། དེའི་བསྟན་པའི་ལྷག་ཞབས་སུ་སྐྱེས། ཉམས་ལེན་བརྒྱུད་པའི་བྱིན་རླབས་མ་ཉམས་པར་ཕོ་རང་གིས་ཐུབ་ན་ཆོས་དང་གདམས་པས་ལག་མི་འཐོག་པའི་ཆོས་སྒོར་ཞུགས་ཡོད་པ་ཡིན། འོན་ཀྱང་སྦྱོང་རྒྱུ་དམའ་ས་ནས་སྦྱང་དགོས། རྒྱུགས་ལུགས་མ་ཤེས་གོང་། འགྲོ་ལུགས་ཤིག་མ་བསླབ་ན། བྱིས་པ་ཉྭ་མ་ཁྱོག་པ་ཞིག་གིས་དང་པོ་ཉིད་ནས་རྒྱུག་ཁུལ་བྱས་ཀྱང་གོམ་པ་སྤོས་མ་ཐག་ཏུ་ལོག་ལོས་འགྲོ། དཔེར་ན་ཞག་མ་བརྒྱ་འགོར་སའི་ལམ་ཐག་རིང་པོ་ཞིག་ལ་འགྲོ་དགོས་ན། བརྒྱ་ཐམ་པ་ཐོན་ལ་ཉེ་བའི་ས་ཆ་དང་ལམ་གྱི་རྒྱུགས་ཕྱོགས་ད་ནས་བཤད་འདུག་པ་ལས་ཐོག་མར་དེ་རིང་གི་ལམ་ལ་འགྲོ་ལུགས་ཤེས་པ་གལ་ཆེ་བ་ལྟར། སངས་རྒྱས་ཀྱི་ས་ཡི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཐོས་བསམ་གྱི་ཤེས་རབ་བསྐྱེད་པའི་ཆེད་དུ་ཤེས་ལོས་དགོས་མོད། འོན་ཀྱང་དང་པོར་ཉམས་ལ་རན་ཤག་ཤག་འདིའི་རྡོ་འཕྲང་ནས་མར་ལ་བུད་ནས་རོག་ཆུ་ཟམ་པ་བརྒྱུད་དེ་སྨུག་རིང་ཁོག་ནས་ཡར་ལྷ་སའི་ཕྱོགས་ལ་འགྲོ་རྒྱུ་ཡིན་ན། དང་པོ་སྨུག་རིང་ལ་ཁའི་ཁ་བ་དང་འདམ་བག་ཇི་ལྟར་གཅད་རྒྱུའི་ཕྱོགས་ལ་འདང་རྒྱག་རྒྱུ་གལ་ཆེ། རང་གཞན་སུ་ཡིན་ཡང་ཆོས་མི་འགྲུབ་པའི་རྩ་བ་ནི་ཚེ་འདི་སྤོང་མ་ཐུབ་པས་ཡིན། དང་པོ་ཞིག་ནས་ས་ལམ་མཐོན་པོའི་སྤངས་རྟོགས་དང་ལྟ་སྒོམ་མཐོན་པོའི་ཉམས་ལེན་ཁོ་ན་ལ་ཁ་དཀྱོག་ནས་བཤད་པ་ཞིག་གིས་ཉམས་ལ་མ་རན་པས་ཕན་ཐོགས་མི་འབྱུང་། དེ་རིང་ཁ་རྩང་རྒྱལ་ཕྱི་ནང་མགོ་སེར་ནག་གཉིས་ཀའི་ནང་ན་དབུ་རྫོགས་ཕྱག་གསུམ་སྒོམ་པ་ཡིན་ཟེར་མཁན་མང་བ་རེད། འོན་ཀྱང་ངོ་མ་བཤད་ན་རྒྱུད་ཉོན་མོངས་དུག་ལྔའི་ཁ་ཞིག་མ་བྲི། སྙིང་རྗེ་བྱང་སེམས་ཀྱི་དྲི་ཞིག་མི་བྲོ་བ་དེ་ཆོས་ཀྱི་རྨང་གཞི་མ་ཞོག་པའི་རྐྱེན་གྱིས་རེད། དཔེར་ན་མུ་གེས་འཆི་ལ་ཉེ་བའི་མི་ཞིག་ཟས་སྐོམ་གྱིས་ཕོངས་ཏེ་གཟུགས་མགོར་ཀྱང་མི་ཁྱག་པ་ཞིག གལ་ཏེ་ཕྱུག་པོའི་བང་མཛོད་ནང་ནས་ཅི་དགོས་གང་འདོད་འདེམ་ཆོག་པ་ཞིག་བྱུང་ན། དང་པོ་ཟ་བཏུང་གི་རིགས་ཤིག་བདམ་ནས་ལྟོགས་མུག་གིས་མི་འཆི་བར་གཟུགས་མགོར་ཁྱག་ཐུབ་པ་ཞིག་བྱས་ཏེ་ད་གཟོད་རྒྱུ་ནོར་བདམ་པའི་ཕྱོགས་ལ་བསམ་བློ་གཏོང་དགོས་པ་ལས། དང་པོ་ནས་རྒྱུ་ནོར་ཆེན་པོ་ཞིག་བདམས་ཀྱང་སྲོག་མ་འཚམས་ན་རྒྱུ་ནོར་ཆེན་པོས་ཅི་བྱ། དེ་བཞིན་འཕྲལ་དུ་ཕན་ཐོགས་ཡོད་པའི་ཆོས་དེ་དང་པོ་སྒྲུབ་དགོས། དཔེ་གཞན་ཞིག་བཞག་ན། དམག་སར་དགྲ་འཛིང་བཞིན་ཡོད་ས་ཞིག་ནས་གཞུ་འཐེན་ཏེ་མདའ་འཕེན་གྱིན་ཡོད་ན་རྨོག་གི་འདབ་རས་མདའ་འཕེན་པར་མ་བདེ་ན་རྨོག་ཕུད་དགོས་ཀྱི་ལྷམ་ཕུད་པས་ཕན་ཐོགས་མེད། དོར་མ་ཕུད་པས་ཀྱང་ཕན་ཐོགས་མེད། མདུན་ན་ཡོད་པའི་ཆོས་མི་འགྲུབ་པའི་དཀའ་ཁག་ངན་པ་དེ་གང་ཡིན་ཟེར་ན། ཚེ་འདི་བློས་གཏོང་མི་ཐུབ་པས་འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་དེ་ཡིན། དེ་ངོས་བཟུང་ནས་གནད་ལ་སྨིན་ཏེ་ཆོས་ཤིག་བསྒྲུབ་དགོས། རང་རོགས་སྐྱ་སེར་གཉིས་ཀའི་འགག་སྒོ་མི་ཁྲོལ་ས་ངོ་མ་དེ་འདི་ཡིན། དེའི་གནད་མ་ཁྲོལ་ན་གང་བསྒྲུབས་ཀྱང་འབེན་ཐག་ཉེར་བཞག་ནས་མདའ་ཐག་རིང་དུ་འཕངས་པ་ལྟ་བུ་དང་། རྐུན་མ་ནགས་ནང་སོང་ན་རྐང་རྗེས་སྤང་ལ་གཅད་པ། འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་འཕངས་པ་ལྟ་བུ་ཞིག་ལས་དོན་གནད་ཐོག་ཏུ་ཁེལ་མི་ཐུབ། ཆོས་པ་བྱེད་པར་དང་པོ་ནས་བློ་སྦྱོང་གིས་བློ་སྦྱངས་ཏེ། འདི་སྣང་ཚེ་འདིའི་ཞེན་པ་ཆུང་ཐབས་བྱ་དགོས། འོན་ཀྱང་ཁ་ཡིས་དེ་ལྟར་བཤད་པ་ཅུང་སླ་མོད། དོན་རྒྱུད་ལ་སྦྱར་ན་ང་དང་ཁོ། ཁེ་དང་ཕམ་ཞེས་བཤད་སར་ཐུག་དུས་ཡིག་ཐོག་གི་རི་མོ་དང་ཁ་ཐོག་གི་ཚིག་གར་སོང་ཡོད་མེད་ཀྱི་ཐད་ནས་རང་གཞན་སུ་ཡིན་ཡང་ཅུང་དཀའ་བས་འཁོར་བའི་རྒྱུན་ཐག་འདི་མི་ཆད་པར་འཆིང་བྱེད་ཀྱི་ཐག་པ་འདི་སྲ་བ་དང་དམ་པ་ཡིན་ཞེས་པའི་དོན་ཡང་དེ་ཡིན། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་མང་པོ་གསུངས་པ་འདི་དག་གཙོ་བོ་བདག་འཛིན་གྱི་འགོང་བོ་འདི་འཇོམ་ཆེད་ཡིན་ཞིང་། དེའི་སྨན་ཡིན་ལ། ཕན་ཐོགས་ཡོད་མེད་གང་ཡིན་ཀྱང་སྨན་བཏུང་དགོས་ཀྱི། སྨན་བླངས་ནས་སྨན་ལ་ཚོད་ལྟ་ཙམ་ཡང་མ་བྱས་ན་ནད་རང་དྲག་ཏུ་ག་ལ་འགྲོ། སྨན་སྒྲོ་བ་གང་ཡོད་ཀྱང་ཐུམ་གཅིག་ཀྱང་མ་འཐུང་ཚེ་སྨན་ལ་ལེ་བདའ་བྱ་རྒྱུ་ཡོད་པ་མ་ཡིན། དེས་ན་དལ་འབྱོར་རྙེད་དཀའ་ནས་འགོ་བཟུང་སྟེ་བློ་སྦྱོང་གི་ཆོས་ཐམས་ཅད་རང་གིས་ཉམས་སུ་ལེན། རང་སེམས་གྱོང་པོ་འདི་ལ་ནེམ་ཞིག་ཕོག་ན་རང་ལ་ཤི་དུས་གསོན་དུས་གཉིས་ཀར་ཕན་ཐོགས་ཤིང་། བདེ་བ་ཞིག་ཐོབ་ཡོང་བ་ཡིན། དཔེར་ན་འདོད་པ་ཆེ་དྲག་ཏེ་ཡོད་ཚད་ང་ལ་དགོས་བསམ་སྟེ་མི་དགོས་པ་གཅིག་ཀྱང་མེད་པའི་སེམས་ཀྱི་རྣམ་རྟོག་དེའི་རྗེས་སུ་ལུས་ངག་གཉིས་ཀས་མ་ཆོད་པར་དཀའ་ལས་སྡུག་བསྔལ་ཐམས་ཅད་རང་སྟེང་དུ་བླང་པ་ལྟ་བུ་ཞིག་ཐོན་ཡོང་པ་དང་། ཚེ་ཕྱི་མ་དེ་ལས་ཀྱང་སྡུག་ཅིག་ད་དུང་རྗེས་ན་ཡོད། གལ་ཏེ་འདོད་པ་དེ་འདྲ་ཞིག་མི་ཆེ་ཞིང། འདོད་ཆུང་ཆོག་ཤེས་ཀྱི་སྨན་ནོར་བུ་འདྲ་བ་དེ་རང་ལག་ཏུ་ཡོད་ན་འཛམ་གླིང་གི་རྒྱུ་ནོར་ཡོད་པ་ལས་སྐྱིད་ཅིང་བདེ། ཕྱི་མ་དེ་བཞིན་དུ་བདེ། དེ་ལྟར་དུ་བཟེ་རེ་ཁོང་ཁྲོ་མ་ཆེ་ན་ཐམས་ཅད་གྲོགས་ཡིན། གནོད་སེམས་ཁོང་ཁྲོ་ཁོ་ན་བྱས་ན་བར་སྐབས་ཤིག་ལ་སྣང་བ་དགྲ་རུ་ལོག་སྟེ། ཐད་དེ་ནས་ཚག་སྒྲ་ཆེན་པོ་ཞིག་གྲག་ནའང་དེ་ལ་ཁོང་ཁྲོ་དགོས་ཐུག་པ་ཡིན། རང་གི་སེམས་རྒྱུད་ཆོས་དང་འདྲེས་པའི་ཆེད་དུ་ཕྱོགས་གཅིག་ནས་ཚོགས་བསགས་སྒྲིབ་སྦྱོང་རེ་བྱས་ན་ཕན་ཐོགས་ཆེན་པོ་ཡོད། མེ་ཏོག་རྐང་གཅིག་དང་བའི་སེམས་ཀྱིས་དཀོན་མཆོག་ལ་ཕུལ་བཞག་ན་དེ་ཡང་ཚོགས་བསགས་ཡིན། ལྷ་ཁང་ནང་གི་ཐལ་བ་ཞིག་ཕྱགས་ན་སྒྲིབ་སྦྱང་ཡིན་ཞིང་། དགེ་སྡིག་ཟེར་བ་དེ་གཙོ་བོ་སེམས་ཀྱི་བྱེ་བྲག་ཡིན་ཏེ། ལྟར་སྣང་ལ་ཆེན་པོ་ཞིག་བྱས་དང་མ་བྱས་ཅི་ཡོད། དེ་མིན་སཱཙྪའི་སྟེང་དུ་ལྷམ་ཐེད་བཀབ་ན་ཉེས་པ་ལོས་ཡོད་མོད་འོན་ཀྱང་བསམ་པ་བཟང་པོས་དགེ་བར་འགྱུར་སོང་པ་ལྟ་བུ་རེད། དེས་ན་ཚོགས་བསགས་སྒྲིབ་སྦྱོང་དཀའ་མོ་དང་། ཐུབ་པ་མ་ཡིན་འབའ་ཞིག་མ་བསམ་མ་གཏོགས། ཆོས་ཆེན་པོ་སྒྲུབ་མ་ཐུབ། ཆོས་ཆུང་ཆུང་ལ་བློ་མ་ཁེལ་ནས། ཐ་མ་ཆོས་གོས་ཞབས་ནས་ཆོས་མེད་དུ་ལུས་རྒྱུ་དང་ཆོས་པའི་མིང་ཐོག་ནས་ལག་སྟོང་ལ་ལྷུང་བའི་ཉེན་ཁ་ཡོད། དེས་ན་ཆེ་ཐུབ་ཆུང་ཐུབ་ཀྱིས་ཚོགས་བསགས་སྒྲིབ་སྦྱོང་རེ་བྱེད་དགོས། ཆུ་ཐིག་བསགས་པས་རྒྱ་མཚོ་ལྟར་བསགས་ན་སོག་ཡོང་རྒྱུ་ཞིག་ཡོད་རེད་མ་གཏོགས་མ་བསོག་ན་སོག་ཡོང་རྒྱུ་ཞིག་མེད། ཚོགས་བསགས་ན་སྒྲིབ་པ་དག་སྒྲིབ་པ་དག་ན་ཚོགས་རང་ཤུགས་ཀྱིས་སོག་འགྲོ་བ་ཡིན། དེ་ལོས་ཡིན་སྒྲིབ་སྦྱང་ཐམས་ཅད་ཀྱི་མཆོག་བྱང་ཆུབ་ཀྱི་སེམས་བསྒོམ་པ་དེ་ཡིན་ཞིང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་ན་ཚོགས་གཉིས་རང་ཤུགས་ཀྱིས་རྫོགས་པ་ཡིན། ཐམས་ཅད་ཀྱི་རྩ་བ་བསམ་པ་བཟང་པོ་བྱ་རྒྱུ་དེ་ཡིན་པས་དེ་ལུགས་ཀྱིས་རང་རྒྱུད་ལ་ནམ་ཡིན་ན་ལྟ་རྒྱུ་ནི་མན་ངག་དང་། ཞལ་གདམས། སྙིང་གཏམ་ཡིན། རང་སེམས་རང་ལ་དཀར་བའི་ཁ་ཡོད་ལག་ཡོད་ཀྱི་ཕན་དགོས་དེའི་ནང་ན་ཡོད་པ་རེད། ཕྱི་ལ་མ་ལྟ་ནང་ལ་ལྟོས་ཕྱིའི་འཁོར་བའི་འཁྲུལ་སྣང་ལ་མ་དག་པ་ལོས་མང་། དེ་ལ་བགྲང་ཚོད་ཅིག་ག་ལ་ཡོད། ནང་རང་གི་སེམས་དེ་ཐུལ་ནས་རང་རྒྱུད་འགྱུར་དུས་སྡུག་བསྔལ་གྱི་རྩ་བ་ཆོད་སོང་ལ། སྔོན་ནས་ད་ལྟའི་བར་དུ་ཐོས་མ་མྱོང་བའི་དོན་ཆེན། ཚིག་ཙམ་རེ་ཐོས་མྱོང་ནའང་དོན་ལ་བསམ་བློ་འཁོར་མ་མྱོང་བ་འམ་ཤེས་མ་མྱོང་བའི་དོན་ཆེན་དེ་ཆོས་ཉན་པའམ་ཐོས་པ་བཙལ་ན་ཤེས་རྒྱུ་གོ་རྒྱུ་ཞིག་ཡོད་པ་ཡིན། རང་ཉིད་བཟང་ན་བརྒྱན་ན་བདེ་ན་སྐྱིད་ན་བསམ་མཁན་ཞིག་མ་གཏོགས་ང་མ་བདེ་ན་མ་སྐྱིད་ན་བསམ་མཁན་ཞིག་སུ་གཅིག་མེད། འོན་ཀྱང་བདེ་ཐབས་སྐྱིད་ཐབས་ཀྱི་ཐབས་དེ་མ་ཤེས་པས་མགོ་འཁོར། མགོ་འཁོར་མཁན་ཤ་སྟག་ལྷན་དུ་བསྡད་པས་རིག་རྒྱུ་གོ་རྒྱུ་ཚང་མ་མ་རབས་ཀྱི་སྤྱོད་ངན་དང་བསམ་ངན་འབའ་ཞིག་ཡིན་པས། དུས་ངན་གྱི་བྱ་སྤྱོད་དང་གྲོགས་ངན་གྱི་ཕྱོགས་སུ་མི་ཤོར་བའི་ཐབས་ཤིག་ག་ལ་ཡོད། དེས་ན་གྲོགས་ངན་དང་འགྲོགས་པས་བཟང་ཞིག་ལོབ་རྒྱུ་མེད་ལ། བློ་ཡག་པ་ཞིག་དེའི་ཁྲོད་དུ་རྙེད་རྒྱུ་ཡོད་པ་མ་རེད། སྔོན་ཞིག་ལ་ཐ་ག་པ་ཞིག་ཡོད། དེ་ཉིན་གཅིག་ནགས་ནང་དུ་ཤིང་གཅད་སར་སོང། ཁོ་རང་སེམས་རྒྱུད་དྲང་མོ་ཞིག་ཡིན་པས། ལྗོན་ཤིང་གསར་བ་རྣམས་གཅོད་མ་བྲ་ནས་རེ་རེ་བལྟས་དུས་རེ་རེ་གཅོད་མ་བྲ་རེ་རེ་བལྟས་དུས་རེ་རེ་གཅོད་མ་བྲ་བར་མཐར་ནགས་འདབས་ལ་ཐོན་སོང་། དེར་ནགས་ཀྱི་ལྷ་མོས་མི་བསམ་བཟང་ཞིག་ཡིན་པར་ཤེས་ནས། དེ་ལ་དངོས་གྲུབ་གནང་བའི་ཆེད་དུ་རང་གཟུགས་བསྟན་ཏེ་ཁྱོད་ལ་དངོས་གྲུབ་ཅི་དགོས་ཅེས་སྨྲས་པར། ཁོ་རང་ལ་འགྲོ་རོགས་ཞིག་ཡོད་པ་དེར་ངས་ཅི་ཟེར་ཞེས་བློ་དྲིས་པར། འགྲོ་རོགས་དེས་ཁྱོད་ཀྱིས་མདུན་ཕྱོགས་ཀྱི་རྐང་ལག་གཉིས་ཀས་ཅི་འདྲའི་ལས་ཐུབ་ཀྱིན་འདུག གལ་ཏེ་རྒྱབ་ཕྱོགས་ནའང་རྐང་ལག་ཆ་གཉིས་ཡོད་ན་བདུན་རྒྱབ་གཉིས་ཀས་ཐག་འཐག་ན་ཅི་འདྲ་ལས་ཀ་མང་པོ་མི་ཐུབ་བམ། དེ་བས་དངོས་གྲུབ་འདི་ཞུས་ན་ལེགས་ཤེས་སྨྲས་པ་དང་། ཐ་ག་པ་ཡང་བློ་འགྱུར་སླ་བས་བདེན་པར་བསམས་ནས་ང་ལ་རྒྱབ་ཏུ་རྐང་ལག་བཞི་ཡོད་ཐབས་ཞིག་བྱ་རོགས་ཤེས་སྨྲས་པས། དེ་མ་ཐག་རྒྱབ་ཏུ་རྐང་ལག་བཞི་ཡོད་པར་གྱུར་ཅིང་། ད་ཐག་འཐག་དགོས་བསམ་ནས་ཁོ་རང་གཉིས་ཀ་གྲོང་ཁྱེར་གྱི་ནང་དུ་སོང་ནས་ཐག་འཐག་རྒྱུ་ཨེ་ཡོད་ཟེར་བཞིན་སྒོ་དུ་ཡོད་ལ་དྲིས། ཚང་མས་དེ་འདྲ་ལྟས་ངན་ཟེར་ནས་རྡོ་རྡུང་བྱས་ཏེ་དེད། དེའི་སྐབས་སུ་ནམ་མཁའི་ལྷ་ཞིག་གིས། རང་ཡང་མཁས་པར་མ་གྱུར་ལ། །གྲོགས་ཀྱང་བློ་དང་མི་ལྡན་པས། །དེ་དག་མྱུར་དུ་བརླག་འགྱུར་ཏེ། །ནགས་ཀྱི་ཐ་ག་པ་བཞིན་ནོ། །ཞེས་གསུངས་པ་རེད། གྲོགས་བཟང་པོའི་བསླབ་བྱ་མ་གཏོགས་ངན་པའི་ཁ་ལ་ཉན་མི་རུང་། ཆགས་སྡང་ཆེ་བའི་ངག་འཁྱལ་མིན་ནའང་བྱ་རོག་སོ་རྟོག་གི་བསྟན་བཅོས་ལྟ་བུ་འདི་ཕྱིའི་དོན་ཆེན་བསྒྲུབ་པའི་ཡན་ལག་ཏུ་མ་གྱུར་པ་དོན་མེད་དུས་ཚོད་འགྲོ་བའི་བསྟན་བཅོས་དང་རྩོམ་ཡིག་དེ་ཚོར་བལྟ་མི་རུང་ངོ་། །དང་པོ་ཉིད་ནས་ངས་ཚེ་ཕྱི་མའི་དོན་ཆེན་ཞིག་གམ། ཡང་ན་ད་རེས་ཐེངས་གཅིག་ལ་ལམ་ཡག་པོ་ཞིག་རྙེད་པས་རང་གཞན་གཉིས་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ཅི་ནས་ཀྱང་སྒྲུབ་དགོས་ལྷག་ཏུ་མ་བསམ་ནའང། རང་བློ་རང་ལ་མི་དཀར་བ་མི་སྲིད་པས་ཚེ་འདིར་བདེ་ཐབས་སྐྱིད་ཐབས་དང་། ཚེ་འདིར་རང་ཉིད་མིའི་ནང་ནས་མི་རབ་སྟེ། ཨང་དང་འབྲིང་བཀར་ན་དང་པོ་རེད་ཐབས་ལ་བསམ་བློ་གཏོང་ལོས་དགོས། དེས་ན་མི་ཞིག་ཇི་ལྟར་བྱེད་ཚུལ་ནི་ཐོས་པ་ཚོལ་དང་ཤེས་རྒྱུ་ཡོད་པ་རེད། ཐོས་པ་ཆོས་ཕྱོགས་སུ་བསྐོར་ཏེ་རང་གཞན་ཐར་ལམ་ལ་བཀོད་པའི་ཆོས་ཞུ་ཆོག་རེད། དེའི་རིགས་བློ་ལ་མ་ཤོང་ཞིང་ཡིད་ལ་མ་བབ་ན། ཚེ་འདི་ལ་ཡང་མིས་མི་གོ་ཆོད་བྱེད་ཀྱི་ཤེས་བྱ་མང་པོ་ཞིག་ཐོས་པ་ཚོལ་ནས་ཤེས་རྒྱུ་ཡོད། མི་འགའ་རེ་ཆོས་སྦྱོང་མ་མྱོང་བླ་མ་བསྟེན་མ་མྱོང་ན་ཡང་བསམ་པ་བཟང་པོ་ཅན་། སྙིང་རྗེ་ཡོད་པ། ངང་རྒྱུད་འཇམ་པོ། སྡུག་བསྔལ་ཅན་དག་སྐྱོབས་ཐབས་བྱེད་པ། མི་གཞན་ལ་ཕན་ཐོགས་པའི་ལས་ཀར་སྤྱོད་བཟང་རུ་བརྩི་བ། ཕར་ལ་ཐོ་བཙམས་ཀྱང་ཚུར་ལ་གུས་ཞབས་བྱེད་མཁན། དེ་འདྲའི་ཁོག་ཡངས་བློ་རྒྱ་ཆེན་པོ་ཅན་ཡོད་པ་དེ་ཚོ་མང་ཆེ་བས་ཡ་རབས་སྤྱོད་བཟང་གི་སྐོར་གྱི་ཐོས་པ་རེ་བཙལ་ཏེ་དེའི་དོན་ཤེས་ཤིང་། དེ་དགོས་པ་རྟོགས་ནས་རང་རྒྱུད་ལ་དེའི་གཤིས་ཀ་ཆགས་སུ་བཅུག །རང་ཉིད་མི་གྲལ་དུ་སོང་ཚེ་ངོ་མི་ཚ་བ་ཞིག་བྱ་བསམ་ནས་སྦྱོང་བ་ལག་ལེན་ལ་གཏུག་ཏེ་གོམ་སོང་ན། བར་སྐབས་ཤིག་ལ་ཡ་རབས་ཀྱི་མི་ལུགས་འབའ་ཞིག་ལ་སློབ་ཅིང་མ་རབས་ཀྱི་སྤྱོད་ངན་ལ་གཙོག་ལྟ་བ་དེ་འདྲ་ཞིག་ཏུ་འགྱུར་རྒྱུ་ཡོད་པ་ཡིན། དེའི་ཕྱིར་ན་ཡང་ཐོས་པ་ཚོལ་དགོས། འཇིག་རྟེན་གྱི་བདེ་བའི་དངོས་པོ་ཐམས་ཅད་དཀའ་སྤྱད་འབད་བརྩོན་གྱིས་བསྒྲུབས་ཡོང་བ་ཤ་གཏགས་ཡིན། དེ་ལས་ཀྱང་ཆེ་བའི་ཕྱི་མའི་བདེ་བ་ཞིག་སྒྲུབ་དགོས་ན་དཀའ་ལས་ཅུང་ཟད་ཅིག་མྱོང་ལོས་དགོས། འགའ་ཞིག་ཚེ་འདིར་དཀའ་ལས་ཆེན་པོར་རྒྱག་མི་དགོས་པར་ཕུན་སུམ་ཚོགས་འདུག་པ་འདི་ཚོ་ཅི་རེད་ཅེ་ན། དེ་ནི་སྐྱེ་བ་སྔོན་མར་ཚོགས་བསགས་པའི་འབྲས་བུ་ཚེ་འདིར་སྨིན་པ་རེད། རང་རེ་སོ་སྐྱེ་ཞིག་གིས་འགྲུབ་ཐུབ་རྒྱུ་ཞིག་ལ་ཅི་བཤད་ཀྱང་ཆུང་ངུ་ཞིག་ལས་མི་འགྲུབ་པས། ཚེ་འདིར་བདེ་བ་ཅན་ལ་སྐྱེ་བྱེད་ཀྱི་རྒྱུ་ཆུང་ངུ་ཞིག་བསྒྲུབས་ནས་བདེ་བ་ཅན་གྱི་བདེ་སྐྱིད་ཆེན་པོ་དེ་འདྲ་མྱོང་ཆོག་པ་འདི་སུས་དཀའ་ལས་བརྒྱབ་ནས་བསྒྲུབས་པ་རེད་ཅེ་ན། སངས་རྒྱས་འོད་དཔག་མེད་ཀྱི་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ། སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་མདུན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་མི་ལོ་བྱེ་བ་གཅིག་གི་བར་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཡོན་ཏན་དང་། དེའི་ཞིང་ཁམས་ཀྱི་རྒྱན་བཀོད་ཐམས་ཅད། རྒྱུ་ཅི་ལས་བྱུང་། རྐྱེན་གང་ལ་བརྟེན། གྲོགས་ཅི་ཞིག་དགོས། གཞི་གང་ལས་བྱུང་ལ་སོགས་པ་ཐོས་པ་བསགས། ཐོས་དོན་བསམ། སངས་རྒྱས་དེ་ཐམས་ཅད་ཀྱི་ཡོན་ཏན་དང་། ཞིང་ཁམས་དེ་ཐམས་ཅད་ཀྱི་བཀོད་པ་དང་རྒྱན་ཐམས་ཅད་ཕྱོགས་གཅིག་ལ་བསྡོམས་པའི་ཞིང་ཁམས་ཤིག་གཟུང་དགོས་པར། ཞིང་ཁམས་གཞན་དུ་སྐྱེས་པ་ལ་དགེ་རྩ་རྒྱ་ཆེན་པོ་མ་བསགས་ན་མི་སྐྱེ་བས། ཞིང་ཁམས་ལ་སོ་སོའི་སྐྱེ་བོ་རྒྱུ་བཞི་པོ་ཚོགས་ཙམ་གྱིས་སྐྱེ་ཐུབ་པའི་ཞིང་ཁམས་ཤིག་བཟུང་དགོས་དགོངས་ནས་དེ་བཞིན་དུ་སྨོན་ལམ་བཏབ། དགེ་སློང་ཆོས་ཀྱི་འབྱུང་གནས་དྲན་པ་དང་བློ་གྲོས་ཤེས་རབ་དང་བརྩོན་འགྲུས་ལྡན་པ་དེ་ལ་སངས་རྒྱས་ཀྱིས་ལུང་བསྟན་ཐོབ་སྟེ་མ་འོངས་པའི་དུས་སྐལ་བ་གྲངས་མེད་གང་གཱའི་ཀླུང་གི་བྱེ་མ་རྙེད་འདས་པའི་དུས་ན། ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་འགྲུབ་སྟེ་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ཞེས་བྱ་བར་འགྱུར་ཞེས་དབུགས་དབྱུང་ལུང་བསྟན་ཐོབ། དགེ་སློང་ཆོས་ཀྱི་འབྱུང་གནས་དེའི་སྐབས་སུ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་ཞིང་། བསྐལ་བ་དེ་འདྲ་མང་པོ་ཞིག་གི་ཚེ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞིག་གི་ཚུལ་གྱིས་རླབས་ཆེན་བྱ་དཀའ་བའི་སྤྱོད་པ་སེམས་ཅན་རེ་རེའི་དོན་དུ་དབུ་དང་ཡན་ལག་གི་སྦྱིན་པ་མང་པོ་བཏང་། སྲོག་དང་བརྗེས་ཏེ་ཚུལ་ཁྲིམས་སྲུང་བ་ལ་སོགས་པ་དང་། ཆོས་ཚིག་བཞི་རེའི་དོན་དུ་མེ་ནང་ལ་མཆོངས་བ། སྤུ་གྲིའི་ཐང་བརྒལ་བ། ཆོས་ཚིག་རེའི་དོན་དུ་ཤའི་ཀོང་བུ་ལ་མར་མེ་སྟོང་ཚོ་སྦར། ཁྲག་གི་སྣག་ཚ། རུས་པའི་སྨྱུ་གུ། པགས་པའི་ཤོག་གུ་བྱས་ཏེ་དམ་པའི་ཆོས་བཙལ། དམ་པའི་ཆོས་དེའི་དོན་ལ་ཐོས་བསམ་སྒོམ་གསུམ་དུས་བསྐལ་ཆེན་མང་པོར་མཛད་ནས། ཆོས་ཀྱི་རྔ་ཆེན་པོ་བརྡུང་། ཆོས་ཀྱི་དུང་ཆེན་པོ་བུས། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེངས། དེའི་སྟེང་ནས་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྦར་ཏེ་འཇིག་རྟེན་གྱི་མུན་པ་སེལ་བར་མཛད། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བསྙེན་བཀུར་མཛད་དེ་མཐར་སྨོན་ལམ་མངོན་དུ་གྱུར། སྨོན་ལམ་མངོན་དུ་གྱུར་བའི་གནས་སྐབས་སུ་གཞི་ནས་སངས་རྒྱས་ཏེ་ད་ལྟའི་སྐབས་ན་བདེ་བ་ཅན་གྱི་ཞག་མ་བཅུ་སོང་བ་རེད། བདེ་བ་ཅན་གྱི་ཞག་མ་རེ་ལ་རང་རེའི་བསྐལ་བ་གཅིག་རེད་གསུངས་ཡོད་པ་རེད། སངས་རྒྱས་འོད་དཔག་མེད་པའི་ཐུགས་བསྐྱེད་རྒྱ་ཆེན་པོ་དེའི་མཐུ་ལ་བརྟེན་ནས་རང་རེས་དཀའ་ཚེགས་ཆུང་ངུ་ཞིག་བརྒྱབ་ནའང་བདེ་བ་ཅན་གྱི་བདེ་སྐྱིད་ལོངས་སྤྱོད་དང་དམ་པའི་ཆོས་ལ་སྤྱོད་ཆོག་པ་འདི་འོད་དཔག་མེད་པའི་བཀའ་དྲིན་རེད། སྤྱིར་སངས་རྒྱས་ཀྱི་མཛད་པ་སེམས་ཅན་གྱི་དོན་ལས་གཞན་དུ་མེད། དགོས་རང་རེའི་སྐྱེ་བ་སྔོན་མར་བསོད་ནམས་མང་པོ་ཞིག་བསགས་ཏེ་ད་ལྟ་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་སྒྲུབ་ཐུབ་པའི་ལུས་རྟེན་ཞིག་བླངས། བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་ཤེས་པའི་གོ་སྐབས་ཤིག་རྙེད་པ་འདི་དབུལ་བོའི་ཁྱིམ་དུ་གསེར་རྡོལ་དང་འདྲ་བའོ། །ནོར་བུ་རང་ལག་ཏུ་ཐོབ་དུས་བེད་གཅད་མ་ཤེས་ན་རྗེས་ནས་འགྱོད་དུས་གྱོང་ཆེ་བ་རེད། དེས་ན་ཚེ་ཕྱི་མར་བསམ་པའི་མི་དང་། རང་གཞན་འཁོར་བའི་མཚོ་ལས་ཐར་འདོད་ཡོད་མཁན་གང་ཟག་སེམས་ཡོད་ཅིག་ཡིན་ན་སྨྲོས་ཅི་དགོས། ད་དུང་དེ་འདྲའི་བློ་སྣ་ནང་དུ་ཁུག་མེད་པའི་མི་ཡིན་ནའང་ཚེ་འདིར་མི་གྲལ་ལ་འགྲོ་ལུགས་ཤེས་རྒྱུ་ཡོད། དེ་ཐོས་པ་ཚོལ་ན་ཤེས་རྒྱུ་ཡོད། ཐོས་པ་ཚོལ་བ་ནི་སྔར་མེད་ཀྱི་མིག་གསར་བ་ཞིག་སྒྲུབ་པ་དང་མཚུངས་ཞེས་ནམ་རྒྱུན་བཤད་ཀྱིན་ཡོད་པ་དེ་རེད། མིག་མེད་མཁན་ཞིག་ལ་མིག་གསར་བ་ཞིག་སྤྲད་བཞག་ན་སྣང་བའི་གོ་སྐབས་གསར་བ་ཞིག་ལ་ལོངས་སྤྱོད་རྒྱུ་ཡོད་པ་རེད། སྔར་མིག་མེད་པའི་དུས་དང་བསྡུར་ན་མི་ལུས་གསར་པ་ཁྱད་འཕགས་ཤིག་ཐོབ་བཞག་པ་དང་གཅིག་མཚུངས་ཡིན། དེ་ལྟར་དུ་ཆོས་འཇིག་རྟེན་གཉིས་ཀའི་སྔར་བསམ་ཕྱི་འདང་སྔ་བལྟས་ཕྱི་བལྟས་ཤེས་བྱེད་ཀྱི་མིག་དེ་ཐོས་པ་ཚོལ་ནས་ཡོང་དགོས། དེ་ཡང་དགོས་པས་ཉན་དགོས། ཆོས་ཉན་ཟེར་དུས། ཆང་མ་འཐུང་། དུ་བ་མ་འཐེན། རྒྱན་སྐུགས་མ་འཇོག དེ་དག་ཁས་ལེན་གྱིས་ཟེར་ཡོང་ཆས་ལོས་ཡིན། བན་རྒན་དང་རྒས་རྒན་དག་གིས་ཅི་མི་ཟེར། གལ་ཏེ་དེ་དག་གི་ངག་ལ་ཉན་ན། ཉན་རྒྱུ་ཆོག་རྒྱུ་གཅིག་ཀྱང་ཡོད་པ་མ་ཡིན་བསམས་ནས་ཞེན་པ་མ་ལོག་དང་། རང་འདང་རང་ལ་བརྒྱབ་ན་ད་སྔོན་ཡན་ཆད་དུ་བརྒྱུགས་བརྒྱུགས་འདུར་འདུར་བསྣོགས་བསྣོགས་པས་ཅི་ཞིག་འགྲུབ་ཡོད། ཚེ་འདིར་དགོས་པའི་རྒྱུ་ལོན་མེད་ལ། ཚེ་ཕྱི་མར་ཕན་པའི་ཆོས་འགྲུབ་མེད། མནའ་ཟོས། རྫུན་བཤད། མགོ་བསྐོར། ཚོགས་ངན་བསགས། མི་སེམས་དཀྲུག་པས་སྡིག་པའི་ཁུར་བོ་རི་རབ་ཙམ་ཞིག་སོག་པ་ལས་ཅི་ཡང་འགྲུབ་མེད། དེ་ཅི་ཞིག་གིས་ལན་པ་རེད་ཅེ་ན། ཆོས་སྒྲུབ་སྟངས་མ་ཤེས་པར་མ་ཟད་འཇིག་རྟེན་སྒྲུབ་སྟངས་མ་ཤེས་པས་རེད། ཕུགས་དེད་ན་ཤེས་རབ་མེད་པས་རེད། ཤེས་རབ་ཀྱི་མིག་མེད་པས་ཅི་ཞིག་བྱས་ཀྱང་ལོང་བས་ལོང་འགྲོའི་བྱེད་པ་དང་འདྲ་བར་མིག་ཡོད་ཅིག་གིས་བལྟས་ཚེ་གད་མོའི་གནས་སུ་འགྱུར་འགྲོ། ཆོས་མ་སྦྱོང་བའི་སྔོན་དུ་མི་བྱེད་ལུགས་སྦྱོང་དགོས། དང་པོ་མི་ཞིག་བྱེད་དགོས། མི་ངོ་མ་ཡོན་ཏན་ཆ་ཚང་ཡོད་པ་ཞིག་བྱེད། དེ་ནས་ཆོས་པ་བྱེད་དགོས། ཆོས་པ་རབ་འབྲིང་ཐ་གསུམ་གྱི་ནང་ནས་གང་གི་གྲལ་དུ་འགྲོ་དགོས་ད་གཟོད་ལྟ་རྒྱུ་ཅན་ཞིག་ཡིན། ད་ལྟའི་མི་ལུས་འདིས་དུད་འགྲོའི་གོ་ཞིག་མ་གཏོགས་མ་ཆོད། དུད་འགྲོ་རིན་ཐང་ཅན་ཞིག་གི་གོ་ཡང་མ་ཆོད་པ་ལྟར་རེད། མི་ངོ་མ་ཞིག་ཏུ་འགྱུར་དགོས་ན་རང་ཉིད་ཀྱི་སྤྱོད་ལམ་ངན་པ་དེ་བཅོས་དགོས། སྤྱོད་ལམ་ངན་པ་དེའི་ཕུགས་གང་ལ་ཐུག་ཡོད་ཅེ་ན་བསམ་པ་ངན་པ་ལ་ཐུག་ཡོད། བསམ་ངན་དེ་གང་ལས་བྱུང་ཞེ་ན་རང་འདོད་དང་ཆགས་ཞེན་ཇེ་ཆེར་སོང་བ་ལས་བྱུང་བ་རེད། དེའི་ཕུགས་ངར་འཛིན་ལ་ཐུག ང་མེད་ལ་ང་བདག་མེད་ལ་བདག་ཏུ་བཟུང་ནས་སྡུག་བསྔལ་ཐམས་ཅད་འདྲེན་ཡོང་བ་ཡིན། དེས་ན་ནད་གཞི་ཆེན་བཅོས་རྒྱུ་ལ་སྨན་རིམ་གྱིས་བསྟེན་དགོས། དཔེར་ན་དང་པོ་ཆེས་ཟུག་གཟེར་རྒོད་པའི་ན་ཚ་ཚབ་ཆེན་དག་གི་མགོ་གནོན་ཐབས་བྱ་དགོས། དེ་ཅུང་ཙམ་ནོན་དུས་དེ་ནས་རིམ་གྱིས་ནད་ཐོག་གི་སྨན་བཏང་ནས་ནད་ཀྱི་རྩ་བ་བཅད་དེ་ནད་རྙིང་ཤུལ་དུ་མི་ལུས་པར་བྱེད་པ་ལྟར། སྡུག་བསྔལ་གྱི་རྩ་བ་དྲུང་ནས་ཕྱུང་བྱེད་གཏིང་འདོན་གྱི་སྨན་ལ་བསམ་བློ་གཞི་ནས་གཏོང་དགོས། དང་པོ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ནི་ནད་ཀྱི་སྡོང་པོ་གསུམ་རེད། སོ་སོའི་སྐྱེ་བོ་ཞིག་ལ་དེ་གསུམ་ལྷན་སྐྱེས་ཀྱི་ནད་ཡིན་མོད། དེ་གསུམ་ཤུགས་ཆུང་ཐབས་ཤིག་ཐོན་ན་སྡུག་བསྔལ་གྱི་ཚོར་བ་མི་བཟོད་པ་དེ་ཚོ་མགོ་ཅུང་ཟད་ཅིག་ནོན་འགྲོ་བ་ཡིན། མི་ནོར་ཟས་གསུམ་ཡིད་འོང་གི་དངོས་པོ་ལ་ཞེན་པ་འདི། མིག་གཟུགས་ལ་ཆགས་ནས་ཕྱེ་ལེབ་མར་མེའི་འོད་ཀྱིས་ཚིག་པ་དང་། རྣ་བ་སྒྲ་ལ་ཆགས་ནས་རི་དྭགས་རྔོན་པའི་པི་ཝང་གིས་བསླུས་ཏེ་བསད་པ་ལ་སོགས་ལ་བསམ་བློ་བཏང་སྟེ་འདོད་ཆུང་ཆོག་ཤེས་རེ་བསྟེན་ཨེ་ཐུབ་བལྟས་ན། རང་ཉིད་སྐྱིད་ཐབས་དང་སྡུག་བསྔལ་ཆུང་ཐབས་ལ་ཕན་ཐོགས་ཆེན་པོ་ཡོད། ཞེ་སྡང་ནི་དང་པོ་ནས་ཁོང་ཁྲོ་རྩ་བ་ནས་སྤང་ཐབས་ད་དུང་མེད་མོད། བྱམས་སྙིང་རྗེ་བཟོད་པའི་གོ་ཆ་རེ་བགོས་དང། ཁྱེད་ཀྱིས་དང་པོ་ཅི་བསམ་འདི་དྲན་མེད་པར་ཞེ་སྡང་གི་དབང་དུ་ཤོར་ནས་ལས་ཉེས་མ་བྱས་ན། ཞེ་སྡང་མར་ཞི་དུས་རེད་མ་སོང་སྙམ་པའི་འགྱོད་པ་མི་དགོས། ཞེ་སྡང་གི་དབང་གིས་གཞན་ལ་གནོད་པ་བསྐྱལ་བའི་ཚེ་འདི་ཕྱི་གཉིས་ཀའི་རྗེས་འབྲས་ངན་པ་མྱོང་མི་དགོས། ལུས་ངག་གི་གཞན་ལ་གནོད་པ་བསྐྱལ་མེད་རུང་སེམས་ཀྱི་ཀུན་ནས་མནར་སེམས་པ་དེ་ཡང་སྡིག་པ་ཆེ། དེ་བས་སྙིང་རྗེ་དང་བྱམས་པ་སྒོམ་དང་རང་བདེ་གཞན་སྐྱིད་ཀྱི་རྣམ་སྨིན་བཟང་བ་རེད། གཏི་མུག་ནི། དེ་རྣམས་མི་ཤེས་པར་ནག་ཐུམ་མེར་ལྗིད་ཡོར་རེར་ཅིག་གིས་མནན་བསྡད་ཡོད་པ་འདྲ་བའི་མ་འོངས་པའི་ཕྱི་འདང་ཞིག་ཀྱང་རྒྱག་མི་ཤེས་ཤིང། ཐར་ལམ་བཟང་པོ་ཞིག་ཀྱང་ཚོལ་མི་ཤེས་པར་ནག་དུབ་བེ་འདྲ་ཞིག་ཡོད་པ་འདི་ལ་གཏི་མུག་ཅེས་བྱ། གཏི་མུག་གི་མུན་པ་སེལ་དགོས་ན་ཤེས་རབ་ཀྱི་སྒྲོན་མེར་བསྟེན་དགོས་པས། ཡང་རྒྱལ་བའི་བཀའ། མཁས་པའི་གཞུང་ལུགས། དམ་པའི་ལེགས་བཤད། དེ་དག་ལ་རང་གི་རྒྱུད་འདྲིས་སུ་འཇུག་དགོས། རང་བློ་ཤེས་བྱའི་གནས་ལ་མ་སྦྱང་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །ཞེས་གསུངས། དེ་ལྟར་མ་མཐའི་ཤེས་བྱ་རུ་ཤེས་དགོས་པའི་དོན་དག་ཤེས་པའི་ཐོག་ནས་ཆོས་ཆོས་བཞིན་དུ་ཉན་མཁན་ཞིག་ཡིན་ན། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་སྟེ། སེམས་ཅན་སྡུག་བསྔལ་ཅན་དག་ལ་སྙིང་རྗེ་འམ། ཡང་ན་སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཟུར་དང་། སྙིང་རྗེ་བ་ཙམ་གྱིས་མི་ཕན་པས་འདི་དག་གཏན་གྱི་བདེ་བ། སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཐུབ་པ་ཞིག་ཅི་ནས་ཀྱང་བྱ་དགོས་སྙམ་པའི་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་སྟེ་ཟུར་གཉིས་དང་ལྡན་པའི་སེམས་བསྐྱེད་ཀྱིས། ཐོག་མར་རང་ཉིད་སེམས་ཅན་ཐམས་ཅད་གཏན་གྱི་བདེ་བར་འགོད་པའི་ནུས་པ་ཅན་གྱི་སངས་རྒྱས་སུ་བསྒྲུབ་པར་བྱ། དེའི་ཆེད་དུ་ཆོས་ཞུ་བར་བྱ་སྙམ་པའི་ཀུན་སློང་ནི་སྦྱོར་བ་སེམས་བསྐྱེད་དམ་པ་རེད། འདུན་པ་དེའི་ཐོག་ནས་ཆོས་ཉན་པའི་སྐབས་སུ་ཁ་གཡེང་མིག་གཡེང་དང་ལུས་ཆོས་གྲལ་ན་ཡོད་ཀྱང་སེམས་སྔོན་གོམས་བག་ཆགས་ཀྱི་རྗེས་དེད་དེ། འཇིག་རྟེན་ཁྱིམ་ལས་དང་ཚོགས་ངན་ཁོང་ཁྲོའི་རྗེས་འདེད་མི་འགྲོ་བར། རབ་ཡིན་ན་ཆོས་གསུང་མཁན་གྱི་བླ་མ་དེ་མགོན་པོ་འོད་དཔག་མེད་ཏུ་སྒོམ། ཆོས་གསུང་སའི་འཁོར་ཡུག་དེ་བདེ་བ་ཅན་གྱི་ཞིང་ཁམས་ལ་སྒོམ། ཆོས་ཞུ་བའི་མཆེད་གྲོགས་ཚང་མ་བྱང་ཆུབ་སེམས་དཔའི་དགེ་སློང་གི་དགེ་འདུན་ལྷ་དང་ལྷ་མོ་དཔའ་བོ་མཁའ་འགྲོ་ཡིན་པར་བསྒོམས་ཏེ་དག་སྣང་སྦྱངས་ནས་ཡིད་ཀྱིས་གསལ་འདེབས་བྱས་ན་ཕན་ཡོན་ཆེ་བར་མ་ཟད། དེ་ལ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཡང་ཡིན། །ད་ནི་སྐབས་སུ་བབས་པ་གང་ཞིག་གསན་པར་བྱ་བའི་ཆོས་ནི་བདེ་བ་ཅན་གྱི་ཞིང་གི་སྨོན་ལམ་འདི་ཉིད་འཆད་པའི་སྐབས་ཡིན་ཞིང་། འདི་ལ་ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་དང་གསུམ་ལས་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས་བར་དུ་དགེ་བ་གཞུང་དོན་ལས་ཀྱང་ས་བཅད་དང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཁ་རྩང་འུ་ཅག་གིས་སྡོམ་ཚིག་བྱས་པའི་རྟེན་རྒྱུ་གྲོགས་རྐྱེན་ཞེས་པ་ལས་ཁ་རྩང་རྒྱུ་དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ་དེ་བཤད་ནས།

རྒྱུ་གཉིས་པ་དགེ་བའི་རྩ་བ་དཔག་དུ་མེད་པ་སྒོ་དུ་མ་ནས་བསགས་པ།

དེ་རིང་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་བཤད་པའི་སྐབས་ཡིན། རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་འདི་ནི་རྒྱུ་གསུམ་པ་སྨོན་འཇུག་གི་སེམས་བསྐྱེད་རྒྱུད་ལ་སྐྱེ་བའི་ཐབས་དང་། རྒྱུ་བཞི་བ་སྨོན་ལམ་འགྲུབ་རྒྱུ་གཉིས་ཀའི་སྔོན་དུ་འགྲོ་དགོས་པ་གལ་ཆེན་ཞིག་ཡིན་པ་རེད། དེས་ན་འདི་ནས་ཚོགས་གསོག་རྒྱུའི་སྒོ་ཐམས་ཅད་ཡན་ལག་བདུན་དུ་བསྡུས་ཏེ་གསུངས་པ་ནི། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། རྗེས་སུ་ཡི་རང་བ། ཆོས་འཁོར་སྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། བསྔོ་བ་སྟེ་བདུན་ནོ། །དེའི་ནང་གི་དང་པོ་དྲུག་དེ་རྒྱུ་གཉིས་པ་ཚོགས་གསོག་སྒྲིབ་སྦྱོང་གི་བཤད་བྱ་ཡིན་པ་རེད། དེ་ལ་དང་པོ་ཕྱག་འཚལ་བའི་ཡན་ལག་རེད། དེ་ལ་མདོར་བསྟན་ཀུན་སློང་གི་ཁྱད་པར་དང་། མཚན་གྱི་རྣམ་གྲངས་ཀྱི་སྒོ་ནས་ཕྱག་འཚལ་བ་དང་། མཚན་ཐོས་པའི་ཕན་ཡོན་གྱི་སྒོ་ནས་ཕྱག་འཚལ་བ་དང་གསུམ་ལས།

དང་པོ་མདོར་བསྟན་པའམ་ཀུན་སློང་གི་ཁྱད་པར་གྱི་སྒོ་ནས་ཕྱག་འཚལ་བ།

མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པས་མོས་གུས་ནི་བྱིན་རླབས་འདྲེན་བྱེད་ཡིན་ལ། མོས་གུས་ཀྱི་མི་མཐུན་ཕྱོགས་ནི་ང་རྒྱལ་རེད། རྒྱལ་སྲས་ཞི་བ་ལྷས། ཉོན་མོངས་ང་རྒྱལ་གྱིས་ཁེངས་ཏེ། ངན་འགྲོར་ང་རྒྱལ་གྱིས་ཁྲིད་དོ། །ཞེས་སོ། །ང་རྒྱལ་ཅན་བདེ་བ་ཅན་ལ་སྐྱེ་མི་ཐུབ། བདེ་བ་ཅན་ལ་མི་སྐྱེ་བར་མ་ཟད་ང་རྒྱལ་གྱིས་དབང་གིས་ཆགས་སོགས་ཉོན་མོངས་པའི་ལས་གཞན་དག་ཀྱང་རང་ཤུགས་ཀྱིས་འཕེལ་ནས་ངན་སོང་དུ་འགྲོ་བའོ། །དེས་ན་ང་རྒྱལ་མེད་པའི་སྒོ་ནས། མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །ཞེས་གསུངས་ཏེ། མོས་གུས་དང་དད་པས་ཕྱག་བྱས་ན་ཕྱག་འཚལ་ས་ལ་ཉེ་རིང་ཡོད་པ་མ་རེད། དད་པ་དང་མོས་གུས་ཡོད་ན་ཕྱག་རྒྱང་ནས་འཚལ་ཡང་བྱིན་རླབས་ཐག་ཉེ་རུ་ཡོད་པ་དང་ཁྱད་མེད་དུ་འཇུག དད་པ་དང་མོས་གུས་མེད་ན་ཕྱག་ཉེ་ས་ནས་འཚལ་ཡང་བྱིན་རླབས་ཐག་རིང་ལ་རྒྱང་བཀྱེད་སོང་བ་ལྟར་བྱིན་རླབས་འཇུག་མི་ཐུབ། རྒྱུ་མཚན་དེས་ན། བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པ་ནི། སྒོ་གསུམ་ནི་ལུས་ངག་ཡིད་གསུམ་ལའོ། ཅིའི་ཕྱིར་ཞེ་ན། དགེ་མི་དགེ་ཐམས་ཅད་འབྱུང་བའི་སྒོ་ཡིན་པས་ན་སྒོའོ། །སྒོ་གསུམ་གུས་པས་ཕྱག་ཇི་ལྟར་འཚལ་ཞེ་ན། དང་པོ་ལུས་གུས་པས་ཕྱག་འཚལ་ལུགས་ནི། ཕྱག་འཚལ་ཡུལ་གྱི་མདུན་ནས་ཡར་ལངས་ཏེ་ལུས་ཧ་ཅང་མི་དགྱེ་མི་སྒུར་བར་རྐང་པའི་ལོང་བུ་གཉིས་ཀ་དང་། ལོང་མོའི་རྒྱ་ཚིགས་གཉིས་ཀ་གཤིབ་གཤིབ་བྱས་ཏེ་དྲང་པོར་ལང་། དེ་ནས་ཕྱག་འཚལ་ཞོར་དུ་གཡས་ལྟ་གཡོན་ལྟ་བྱེད་རྒྱུ་ལྟ་བུ། ཐལ་མོ་འགྲམ་སྟེང་སྦྱར་ཞོར་དུ་ཕྱག་འཚལ་བ་སོགས་ནི་མི་རུང་བས་སྤོངས་དགོས། ཕྱག་རྐྱང་བར་མ་ཟད་ཁ་འདོན་བཟླས་བརྗོད་བསྐྱེད་རྫོགས་བསྒོམ་བསྒྲུབ་ལ་སོགས་པ་གང་གི་སྐབས་ཡིན་ནའང། སྨྲ་བརྗོད་དང་གཡེང་བ་ལག་གི་ལས་ཀ་ཕྲན་ཚེགས་དེ་དག་སྤོང་དགོས། ཆོས་ཉན་དུས་དང་ཚོགས་པ་འཚོགས་དུས་བསྐྱེད་རྫོགས་སྒོམ་བཟླས་སོགས་པའི་སྐབས་སུ་ལག་པས་འཁོར་ལོ་མ་བསྐོར་ན་ཡང་ཆོག་ནི་རེད། སྒོ་གསུམ་གྱི་དགེ་བ་གང་སྒྲུབ་ཀྱང་སྒོ་གསུམ་མཉམ་དུ་དྲིལ་ནས་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུའི་འདུ་ཤེས་དང་མ་བྲལ་ན། དེ་ནི་ལས་དང་པོ་བ་ཞིག་ལ་དངོས་གཞི་དམིགས་མེད་རྗེས་མཐུན་པ་ཞིག་ཟེར་ཆོག་ཅེས་གསུངས་པ་ཡིན། གཞན་གྱིས་དགེ་སྦྱོར་སྒྲུབ་ཀྱིན་ཡོད་པ་མཐོང་ཚེ། རང་གིས་དེ་ལ་བར་ཆད་བྱ་མི་རུང། བར་ཆད་བྱས་ན་ཉེས་པ་འབྱུང་བ་རེད། ཁྱད་པར་དུ་བླ་སེར་ཚོས་འཚོགས་སུ་ཞལ་འདོན་གནང་སྐབས་ཁ་གཡེང་མིག་གཡེང་བྱ་མི་རུང་བ་ལྟ་ཅི་སྨྲོས། ལྷག་ཏུ་གསང་སྔགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྙེན་དམིགས་ལ་ཁེལ་དུས་སྲོག་སྡོམ་གཟེར་བཞིའི་མན་ངག་གནད་དུ་བསྣུན་པའི་ཐུགས་དམིགས་གནང་རན་ཏེ། ཆེས་གནད་འགག་གི་སྐབས་སུ། ཡོན་བདག་ཚོ་དབུ་མཛད་ཀྱི་མདུན་དུ་བརྒྱུགས་ཏེ་གཅིག་འདྲི་འདུག་མི་རུང་། གསོལ་ཇ་ནམ་འདྲེན་སོགས་སྔོན་ནས་ཤེས་པར་བྱ་དགོས་པ་རེད། ཕྱག་འཚལ་བའི་སྐབས་སུ་ལུས་ཀྱི་རྣམ་འགྱུར་དང་བཅས་ཏེ་ཕྱག་འཚལ་དགོས། ཕྱག་འཚལ་ལུགས་རྒྱུན་དུ་བཤད་མྱོང་ཡང་ཆོས་རྒྱུད་རང་རང་ལ་ཕྱག་འཚལ་སྲོལ་ཡང་མ་འདྲ་བ་རེ་ཡོད། ཆོས་རྒྱུད་འདིའི་ཕྱག་འཚལ་ལུགས་ནི། དང་པོ་སྙིང་ཁར་ཐལ་མོ་སྦྱར། སྐབས་འདི་དང་བསྟུན་ན། དེའི་དུས་སུ་རང་ཉིད་ཀྱི་མདུན་གྱི་ནམ་མཁར་མགོན་པོ་འོད་དཔག་མེད་གཙོ་འཁོར་ཐམས་ཅད་དང་བདེ་བ་ཅན་གྱི་ཞིང་ཁམས་རྟེན་བརྟེན་པ་དང་བཅས་པ་བཀྲ་ལམ་མེར་གསལ་གདབ་སྟེ། སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་ལྷང་ངེ་ལྷན་ནེ་ལྷམ་མེར་ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ་བཞུགས་ཏེ། དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་བདག་ལ་གཟིགས། བརྩེ་བའི་ཐུགས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ལ་དགོངས་ཡོད་པར་བསམ་སྟེ། ཐལ་མོ་སྙིང་ཁར་སྦྱར་བ་དང་བཅས་ཏེ་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པའི་གསང་བ་གསུམ་གྱི་ཡོན་ཏན་ཐམས་ཅད་དྲན་པར་བྱས་ནས། དེ་དང་མཉམ་དུ་རང་ཉིད་ཀྱི་ལུས་གཅིག་རྐྱང་པ་མ་ཡིན་པར་གྲངས་མང་པོ་ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་ཕ་མ་གཉིས་དང་དགྲ་བགེགས་གཉིས་ཀྱི་གཙོས་རིགས་དྲུག་གི་སེམས་ཅན་ཐམས་ཅད་དང་བཅས་པས་ཕྱག་འཚལ་གྱིན་ཡོད་པའི་འདུན་པས། ལག་པ་གཉིས་ཀས་ཐལ་མོ་སྤྱི་བོ་མགྲིནཔ་སྙིང་ག་གསུམ་ལ་རིམ་པ་བཞིན་དུ་སྦྱར་ཡོང་དུས། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་འཚལ་གྱིན་ཡོད་སྙམ་པའི་འདུན་པས། རང་ཉིད་དང་སེམས་ཅན་ཐམས་ཅད་ཀྱི་སྒོ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ཀྱིན་ཡོད་པ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པ་ལ་སོགས་པ་དེ་འདྲའི་འདུན་པ་བྱེད་དགོས་སོ། །མ་ལྔ་ས་ལ་གཏུགས་དུས་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པར་ཕྱག་འཚལ་བས། བདག་དང་སེམས་ཅན་གྱི་ཉོན་མོངས་དུག་ལྔ་སྒོ་གསུམ་ཆ་སྙོམས་དང་བཅས་པའི་སྒྲིབ་པ་དག མཐར་སྐུ་ལྔ་ཡེ་ཤེས་ལྔ་ལ་དབང་འབྱོར་བའི་ནུས་པ་དང་བྱིན་རླབས་ཐམས་ཅད་ཐོབ་པར་ཤོག་ཅིག་བསམ་མོ། མ་ལྔ་ནི་ལག་མཐིལ་གཉིས་དང་པུས་མོ་གཉིས་དང་དཔྲལ་བ་སྟེ་ལྔ་འོ། ཡང་སྔར་ལྟར་ཡར་ལངས་ཏེ་དཀོན་མཆོག་གི་ཡོན་ཏན་དྲན་པ་ནས་འགོ་བརྩམས་ཏེ་ལུས་ཀྱིས་ཕྱག་འཚལ། ངག་གིས་བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེ་བའི་སྨོན་ལམ་གདབ། ཡིད་ཀྱིས་དད་གུས་དཔག་མེད་དང་ལྡན་པས་སྒོ་གསུམ་ཆིག་འདྲིལ་བྱེད། མ་ལྔ་ས་ལ་གཏུགས་ནས་ཡར་ལང་དུས་ལག་མཐིལ་ས་ལ་ལེབ་སེ་བཞག་ཡོད་པའི་སྟེང་དུ་ཤུགས་བཀལ་ནས་ཡར་ལང་། ལག་པའི་མཛུབ་ཚིགས་དང་ཁུ་ཚུར་ལ་བརྟེན་མི་རུང་། ཆོས་ཅི་ཞིག་བསྒྲུབས་ཀྱང་སྤུས་དག་ཚད་ལྡན། མཐའ་ན་ཕྱག་གཅིག་མ་གཏོགས་མ་འཚལ་ནའང་རང་བློ་བདེ་བ་ཞིག་བྱེད་དགོས། བརྐྱངས་ཕྱག་སྔགས་ཀྱི་ལུགས་ཡིན། ཐོད་པ་ས་ལ་གཏུག་ཡོད་དུས་ལག་པ་གཉིས་ཀའི་ཐལ་སྦྱར་སྤྱི་བོའི་གཙུག་ལ་ཐོད་པ་ས་ལ་གཏུག་བཞིན་དུ་བྱེད་དགོས། ཡང་ཡར་ལངས་ཏེ་ལག་པ་གཉིས་ཀས་ཐལ་མོ་སྙིང་ཀར་སྦྱར་བ་ལ་སོགས་པ་དམིགས་པ་སྔར་བཞིན་ནོ། །འདིའི་ཡན་ཆད་མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཚིག་རྐང་གཉིས་འདིས་ཀུན་སློང་གི་ཁྱད་པར་རམ་ཕྱག་འཚལ་བའི་ཡན་ལག་མདོར་བསྟན་ནས་འདི་མན་ཆད་ནས་མདོར་བསྟན་གྱི་དོན་རྒྱས་པར་བཤད་པའོ། །

གཉིས་པ་མཚན་གྱི་རྣམ་གྲངས་ཀྱི་སྒོ་ནས་ཕྱག་འཚལ་བར་བསྟན་པ།

འདི་ལ་ནང་གསེས་མཚན་གྱི་དབྱེ་བ་བཞིའི་སྟེང་ནས་བཤད་ན། ཆོས་སྐུ་འོད་དཔག་མེད་པ། ཀུན་མཁྱེན་འོད་དཔག་མེད་པ། འདྲེན་པ་འོད་དཔག་མེད་པ། རྒྱལ་བ་ཚེ་དཔག་མེད་པ་དང་བཞི་ཡོད་དོ། སྐུ་གསུང་ཐུགས་སོགས་ཀྱི་ཡོན་ཏན་དང་སྦྱར་བ་ནི། སྐུ་རྫུ་འཕྲུལ་གྱི་ཡོན་ཏན་དྲན་ཏེ་ཕྱག་འཚལ་བ། ཐུགས་མཁྱེན་བརྩེའི་ཡོན་ཏན་དྲན་ཏེ་ཕྱག་འཚལ་བ། སྟོབས་ནུས་པའི་ཡོན་ཏན་དྲན་ཏེ་ཕྱག་འཚལ་བ། ཚེ་སྲིང་སྲོག་སྐྱོབ་ཀྱི་ཡོན་ཏན་དྲན་ཏེ་ཕྱག་འཚལ་བ་སྟེ་དབྱེ་བ་བཞིའོ།།

དང་པོ་སྐུ་རྫུ་འཕྲུལ་གྱི་ཡོན་ཏན་དྲན་ཏེ་ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་བ།

ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་སྟེ། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཅེས་པ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཆོས་ཀྱི་དབྱིངས་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་དབྱེར་མ་མཆིས་པ་ཞིག་ཡིན། འོད་དཔག་མེད་པའི་ཐུགས་ཆོས་ཀྱི་སྐུ་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་སྤྲུལ་གཞི་ཡིན་ཞིང་། དེ་ལྟར་ཆོས་སྐུ་ལས་གཟུགས་སྐུར་སྣང་བ་རིགས་ལྔའི་རྒྱལ་བའི་ནང་ནས་ནུབ་སྣང་བ་མཐའ་ཡས་མ་ཆགས་པདྨའི་རིགས་ཀྱི་རིགས་མཆོག་གི་གཙོ་བོའོ། །འདིར་ཆོས་སྐུ་ཞེས་པ་ནི་སྤྱིར་ཆོས་སྐུ་ལ་འབྲས་བུ་ཆོས་སྐུ་ཞིག་དང་ཡེ་ཤེས་ཆོས་སྐུ་སྟེ་དབྱེ་བ་གཉིས་ཡོད་པ་ནི་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡིན་ལ། སྐབས་འདིར་ནི་འབྲས་བུ་ཆོས་སྐུ་ལ་གོ་དགོས་སོ། །འབྲས་བུ་ཆོས་སྐུ་ལ་དབྱེ་ན་སྐུ་བཞི་ཡོད། དེའི་ནང་ནས་འདི་སྤྲུལ་སྐུ་ལ་གོ་དགོས། ཅིའི་ཕྱིར་ཞེ་ན། འདི་ནིགཟུགས་སྐུ་ཡིན་པ་ལ་ངེས་པ་ལྔ་ལྡན་མ་ཡིན་པས་ན་སྤྲུལ་སྐུར་འཇོག་པ་ལས་འོས་མེད། ཅིའི་ཕྱིར་ཞེ་ན། དུས་ངེས་པ་འཁོར་བ་ཇི་སྲིད་དུ་བཞུགས་པའི་སྐུ་མིན་ཏེ་སྐུ་ཚེའི་ཚད་སྨོན་ལམ་འདི་ཉིད་ནས་འབྱུང་བའི་ཕྱིར་རོ། འདིའི་འོག་ནས་འབྱུང་མ་རག་པའོ། །དེ་ལྟ་བུ་ཆོས་སྐུ་འོད་དཔག་མེད་དཀྱིལ་འཁོར་ཀུན་ཀྱི་རིགས་བདག་གང་ཡིན་པ་དེ་ཉིད་ཀྱི། ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཞེས་པ་ནི། ཇི་ལྟར་བེེཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོ་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་པ་ལྟར། ཆོས་སྐུ་རྒྱལ་བ་འོད་དཔག་མེད་གཟུགས་སྐུར་ཤར་བ་དེའི་ཕྱག་གཡས་པ་ནས་འོད་དཀར་པོ་ཞིག་འཕྲོས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྤྲུལ་ནས། ཡང་སྤྲུལ་སྤྱན་རས་གཟིགས་བྱེ་བ་ཕྲག་བརྒྱ་འགྱེད་གསུངས་པ་རེད། འཕགས་པ་སྤྱན་རས་གཟིགས་དེ་མགོན་པོ་འོད་དཔག་མེད་ཀྱི་འཁོར་དུ་བྱེད་རྒྱུ་ཞིག་དང་སྤྲུལ་བར་བྱེད་རྒྱུ་ཞིག་བཤད་ཚུལ་མང་པོ་ཡོད་ཀྱང་དོན་ལ་འགལ་བ་མེད་པའོ། །འདི་ན་བྱེ་བ་ཕྲག་བརྒྱ་གསུངས་པ་འདི་ཅི་ཞེ་ན། མཆོག་གི་སྤྲུལ་སྐུ་གཅིག་གི་གདུལ་ཞིང་ལ་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ཡོད་པའི་དབང་དུ་བྱས་ནས་སྤྲུལ་སྐུ་གཅིག་གི་མཛད་པའི་ངོས་ནས་གསུངས་ཀྱི་དོན་ལ། ཡང་སྤྲུལ་བྱེ་བ་ཕྲག་བརྒྱ་གཅིག་ལས་སྤྲུལ་བ་མི་སྣང་བ་ནི་མ་ཡིན་ནོ། །ཞིང་ཁམས་རྒྱ་མཚོའི་རྡུལ་གཅིག་གི་གོ་ས་ན་རྡུལ་རྙེད་ཀྱི་ཞིང་ཁམས་སྣང་བ་ཡིན་པས། དེ་ཐམས་ཅད་ལ་སྤྲུལ་བས་མ་ཁྱབ་པ་མེད་པས་གྲངས་ཀྱིས་ཚད་བཟུང་རིས་སུ་གཞལ་དུ་མེད། སྤྱན་རས་གཟིགས་ཀྱི་སྤྲུལ་བ་དེ་ཚོ་ཡང་མཐའ་གཅིག་ཏུ་བཅུ་གཅིག་ཞལ་གྱི་རྣམ་པ་ལ་སོགས་པར་སྣང་བའི་ངེས་པ་མེད། དགེ་བའི་བཤེས་གཉེན་དང་བཙུན་པ་ཕོ་མོ་ཁྱིམ་ན་གནས་པའི་ཆ་བྱེད་ཅན་རྒྱལ་བློན་དྲ་མའི་ཚུལ། ཐ་ན་བྱ་དང་རི་དྭགས་བེམ་པོའི་གཟུགས་སུ་ཡང་སྤྲུལ་ནས་འགྲོ་དོན་མཛད་ཀྱིན་ཡོད། འུ་ཚོ་བོད་ཀྱི་ས་ཆར་ཡང་སྤྱིར་རིགས་གསུམ་གྱི་སྤྲུལ་བ། ཁྱད་པར་དུ་སྤྱན་རས་གཟིགས་ཀྱི་ཡང་སྤྲུལ་དགེ་བའི་བཤེས་གཉེན་གྱི་རྣམ་པར་བྱོན་པར་མ་ཟད་འབྲེལ་ཚད་དགེ་ལ་སྦྱོར་བའི་མཛད་པ་རྣམ་ཐར་ཅི་འདྲ་འདྲའི་མང་པོ་ཡོད་པ་ནི། རང་གཞན་ཚང་མས་ཤེས་གསལ་ལྟར། །དུས་མཉམ་དུ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་མང་པོ་བྱོན་གྱིན་ཡོད་པ་རེད། ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཞེས་པ་ནི། འོད་དཔག་མེད་ཀྱི་ཕྱག་གཡོན་པ་ནས་འོད་ཟེར་སྤྲོས་ཏེ་རྗེ་བཙུན་འཕགས་མ་སྒྲོལ་མ་སྤྲུལ་ཞིང། དེས་ཀྱང་ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཅེས་གསུངས་ཏེ། འོད་དཔག་མེད་ཀྱི་ཕྱག་གཡོན་པ་ལས་འོད་ཟེར་འཕྲོས་ཏེ་རྗེ་བཙུན་སྒྲོལ་མ་སྤྲུལ་བ་ནི། རྗེ་བཙུན་སྒྲོལ་མས་སེམས་ཅན་གྱི་འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ཞི་བ་དང་། དེ་ལས་སྐྱོབས་པའི་ཕྱིར་དུ་སྒྲོལ་མ་ཉེར་གཅིག་གི་རྣམ་སྤྲུལ་དང་ཡང་སྤྲུལ་ཞིང་ཁམས་བྱེ་བ་ཕྲག་བརྒྱ། དེ་ལས་ཀྱང་མང་ཞིང་གྲངས་ཀྱིས་མི་ལང་བ་ལ་སྤྲུལ་བ་རྒྱུན་མི་ཆད་པར་འབྱུང་བའོ། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཞེས་པ་ནི། ཆོས་སྐུ་འོད་དཔག་མེད་པའི་ཐུགས་ཆོས་ཀྱི་དབྱིངས་ཁྱབ་རྡལ་ཆེན་པོའི་ངང་ལས། སོ་སོ་མ་ཡིན་ཞིང་ཐ་མི་དད་པ་ཤར་བ་དེ་སོར་རྟོགས་ཡེ་ཤེས་ཀྱི་རང་མདངས་གཟུགས་སྐུ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་བདག་ཉིད་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་ཧྲི་ཡིག་ཁ་ཏོག་ལྔ་ལྡན་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་འཕྲོས་ཏེ། བདག་ཅག་གི་སྟོན་པ་རྒྱལ་བ་ཤཱཀྱ་སེང་གེས་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ་ཤཱཀྱའི་རིགས་ལ་རིགས་སུ་སྐྱེ་བ་བཞེས་པ་ལྟར། གུ་རུ་རིན་པོ་ཆེས་ཀྱང་གཟིགས་སྟངས་རྣམ་པ་གསུམ་ལ་གཟིགས། གཟིགས་སྟངས་དང་པོ་འགྲོ་བ་རིགས་དྲུག་ལ་གཟིགས་པའི་ནང་ནས་མི་རྣམས་ལ་རྒྱུ་འབྲས་ཡིད་ཆེས་སྐྱེས་པའི་ཕྱིར་དུ་ཨིནྡྲ་བོ་དྷི་བུ་མེད་པ་ལ་གཟིགས། གཟིགས་སྟངས་གཉིས་པ་རྒྱལ་མེད་རྩུབ་འགྱུར་ཅན་གྱི་ལྷ་འདྲེ་ཤིན་ཏུ་ཐུ་བ་འདུལ་བ་ལ་རྫུས་སྐྱེས་མ་གཏོགས་མངལ་སྐྱེས་ཀྱིས་མི་ཐུལ་བར་དགོངས་ཏེ་དྲི་མེད་མདངས་ལྡན་གཡུ་ཡི་མཚོ་མོར་གཟིགས། གཟིགས་སྟངས་གསུམ་པ་བོད་ཀྱི་རྒྱལ་ཁམས་ལྷ་སྲིན་འཁྲུག་པའི་ཡུལ་དུ་མུན་པར་ཆོས་ཀྱི་སྒྲོན་མེ་གསལ་བར་བྱེད་པ་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་ལ་གཟིགས་ཏེ། དྲི་མེད་མདངས་ལྡན་གྱི་མཚོ་རུ་སློབ་དཔོན་པདྨ་འབྱུང་གནས་མེ་ཏོག་པདྨའི་སྦུབས་ནས་རྫུས་ཏེ་འཁྲུངས་པའོ། །ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཅེས་པ་ནི། །སྤྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལྟ་བུ་དང་། ཁྱད་པར་དུ་སློབ་དཔོན་ཉིད་ཀྱི་གདུལ་ཞིང་ཁྱད་པར་ཅན་རི་ཁ་བ་ཅན་གྱི་ས་ཆ་གདོང་དམར་བོད་ཀྱི་རྒྱལ་ཁམས་སུ་སྤྲུལ་བ་རྒྱུན་ཆད་མེད་པར་འབྱུང་བར་གུ་རུ་རིན་པོ་ཆེ་ཉིད་ཀྱིས་ཞལ་ནས། དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ། །ཞེས་གསུངས་སོ། །གུ་རུ་རིན་པོ་ཆེ་འདི་བོད་གངས་ཅན་གྱི་ལྗོངས་སུ་ས་དགེ་བཀའ་རྙིང་ལ་མ་ལྟོས་པར་སངས་རྒྱས་ཀྱི་བསྟན་པ་ཞིག་ཡོད་པ་འདི་ཨོ་རྒྱན་ཆེན་པོའི་བཀའ་དྲིན་ལས་བྱུང་བ་ཞིག་ཐོག་མཐའ་བར་གསུམ་དུ་ཡིན་པ་རེད། དེ་ནི་ཚད་མའི་ལུང་གིས་གྲུབ་ཅིང། ལོ་རྒྱུས་དང་ར་འཕྲོད་པ་ནི་ཚང་མས་ཤེས་གསལ་ལྟར། དང་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་གདན་དྲངས་ཏེ་རྒྱུ་འབྲས་བླང་དོར་གྱི་ཆོས་བསྟན་པས་བོད་ཡུལ་གྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་མ་དགའ་བར་རྟགས་དང་ཆོ་འཕྲུལ་བསྟན། ཉེར་འཚེ་སྣ་ཚོགས་བརྩམས་པས་བསྟན་པ་བཙུགས་མ་ཐུབ་པ་རེད། དེའི་འཚམས་སུ་ཨོ་རྒྱན་རིན་པོ་ཆེ་གདན་དྲངས་ཏེ་བོད་ཡུལ་གྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས་སྲོག་གི་སྙིང་པོ་བླངས། བསྟན་པའི་གཉེར་གཏད་གཏེར་གྱི་སྲུང་མར་བཀོས་ནས་དང་པོ་བསྟན་པའི་དབུ་བརྙེས་པར་བྱེད་པ་པོ་ཨོ་རྒྱན་རིན་པོ་ཆེ་ཡིན། རྗེ་རིན་པོ་ཆེའི་ལམ་རིམ་ལས། བསྟན་པ་སྔ་དར་གྱི་སྐབས་སུ་མཁན་སློབ་ཆོས་གསུམ་གྱིས་བསྟན་པའི་སྲོག་བཙུགས་གསུངས་པ་ལྟར་ཡོངས་སུ་གྲགས་སོ། །དེའི་རྗེས་སུ་ཡུན་རིང་པོ་སོང་བའི་མཚམས་སུ་རྒྱལ་བོ་གླང་དར་མས་བསྟན་པ་བསྣུབས་ཏེ་མི་ལོ་བཅུ་ཕྲག་མང་པོ་ཞིག་ལ་བོད་ཡུལ་མུན་པའི་གླིང་དུ་བསྒྱུར་ཏེ་འདུལ་བསྟན་ཉམས་སོ། །ལ་ལུང་ཕ་ཕུགས་ན་ཡོད་པའི་སྔགས་པ་ཐམས་ཅད་ཀྱིས་གསང་སྔགས་ཀྱི་ཆོས་ཉམས་ལེན་གྱི་རྒྱུན་མ་ཆད་པ་རེད། འདུལ་བསྟན་ཉམ་དམའ་ལུགས་ལ་བསམ་བློ་བཏང་ན་དེ་དུས་ཁྱིམ་པ་ཚོས་དབྱར་གནས་ལ་འདུག་པ་ཡིན་ཞེས་ཟེར་ནས་དགེ་བསྙེན་གྱི་ཁྲིམས་ལྔ་པོ་བསྲུངས་ཏེ་ཟླ་བ་གསུམ་པོར་མཉམ་དུ་བསྡད། ཟླ་བ་གསུམ་པོ་ཚང་དུས་དགག་དབྱེ་བྱེད་པ་ཡིན་ཞེས་མར་གྲོང་ནང་དུ་སོང་སྟེ་ཁྱིམ་ཐབ་བཟུང་ནས་འདུག་པ་མ་གཏོགས་མེད་པར་གྱུར། དེའི་རྗེས་སུ་ཇོ་བོ་རྗེ་བོད་དུ་བྱོན་ནས་ལྷ་བླ་མ་ཡེ་ཤེས་འོད་ལ་སོགས་པའི་བདག་རྐྱེན་ལས་བོད་ལ་བསྟན་པ་དར། དེས་ན་བར་དུ་བོད་ལ་བསྟན་པ་དར་བར་བྱེད་པ་པོ་ཇོ་བོ་རྗེ་ཡིན་པ་རྩོད་མེད་ཡོངས་གྲགས་རེད། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡིན་པར་ཇོ་བོ་རྗེ་རང་གིས་གསུང་བའི་བཀའ་གདམས་ཕ་ཆོས་ཀྱི་ནང་དུ་གསལ་པོ་གསུངས་སོ། །དེའི་རྗེས་སུ་ཡུན་རིང་སོང་ནས་འདུལ་བའི་བསྟན་པ་ཉམ་དམའ་བའི་སྐབས་ལ་ཁེལ་དུས་རྗེ་བདག་ཉིད་ཆེན་པོ་བྱོན་པས་བོད་ཁམས་མཐའ་དབུས་ཡོངས་རྫོགས་ལ་འདུལ་འཛིན་པས་གང་བ་ཞིག་མཛད་དོ། །དེ་ཡང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་བ་ཡིན་པ་འཁྲུལ་མེད་བདེན་པའི་བཀའ་ལུང་གིས་གྲུབ་ཅིང་། དེ་ཡང་དགེ་ལུགས་རྙིང་མ་ལ་སོགས་པས་ཁས་ལེན་པ་ཞིག་རེད། རྒྱལ་བ་དགེ་འདུན་རྒྱ་མཚོས། རིགས་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེད་མཛད། །རྡོ་རྗེ་འཆང་དངོས་བློ་བཟང་གྲགས་པའི་དཔལ། །སྣ་ཚོགས་སྤྲུལ་བའི་གར་མཛད་དེ་ལ་འདུད། །ཅེས་དང་། ཨོ་རྒྱན་གླིང་པའི་བསམ་ཡས་མཆིམས་ཕུ་ནས་གདན་དྲངས་ཡོང་པའི་བཀའ་ཐང་བསྡུས་པ་ལས། ཐུབ་པའི་ལུང་བསྟན་མདོ་ཁམས་སྨད་ཅིག་ཏུ། །ཨ་ཏི་ཤ་ཡི་སྤྲུལ་བ་བློ་བཟང་གྲགས། །སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འོང་། །ཞེས་དང་། འབྲི་གོང་སྐྱོབ་པ་རིན་པོ་ཆེས། གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་དང་། །དེ་ཡི་རྣམ་སྤྲུལ་རྒྱལ་བ་ཙོང་ཁ་བ། །ཞེས་གསུངས་པ་ལྟར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྤྲུལ་དེ་ཨོ་རྒྱན་རིན་པོ་ཆེ། དེ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་སྤྲུལ། དེ་ཀུན་མཁྱེན་བློ་བཟང་གྲགས་པའི་སྐུ་ལ་སྤྲུལ་ཏེ་བསྟན་པའི་དོན་མཛད་པ་དེ་འདྲ་ཡིན། ཁྲི་གུང་ཐང་ཚང་གིས། གངས་ཅན་བསྟན་པའི་སྲོལ་འབྱེད་པདྨ་འབྱུང་། །དེ་དོན་རྒྱུད་ལ་སྦྱོར་བ་ཨ་ཏི་ཤ། །དེ་ལ་འཁྲུལ་བ་སེལ་མཛད་བློ་བཟང་གྲགས། །རྣམ་གསུམ་དབྱེར་མེད་ཚད་མའི་ལུང་གིས་གྲུབ། །ཅེས་གསུངས་སོ། །དུས་སྙིགས་མའི་སྐབས་ལ་ཐུགས་རྗེ་དང་ཕྲིན་ལས་ལྷག་པར་མྱུར་བའི་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་གནས་གསུམ་རེད། ལྷ་གཞན་ལ་ཐུགས་རྗེ་མེད་ནི་མ་རེད། བྱིན་རླབས་མི་འཇུག་ནི་མ་རེད། སྔོན་གྱི་ཐུགས་བསྐྱེད་ཀྱི་དབང་གིས་འདི་གསུམ་གྱི་ཐུགས་རྗེ་གཞན་ལས་ཀྱང་མྱུར་བའོ། །འདི་གསུམ་འོད་དཔག་མེད་ཀྱི་སྤྲུལ་བ་ཡིན་པས་འོད་དཔག་མེད་གཅིག་ལ་གསོལ་བ་བཏབ་ན་དེའི་ནང་དུ་འདུས་པར་མ་ཟད་བླ་མ་ཡིད་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡིད་དམ་ཞི་ཁྲོའི་དཀྱིལ་འཁོར་ཐམས་ཅད་དོན་དུ་འོད་དཔག་མེད་གཅིག་ལ་འདུས། འུ་ཚོས་གཏམ་དཔེ་ལ་རྒྱ་གར་མི་གཅིག་ལྷ་གཅིག །བསམ་པ་ལ་གཅིག་ཐུར་གཅིག་ཟེར་བ་བཞིན། རྒྱ་གར་པ་ལྷ་གཅིག་གིས་འཚེངས། བོད་ལྷ་བརྒྱས་ཕུངས། །ཞེས་གསུངས་པ་ལྟར། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པའི་མདོ་སྔགས་ཀྱི་དམ་ཆོས་དར་དུས་རྒྱ་གར་པས་བསམ་པ་གཏད་ས་གཅིག་བྱས་ཏེ་ལྷ་གཅིག་བསྒྲུབས་ཏེ་ལྷ་ཐམས་ཅད་འགྲུབ་པའི་ཐབས་མཁས་དང་ལྡན། བོད་ཀྱི་མི་འདི་དྲན་རྒྱུ་མང་བ་ཐེ་ཚོམ་གྱི་དབང་གིས་ལྷ་བརྒྱ་བསྒྲུབས་ཀྱང་གཅིག་མི་འགྲུབ་པ་ཐེ་ཚོམ་ཆེ་ཞིང་དྲན་རྒྱུ་མང་བས་མི་འགྲུབ་པ་ཡིན་ཞེས་བླ་མ་རྣམ་པས་གསུངས་ཡོད། །དེས་ན་མགོན་པོ་འོད་དཔག་མེད་སྐྱབས་གནས་ཀུན་འདུས་ཀྱི་འདུ་ཤེས་ཀྱིས་བསྒྲུབས་ཏེ་ཐེ་ཚོམ་མེད་པའི་དད་པ་བརྟན་པོ་བྱས་ན་འགྲུབ། རྒྱལ་བ་གཅིག་གྲུབ་མ་བསྒྲུབས་ཐམས་ཅད་འགྲུབ། ཅེས་གསུངས་པས་འོད་དཔག་མེད་འགྲུབ་དུས་ཐམས་ཅད་འགྲུབ་བོ། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། གང་ལ་གང་འདུལ་གྱིས་སྤྲུལ་བ་སྣ་ཚོགས་པས་འགྲོ་ཁམས་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་ཕྲིན་ལས་འགྲོ་དོན་གྱི་མཛད་པ་རྒྱུན་མི་ཆད་པ། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཅི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་པ་ལྟར། འགྲོ་བའི་འདོད་དགུ་ཡིད་བཞིན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་གཞི་ཆོས་དབྱིངས་ཀུན་ཁྱབ་ཕྱོགས་དུས་མུ་མཐའ་མེད་པའི་བདག་ཉིད་ཆོས་སྐུ་འོད་དཔག་མེད་པ་གནས་ལུགས་ཇི་བཞིན་པ་ལ་ངེས་ཤེས་ཀྱིས་ཕྱག་འཚལ་ལོ། །འདི་ཡན་ཆད་སྐུ་རྫུ་འཕྲུལ་གྱི་ཡོན་ཏན་དང་ཕྲིན་ལས་བསམ་མི་ཁྱབ་པར་བསམ་ནས་ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་བ་བསྟན་ཏོ།།

གཉིས་པ་ཐུགས་མཁྱེན་བརྩེའི་ཡོན་ཏན་དྲན་ཏེ་ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་བ།

སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་རྟག་ཏུ་བརྩེ་བས་གཟིགས། །སེམས་ཅན་ཀུན་ཀྱི་ཡིད་ལ་གང་དྲན་པའི། །རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་ཀྱི་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། །སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །ཞེས་པ་ནི། ལས་དང་པོ་བ་རྣམས་ལ་སངས་རྒྱས་འགྲེལ་ཚུལ་མདོ་ལྟར་དུ་བྱས་ན། མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱ་ལ་བློ་རྒྱས་པས་ན་སངས་རྒྱས། ཐུན་མིན་སྔགས་ལྟར་དུ་བྱས་ན་ལྟ་བ་ངན་པ་ཐམས་ཅད་སངས་ནས་རང་བྱུང་གི་ཡེ་ཤེས་དར་ཞིང་རྒྱས་པས་ན་སངས་རྒྱས་སོ། །ཡང་ན་ཉོན་མོངས་པ་སངས་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱས་པས་ན་སངས་རྒྱས། དེ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་ཤེས་བྱ་མཁྱེན་ཅིང་གཟིགས་པའི་ཚུལ་དུ་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཟབ་ཞི་སྤྲོས་པ་དང་བྲལ་བས་མཚན་མར་འཛིན་པའི་སྒྲོ་འདོགས་ཐམས་ཅད་ལས་གྲོལ་བའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་གཟིགས་ཤིང་ཐུགས་སུ་ཆུད་པའོ། །ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་མཉམ་བཞག་ལས་གཡོ་བ་མེད་བཞིན་དུ་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཤེས་བྱ་མཐའ་དག་ཕྲ་ཞིང་ཞིབ་པར་མ་འདྲེས་པར་མངོན་སུམ་དུ་མཁྱེན་པའོ། ཇི་ལྟར་མཁྱེན་ཞེ་ན། མདོ་སྡེ་རྒྱན་ལས། ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཆར་འཇུག །ཅེས་པ་ལྟར། །དུས་གསུམ་གྱི་ཤེས་བྱ་ཐམས་ཅད་འུ་ཚོ་སོ་སོའི་སྐྱེ་བོའི་བློ་ལྟར་ཀུན་རྟོག་གི་རྗེས་སུ་འགྲོ་བའི་རིམ་པ་ཅན་མ་ཡིན་པར་དུས་སྔ་ཕྱི་མེད་པར་ཅིག་ཆར་དུ་མཁྱེན་པའོ། །དེས་ན་མགོན་པོ་འོད་དཔག་མེད་པའི་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་གྱིས་ཉིན་མཚན་དུས་དྲུག་གམ་དུས་རྟག་ཏུ་གཡེལ་བ་མེད་པར་འཇིག་རྟེན་གྱི་ཁམས་གང་ན། སེམས་ཅན་སུ་ཞིག་དར། སུ་ཞིག་རྒུད། སུ་ཞིག་ངན་སོང་ནས་མཐོ་རིས་ལ་འགྲོ། སུ་ཞིག་མཐོ་རིས་ནས་ངན་སོང་ལ་འགྲོ། ཐ་ན་སྲོག་ཆག་ཕྲ་མོ་ཡན་ཆད་ཀྱི་གནས་ཚུལ་ཡོད་ཚད་ལག་མཐིལ་དུ་དངོས་པོ་རགས་པ་བཞག་ན་མིག་ལྡན་ཞིག་གིས་མི་མཐོང་བ་མེད་པ་ལྟར་གཟིགས་པས་ན། སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །ཞེས་པ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་མ་གཅིག་གིས་བུ་ལ་བརྩེ་བ་ལྟར་དུས་རྟག་ཏུ་གཟིགས་པ་འགག་པ་མེད་པས་གཟིགས་པའོ། །གྲུབ་མཐས་བློ་བསྒྱུར་བ་ཐ་སྙད་ལ་དཔྱད་པ་ཞུགས་མྱོང་བ་ཚོས་སངས་རྒྱས་ཀྱིས་མ་དག་པ་གཟིགས་པ་ཨེ་ཡིན་ཞེ་ན། ཡུལ་དང་ཡུལ་ཅན་སོ་སོར་འཛིན་པ་དབང་ཤེས་འབྲེལ་བ་ལྟ་བུའི་མཁྱེན་པའམ་གཟིགས་པ་མེད་པ། གཟིགས་པའི་ཚུལ་ཡུལ་མ་དག་རང་མཚན་པ་མི་སྲིད། འོན་ཀྱང་བདེན་པ་མེད་ཅིང་རྫུན་པ་ཡོད་པ་ཤེས་བྱ་ཡིན་པའམ་ཤེས་བྱ་ལ་སྲིད་པས་ན་ཤེས་བྱ་མ་མཁྱེན་ན་ཐམས་ཅད་མཁྱེན་པ་མིན་པར་འགྱུར་རོ། །དེས་ན་བླ་ན་མེད་པའི་ཡེ་ཤེས་དང་རྫས་གཅིག་པའི་ཤེས་པས་སྐད་ཅིག་གཅིག་ལ་མཁྱེན་པའོ། །མདོ་ཕལ་པོ་ཆེ་ལས། སྐད་ཅིག་གཅིག་གིས་དོན་ཀུན་རིག །ཅེས་སོ། །མ་དག་པའི་སྣང་བ་དེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ངོར་མ་དག་པ་མ་ཡིན་ཡང་སེམས་ཅན་གྱི་མ་དག་པའི་འཁྲུལ་སྣང་དེ་སངས་རྒྱས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྣང་ཞིང་གཟིགས་པའོ། །དཔེར་ན་ཆུ་གཅིག་ལ་རིགས་དྲུག་གི་འཁྲུལ་སྣང་དྲུག་སོ་སོར་སྣང་བ་དེ་སྣང་བ་ལྟར་དུ་ཡང་གཟིགས་ཤིང་དེ་རྣམས་མ་དག་འཁྲུལ་བའི་སྣང་བ་ཡིན་པ་ཡང་གཟིགས་ལ། སྣང་བ་ལྟར་དུ་དོན་ལ་མ་གྲུབ་པ་ཡང་གཟིགས། མདོར་ན་སོ་སོའི་སྐྱེ་བོས་མ་དག་པའི་སྣང་བ་དང་འཕགས་པ་རྣམས་ཀྱི་མ་དག་དག་པ་གཉིས་ཀ་ལྡན་པའི་སྣང་བ། སངས་རྒྱས་ཀྱི་ཤིན་ཏུ་རྣམ་པར་དག་པའི་སྣང་བ་ཐམས་ཅད་སོ་སོར་མཁྱེན་ཅིང་གཟིགས་པས་ཐམས་ཅད་མཁྱེན་པའམ་ཐམས་ཅད་གཟིགས་པ་ཡིན་གྱི། མ་དག་པ་གཏན་ནས་མ་སྣང་ན་ཇི་ལྟར་གཟིགས། མ་གཟིགས་ན་མཁྱེན་ལུགས་ཅི་ལ་ཡོད། དག་པའི་སྣང་བ་ཁོ་ན་མཁྱེན་ཅིང་གཟིགས་པ་ཞིག་ལ་ཤེས་བྱ་ཐམས་ཅད་མཁྱེན་ཅིང་གཟིགས་པའི་སྒྲ་མི་འཇུག་གོ། གལ་ཏེ་མ་དག་པ་ཐམས་ཅད་སངས་རྒྱས་ལ་མི་སྣང་ཞིང་མི་གཟིགས་པ་ཞིག་ཡིན་ན་གདུལ་བར་བྱ་བའི་སེམས་ཅན་ཡང་མི་སྣང་ཞིང་གཟིགས་པར་མི་འགྱུར་ལ། དེ་འདུལ་བར་བྱེད་པའི་ཆོས་སྟོན་པ་དེ་ཡང་མི་སྣང་ཞིང་མི་གཟིགས་པར་འགྱུར་རོ། །གདུལ་བྱ་གཞན་སྣང་ལ་སངས་རྒྱས་མ་སྣང་ན་གཟུགས་སྐུ་གཉིས་དང་དེའི་ཞིང་ཁམས་སོགས་ཀྱང་གདུལ་བྱའི་སྣང་བ་ཡིན་པས་གཟུགས་སྐུ་གཉིས་དང་མཛད་པ་ཕྲིན་ལས་དང་བཅས་པ་སངས་རྒྱས་ལ་མི་སྣང་ཞིང་མི་གཟིགས་པར་འདོད་དགོས་པར་འགྱུར་རོ། །དེ་མིན་ན་སངས་རྒྱས་ལ་རང་སྣང་ཁོ་ན་མ་གཏོགས་གཞན་སྣང་གཅིག་ཀྱང་མི་སྣང་ནས་མི་གཟིགས་མི་མཁྱེན་པ་ཞིག་དང་། དེར་མ་ཟད་གནས་དང་གནས་མ་ཡིན་པ་སོགས་ཀྱང་སྣང་བ་མེད་པར་མཁྱེན་པར་ཐལ་བར་འགྱུར་བ་ལ་སོགས་པའི་སྐྱོན་འཇུག་གོ། འོ་ན་སངས་རྒྱས་ལ་མ་དག་པ་སྣང་ན་སངས་རྒྱས་ལ་འཁྲུལ་སྣང་ཡོད་པའི་སྐྱོན་འཇུག་སྙམ་ན། དེ་འདྲའི་དོག་པ་མི་དགོས་ཏེ་སངས་རྒྱས་ཀྱི་ཤེས་བྱ་ཐམས་ཅད་གཟིགས་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་འཁྲུལ་སྣང་ལ་ཅི་ཞིག་སྣང་བ་དང་ཇི་ལྟར་འཁྲུལ་བ་ཡིན། དེའི་འཁྲུལ་བ་སེལ་ཐབས་ཚང་མ་སྒྲིབ་མེད་དུ་གཟིགས་པ་དེ་འཁྲུལ་མེད་ཐམས་ཅད་གཟིགས་པའི་ཡེ་ཤེས་གྱི་སྤྱན་ཞིག་འབད་པས་བསྒྲུབས་པ་དེའི་སྤྱན་གྱིས་གཟིགས་ཤིང་དེ་ལ་སྣང་བ་ཡིན་གྱི་འཁྲུལ་ཏེ་སྣང་བ་མིན་ནོ། །སེམས་ཅན་ཀུན་ཀྱིས་ཡིད་ལ་གང་དྲན་པའི། །རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། །ཞེས་པ་ནི། སངས་རྒྱས་ཀྱི་ཐུགས་རྣམ་མཁྱེན་གྱི་ཡེ་ཤེས་དེས་གདུལ་བྱའི་སེམས་ཅན་གྱིས་ཡིད་ལ་དྲན་པའི་རྣམ་རྟོག་གང་ཤར་ཐམས་ཅད་སྒྲིབ་པ་དང་ཐོགས་པ་མེད་པར་མཁྱེན་པའོ། །སེམས་ཅན་ཀུན་ཀྱིས་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཞེས་པ་ནི། སེམས་ཅན་རིགས་ཆེ་ཆུང་ཕྲ་རགས་ཐམས་ཅད་ཀྱིས་ངག་ནས་གང་སྨྲས་པའི་ཚིག་བཟང་ངན་ཡག་བཙོག་ཐམས་ཅད་ཀྱང་དུས་རྟག་ཏུ་མ་ནོར་མ་འདྲེས་མ་འཁྲུག་པར་ཐམས་ཅད་སངས་རྒྱས་ཀྱི་སྙན་གྱི་དབང་པོས་གསན། དཔེར་ན་མེ་ལོང་གསལ་བ་ཤེལ་སྒོ་འདྲ་བ་ཞིག་ཁྱིམ་དུ་བཞག་ན་ཁྱིམ་གྱི་དངོས་པོ་རྣམས་མེ་ལོང་གི་གདོང་དུ་ཡོད་ཚད་ཐམས་ཅད་མེ་ལོང་གི་ངོར་འཆར་ཞིང་། དེ་ཡང་མ་ནོར་མ་འདྲེས་པར་ཇི་བཞིན་དུ་འཆར་བ་ལྟར་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་མ་འདྲེས་པར་མཁྱེན་པས་ན། ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟ་བུའི་ཀུན་མཁྱེན་འོད་དཔག་མེད་པའི་ཐུགས་མཁྱེན་བརྩེའི་ཡོན་ཏན་ལ་བསམ་སྟེ་དད་པ་དང་དང་བའི་སྒོ་ནས་ཕྱག་འཚལ་དགོས། དེ་ལྟར་ངག་གིས་ཀྱང་བདེ་སྨོན་འདོན། སེམས་ཀྱིས་ཀྱང་བདེ་བ་ཅན་གྱི་ཞིང་ཁམས་དང་སངས་རྒྱས་འོད་དཔག་མེད་འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་པར་ཕྱག་འཚལ་བའི་ཡུལ་དུ་བསམ་སྟེ་རྩེ་གཅིག་པས་དད་པས་ཚིག་རྗེས་སུ་དོན་དྲན་དགོས་ཀྱི་ཐེ་ཚོམ་དང་ལོག་ལྟ་འདྲེས་མི་རུང་ངོ། །སེམས་ཅན་ཆེ་ཕྲ་ཐམས་ཅད་ཀྱིས་སེམས་ཀྱིས་ཅི་དྲན་ངག་གིས་ཅི་བརྗོད། ལས་དང་ལས་ཀྱི་སྒྲིབ་པ་བག་ལ་ཉལ་བ་སོགས་ཕྲ་བ་ནས་མཁྱེན་གྱིན་ཡོད། དད་པ་ཅན་གྱིས་མོས་གུས་ཀྱིས་གསོལ་བ་འདེབས་བཞིན་ཡོད་པ་མཁྱེན་དང་མི་མཁྱེན་ཐེ་ཚོམ་ཞིག་ཅི་དགོས། ཟུར་ན་མི་ཞིག་གིས་བལྟས་ནས་བསྡད་ཡོད་པ་ལས་གསལ་ཞིག་མཁྱེན། འདི་ཡན་ཆད་ཀྱིས་ཐུགས་མཁྱེན་བརྩེའི་ཡོན་ཏན་དྲན་ཏེ་ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་བ་བསྟན་ཟིན་ནས། ད་ནི།

གསུམ་པ་སྟོབས་ནུས་པའི་ཡོན་ཏན་དྲན་ཏེ་འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་བ།

ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ། །ཁྱེ་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་འགྲུབ། །བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སྟེ། །ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ། །ཞེས་པ་ནི། ཆོས་སྤང་ནིི་དམ་པའི་ཆོས་ལ་ལོག་ལྟ་སྐྱེས་ཏེ་སྤངས་བཞག་པ་ལ་ཟེར། འོད་མདོ་ལས། ཆོས་སྤངས་བྱས་པ་དང་མཚམས་མེད་ལྔའི་ལས་བསགས་པ་གཉིས་བདེ་བ་ཅན་དུ་མི་སྐྱེ་གསུངས་ཡོད། འོན་ཀྱང་མདོའི་དགོངས་པ་ཚུལ་བཞིན་དུ་བླང་ན་དེ་གཉིས་ཀའང་ཐུགས་རྗེས་དོར་བཞག་པ་མིན་སྟེ། མཐར་ཐུགས་དེ་གཉིས་ཀས་ཀྱང་སྨོན་ལམ་འགྲུབ་རྒྱུ་ཡོད་པ་རེད། རིགས་གཏན་ཆད་རེད་སོང་བ་ཞིག་མ་རེད་མོད། འོན་ཀྱང་ཡུན་རིང་པོ་མི་སྐྱེ་བར་ལས་ཀྱི་རྣམ་སྨིན་མྱོང་དགོས་པར་དགོངས་ཏེ་དམན་ལ་དགག་སྒྲ་སྦྱར་ཏེ་གསུངས་པ་རེད། ཆོས་དང་སྐྱབས་ཡུལ་ལ་ལོག་ལྟ་བྱས་ན་ཆོས་སྤངས་ལ་ལོག་ཉེན་ཆེ། མི་འགའ་རེས་ལྷ་མེད། འདྲེ་མེད། ལས་རྒྱུ་འབྲས་མེད། དཀོན་མཆོག་ཟེར་བ་ཞིག་མེད། ཚེ་ཕྱི་མ་མེད། བསོད་ནམས་བསགས་ན་འབྲས་བུ་མི་འབྱུང་། མི་ཚེ་ཆོས་ལ་བསྐྱལ་ན་དགོས་པ་མེད་རབས་ཀྱི་འདུ་ཤེས་དེ་འདྲ་བཟུང་ནས་དམ་པའི་ཆོས་ལ་རྒྱབ་ཕྱོགས་པ་ནི་ཆོས་སྤང་རེད། བློ་ཆུང་ཤེས་རབ་ཞན་པ་དང། རྣམ་དཔྱོད་མེད་པའི་སྐྱོན་གྱིས་ཐོས་པ་ཅུང་ཟད་རེ་བྱས་པ་དེ་ཁ་ཕྱི་རུ་སོང་པས་རང་སྐྱོན་ངོས་བཟུང་ནས་རང་སྐྱོན་འདུལ་བྱེད་དུ་མ་སོང་ཞིང་གཞན་སྐྱོན་ལྟ་བྱེད་དུ་གྱུར་ཏེ་བསྟན་པ་འགལ་འདུ་ཅན་དུ་བཟུང་། རང་ཕྱོགས་དང་གཞན་ཕྱོགས་རིས་སུ་བཅད་དེ་ཕྲག་དོག་འདོད་ཞེན་ལ་སོགས་པའི་ཕྱོགས་སུ་ཤོར་ཏེ། ཡང་དག་པའི་ཆོས་ལ་སྐུར་བ་བཏབ། ཆོས་མིན་ལ་ཆོས་སུ་སྒྲོ་བཏགས། མི་གཞན་ཡང་ལམ་དེར་ཁྲིད་དེ་རང་གཞན་གཉིས་ཀ་ངན་འགྲོའི་གཡང་སར་འཕེན་པར་གྱུར་སོང་བ་ཡིན། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་ཁྲོ་གང་རྟོག་པ་ཉིད། །ཅེས་པ་ལྟར། རང་ཕྱོགས་ལ་བསྟོད་པར་བྱེད། གཞན་ཕྱོགས་ལ་སྨད་པར་བྱེད། ཆོས་ལ་ལ་བཟང་བར་འདུ་ཤེས། ལ་ལར་ངན་པར་འདུ་ཤེས་ཏེ་ཆོས་སྤང་གི་ལས་བསགས་འགྲོ། དེའི་རིགས་ཀྱིས་གང་ཟག་ལ་སྨོད་པའི་ཞོར་ལ་ཆོས་སྤང་ཡང་བསག་འགྲོ་བཞིན་ཡོད། སྨད་བྱའི་གང་ཟག་དེའི་རྒྱུད་ན་ཆོས་ཚིག་བཞི་རེ་ཤེས་པའི་ལུང་གི་ཆོས་དང་། དགེ་སེམས་སྐད་ཅིག་མ་ཙམ་གྱི་རྟོགས་པའི་ཆོས་ཞིག་བཞུགས་ན་དེ་ལ་སྨད་པ་བྱས་པས་གང་ཟག་ལ་དངོས་སུ་སྨོད་པས་ཆོས་ལ་ཤུགས་ཀྱིས་སྨད་པར་འགྱུར། དབང་རྣོན་གྱི་སྐྱེ་བོ་བློ་གྲོས་མཆོག་ཏུ་གྱུར་པ་དག་ནི་ཅི་འདྲ་ཞིག་ཡིན་ནའང་། ཆོས་ཉིད་ཀྱི་རིགས་པས་ངེས་པ་དྲངས་ཏེ་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པ་ཕྱིར་མི་ལྡོག་པ་ཞིག་ཡོད་པས། དེ་ལ་བྱིན་རླབས་དང་དངོས་གྲུབ་ཐོབ་པའང་མྱུར། དེ་མིན་སྦྱོང་སྟོབས་ཀྱི་ཐོས་པ་ཕྱོགས་རེ་བ་བསྟེན་མྱོང་བ། རང་ཉིད་ཀྱིས་རང་ཉིད་དབང་རྣོན་ལ་རློམ་པ། རིག་ལམ་ལྟར་སྣང་བ་རེའི་འགྲོས་ཤེས་ཀྱང་དོན་དུ་མ་སྨིན་པ། རྟོག་གེའི་རིག་པ་ལྟར་སྣང་བ་རེར་གཡེངས་ནས་ཟབ་མོའི་ཆོས་ལ་ཡིད་མི་ཆེས་པ་དེའི་རིགས་ཀྱི་མིང་ལ་སྤོབས་པ་མྱུར་བའི་སྦྱོར་སྐྱོན་ཅན་ཞེས་བྱ། ཤེས་རབ་འཆལ་བྱེད་དང་དངོས་གྲུབ་ཐོབ་པའི་གེགས་ངོ་མ་དེ་ཡིན། དེ་བས་དབང་པོ་རྟུལ་བོའི་རིགས་ཡིན་ཀྱང་ཡིད་ཆེས་པའི་ལུང་གི་རྗེས་སུ་འབྲང་རྐྱང་གི་དད་པ་ལྡོག་མེད་ཅན་དེ་ལའང་དངོས་གྲུབ་ཐོབ་པ་མྱུར། ས་ཆ་འགའ་རེར་བླ་རྒན་འགའ་རེས་གྲྭ་སར་རྣམས་ལ་དཔེ་ཆ་བལྟར་འཇུག་མི་རུང་། ཐམས་ཅད་ངན་ཕྱོགས་སུ་འགྱུར་འགྲོ་བཞིན་འདུག་ཅེས་གསུངས་མཁན་མང་ལ། དེ་རྒྱུ་མཚན་མེད་པའང་མ་ཡིན། དེ་ཅི་ཞེ་ན། དེ་དཔེ་ཆ་བལྟས་བཞག་པས་མ་རེད་མོད་དཔེ་ཆ་ཚང་མ་མ་བལྟས་པས་རེད་གསུངས་པ་རེད། དཔེར་ན་ཆུ་ཟོམ་ཕྱེད་ཅིག་ཁུར་བ་ལྟ་བུ། ཁུར་ན་མི་བདེ་ཞིང་། གཡུག་ནས་སྒྲ་གྲག་པ་ཡིན། ནང་ན་མང་པོ་མེད་པར་བླངས་པས་ལེན་གོ་མ་ཆོད་པ་ལ་གསུངས་པ་རེད། ཐོས་ཆུང་ནི་ང་རྒྱལ་ཆེ་ནི་རེད། ཐོས་པས་ཅི་ཙམ་རྒྱུད་ཕྱུག་ཅིང་ཐོས་དོན་རྒྱུད་ལ་ཅི་ཙམ་སྦྱར་ཐུབ་ན་དེ་ཙམ་གྱིས་རྒྱུད་རང་ཤུགས་ཀྱིས་ཐུལ་ཡོང་བ་རེད། དེས་ན་དཔེ་ཆ་གཏན་ནས་བལྟར་མ་བཅུག་སྟེ་ནང་དོན་རིག་པ་སྡེ་སྣོད་གསུམ་ལ་སྦྱོང་བ་བྱེད་པའི་མི་ས་སྟེང་ན་མེད་ན། དེའི་བརྗོད་བྱ་བསླབ་པ་གསུམ་ལ་ཉམས་ལེན་བྱེད་ཤེས་མཁན་ཞིག་ཡོད་དོན་མེད། དེ་མེད་པས་སངས་རྒྱས་ཀྱི་བསྟན་པ་མེད། དཀོན་མཆོག་གི་སྣང་བ་མེད་དུས་འགྲོ་བའི་བདེ་སྐྱིད་ཀྱི་སྒོ་འཕར་རྒྱག་དགོས་ཟེར་པ་ཞིག་གི་དོན་རང་ཤུགས་ཀྱིས་གྲུབ་ཡོང་བ་ཡིན། འོན་ཀྱང་དཔེ་ཆར་བལྟས་ན་མི་བཟང་ཞེས་པའི་དོན་མིན། དཔེ་ཆ་ཆ་ཚང་ཞིག་མ་བལྟས་ན་མི་བཟང་ཞེས་པའི་དོན་ཡིན། ཁྱད་པར་དུ་རྒྱུད་ལ་མ་སྦྱར་ན་མི་བཟང་ཞེས་གསུངས་ལ། ཐོས་པ་ཆུང་བའི་རིགས་ལ་དེ་འདྲ་གསུངས་ཀྱིན་ཡོད་པས། དགོངས་པ་ལེན་ལུགས་ལེགས་པོ་བྱས་ནས་འགྲེལ་བཤད་རྒྱག་དགོས། དོན་ངོ་མ་ཅི་ཞིག་བཤད་ཀྱིན་ཡོད་ཅེ་ན། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་ལ་ཐེ་ཚོམ་མེད་པའི་མཁས་པ་ལ་ནི་དངོས་གྲུབ་མྱུར་བ་སྨོས་ཅི་དགོས། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་གསུངས། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང། །ཞེས་རྒྱུད་བརྟག་པ་གསུམ་གྱི་ནང་དུ་སངས་རྒྱས་ཀྱིས་གསུངས་པ་ཡིན། དེའི་གནད་མ་ཤེས་པར་དེང་སང་དགོན་པ་དང་དགོན་པའི་བར་བླ་མ་དང་བླ་མའི་བར་གྲྭ་ཚང་དང་གྲྭ་ཚང་གི་བར་ལ་སྨད་པ་བྱེད་པ་འདི་ནི་དོན་ལ་རང་གི་ཆོས་སྤང་བསགས་འགྲོ་བ་ཡིན། དེ་ལྟར་ཆོས་སྤོང་གི་ལས་དང་། མཚམས་མེད་པའི་ལས་ལྔ་སྟེ། ཕ་བསད་པ། མ་བསད་པ། དགྲ་བཅོམ་པ་བསད་པ། དགེ་འདུན་འཁོར་ལོའི་དབྱེན་བྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །དགྲ་བཅོམ་བསད་པ་དང་དགེ་འདུན་འཁོར་ལོའི་དབྱེན་གཉིས་ཀ་དེ་རིང་ཁ་རྩང་འབྱུང་བ་མི་སྲིད་ཀྱང་དེ་དང་ཆ་འདྲ་བ་འབྱུང་རྒྱུ་ཡོད། རྡོ་རྗེ་སློབ་དཔོན་ལ་མངོན་ལྐོག་བརྒྱུད་གསུམ་ནས་སྨོད་པ་དང། བྱང་ཆུབ་སེམས་དཔའི་རིགས་ཅན་ལ་སྐུར་བ་འདེབས་པ་དེ་ཚོ་མདོ་ལུགས་ཀྱི་མཚམས་མེད་པ་དང་ཆ་འདྲ་བ་ཡིན། ད་དུང་དེ་ལས་ཀྱང་ཚབ་ཆེ་བ་སྔགས་ལུགས་ཀྱི་དམ་ཚིག་ཉམས་པ་ཡིན་ཏེ་བསྐལ་ཆེན་མང་པོར་མནར་མེད་པའི་དམྱལ་བའམ་རྡོ་རྗེའི་དམྱལ་བ་ལ་སྐྱེ་བྱེད་ཀྱི་ལས་ཡིན། དེ་འདྲའི་ཆོས་སྤོང་དང་མཚམས་མེད་བྱས་པ་མ་གཏོགས་པ། ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་འགྲུབ། །ཅེས་གསུངས་ཏེ། འོད་དཔག་མེད་ཁྱེད་ལ་དད་ཅིང་གུས་པ་ཆེན་པོས་ཕྱག་འཚལ་མཆོད་པ་ཕུལ། གསོལ་བ་དང་སྨོན་ལམ་བཏབ་ཚད་ཀྱི་སེམས་ཅན་ཐམས་ཅད་བདེ་བ་ཅན་ལ་སྐྱེ་བར་འགྱུར་ཞེས་པའི་དོན་ཏོ། ཅིའི་ཕྱིར་ཞེ་ན། འོད་དཔག་མེད་པའི་སྔར་སྨོན་ལམ་བཏབ་ཚད་འགྲུབ་ཡོད་པས་དེ་ལ་དད་པས་གསོལ་བ་བཏབ་ནས་རྒྱུ་བསྒྲུབས་ཚད་བདེ་ཅན་ལ་སྐྱེ་བ་དེ། སངས་རྒྱས་འོད་དཔག་མེད་པའི་སྨོན་ལམ་གྱི་མཐུ་གྲུབ་པ་ཡིན་པས་དད་མོས་དྲག་པོས་གསོལ་བ་བཏབ་སྟེ་བདེ་བ་ཅན་ལ་སྐྱེ་བའི་སྨོན་ལམ་བཏབ་ན་དེ་ལྟར་འགྲུབ་པར་ཐེ་ཚོམ་མ་དགོས། བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས། །ཞེས་གསུངསཏེ། དེ་ལྟར་གསོལ་བ་འདེབས་པ་པོ་དེ་བདེ་བ་ཅན་གྱི་ཞིང་དེར་འདྲེན་པར་བར་དོར་བྱོན་ནས་བདེ་བ་ཅན་གྱི་ཞིང་དེར་འདྲེན་པ་སངས་རྒྱས་འོད་དཔག་མེད་པས་ཐུགས་བསྐྱེད་དང་དམ་བཅའ་མཛད་ཅིང་ཞལ་བཞེས་གནང་མྱོང་བ་ཡིན། དམ་བཅའདང་སྨོན་ལམ་ཇི་ལྟར་མཛད་པ་རེད་ཅེ་ན། འོད་མདོ་ལས་འདི་ལྟར་གསུངས་ཡོད། བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབྱུང་གནས་གྱིས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཞེས་མཚན་ནས་བོས་ཏེ། བདག་བྱང་ཆུབ་ཐོབ་པའི་ཚེ་འཇིག་རྟེན་གྱི་ཞིང་ཁམས་གཞན་དག་གི་ནང་ནས་བླ་ན་མེད་པའི་བྱང་ཆུབ་དུ་སེམས་བསྐྱེད་དེ་བདག་གི་མཚན་ཙམ་ཐོས་ནས་སེམས་བདག་ལ་དད་པ་དང་བདག་དྲན་པ་རྣམས་ཤི་པའི་དུས་སུ་བདག་དགེ་སློང་གི་དགེ་འདུན་གྱིས་བསྐོར་ཏེ་དེའི་ལམ་སྣ་འདྲེན་ཐུབ་པ་ཞིག་མ་བྱུང་བར་དུ་བདག་མངོན་པར་རྫོགས་པར་འཚང་མི་རྒྱ་ཞེས་དམ་བཅའ་མཛད་པ་ཡིན། དམ་བཅའ་དེ་དང་ཐུགས་བསྐྱེད་འགྲུབ་པའི་ཕྱིར་དུ་འོད་དཔག་མེད་པས་བསྐལ་བ་གྲངས་མེད་མང་པོར་སངས་རྒྱས་གཞན་ལས་ཀྱང་ཚོགས་བསགས་ཡུན་རིང་ཞིང་རྒྱ་ཆེ་བ་མཛད་དེ་ཞིང་ཁམས་གཞན་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་བཟུང་བར་མཛད་ལ། སངས་རྒྱས་འོད་དཔག་མེད་ཀྱིས་དམ་བཅའ་ལྟར་མ་འགྲུབ་བར་དུ་སངས་མ་རྒྱས་པར་ཚོགས་བསགས་རྒྱ་ཆེན་མཛད་དེ་མཐར་སྨོན་ལམ་ཐམས་ཅད་ཡོངས་སུ་འགྲུབ་ཡོད་པས། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་རྗེའི་ནུས་པ་དང་རང་གི་དད་པ་དང་འདུན་པ་རྣམས་མཉམ་དུ་འཛོམས་ཚེ་བདེ་བ་ཅན་ལ་སྐྱེ་ཐུབ་པ་ཡིན། ཀུན་མཁྱེན་འཇིགས་གླིང་གིས། མདོར་ན་གང་གི་མཚན་དང་སྒྲ་དང་ནི། །ལྟ་བ་ཡིད་ལ་གོམ་པར་བྱེད་པ་ཡང་། །ཞིང་ཁམས་བདེ་བ་ཅན་དུ་དབུག་འབྱིན་པའི། །ཐུགས་བསྐྱེད་དམ་བཅའ་བསླུ་བ་མེད་པའི་ཕྱིར། །གསུངས་པ་ལྟར། ཚེ་འདིའི་སྟེང་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལེགས་པོ་ཞིག་འགྲུབ་ཡོད་ན་འཆི་ཁར་གསོལ་འདེབས་རེ་བྱེད་ཐུབ་ན་ཅི་བཤད། གལ་ཏེ་མ་ཐུབ་ན་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་སངས་རྒྱས་འོད་དཔག་མེད་འཁོར་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་ལམ་སྣ་འདྲེན་པར་བྱོན་ཡོང་བ་ཡིན། ཡང་འཆི་བའི་རྐྱེན་འདྲ་མིན་སྣ་ཚོགས་ཡོད་པ་ཡིན་པས། གློ་བུར་ཡེ་འདྲོག་གི་འཇིགས་པ། གྲི་ཁ་མཚོན་ཁ་ནས་ཤི་བ། གཡང་ས་གྲོག་རོང་ནས་ཤི་བ། མེ་ཆུ་གཅན་གཟན་གྱི་འཇིག་པས་ཤི་བ་སོགས་ཀྱིས་ནི། འཆི་ཁར་དྲན་ལོང་མེད་ནའང་ཤི་ནས་བར་དོའི་སྣང་བ་ཤར་ཏེ་སྒྲ་འོད་ཟེར་གསུམ་གྱི་འཇིགས་སྐྲག་ཤར་དུས་མགོན་པོ་འོད་དཔག་མེད་དྲན་ཡོང་བ་རེད། འུ་ཚོས་ད་ལྟའི་སྐབས་སུ་འཇིགས་སྐྲག་ཆེན་པོ་ཞིག་ལྟ་ཅི་རྐང་པ་རྡོ་ལ་ཐོགས་ན་ཡང་བླ་མར་འབོད་པ་དང་རང་གང་ལ་མོས་པའི་ལྷག་པའི་ལྷ་ལ་འབོད་པ་རང་ཤུགས་ཀྱིས་དྲན་ནས་ངག་ལ་ཡང་ཐོན་ཡོང་བ་ཞིག་མ་རེད་དམ། དེ་བཞིན་དུ་ད་ལྟའི་སྐབས་སུ་མགོན་པོ་འོད་དཔག་མེད་པར་བློ་ཁྱེད་ཤེས་ཀྱི་དད་པ་ཡོད་མཁན་ཚོར་ཉིན་པར་དེའི་གསལ་སྣང་ཡོད་པར་མ་ཟད་མཚན་རྨི་ལམ་དུ་ཡང་རྨིས་ཐུབ་པ་ཞིག་བྱུང་ན། དེ་ཚེ་བར་དོའི་འཇིགས་སྐྲག་གི་སྐབས་སུ་དྲན་ཐུབ་པ་ཞིག་འབྱུང་བ་ཡིན། དྲན་མ་ཐག་ཏུ་དེས་སྐྱོབ་འགྲོ་ལ། འཇིགས་སྐྲག་གིས་རྐྱེན་བྱས་ཏེ། དྲན་བཞག་དུས་གྲོལ་དེ་བདེ་བ་ཅན་གྱི་ཞིངས་ཁམས་སུ་སངས་རྒྱས་ཀྱི་ཐུགས་རྗེས་དྲང་སླ་བ་ཡིན། བར་དོའི་ཤེས་པ་དེ་བེམ་པོ་དང་བྲལ་ཚར་བས་ཆུའི་ཁར་གཡེང་བའི་དངོས་པོ་ལྟར་ཁ་སྒྱུར་སླ་བ་ཡིན་ཞེས་གསུངས། བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས། །ཞེས་དེའི་དུས་སུ་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་བར་དོར་བྱོན་ཏེ་ཞིང་ཁམས་བདེ་བ་ཅན་དེར་སྐད་ཅིག་གིས་འདྲེན་པར་གསུངས་པ་ཡིན། སུས་གསུངས་ཤེ་ན། སངས་རྒྱས་ཤཱཀྱ་ཐུབ་པས་མདོ་རྒྱུད་དུ་མ་ལས་གསུངས་ཡོད། ད་ལྟའི་སྐབས་སུ་སངས་རྒྱས་འོད་དཔག་མེད་པའི་སྐུ་མདོག་ཕྱག་མཚན་ལ་གོམ་འདྲེས་བྱས་ཏེ་མིག་བཙུམ་ན་ཡང་མིག་ལམ་དུ་ཤར་འདུག་པའི་གསལ་སྣང་བརྟན་པོ། ཆེད་དུ་སྒོམ་མི་དགོས་པར་འགྲོ་འདུག་གང་གི་སྐབས་ཡིན་ཡང་བཀྲ་ས་ལེར་ཡིད་མཁར་ཤར་ཐུབ་ན་བར་དོའི་གནས་སྐབས་ཀྱི་ཉེན་ཁ་ཅན་གྱི་འགག་རྩའི་དུས་ཚོད་ལ་ཐོན་དུས་སྔར་འདྲེས་ཀྱི་མི་དང་འཕྲད་པ་ལྟར་ངོ་ཤེས་ཤིང་དེས་ལམ་སྣ་འདྲེན་པར་མ་ཟད་ལྟ་བ་ཡང་རབ་ཅན་ཞིག་ཡིན་ན་མ་པང་བུ་འཇུག་ལྟ་བུ་དགོངས་ཀློང་དབྱེར་མེད་དུ་གྲོལ་ཐུབ་པ་རེད། དེས་ན་སེམས་ཅན་ངན་འགྲོའི་གཡང་ལས་ཐར་བའི་གནས་མཆོག་ཏུ་འདྲེན་པར་མཛད་པའི་འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ་ཞེས་སྟོབས་ནུས་པའི་ཡོན་ཏན་དྲན་ཏེ་འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་བ་སོང་ནི་རེད།

བཞི་པ་ཚེ་སྲུང་སྲོག་སྐྱོབ་ཀྱི་ཡོན་ཏན་དྲན་ཏེ་རྒྱལ་བ་ཚེ་དཔག་མེད་ལ་ཕྱག་འཚལ་བ།

ཁྱེད་ཀྱི་སྐུ་ཚེ་བསྐལ་བ་གྲངས་མེད་དུ། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ། །ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་། །དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། །ཁྱེད་ཀྱི་སྐུ་ཚེ་བསྐལ་བ་གྲངས་མེད་དུ། །ཞེས་པ་ནི། མགོན་པོ་འོད་དཔག་མེད་ཀྱི་སྐུ་ཚེའི་ཚད་ནི་བསྐལ་བ་གྲངས་ཀྱིས་མི་ཆོད་པ་རྩིས་ལས་འདས་པ་ཞིག་ཡིན། མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། །ཞེས་པ་ནི། སྐུ་མྱ་ངན་ལས་མི་འདའ་བར་ད་ལྟ་ཡང་བདེ་བ་ཅན་ན་གཟུགས་སྐུ་མངོན་སུམ་དུ་བཞུགས་ཡོད། ཁྱེད་ནི་སྐུ་ཚེའི་ཚད་ལ་རང་དབང་འབྱོར་བའི་སངས་རྒྱས་ཚེ་ལ་དབང་བའི་ཐུགས་བསྐྱེད་ལྷག་པར་རྒྱ་ཆེ་བའི་མཐུ་གྲུབ་པ་ཞིག་ཡིན་པས། ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ཞེས་པ་ནི། བློ་གཅིག་ལས་གཉིས་པ་མེད་པ་ཞིག་གིས་བློ་ཁེལ་ཡིད་ཆེས་བྱས་ཤིང་། སེམས་རྩེ་གཅིག་པའི་སྒོ་ནས་མཐོ་དམན་སྐྱིད་སྡུག་བཟང་ངན་གང་བྱུང་རུང་ཁྱེད་ལས་རེ་ས་མེད་སྙམ་པའི་འདུན་པ་སྐྱེད་ཐུབ་ན་བྱིན་རླབས་ལྷག་པར་དུ་འཇུག་སླ་བའོ། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ། །ཞེས་པ་ནི། ལས་ཀྱི་རྣམ་པར་སྨིན་པ་སྟེ། དཔེར་ན་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཟད། ལས་ཀྱིས་འཕངས་བའི་ཚད་རྫོགས། སྲོག་དང་ཚེ་ཡི་འཇུ་ཐག་ཟད་དེ་ཟད་པ་གསུམ་གྱི་མཐའ་ལ་ཐུག་ཅིང་ལས་ཀྱི་རྣམ་སྨིན་བཟློག་རྒྱུ་གཏན་ནས་མེད་པ་ཡིན་ན་མ་གཏོགས། ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་། །ཞེས་པ་ནི། འཕྲལ་གྱི་རྐྱེན་དབང་གིས་ཚེའི་འཕྲོ་ཆད་པ་དེ་འདྲའི་རིགས་དེ་ཡིན་ན། དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས། །ཞེས་པ་ནི། དུས་མིན་གྱི་འཆི་བ་བཟློག་སྟེ་འཆི་རན་ཁར་ཡང་ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བའི་དཔལ་ལ་འགོད་ཐུབ་པར་གསུངས་པ་རེད། འཆི་མ་རན་ན་ཤི་འགྲོ་དོན་མེད་དོ་སྙམ་ན་ཡོད་དེ། དུས་ཐོག་ཏུ་ཤི་བ་ནི་གོང་དུ་བཤད་པ་ལྟར་ཟད་པ་གསུམ་གྱི་མཐར་ཐུག་དུས་སྨན་པའི་རྒྱལ་པོ་དངོས་སུ་བྱོན་ཡང་ཕན་པ་མེད། གུ་རུ་རིན་པོ་ཆེས། གོས་ཟད་སྟུག་པོ་གསར་བར་མི་འགྲོ་བཞིན། །ཞེས་གསུངས་པ་ལྟར་གོས་རྙིང་པ་གསར་པ་འགྱུར་མི་ཐུབ་པ་བཞིན་དུ་ཚེའི་ཚད་ཐོག་ལ་ཐོན་དུས་ཕན་པ་མེད། ཚེའི་ཚད་ཐོག་ལ་ཐོན་བྱ་བ་ལས་ཐོག་ལ་བབ་ན་བཟློག་རྒྱུ་མེད་ཅེས་གསུངས་པ་ལྟར་ཡིན། དེ་མིན་ཚེ་ཟད་མེད་ཀྱང་རྐྱེན་དང་བར་ཆད་ཀྱི་དབང་དུ་ཤོར་བ་ནི། ཐོག་གིས་བསད་པ། ཆུས་ཁྱེར་བ། ལྷ་འདྲེས་བླ་ཚེ་རྐུ་ཤོར་བ། མཐུ་ཞབས་བྱད་ཞབས་སུ་སོང་བ། བླ་ཚེ་ཉམས་པ་ལ་སོགས་པ་འཆི་རྐྱེན་མང་བ་ཡིན། ཚེ་ཐུང་ནད་མང་གི་རིགས་ལ་ཚེ་ཐར་སྲོག་བླུ་བྱས་ན་ཕན་པ་ཡོད་པ་ནི་དེ་ཚོ་རིམ་གྲོའི་སྟོབས་ཀྱིས་དུས་མིན་གྱི་འཆི་བ་བཟློག་རྒྱུ་ཡོད་པའི་རྟགས་བསྟན་པ་ཡིན། འགའ་ཞིག་ལ་གཏོ་སྐུ་རིམ་སྨན་ལྷ་རྗེ་གང་བྱས་ཀྱང་ཕན་ཐོགས་མེད་པ་ནི། དུས་ཐོག་ལ་ཁེལ་ན་སངས་རྒྱས་བྱོན་ཀྱང་མཐུ་རྡུགས་ཅེས་པ་ལྟར་ཡིན། ཚེ་རིང་ཐབས་ཤིག་ལ་བསམ་ན་མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས་དགོས། མགོན་པོ་འོད་དཔག་མེད་པ་ནི་རྒྱལ་བ་ཚེ་དཔག་མེད་ཡིན་ལ། དེ་ནི་ཚེ་ཡི་དངོས་གྲུབ་དང་བྱིན་རླབས་ཐམས་ཅད་ཀྱི་བདག་པོ་ཡིན། ཚེ་དབང་དང་ཚེ་ཆོག་སོགས་གཞན་དག་འདོན་ན་ལོས་བཟང་མོད། རྒྱལ་བ་ཚེ་དཔག་མེད་པ་ལས་ལྷག་པའི་ཚེ་ཡི་ལྷ་ཞིག་དང་གྲུབ་པའི་རིག་འཛིན་ཞིག་རྙེད་རྒྱུ་ཡོད་མི་སྲིད། དེས་ན་ཚེ་རིང་ཐབས། ནད་མེད་ཐབས། ཚེ་འདི་ལ་སྐྱིད་ཐབས། ཕྱི་མ་བདེ་བ་ཅན་དུ་ཚེ་ལོ་དཔག་ཏུ་མེད་པ་ལ་ཟག་མེད་ཀྱི་བདེ་བ་ལ་རོལ་བཞིན་རྒྱལ་བའི་མདུན་ནས་ཆོས་ཞུས་ཏེ་ས་ལམ་རིམ་བགྲོད་ཀྱི་ཐོག་ནས་སེམས་ཅན་ཐམས་ཅད་ལ་ཕན་བཏགས་བསམ་པའམ། ཡང་ན་ཉན་རང་གི་ལམ་རང་དོན་ཞི་བ་གཙོ་བོ་བྱེད་བསམ་ན་ཡང་སངས་རྒྱས་འོད་དཔག་མེད་ལ་གསོལ་བ་བཏབ་ནས་བདེ་བ་ཅན་ལ་དང་པོ་འགྲོ་དགོས་པ་རེད། རང་ཉིད་ཀྱིས་དད་པ་མ་འཆུག་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་འཆུག་པ་མི་སྲིད། གཞན་འཇིག་རྟེན་གྱི་ལྷ་འདྲེ་མཐུ་བོ་ཆེ་དང་དེ་རྣམས་ཀྱིས་ཁ་མགོན་བྱེད་སའི་བླ་གཟུགས་རྒྱལ་འགོང་འཁྲི་ས་དང་འཕྲལ་དུ་ཕན་བཏགས་ཀྱང་ཕུགས་སུ་གནོད་བསྐྱལ་བ། མཐུ་ནུས་ལྟར་སྣང་ཅན་རེའི་མདུན་ནས་ཚེ་དབང་ཚེ་འགུགས་སྲུང་བ་ཕྱག་མདུད་བརྒྱ་ཐམ་པ་ལེན་པ་བས་སངས་རྒྱས་འཁོར་བཅས་ལ་དད་པའི་ལྷ་ཕྱག་རྡོག་མ་གསུམ་འཚལ་ན་དེའི་བཟང་བ་ཡིན། གནའ་བདག་ཅག་གི་སྟོན་པ་རྒྱལ་བྱེད་ཚལ་ན་བཞུགས་ཡོད་དུས་ཞིག་ལ་ཡུལ་མཉན་ཡོད་ཀྱི་ཚོང་བ་གཉིས་ཡོད། གཅིག་གིས་མུ་སྟེགས་པའི་སྟོན་པ་འོད་སྲུང་རྫོགས་བྱེད་ལ་སོགས་པར་དད་པ་བྱས། གཅིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་བྱས་པ་ཡིན། གཉིས་ཀ་ལྟ་བ་མ་མཐུན་པར་གཉིས་ཀས་རང་རང་གི་འདོད་ཕྱོགས་ཀྱི་ཆེ་བརྗོད་བྱས་ཏེ། གཉིས་ཀའི་གཅིག་གིས་གཅིག་གི་སྟོན་པ་ཁས་མ་བླངས་ནས་རྒྱུ་ནོར་འབྱོར་བ་ཡོད་ཚད། ཕུགས་ཀྱི་གཡང་ར་མན་ཆད་དང་། སྒོ་ཁྱིའི་ལྕགས་ཐག་ཡན་ཆད། ཐམས་ཅད་རྒྱན་ལ་བཞག་ནས་སུའི་སྟོན་པ་སྟོབས་དང་ནུས་པ་ཡོན་ཏན་དང་ལྡན་ན་དེ་ལ་འབྱོར་བ་ཡོད་ཚད་སྦྱིན་རྒྱུ་བྱས་ནས་ཁོང་གཉིས་ཀའི་ཡིག་འགོར་འབའ་བཞག་ཡིག་རྔ་ཐེའུ་ཡིས་མནན་པ་ཡིན། ལོ་རྒྱུས་དེ་རྒྱལ་བོ་གསལ་རྒྱལ་གྱིས་གོ་ནས་བློན་པོ་བཟང་ཤོས་གཉིས་ལ་དྲིལ་བསྒྲགས་བྱེད་དུ་བཅུག་ནས་མི་འབུམ་ཕྲག་མང་པོ་ལྟད་མོར་འདུས། དེ་བཞིན་དུ་ནམ་མཁའ་ནས་ལྷ་འབུམ་ཕྲག་མང་པོ་འདུས་ནས་ཡོང་། གནམ་ས་གཉིས་སུ་ལྷ་དང་མིའི་ལྟད་མོ་བ་མང་པོ་འདུས་ཡོད་པའི་དབུས་སུ་ཚོང་བ་གཉིས་ཀས་རང་རང་གི་སྟོན་པར་མཆོད་པའི་དཀྱིལ་འཁོར་བཤམ་སྟེ་སྤོས་དང་མེ་ཏོག་ལ་སོགས་པ་མཆོད་རྫས་ཐམས་ཅད་གྲ་སྒྲིག་བྱས། དེ་ནས་དང་པོ་མུ་སྟེགས་པའི་སྟོན་པ་ལ་དད་མཁན་གྱི་དགེ་བསྙེན་ཡར་ལངས་ནས་རྫོགས་བྱེད་ལ་སོགས་པའི་སྟོན་པ་དྲུག་མཆོག་ཡིན་པའི་བདེན་པ་དང་དེའི་བདེན་པའི་ཚིག་གང་གིས་མེ་ཏོག་དང་བདུག་སྤོས་ཡོན་ཆབ་འབུལ་བ་དག་སྟོན་པ་དེ་རྣམས་ཀྱི་ཐད་དུ་སོང་ཞིག་ཅེས་བདེན་ཚིག་བརྗོད་པས་མེ་ཏོག་ལ་སོགས་པའི་མཆོད་རྫས་ནམ་མཁའ་ལ་གཏོར་བ་དག་མར་ས་ཐོག་ཏུ་ལྷུང་། མཆོད་ཆུ་གནམ་ལ་མཆོད་ཀྱང་ས་སྟེང་དུ་ཕོས། མར་མེ་གཟིམས་ཡོན་ཆབ་ཀྱི་ཆུ་ཡང་ས་ལ་ཐིམ་ནས་མཆོད་པ་བདག་གིར་བཞེས་མཁན་ཞིག་མ་རྙེད། དེ་དུས་མི་རྣམས་ཀྱིས་འུར་བརྒྱབ་ཅིང་འཕྱ་སྨོད་བྱས་པས་མུ་སྟེགས་པའི་དགེ་བསྙེན་སྤོབས་པ་ཉམས། དེ་ནས་ནང་བའི་དགེ་བསྙེན་ཡར་ལངས་ཏེ་སངས་རྒྱས་བཅོམ་ལྡན་འདས་རྐང་གཉིས་རྣམས་ཀྱི་མཆོག གདུལ་བྱ་འདུལ་བ་རྣམས་ཀྱི་གཙོ་བོ། ཁ་ལོ་སྒྱུར་བ་ལྷ་དང་མིའི་གཙོས་པའི་འགྲོ་བ་ཡོངས་ཀྱི་མགོན་དུ་གྱུར་བ་དེ་ཉིད་ཀྱིས་བདེན་པ་དང་བདེན་པའི་སྟོབས་ཀྱིས་མཆོད་རྫས་འདི་དག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ཞིག་ཅེས་མཆོད་པ་ཕུལ་བས། མེ་ཏོག་དག་བྱ་ངང་པའི་རྒྱལ་བོ་འཕུར་བ་ལྟར་ནམ་མཁའ་ལ་འཕགས་ནས་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཡོད་སའི་རྒྱལ་བྱེད་ཚལ་གྱི་ཕྱོགས་སུ་སོང་ངོ་། །སྤོས་ཀྱི་དུ་བ་སྤྲིན་གྱི་ཕུང་པོ་དུམ་བུ་དུམ་བུ་དང་། ཆུ་ཕུལ་བ་ནི་བེེཌཱུརྱའི་སྡོང་པོ་ལྟ་བུར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་ཕྱོགས་སུ་ལྷ་མི་ཐམས་ཅད་ཀྱི་མཐོང་ས་ནས་སོང་པས། ཐམས་ཅད་ཡ་མཚན་གྱི་གནས་སུ་གྱུར་ཏེ་མཆོད་རྫས་ཀྱི་རྗེས་སུ་དེད་དེ་སོང་བས། མེ་ཏོག་ཕུལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབུའི་སྟེང་དུ་ཡོད་ལ། སྤོས་ཀྱི་དུ་བ་སྤྲིན་ལྟ་བུ་དང་ཡོན་ཆབ་བེེཌཱུརྱའི་སྡོང་པོ་ལྟ་བུ་ནི་སྤྱན་སྔ་ན་ཡོད། དེ་དག་མཇལ་བས་ལྷ་མི་ཐམས་ཅད་དགའ་ཞིང་དང་བས་དད་པ་སྐྱེས་ཏེ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ། སྒོ་གསུམ་གུས་པ་ཆེན་པོས་འདུད་དེ་ཆོས་ཉན་པའི་དོན་དུ་སངས་རྒྱས་ཀྱི་སྤྱན་སྔར་ཐམས་ཅད་བསྡད། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་ཚངས་པའི་དབྱངས་ཀྱིས་བཀའ་སྩལ་ཏེ་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ལ་མཆོག་དུ་འཛིན་ཅིང་དགའ་བར་བྱེད་པ་ཐམས་ཅད། རྣམ་སྨིན་གྱི་འབྲས་བུ་ལྷ་དང་མིའི་མཆོག་ཏུ་གྱུར་པ་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་མང་པོ་བསྟན་པས། དེ་ན་ཡོད་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཆོས་ལ་དད་པ་རྙེད་དེ་འགའ་རེའི་སྐྱབས་འགྲོ་ལ་སོགས་པའི་བསླབ་པའི་གཞི་བླང་། འགའ་རེས་དེ་ཉིད་དུ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་ཡིན། དེའི་སྐབས་སུ་མུ་སྟེགས་པའི་བསྟན་པར་ཞུགས་པའི་དགེ་བསྙེན་དེས་ཀྱང་སངས་རྒྱས་ལ་ལྷག་པར་དད་པར་གྱུར་ཏེ་སངས་རྒྱས་ལ་ཕྱག་འཚལ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་རྒྱ་ཆེན་པོ་ཞིག་བཏབ། བཅོམ་ལྡན་འདས་ཀྱིས་ཁྱོད་མ་འོངས་པ་ན་རྫོགས་པའི་སངས་རྒྱས་མི་གཡོ་པ་ཞེས་བྱ་བར་སངས་རྒྱས་པར་འགྱུར་ཞེས་དབུགས་འབྱིན་དང་ལུང་བསྟན་མཛད་པ་ཡིན། དགེ་བསྙེན་སྙིང་སྟོབས་ཅན་དེས་མུ་སྟེགས་སྟོན་པ་སྡེ་དྲུག་ལ་བསྟེན་ཞིང་། དེའི་རྗེས་སུ་ཅི་འདྲ་ཞིག་བསླབས་ཀྱང་ཡོན་ཏན་ཏིལ་འབྲུ་ཙམ་ཡང་ཐོབ་རྒྱུ་མེད། སྟོན་པ་བཅོམ་ལྡན་འདས་ལ་སྙིང་ནས་དད་པས་ཕྱག་འཚལ་ཏེ་བློ་བརྟན་ཞིང་འགྱུར་བ་མེད་པའི་སྙིང་སྟོབས་བཟུང་ནས་འགྲོ་ལ་ཕན་པའི་བྱ་དཀའ་བའི་སྤྱོད་པ་རླབས་ཆེན་ལ་སློབ་སྟེ་སེམས་ཅན་སངས་རྒྱས་ཀྱི་ས་ལ་འགོད་པར་དམ་བཅས་པའི་ཐོག་མ་ཉིད་ནས་དབུགས་འབྱིན་ཆེན་པོ་དེ་འདྲ་ཐོབ་པ་ཡིན། བྱ་བ་གང་ཡིན་ན་རྣམ་དཔྱོད་ཀྱིས་དཔྱད་དེ་ཐབས་ཁྱད་པར་ཅན་ཡོད་ན་བྱ་བ་གང་ཡིན་ཡང་འགྲུབ་རྒྱུ་ཞིག་ཡིན། ཐེངས་རེ་གཉིས་ཅི་འདྲ་ཉམས་ཉེས་དང་ཕམ་ཁ་ཆེན་པོ་བྱུང་ཡང་སེམས་མ་ཤི་བར་ཡུལ་དམ་པར་ཐབས་མཆོག་གིས་བསྟེན་ཐུབ་ན་ཕམ་པའི་རྗེས་ན་རྒྱལ་ཁ་ཡོད་འདི་ཆོས་ཉིད་ཡིན། ཡང་གཏམ་རྒྱུད་གཞན་པ་ཞིག་བཤད་ན། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་རྒྱལ་བའི་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་དུས་ཞིག་ལ་རྒྱལ་པོ་མ་སྐྱེས་དགྲའི་དམགས་དཔུང་གིས་དམག་བརྒྱབ་ནས་རྒྱལ་པོ་གསལ་རྒྱལ་ཐེངས་མ་གསུམ་གྱི་བར་དུ་ཕམ་ཁ་ཆེན་པོ་ཁུར་ཏེ་དམག་ཉེས་ངན་པ་བྱུང་། རྒྱལ་པོ་གསལ་རྒྱལ་ལ་ཕམ་ཉེས་ཆེན་པོ་བྱུང་སྟེ་མྱ་ངན་གྱིས་སྡུག་བསགས་ནས་བསྡད་ཡོད་དུས་ཞིག་ལ། ཡུལ་དེ་ན་ཁོ་རང་གི་མངའ་འོག་ཡིན་པའི་ཁྱིམ་ཚང་ཕྱུག་པོ་རྒྱུ་ནོར་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་བང་མཛོད་ལ་འགྲན་བཟོད་པ་ཞིག་ཡོད། དེ་ཚང་གིས་གསེར་མང་པོ་ཁྱེར་ཡོང་ནས་གསེར་ཁྱེར་ཡོང་བ་རྣམས་བརྩིགས་བཞག་པ་མི་ཡར་ལངས་ན་ཕར་རྒྱབ་ནས་མི་མཐོང་བ་ལྟ་བུ་ཞིག་རྒྱལ་པོའི་མདུན་དུ་སྤུངས་ཤིང་རྒྱལ་པོར་བྱིན་ནས་རྒྱལ་པོར་སེམས་གསོ་བྱས། རྒྱལ་པོས་བསམ་བློ་ཞིག་བཏང་ནས་རིགས་ཞིག་སད་དེ་བློ་ཞིག་དྲན་ནས་ང་རང་ཐེངས་མ་གསུམ་ལ་ཕམ་འགྲོ་བ་འདི་དགྲ་ཐབས་ཀྱི་སྟེང་ནས་མ་ཐོན་པ་ཡིན་ངེས། ཐབས་བློ་མི་འདྲ་བ་རེ་རྙེད་རྒྱུ་ཡོད་ན་རྒྱལ་ཁ་ཐོབ་སྲིད། གཏམ་ཉུལ་བ་ནང་མི་ངོ་མ་འགའ་རེ་མངགས་ནས་ཐབས་ཤིག་བཙལ་དགོས་སྙམ་སྟེ་ཉན་རྣ་བ་འགའ་ཞིག་གཏམ་ཉུལ་དུ་མངགས། ཉན་རྣ་བ་རྣམས་ཀྱིས་སྐད་ཆ་སྣ་ཚོགས་ཉན་ནས་འགྲོ་བཞིན་ཡོད་པས་ཉིན་གཅིག་རྒན་པ་བློ་གྲོས་ཅན་གཉིས་ཀྱིས་སྐད་ཆ་བཤད་ཀྱིན་ཡོད་པ་ཐོས་ནས་དེ་རྒྱལ་པོ་ལ་ཡར་ཞུ་བྱས་པ་ཡིན། རྒན་པ་གཉིས་ཀས་ཅི་ཞིག་བཤད་ཀྱིན་ཡོད་ཅེ་ན། རྒན་པ་གཅིག་གིས་རྒྱལ་པོ་གསལ་རྒྱལ་ཕམ་ཐལ་མོད་། དེ་འདྲའི་ཕམ་པ་ཞིག་གིས་སེམས་མ་ཤི་བར་སེམས་ཡར་ལ་གཏོད་དེ་ད་དུང་དམག་འཐབ་བྱས་ན་རྒྱལ་ཁ་ལེན་ཐུབ་ནི་རེད་ཅེས་སྨྲས། གཅིག་ཤོས་ཀྱིས་ཅི་འདྲ་བྱེད་དགོས་ཞེས་དྲིས་ཚེ། ད་པདྨའི་ཟེ་བ་ཞེས་པའི་དམག་འཐབ་ལུགས་ཤིག་ཡོད། དེ་བྱས་ན་རྒྱལ་ཁ་རང་ལག་ཡིན་ནི་རེད་ཅེས་སྨྲས་པ་ན། ཡང་གཅིག་པོས་པདྨའི་ཟེ་བ་ཞེས་པའི་དགྲ་འཐབ་ཇི་ལྟར་བྱེད་དགོས་ཞེས་དྲིས་ཚེ། དམག་མི་སྡར་མ་ཐམས་ཅད་སྔོན་ལ་བཞག འབྲིང་བ་རྣམས་བར་དུ་བཞག དཔའ་བོ་ཐམས་ཅད་རྒྱབ་ཏུ་བསྡད་ནས་འཐབ་ན་ཐུབ་ཅེས་སྨྲ་ཡི་འདུག་གོ་ཞེས་རྒྱལ་པོར་ཞུས་པ་ན། རྒྱལ་པོས་དེ་གསན་ནས་དེ་ཡག་ཁི་བསམ་ནས་དམག་བཀོད་དེ་འདྲ་བྱས་ཏེ་ཐེངས་གཅིག་འཐབ་དུས་དེའི་ཐོག་ནས་མ་སྐྱེས་དགྲ་ཕམ་སོང་པ་ཡིན། རྒྱལ་པོ་མ་སྐྱེས་དགྲ་ཁོ་རང་གསོན་པོར་བཟུང་། དེ་དུས་རྒྱལ་པོ་གསལ་རྒྱལ་གྱིས་བསམ་བློ་བཏང་སྟེ་ཐེངས་འདིའི་རྒྱལ་ཁ་ང་ལ་ཡོད་མོད། དགྲ་གྲོགས་ལ་བསྒྱུར་ན་དེ་བས་རྒྱལ་ཁ་ཡིན་སྙམ་ནས། རྒྱལ་པོ་མ་སྐྱེས་དགྲ་ཤིང་རྟའི་ནང་དུ་ཁྱེར་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་ཁྲིད་དེ། རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་འདི་ལྟར་ཞུས། མ་སྐྱེས་དགྲ་འདིས་ཡུན་རིང་མོ་ཞིག་ནས་ང་ལ་འཁོན་མེད་སར་འཁོན། དགྲ་མེད་སར་དགྲ་བྱས་པ་ཡིན་མོད། ད་ཕྱིན་ཆད་གྲོགས་ཤིག་ལ་སྒྱུར་རྒྱུའི་ཆེད་དུ་འདི་མ་བསད་པར་ཁྱེད་ཀྱི་མདུན་ལ་ཁྲིད་ཡོང་བ་ཡིན་པས་འདི་ལ་སྲོག་གི་སྦྱིན་པ་ཞིག་བྱ་སྙམ་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ་རྒྱལ་པོ་ཆེན་པོ་འདི་ཐོངས་དང་ལེགས་སོ་ཞེས་གསུངས་པ་ཡིན། རྒྱལ་བར་གྱུར་ན་འཁོན་པ་མང་། །ཕམ་པར་གྱུར་ན་སྡུག་བསྔལ་གནས། །རྒྱལ་དང་ཕམ་པ་སྤོང་ན་ནི། །ཉེ་བར་ཞི་སྟེ་བདེ་བར་གནས། །ཞེས་གསུངས། རྒྱལ་ཁ་ཐོབ་ན་མི་དགའ་བའི་དགྲ་ཇེ་མང་ཡིན། ཕམ་ན་ནི་སྡུག་བསྔལ་དེ་བས་ཆེ་བས། རྒྱལ་ཕམ་གཉིས་ཀ་མེད་པ་ཞིག་བྱས་ན་ད་གཟོད་སྡུག་བསྔལ་ཞི་ནས་བདེ་བར་གནས་ཐུབ་ཅེས་གསུངས་པས། རྒྱལ་པོ་མ་སྐྱེས་དགྲ་ཡང་ཕྱིར་བདེ་བར་བཏང་ངོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་སྨྲས་པ་ངའི་རྒྱལ་སྲིད་ཕྱིར་ལག་ཏུ་ཐོབ་པ་འདི་ཚོང་དཔོན་འདིའི་སྐུ་དྲིན་ཡིན་པས་འདི་ལ་ཅི་འདོད་པའི་བྱ་དགའ་ཞིག་སྦྱིན་དགོས་ཅེས་སྨྲས་པས། ཚོང་དཔོན་གྱིས་རེ་བ་གཅིག་པུ་ཞིག་ཡོད་ཚུལ་སྨྲས་པས། གང་ཡིན་ཞེས་དྲིས་པར། ཞག་བདུན་གྱི་བར་དུ་ཁོ་རང་གིས་ཅི་བསམ་བྱ་ཆོག་པའི་གནང་བ་ཞུས་པར། རྒྱལ་པོས་ཀྱང་གནང་བ་ཐོབ། དེ་ནས་ཚོང་དཔོན་གྱིས་སྨྲས་པ་ཁོ་བོས་ཞག་བདུན་གྱི་རིང་ལ་རྒྱལ་པོའི་རྒྱལ་སྲིད་ཀྱི་ཆབ་སྲིད་ཚང་མ་བསྐྱར་གསོ་བྱེད་རྒྱུ་ཡིན་ཞེས་སྨྲས་ཏེ། རྒྱལ་སྲིད་ཀྱི་འབྱོར་བ་སྔར་བས་ཀྱང་རྒྱས་པར་བྱས་ཤིང་ཉིན་བདུན་དེའི་རིང་ལ་སངས་རྒྱས་འཁོར་དང་བཅས་པ་དང་། རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་སྤྱན་དྲངས། དེའི་སྟེང་དུ་ཡུལ་ཀ་ཤི་ཀ་དང་ཀོ་ས་ལའི་ཡུལ་གྱི་མི་རྣམས་དང་བཅས་པ་བསྡུས་ནས་ཞག་བདུན་གྱི་རིང་ལ་ཚོང་དཔོན་ངས་མགྲོན་སྟོན་བྱེད་པ་ཡིན་པས་སྡེ་འབངས་ཐམས་ཅད་ཀྱིས་འཕྲལ་དུ་ལས་ཀ་གཞན་དག་གི་སེམས་ཁྲལ་གཅིག་ཀྱང་བྱ་མི་དགོས། འདིར་འོང་ནས་ཉིན་བདུན་གྱི་རིང་ལ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱོས། ངའི་སྟོན་མོར་ཅི་དགའ་རུ་ལོངས་སྤྱོད་ཅིག དེ་བཞིན་གཤེགས་པ་འཁོར་བཅས་ལ་བསྙེན་བཀུར་བྱོས་ཤིག་ཅེས་དྲིལ་བསྒྲགས་ནས། དེའི་ཞག་མ་བདུན་གྱི་བར་དུ་སངས་རྒྱས་འཁོར་བཅས་ལ་བཀུར་སྟི་ཆེན་པོ་མཛད་ཅིང་མི་འབུམ་ཕྲག་མང་པོ་ལ་ལུས་སེམས་གཉིས་ཀར་བདེ་བ་ཐོབ་ནི་ཞིག་བྱས། ཚོང་དཔོན་རང་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་དུས་བཅོམ་ལྡན་འདས་ཀྱི་ཞལ་འཛུམ་པ་དང་བཅས་ཏེ་ཚོང་དཔོན་འདི་མ་འོངས་པར་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཇིགས་སྦྱིན་ཞེས་པར་འགྱུར་རོ་ཞེས་ཡང་དབུགས་འབྱིན་ལུང་བསྟན་ཐོབ། ཡུལ་ཁྱད་པར་ཅན་དང་འབྲེལ་ན་དེ་འདྲའི་བསོད་ནམས་རླབས་ཆེན་སོག་པ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན་འབྲས་བུ་ཆེན་པོ་དེ་འདྲ་ཐོབ་རྒྱུ་ཡོད་པ་རེད། མགོན་པོ་འོད་དཔག་མེད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བཅོམ་ལྡན་འདས་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་རྙེད་མང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཛད་པ་ཐམས་ཅད་གཅིག་ཏུ་བསྡམ་པ་འདི་ཉིད་། ད་ལྟ་གཟུགས་སྐུ་མངོན་སུམ་དུ་བཞུགས་ཤིང་། དེ་ལ་གསོལ་བ་བཏབ་ན་སྐྱེ་བ་མང་པོའི་སྡིག་སྒྲིབ་དག་པ་ཡིན་པས། ཚེ་འདིར་ཚེ་རིང་བ་ལ་སོགས་པ་འདོད་དོན་ཆུང་ངུ་དག་ཞོར་ལ་འབྱུང་བ་ཡིན། དེས་ན་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། འདི་ཡན་ཆད་ཀྱི་ཚེ་སྲུང་སྲོག་སྐྱོབ་ཀྱི་ཡོན་ཏན་དྲན་ཏེ་རྒྱལ་བ་ཚེ་དཔག་མེད་ལ་ཕྱག་འཚལ་བ་སོང་བའོ། །

གསུམ་པ་མཚན་ཐོས་པའི་ཕན་ཡོན་གྱི་སྒོ་ནས་ཕྱག་འཚལ་བ།

དེ་ལ་གསུམ། སངས་རྒྱས་འོད་དཔག་མེད་ལ་དད་པས་ཐལ་མོ་སྦྱར་ན་བསོད་ནམས་ཆེ་བ། སྙིང་ཁུང་རུས་པའི་གཏིང་ནས་དད་པ་སྐྱེས་ན་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པ། སངས་རྒྱས་འོད་དཔག་མེད་པའི་མཚན་ཙམ་ཐོས་པས་ཚུལ་ཁྲིམས་རྣམ་དག་ཏུ་འགྱུར་བའོ།།

དང་པོ་སངས་རྒྱས་འོད་དཔག་མེད་ལ་དད་པས་ཐལ་མོ་སྦྱར་ན་བསོད་ནམས་ཆེ་བར་བསྟན་པ།

སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །རིན་ཆེན་གྱིས་བཀང་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །ཞེས་གསུངས་ཏེ། སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །ཞེས་པ་ནི། མི་སྣང་གཟུགས་མེད་ཀྱི་ཁམས། ཕྱི་སྣང་གཟུགས་ཀྱི་ཁམས། སྣང་བ་འདོད་པའི་ཁམས་ཏེ་ཁམས་གསུམ་རྟེན་བརྟེན་པ་དང་བཅས་པ་གཅིག་ལ་བརྩིས་པའི་སྟོང་གཅིག་ལ་སྟོང་དང་པོ། དེའི་སྟོང་དེ་གཅིག་ལ་བརྩིས་པའི་སྟོང་གཅིག་ལ་སྟོང་གཉིས་པ། དེ་གཅིག་ལ་བརྩིས་པའི་སྟོང་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཟེར། དེ་རྣམས་སོ་སོར་བགྲང་ན་བྱེ་བ་ཕྲག་བརྒྱ་ཡིན། འདིའི་བྱེ་བ་འདི་ས་ཡ་བྱེ་བ་ཞེས་པའི་ས་ཡ་སྔོན་དུ་རྩི་ལུགས་ཅན་འདི་ཡིན་ཞིང་། དེ་ལྟ་བུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་དེ་སྤྲུལ་སྐུའི་སྟོན་པ་གཅིག་གི་གདུལ་ཞིང་ཡིན། ད་ལྟ་རང་རེ་ཡོད་ས་འདི་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་གདུལ་ཞིང་ཡིན་ལ། འདིའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ལ་མི་མཇེད་འཇིག་རྟེན་གྱི་ཁམས་ཟེར་བ་ཡིན། རྒྱུད་ཉོན་མོངས་དང་སོ་སོར་མི་མཇེད་པས་ན་མི་མཇེད་ཅེས་གསུངས། རབ་འབྱམས་ནི་མང་པོའི་དོན་ཏོ། མཁས་པ་དག་གི་མཚན་ཐོབ་ཀྱི་ནང་དུ་མདོ་རབ་འབྱམས་པ། སྔགས་རབ་འབྱམས་པ། མདོ་སྔགས་རབ་འབྱམས་པ་ཞེས་གང་ལ་མཁས་ན་དེའི་རབ་འབྱམས་པ་ཟེར་སྲོལ་ཡོད། གང་ལ་ཡང་ཐོགས་པ་མེད་ཅིང་འབྱམས་ཀླས་པ་འམ། ཁྱབ་ཆེ་བ་འམ་མང་པོའི་དོན་ཡང་ཡིན། ཤེས་བྱའི་རིགས་སྣ་མང་ལ་མཁས་ན་འབུམ་རམ་པ་ཞེས་པ་ལྟ་བུ། རབ་འབྱམས་ཀྱི་ཚིག་བསྡུས་ཏེ་རམས་རྐྱང་བས་གོ་ཐུབ་རྒྱུ་བྱས་པ་དཔེར་ན་མདོ་རམས་དང་སྔགས་རམས་སོགས་ཟེར་སྲོལ་ཡོད། འདིར་སྟོང་གསུམ་རབ་འབྱམས་གསུངས་པ་ནི། ཞིང་ཁམས་བྱེ་བ་ཕྲག་བརྒྱ་ཡོད་པས་སྟོང་གསུམ་བགྲང་དུ་མི་ཐུབ་པའི་མང་པོ་ཞིག་གི་དོན་ཏོ། རིན་ཆེན་གྱིས་བཀང་སྦྱིན་པ་བྱིན་པ་བས། །ཞེས་པ་ནི། དེ་འདྲའི་ཞིང་ཁམས་མང་པོ་ཞིག་རིན་པོ་ཆེ་སྣ་ཚོགས་པ་དག་གིས་བཀང་སྟེ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀྱི་སེམས་ཅན་ཐམས་ཅད་ལ་སྦྱིན་པ་བྱིན་པའི་དགེ་བ་བས་ཀྱང་། འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས། །ཞེས་པ་ནི། དེ་ལྟར་སྦྱིན་པ་བྱིན་ཏེ་བསོད་ནམས་ཆེན་པོ་ཞིག་བསགས་པ་བས་ཀྱང་སངས་རྒྱས་འོད་དཔག་མེད་པའི་མཚན་དང་ཞིང་ཁམས་བདེ་བ་ཅན་གྱི་མཚན་ཙམ་ཞིག་ཐོས་ཏེ་དད་པའི་དབང་གིས་ཐལ་མོ་ལག་པ་ཡ་གཅིག་གི་སྦྱར་ན། བསོད་ནམས་དེ་ནི་སྔར་སྟོང་གསུམ་རབ་འབྱམས་ལ་རིན་པོ་ཆེས་བཀང་སྟེ་སྦྱིན་པ་བྱིན་པའི་བསོད་ནམས་བས་ཀྱང་འདིའི་བསོད་ནམས་ཆེ་བ་ཡིན་ཞེས་གསུངས་པ་ཡིན། གང་ནས་གསུངས་པ་དང་། འདིའི་རྒྱབ་རྟེན་གྱི་ལུང་གང་ཡིན་ཞེ་ན། འོད་མདོ་ལས། གང་ཞིག་ཕྲ་རབ་རྡུལ་རྙེད་འཇིག་རྟེན་ཁམས། །ལ་སོགས་པ་ཚིགས་བཅད་འགས་བསྟན་པ་ཡིན། དོན་ནི་ཞིང་ཁམས་རབ་འབྱམས་ཀྱི་རྡུལ་རྙེད་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་ཁམས་ཐམས་ཅད་བཤིགས་ཏེ་རྡུལ་ཕྲན་དུ་བྱས་པའི་གྲངས་ཀ་བས་མང་བའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་སྦྱིན་པ་བྱིན་པ་བས་ཀྱང་། གང་ཟག་གང་ཞིག་གིས་འོད་དཔག་ཏུ་མེད་པའི་མཚན་དང་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་ཡོན་ཏན་ཁྱད་འཕགས་ཐམས་ཅད་ཐོས་ནས་དགའ་བའི་དད་པས་ཐལ་མོ་གཅིག་སྦྱར་ན་དེ་བས་བསོད་ནམས་ཆེ་གསུངས་ཡོད། དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །ཞེས་པ་ནི། དེ་ལྟར་མཚན་ཙམ་བརྗོད་པའི་བསོད་ནམས་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་པས་མགོན་པོ་འོད་དཔག་མེད་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་གསུངས་པ་ཡིན། མགོན་པོ་འོད་དཔག་མེད་པའི་མཚན་ཙམ་ཐོས་པ་ལ་ཡང་དེ་འདྲའི་བསོད་ནམས་ཆེན་པོ་འབྱུང་བའི་རྒྱུ་མཚན་གང་ཞེ་ན། ཕྱོགས་གཅིག་ནས་མཚན་དེ་ཉིད་དེ་བཞིན་གཤེགས་པའི་སྨོན་ལམ་དང་ཚུལ་ཁྲིམས་ཏིང་ངེ་འཛིན་མངོན་ཤེས་ཀྱིས་བྱིན་གྱིས་བརླབས་པས་མཐུ་ཁྱད་པར་དུ་གྱུར་བའི་ཕྱིར་དང་། ཕྱོགས་གཞན་ཞིག་ནས་མཚན་ཉན་པ་པོ་དད་པའི་བློ་དང་ལྡན་པའི་སྟེང་ནས་ཉན་ན་ངོ་བོ་ཉིད་ཀྱི་དགེ་བ་དང་ཀུན་སློང་གི་དགེ་བ་མཚུངས་ལྡན་གྱི་དགེ་བ་གསུམ་པོར་ཡང་འགྱུར་ཐུབ་པ། གལ་ཏེ་དེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ཉན་རང་གི་དགེ་བ་ཐམས་ཅད་ཟིལ་གྱིས་གནོན་ཐུབ་པའོ།།

གཉིས་པ་སྙིང་ཁོང་རུས་པའི་གཏིང་ནས་དད་པ་སྐྱེས་ན་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པ་བསྟན་པ།

གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས། །ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་། །ལན་གཅིག་ཙམ་ཞིག་དད་པ་སྐྱེས་པ་ན། །དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། །གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས། །ཞེས་པ་ནི། གང་ཟག་གང་ཞིག་གིས་མགོན་པོ་འོད་དཔག་མེད་པའི་མཚན་རྣ་ལམ་དུ་ཐོས་པའམ་ཡིད་ལ་དྲན་པ་ཙམ་གྱིས་ཁ་མིད་པ་ཡན་ཆད་ཀྱི་སྐད་ཆ་དང་། ལག་གྲུ་མོ་ཡན་ཆད་ཀྱི་འབོད་པ་ཞེས་པ་ལྟར་མ་དད་ན་ཡང་དད་པའི་ཟོལ་ལྟ་བུ་མ་ཡིན་པར། ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་། །ཞེས་པ་ནི། ཁ་ཞེ་མཚུངས་པར་སྙིང་ཁོང་རུས་པའི་གཏིང་ནས་ལན་གཅིག་ཙམ་ཞིག་ལ་དད་པ་སྐྱེས་ན་གང་ཟག་དེ་དུས་དེ་ནས་བཟུང་སྟེ་བྱང་ཆུབ་སྒྲུབ་པའི་ས་བོན་རིམ་འཕེལ་གྱི་ཐོག་ནས་ནམ་ཞིག་བྱང་ཆུབ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པ་ཡིན་པ་རེད། འུ་ཚོ་དལ་འབྱོར་གྱི་མི་ལུས་ཐོབ་པས་འོད་དཔག་མེད་པའི་མཚན་ཐོས། འོད་དཔག་མེད་པའི་སྐུ་བརྙན་བྲིས་འབུར་བླུགས་མ་ཐང་ག་སྐུ་འདྲ་ཚང་མ་མཇལ། ཞིང་མདོ་དང་བདེ་བ་ཅན་གྱི་སྨོན་ལམ་ལ་སོགས་པ་དཔེ་ཆའི་སྟེང་ནས་མཇལ་ཐུབ། ཆོས་ཀྱི་ཚིག་དང་འོད་མཚན་དང་གཟུངས་སྔགས་དེ་དག་རྣ་བས་ཐོས། སེམས་ཀྱིས་དེའི་དོན་དྲན། ལག་པས་བདེ་སྨོན་ཡི་གེ་འབྲི་བ། དད་པས་ཐལ་མོ་སྦྱར་བ། ལུས་ཀྱིས་ཕྱག་འཚལ་ཐུབ་པ། དེ་དག་དལ་འབྱོར་གྱི་མི་ལུས་ཐོབ་པས་ཡིན་གྱི་གལ་ཏེ་དབང་པོ་མ་ཚང་པ་ཞིག་ཡིན་ན་ནི་འདི་དག་མཇལ་བ་དང་ཐོས་པའི་སྐལ་བ་ཐོབ་མི་ཐུབ། ད་དུང་ཀླ་ཀློ་དང་ཀླ་ཀློ་མིན་ཡང་ཀླ་ཀློ་དང་འདྲ་བར་དགེ་ངོ་སྡིག་ངོ་མི་ཤེས་ཤིང་སངས་རྒྱས་ཀྱི་ཡོན་ཏན་དང་དག་པའི་ཞིང་གི་འབྱོར་བ་ཅི་ཙམ་བཤད་ཀྱང་ཡ་མཚན་རྒྱུ་མེད་པར་དགའ་བའི་འཛུམ་མདངས་ཤིག་དང་དད་པའི་ཐལ་མོ་ཞིག་ཀྱང་སྦྱར་མི་ཤེས་པར་ནག་འཐོམ་མེ་གཡག་རྒན་རྩྭ་ཟན་ཞིག་དང་འདྲ་བར་མི་སྐད་རྣ་བས་ཀྱང་ཐོས་ཀྱིན་འདུག་གམ་སྙམ་པ་ལྟ་བུ་དང། ཤིང་མདའ་སྒྲོ་མེད་ནགས་ལ་འཕངས་པ་དང་འདྲ་བར་ཇི་ལྟར་བཤད་ཀྱང་གར་སོང་འདིར་བརྒྱབ་མེད་པ། ས་ཆ་ག་ཤེད་ཅིག་ནས་མི་ག་གེ་མོ་ཞིག་གིས་རྒྱུ་ཆེན་པོ་ཞིག་ལོན་ཡོད་པར་ཐོས་ན་དེ་ལ་འདོད་རྔམས་སྐྱེས་ཏེ་མིག་རིལ་རིལ་དང་མགོ་སྒྲིལ་སྒྲིལ་བྱེད་པ་དང། ཅིག་ཟོས་རབས་གཉིས་བྱེད་རབས་བཤད་དུས། ཁ་ལྕེ་དྲོས་ཏེ་སྐད་མགོ་འབྲུག་གིས་ཀྱང་མི་ནོན་པར་གྱུར། དེ་འདྲའི་རིགས་དེ་ནི་བླུན་པོའི་དབུས་ན་དགའ་ཞིང་བརྩེ། །མཁས་པའི་མདུན་ན་ཞུམ་ཞིང་འཛུར། །ནོག་དང་ལྐོག་ཤལ་མེད་ན་ཡང་། །ཡ་སོ་ཅན་གྱི་བ་ལང་ཡིན། །གསུངས་པ་ལྟར་ཡིན། ཡང་ག་ཤེད་ནས་མི་བསད་རབས། རྟ་བགྲིལ་རབས། མི་ཞིག་ལ་མི་འདོད་པ་ཞིག་ཡོད་ཚུལ་གླེང་ན་དགའ་སྣང་ཤར་མཁན་དེ་དག་ནི། ཕན་དང་མི་ཕན་མི་བྱེད་ཅིང་། །བློ་དང་ཐོས་པ་མི་སྒྲུབ་པར། །ལྟོ་འགྲེང་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །ཞེས་གསུངས་པ་དང་ཉེ་ཡོང་བ་ཡིན། དེ་མིན་རྒྱ་ཆེན་རྒྱང་རིང་མ་ཤེས་ན་ཡང་ཁ་ཞེ་གཉིས་མེད་ཀྱི་དད་པ་རྣམ་དག་གིས་འོད་དཔག་མེད་ཀྱི་མཚན་བརྗོད་པ་དང་སྨོན་ལམ་འདེབས་ཙམ་རེ་བྱས་ན་ཐར་བའི་ལམ་སྣ་རང་ཤུགས་ཀྱིས་ཟིན་ཡོང་བ་རེད། འདི་ནས་མགོན་པོ་འོད་དཔག་མེད་ལ་དད་པ་ལན་གཅིག་སྐྱེས་ན་དེ་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་གསུངས་པ་དང་། གཞན་ནས་མཚན་ལན་གཅིག་བརྗོད་ན་བདེ་བ་ཅན་དུ་སྐྱེ་བར་གསུངས་པ་དེ་དག་བསླུ་བ་མེད་པའི་གསུང་ཡིན། ཐམས་ཅད་ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་ངེས་པ་མིན་ནའང་ནམ་ཞིག་སྐྱེ་ངེས་པ་ལ་དགོངས་ཏེ་གསུངས་པ་ཡིན། དད་པ་ལ་སོགས་སྟོབས་སུ་གྱུར་ན་འགའ་རེ་ཚེ་འཕོས་མ་ཐག་ཏུ་དད་དང་སྨོན་ལམ་སོགས་རྐྱང་བའི་སྟོབས་ཀྱིས་སྐྱེ་ཐུབ་ལ། སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་མཚན་ཙམ་ཐོས་ཤིང་དེའི་ཕྱོགས་ལ་འདུན་པ་ཡང་དག་པ་ཞིག་སྐྱེད་ཐུབ་ན་རྒྱུ་དེ་དག་གི་སྟོབས་ཀྱིས་ཤི་དུས་བདེ་བར་གཤེགས་པའི་སྤྲུལ་པ་མིག་གི་ལམ་དུ་བྱོན་ཞིང། དད་པས་དེ་ལ་དམིགས་པ་གཏད་པས་མི་བརྗེད་པའི་དྲན་པ་ལ་སོགས་པ་དབང་པོ་ལྔ་སྟོབས་སུ་གྱུར་ཏེ་དུས་ཐུང་ངུ་ལ་འཕགས་ལམ་གྱི་རྟོགས་པ་སྐྱེ་ངེས་སུ་འགྱུར་ཆོག་པ་ཡིན། དེ་མིན་སོ་སྐྱེས་ཀྱིས་སྨོན་ལམ་བཏབ་སྟེ་དང་པོ་འཕགས་ས་ཐོབ། ད་གཟོད་མ་གཏོགས་བདེ་བ་ཅན་ལ་མི་སྐྱེ་བ་ཞིག་ཡིན་ན་མདོའི་ནང་དུ་དད་འདུན་གྱི་སྟོབས་རྐྱང་པས་ཐོབ་གསུངས་དོན་མེད། སྔགས་ཀྱིས་བཏབ་པའི་ས་བོན་མྱུར་དུ་སྨིན་པ་དང་འདྲ་བར་དུས་ཐུང་ཞིང་ཚེགས་ཆུང་ངུས་ས་ལམ་གྱི་རྟོགས་པ་ཐོད་རྒལ་ལ་འདྲེན་པ་སྲིད་པ་ཡིན། གསང་སྔགས་ཀྱི་ཐབས་ཟབ་མོ་དང་། རིག་སྔགས་ཀྱི་ཡོན་ཏན་ཟབ་མོ། བདེ་བར་གཤེགས་པའི་རྣམ་སྤྲུལ་ཟབ་མོ་དེ་དག་སོ་སྐྱེ་ཉི་ཚེ་བའི་བློས་གཡག་སྣ་ཁུ་ཚུར་བྱེད་སར་མི་འགྲོ་བ་ཞིག་པ་ཡིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་ཕྱག་མགོ་ཐོག་ཏུ་བཞག་པ་ཙམ་གྱིས། སྤྱིར་ཡིན་ན་བསྐལ་བ་མང་པོར་ཚོགས་བསགས་ཀྱང་འགྲུབ་པར་དཀའ་བའི་ཡོན་ཏན་ཁྱད་པར་ཅན་སྐད་ཅིག་གིས་ཐོབ་ཐུབ་པ་ཡོད། བློ་དང་བསམ་པའི་སྟོབས་ཁྱད་པར་ཅན་གྱིས་དེ་དང་འདྲ་བར་འབྲས་བུ་ཡང་སྐྱེད་ཐུབ་པ་ཡིན། ཆུ་བོ་གང་གཱ་དང་ཡ་མུ་ན་གཉིས་ཀའི་འདུས་མཚམས་ནས་མ་བུ་གཉིས་ཆུས་ཁྱེར་ནས་ཤི་འགྲོ་དུས་དེ་གཉིས་ཀས་རྒྱུ་སྙོམས་འཇུག་གི་སྒྲུབ་པ་སྔོན་དུ་སོང་ཡོད་པ་མ་ཡིན་ཞིང་། སྙོམས་འཇུག་སྒྲུབ་མ་མྱོང་ཡང་དེ་གཉིས་ཀས་གཅིག་སེམས་གཅིག་ལ་བརྩེ་བའི་བསམ་པ་ཤུགས་དྲག་པའི་སྟོབས་ཀྱིས། དགེ་བ་དེའི་མཐུ་ཡིས་དུས་དེ་ཉིད་དུ་བསམ་གཏན་གྲུབ་ནས་གཟུགས་ཁམས་ཀྱི་ལྷར་སྐྱེས་པའི་ལོ་རྒྱུས་ལྟ་བུའོ། །སྤྱིར་ན་སྨོན་ལམ་འགྲུབ་པའི་རྒྱུར་ཚོགས་བསགས་ཡིན་ལ། ཚོགས་བསགས་ཡོད་མེད་ལ་སོགས་པའི་ལས་དང་། དབང་པོ་དང་བསམ་པའི་ཁྱད་པར་གྱིས་ཚེ་འདིའི་རྗེས་སུ་དང་ཚེ་རབས་གཞན་དང་གཞན་ཅི་རིགས་པར་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གདོན་མི་ཟ། གལ་ཏེ་དད་འདུན་དྲག་པོ་དང་ལྡན་ན་གཞན་གང་ལ་རག་མ་ལས་པར་ཚོགས་རླབས་པོ་ཆེ་རྒྱུ་དེ་ཉིད་ཀྱིས་འདུམ་འགྲོ་བ་ཡིན། ངོ་མ་བཤད་ན་བདེ་བ་ཅན་དང་འོད་དཔག་མེད་པའི་མཚན་ཐོས་པ་ཙམ་ཡང་སྐྱེ་བ་སྔོན་མར་ཚོགས་རྒྱ་ཆེན་པོ་བསགས་པ་ཡིན་པར་མདོ་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་པ་ཡིན། དེས་ན་སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ཚེ་དད་པ་སྐྱེས་པ་ནི་སྔོན་ཚོགས་རླབས་ཆེན་ཞིག་བསགས་ཡོད་པའི་རྟགས་ཡིན། ཚོགས་རླབས་ཆེན་བསགས་པས་འོད་དཔག་མེད་པའི་མཚན་ཐོས་པ་ཡིན་གྱི་མ་བསགས་ན་མཚན་མི་ཐོས། ཐོས་ཀྱང་དད་པ་མི་སྐྱེ། དེས་ན་ཚོགས་བསགས་སྔོན་ལ་སོང་བའི་དད་པ་ཅན་དེས་སྨོན་ལམ་རྣམ་པར་དག་པ་ཐོབ་དང་ཤི་མ་ཐག་ཏུ་བདེ་བ་ཅན་དུ་སྐྱེ་བར་ལུང་རིགས་གཉིས་ཀྱིས་གྲུབ་པ་ཡིན། དེས་ན་མཚན་ཙམ་ཐོས་པས་ཐར་བའི་ལམ་སྣ་ཟིན་པའི་དོན་ཆེན་པོ་འགྲུབ་པའི་མགོན་པོ་འོད་དཔག་མེད་ལ་སྙིང་ཁོང་རུས་པའི་གཏིང་ནས་དད་པས་ཕྱག་འཚལ་ལོ་ཞེས་གསུངས་པའོ།།

གསུམ་པ་སངས་རྒྱས་འོད་དཔག་པའི་མཚན་ཙམ་ཐོས་པས་ཚུལ་ཁྲིམས་རྣམ་དག་ཏུ་འགྱུར་བར་བསྟན་པ།

སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུང་སྙིང་པོ་མ་ཐོབ་བར། །བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །ཞེས་པ་ནི། གང་ཟག་གང་ཞིག་གིས་སངས་རྒྱས་འོད་དཔག་མེད་པའི་མཚན་ལན་གཅིག་རྣ་བར་ཐོས་པའི་གང་ཟག་དེ་དུས་དེ་ནས་བཟུང་སྟེ། དེ་ནི་བྱང་ཆུབ་སྙིང་པོ་མ་ཐོབ་པར། །བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཞེས་པ་ནི། མཐར་ཐུག་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་བུད་མེད་ཀྱི་ལུས་སུ་ནམ་ཡང་མི་སྐྱེ་བར་གསུངས་པ་ཡིན། བུད་མེད་ནི་རྟེན་དམན་པ་ཡིན་པས་རྫོགས་པའི་སངས་རྒྱས་སྟོང་སྐྱེས་པའི་རྟེན་ལ་སངས་རྒྱས་ཤིང་རྒྱ་འགྱུར་ཡིན་པ་དང་། སྤྱིར་ན་བུད་མེད་སྐྱེས་པ་ལས་ཉོན་མོངས་མང་ཞིང་སྟོབས་དམན་པ། ཆོས་སྒྲུབ་པའི་རང་དབང་ཆུང་བ། ལུས་ཀྱི་ཁམས་གྲུབ་ལུགས་ཀྱི་སྟེང་ནས་ནད་སྣ་མང་བ་དེ་འདྲ་ཡིན་གསུངས་པ་རེད། ཨོ་རྒྱན་ཆེན་པོས། བཙུན་པ་འདུལ་ཁྲིམས་མེད་པའི་འཆལ་བོ་གཅིག །སྔགས་པ་དམ་ཚིག་མེད་པའི་གླེན་པ་གཉིས། །བུད་མེད་ཀླད་པ་མེད་པའི་དྲག་མོ་གསུམ། །ཞེས་གསུངས་པས་ཁྱད་པར་དུ་བུད་མེད་གཏུམ་མོ་དད་པ་དང་ངོ་ཚ་མེད་པ་ཁ་ཅིག་ཉེས་པ་ཀུན་ཀྱི་རྩ་བ་དང། བསྟན་ལ་གནོད་པའི་དགྲ་བོ་ཡིན་པར་གསུངས་ལ། ཡང་དད་དང་ངོ་ཚ་ཤེས་པ་འགའ་རེ་ནི། མ་སྐྱེ་བ་དམན་ཡང་དགོངས་པ་མཐོ། །ཞེས་སྐྱེས་པ་ཕལ་བ་བརྒྱ་ཡིས་མི་ཐུབ་པ་ཡང་ཡོད་ཅེས་གསུངས་པ་ཡིན། སྔགས་ཀྱི་སྐབས་སུ་ནི། བུད་མེད་ཤེས་རབ་རང་བཞིན་ལ། །བརྙས་དང་ལོག་ལྟ་བགྱིས་པ་བཤགས། །ཞེས་གསུངས་པ་དང་། འདི་ནས་བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཞེས་གསུངས་པ་ནི། བུད་མེད་ཀྱི་ལུས་རྟེན་དང་རིགས་ངན་པར་མི་སྐྱེ་བར་བཟང་པོར་སྐྱེ་བར་གསུངས། རིགས་ལ་སྔོན་རྒྱ་གར་དུ་རྒྱལ་རིགས། རྗེ་རིགས། དམངས་རིགས། བྲམ་ཟེའི་རིགས། གདོལ་བའི་རིགས་དང་ལྔ་རུ་བྱས་ཏེ་རིགས་འཆོལ་མི་ཉན་པ་དང་རིགས་མཐོ་དམན་གྱི་ཁྱད་པར་ཡང་ཆེ། བོད་དུ་ཡིན་ན་དེ་དང་ཕྱོགས་མཚུངས་སུ་རིགས་རྒྱུད་དེད་རྒྱུ་དང་། གནས་སྐབས་ཀྱི་དབང་འབྱོར་ལ་བརྟེན་ནས་ཐོབ་གོ་ས་རེ་བླངས་སོང་དུས་རིགས་མཐོན་པོར་རྩི་རྒྱུ་དང། བོད་མིན་ཡང་འཛམ་གླིང་གི་ཡུལ་གྲུ་མང་པོར་སྔ་རབས་དེ་འདྲ་བྱེད་སྲོལ་མེད་དམ་སྙམ། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པར་རིགས་མི་གཙོ་རུས་མི་གཙོ་གསུངས་པ་རེད་མོད། འོན་ཀྱང་རྔོན་པ་དང་ཤན་པ་ཆང་འཚོང་མ་ལ་སོགས་པ་ནི་ཆོས་ཀྱིས་ཕོང་བའི་རིགས་ངན་པ་ཡིན་པས་དེ་འདྲར་མི་སྐྱེ་ཞིང། ཆོས་ཐོབ་པའི་ལུས་རྟེན་ལ་སྐྱེས་ན་དེ་ནི་རིགས་བཟང་པོར་བརྩི་དགོས། འཇིག་རྟེན་གྱི་རྒྱལ་པོ་དང་བློན་པོ་གནའ་དེང་གི་དཔོན་པོ་དང་རྒྱུ་ཆེན་པོ་དེ་དག་ནི་སྔར་བསགས་ཀྱི་བསོད་ནམས་སམ་འཕེན་བྱེད་དགེ་བས་འཕང་འབྲས་ཡིན་མོད། འོན་ཀྱང་རིགས་བཟང་པོ་ཡིན་པའི་ངེས་པ་མེད། དེ་རྣམས་ཀྱི་ནང་ན་གདོལ་སྤྱོད་མཁན་མང་པ་ཡིན། དེས་ན་ལྷ་བས་ལྷག་པའི་ལུས་དེ་དལ་འབྱོར་ཚང་པའི་ལུས་ཡིན་པས། འོད་དཔག་མེད་པའི་མཚན་ཐོས་པ་ཙམ་གྱིས་ཕྱི་མ་རིགས་བཟང་པོར་སྐྱེས་ཏེ། ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །ཞེས་པ་ནི། རིགས་བཟང་པོ་ཆོས་ལྡན་གྱི་ལུས་ལ་སྐྱེས་པར་མ་ཟད་སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་ཅིང་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར། ཚུལ་ཁྲིམས་རྣམ་པར་དག་པ་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཚུལ་ཁྲིམས་ནི་ཐར་བའི་ལམ། ཡོན་ཏན་གྱི་ཞིང་། སངས་རྒྱས་ཀྱི་རྒྱུ་ཡིན་པ་རེད། སོ་སོར་ཐར་བའི་མདོ་ལས། ཚུལ་ཁྲིམས་ལྡན་པ་མཐོ་རིས་འགྲོ་བའི་རྒྱུ། །ཚུལ་ཁྲིམས་སྲུང་བས་མྱ་ངན་འདའ་ཐོབ་འགྱུར། །ཇི་ལྟར་མིག་མེད་གཟུགས་མཐོང་མི་འགྱུར་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཞེས་དང་། ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཞེས་གསུངས་སོ། །རབ་ཏུ་བྱུང་ནས་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་བསྲུངས་ན་ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་ཆེ་བར་མ་ཟད་དམ་ཆོས་འདུལ་བ་འདི་སྟོན་པ་དང་བསྟན་པ་གཉིས་ཀའི་རང་བཞིན་ཡིན་པས་དུས་མཐར་བསྟན་པ་སྲུང་བའི་ཕན་ཡོན་དེ་ལྟར་ཆེ་བ་ཡིན། སངས་རྒྱས་ཀྱི་བསྟན་པ་གང་ཟག་གི་རྒྱུད་ལ་བཞུགས་ལ། གང་ཟག་གི་རྒྱུད་ཀྱི་བསྟན་པ་མེད་སོང་དུས་ཕྱིའི་ས་རྡོར་བསྟན་པའི་མིང་མེད། གལ་ཏེ་རབ་ཏུ་བྱུང་མི་ནུས་པའི་ཁྱིམ་པ་ཕོ་མོ་ཡིན་ནའང་ཚུལ་ཁྲིམས་སྲུང་རྒྱུ་ཡོད་པ་ཡིན། དགེ་བསྙེན་གྱི་བསླབ་ཁྲིམས་ལྔ་པོའི་ནང་གི་ཅི་རིགས་པའི་གཏན་ཁྲིམས་ཤིག་བསྲུངས་ན། ཡང་ན་སྟོན་པའི་དུས་ཆེན་བཞི་སྟེ་ཉ་སྟོང་ཚེས་བརྒྱད་ལ་སོགས་པར་བསྙེན་གནས་ཡན་ལག་བརྒྱད་པ་ཉིན་ཞག་གི་མཐའ་ཅན་སྲུང་བ་དེ་ཕན་ཡོན་དང་དགོས་འབྲེལ་ཆེན་པོ་ཅན་ཞིག་ཡིན། དེས་ན་འོད་དཔག་མེད་པའི་མཚན་བཟུང་བས་ཚེ་རབས་ཀུན་ཏུ་སྐྱེས་པའི་ལུས་རྟེན་གྱིས་རབ་བྱུང་གི་རྟེན་ཁྱད་པར་ཅན་ཐོབ་ཅིང་ཚངས་སྤྱོད་ཀྱི་སྡོམ་པ་དེ་ཉིད་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་ལྟ་བུ་ཐོབ་པར་འགྱུར་རོ། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། དེ་ལྟ་བུའི་མཚན་ཙམ་ཐོས་པས་ཀྱང་རིགས་བཟང་པོར་སྐྱེ་ཞིང་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་བའི་བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ་ཞེས་གསུངས་ཏེ། ཚུལ་ཁྲིམས་རྣམ་པར་དག་པའི་ཆེད་དུ་སངས་རྒྱས་འོད་དཔག་མེད་ལ་གསོལ་བ་བཏབ་ན་ཇི་བཞིན་དུ་འགྲུབ་པ་རེད། བཟང་སྤྱོད་ལས། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡང་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་དང་། བདེ་སྨོན་དང་འབྲེལ་ཏེ་ཚུལ་ཁྲིམས་རྣམ་དག་གི་གཟུངས། ཨོཾ་ཨཱ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར་མ་ཧཱ་ཤུདྡྷ་སཏྭ་པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། འདི་ཚོ་རྒྱུན་གྱིས་བཏོན་ན་ཚུལ་ཁྲིམས་དག་པར་འགྱུར་བ་རེད། རབ་ཏུ་བྱུང་མི་ཐུབ་པ་འདི་ནི། གཅིག་གང་ཟག་རང་གི་མོས་པ་དང་། གཉིས་བརྟུལ་ཞུགས་བརྟན་མི་བརྟན་ལ་ཐུག་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱལ་སྲིད་ཀྱང་སྤངས་ནས་རབ་ཏུ་བྱུང་བ་རེད། སྤྱིར་ཕལ་བའི་དབང་དུ་བྱས་ན་ཧ་ཅང་འབྱོར་ཆེས་པ་དང་ཧ་ཅང་དབུལ་ཆེས་པ་གཉིས་ཀ་བར་ཆད་ཡིན་པ་རེད། སྔོན་ཞིག་ལ་རྒྱལ་པོ་ཆོས་མེད་པ་ཞིག་ལ་བུ་ཆོས་ལ་དགའ་བ་ཞིག་སྐྱེས། བུ་དེས་ཕ་ཡིས་ཆོས་མིན་གྱིས་རྒྱལ་སྲིད་སྐྱོང་གིན་ཡོད་པར་མཐོང་སྟེ། བུ་དེས་བསམ་པར་ཕ་ཤི་རྗེས་ངས་ཀྱང་འདི་ལྟར་ཆོས་མིན་གྱིས་རྒྱལ་སྲིད་སྐྱོང་དགོས་འདུག་ན་དེ་བས་རབ་ཏུ་བྱུང་ན་དགའ་སྙམ་སྟེ། ཡབ་ལ་རབ་ཏུ་བྱུང་བར་གནང་བ་ཞུས་པས་གནང་བ་མ་བྱིན་ནོ། ཉིན་གཅིག་མི་དབུལ་པོ་དབྱུག་པ་ཞིག་དང་ཕོར་པ་ཞིག་ལས་ཅི་ཡང་མེད་པ་ཞིག་སློང་མོར་འགྲོ་གིན་ཡོད་པ་མཐོང་སྟེ། རྒྱལ་པོའི་བུས་སྨྲས་པ། ང་ནི་ཕྱུག་པོའི་ཁྱིམ་དུ་སྐྱེས་པས་རབ་ཏུ་བྱུང་བའི་ཆ་རྐྱེན་མ་ལྡན་ལ། ཁྱོད་ཀྱིས་རབ་ཏུ་མི་བྱུང་བ་ཅི་ཡིན་ཞེས་དྲིས་པར། སྤྲང་པོས་ཁོ་བོར་ཆོས་གོས་དང་ལྷུང་བཟེད་ལ་སོགས་པའི་རབ་བྱུང་གི་འཚོ་བའི་ཡོ་བྱད་ཐམས་ཅད་མི་འཛོམས་པས་རབ་ཏུ་བྱུང་བའི་ཆ་རྐྱེན་མ་ལྡན་ཞེས་སྨྲས་ཚེ། དེ་ནས་རྒྱལ་པོའི་བུས་སྤྲང་པོ་ལ་སྨྲས་པ། ཡོ་བྱད་ཐམས་ཅད་ངེད་ཀྱིས་ཁྱོད་ལ་སྦྱིན་ཆོག་པས། ཁྱོད་རང་དྲང་སྲོང་ཞིག་གི་མདུན་དུ་རབ་ཏུ་བྱུང་ཤིག་ཅེས་སྨྲས་ནས། དྲང་སྲོང་ཞིག་གི་མདུན་དུ་རབ་ཏུ་བྱུང་བར་བཅུག་པ་ཡིན། རྒྱལ་པོའི་བུས་སྨྲས་པ། ཁྱོད་རབ་ཏུ་བྱུང་ནས་ཡོན་ཏན་ཐོབ་དུས་བདག་ལ་སྨོས་ཤོག་ཅེས་སྨྲས་སོ། །སྤྲང་པོ་རབ་ཏུ་བྱུང་ཞིང་དབེན་པའི་གནས་སུ་སོང་སྟེ་བསྒོམས་ནས་རང་རྒྱལ་དགྲ་བཅོམ་ཐོབ་སོང་བ་ཡིན། དེ་མ་ཐག་ཏུ་བྱ་ངང་བའི་རྒྱལ་པོ་ནམ་མཁའ་ནས་འཕུར་བ་ལྟར་འཕུར་ནས་རྒྱལ་པོའི་ཐད་དུ་ཐོན་ཏེ་རྫུ་འཕྲུལ་སྣ་ཚོགས་པ་བསྟན་ནོ། །དེའི་དུས་སུ་རྒྱལ་པོས་དགྲ་བཅོམ་པ་དེའི་ཞབས་ལ་མགོ་བོ་གཏུགས་ཏེ་རྗེས་སུ་ཡི་རང་བྱས། མཆོད་པ་ཕུལ། རྒྱལ་པོས་བསམས་ཏེ་འདི་སྔོན་རབ་ཏུ་བྱུང་བའི་མཐུན་རྐྱེན་མི་ཐོབ་པ་ནི་དབུལ་བས་ཡིན། བདག་རབ་ཏུ་བྱུང་བའི་མཐུན་རྐྱེན་མི་ཐོབ་པ་ནི་ཕྱུག་ཆེ་བས་ཡིན། དེས་ན་ངས་འདི་རབ་ཏུ་བྱུང་བར་བཅུག་པའི་དགེ་བའི་རྩ་བ་འདིས། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་ཞིང་། །བར་མའི་ཁྱིམ་དུ་སྐྱེས་ནས་ཀྱང་། །རྟག་ཏུ་རབ་བྱུང་ཐོབ་པར་ཤོག །ཅེས་སྨོན་ལམ་བཏབ་བོ། །དེ་དུས་སུ་སྨོན་ལམ་འདེབས་མཁན་གྱི་རྒྱལ་པོའི་བུ་དེ་ཕྱིས་སུ་འཕགས་པ་ཤཱ་རིའི་བུ་ཡིན། སྐྱེ་བ་སྔོན་མ་སྨོན་ལམ་བཏབ་པ་དེ་ལྟར་གྲུབ་སོང་བ་ཡིན། ཁྱིམ་པ་ཕོ་མོ་ཡིན་ཡང་སྐྱེ་བ་ཕྱི་མར་རབ་བྱུང་གི་ལུས་རྟེན་ཐོབ་པར་སྨོན་ལམ་ཐོབ་དང་འགྲུབ་ཐུབ་པ་ཡིན། སྨོན་ལམ་འགྲུབ་པ་ལ་འགྲུབ་བྱེད་ཀྱི་རྒྱུ་དགོས་ཤིང་། རྒྱུ་ཚོགས་གསོག་པ་ཡིན། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་ཐོབ། མཆོད་པ་ཕུལ། ཡན་ལག་བདུན་དང་འབྲེལ་བའི་བསགས་སྦྱང་བྱོས་དང་དེས་ཚོགས་བསགས་སྒྲིབ་སྦྱང་གི་གོ་ཆོད་པ་ཡིན། ཁྱིམ་པ་ཕོ་མོ་རྒས་པ་ཚོས་ཀྱང་རང་ཉིད་རྒན་ཞུགས་བྱས་ཏེ་གྲྭ་ཆས་གྱོན་ནས་རབ་བྱུང་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད། དེར་མ་ཟད་ཆོས་མཐར་ཕྱིན་ཏེ་སངས་རྒྱས་ཀྱི་གནང་བའི་ན་བཟའ་ཆོས་གོས་ཀྱི་ཞབས་ནས་ཤི་ཐུབ་པ་ཡིན། བཅོམ་ལྡན་འདས་ཀྱིས། རྒས་ཁར་ཚུལ་ཁྲིམས་ལྡན་པ་བདེ། །ཞེས་གསུངས་སོ། །དེ་བཞིན་དུ་བུ་རྒྱུད་དག་གིས་ཀྱང་སོ་སོའི་མོས་པ་དང་བསྟུན་ཏེ་རབ་བྱུང་བསྒྲུབས་ན་རང་གི་མི་ཚེའི་སྡུག་བསྔལ་ཆུང་རུ་འགྲོ་བར་མ་ཟད་ཕྱི་མ་བདེ་ནས་བདེ་བར་འགྲོ་བ་ཡིན། མདོ་ལས། ཁྱིམ་པ་རྣམས་ནི་མེའི་འོབས་ན་གནས་པ་ལྟ་བུ་ཞིག་ཡིན་ལ་རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའོ་ཞེས་གསུངས་པས་བསིལ་ཁང་ནས་མི་འདུག་པར་མེའི་འོབས་སུ་ལྕེབ་ན་མེས་ཚིག་སྟེ་བསྲེགས་པའི་སྡུག་བསྔལ་མྱོང་ངེས་པ་ཡིན། འདི་དང་འབྲེལ་བའི་གཏམ་རྒྱུད་ཅིག་བཤད་ན། འདི་ཡང་རྒྱ་གར་གྱི་བྱུང་བ་ཞིག་ཡིན། སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་དུ་འཁྲུངས་ཤིང་སངས་རྒྱས། ཆོས་ཀྱི་འཁོར་ལོ་རྒྱ་གར་རྡོ་རྗེ་གདན་ལ་སོགས་པར་བསྐོར་བས། རང་རེས་གཏམ་རྒྱུད་ཅིག་བཤད་ན་ཡང་དེ་དང་འབྲེལ་བ་ནི། ངག་འཁྱལ་གྱི་ཉེས་པ་མི་འབྱུང་བའི་སྟེང་དུ་སྟོན་པའི་སྐྱེས་རབས་སྒྲོགས་པའི་བསོད་ནམས་ཀྱང་ཐོབ་པ་ཡིན། སྔོན་རྒྱ་གར་གྱི་ཡུལ་ཞིག་ན་བྲམ་ཟེ་རྒན་པོ་ཞིག་ལ་ཆུང་མ་ངན་པ་འདྲེ་མོ་ལྟ་བུ་ཞིག་ཡོད་དོ། །བྲམ་ཟེ་བཟའ་མི་གཉིས་ལ་བུ་གཅིག་ཀྱང་མེད་ཅིང་བུ་མོ་བདུན་ཡོད། བུ་མོ་རྣམས་ཀྱིས་ཁྱིམ་རེ་རེ་བཟུང་ནས་མག་པ་རྣམས་དང་ཐམས་ཅད་ཚུར་ཁྱིམ་ལ་རེ་ཡོང་དུས། བྲམ་ཟེའི་ཆུང་མ་གདུག་རྩུབ་ཅན་ཞིག་ཡིན་པས་དེ་དག་ལ་ཁྲོ་མི་དགོས་ས་དང་འཛིང་མི་དགོས་ས་ཞིག་མེད་དོ། །དེ་རྣམས་ཀྱིས་ཀྱང་སྐབས་ཤིག་ནས་ཕ་མ་གཉིས་ཀ་གླེང་ཡོང་དུས་དགྲ་མཐོང་བ་ལྟར་བྱེད། །བྲམ་ཟེའི་ཆུང་མ་ཡང་བྲམ་ཟེ་རྒན་པོ་ལ་ཤིན་ཏུ་མི་བཟང་བར་གྱུར་ཏེ་བྲམ་ཟེ་རྒན་པོ་དུས་རྒྱུན་དེ་འདྲ་མནར་རོ། །ནང་ཆུ་ཁྲག་དང་ནུབ་ཆུ་རྣག་བྱས་ཏེ་སྡུག་གི་ཉི་མ་སྐྱེལ་བས། སྐབས་ཤིག་ལ་ཞིང་གི་ལོ་ཏོག་བརྔ་རན་པའི་དུས་ཚིགས་ལ་ཐོན་དུས་སྤྲང་པོ་ཡིན་པས་ལོ་བཀལ་ས་མེད་པས། རྒན་པོས་ཁྱིམ་མཚེས་ཀྱི་རྩར་སོང་ནས་གླང་རྒན་ཞིག་གཡར་ཏེ་ཞིང་ནང་དུ་སོང་ནས་ལོ་ལེན་ཁུལ་བྱས་ཚེ། རྒན་པོས་གླང་རྒན་བོར་སོང་བ་ཡིན། བྲམ་ཟེ་རྒན་པོ་དཀའ་སྟེ་ཐང་ཆད་པའི་ཁར་གླང་རྒན་ཡང་བོར་ཤོར་སོང་བས། བསམ་བློ་གང་ལྟར་བཏང་ཀྱང་ཡི་མུག་སྟེ་འདི་ལྟར་རང་གིས་རང་ལ་ཁེར་ལབ་བྱས་པ། ང་འདི་ཅི་འདྲའི་ལས་ངན་ཞིག་རེད། ཁྱིམ་དུ་སོང་ཚེ་ཆུང་མ་འདྲེ་མོ་འདྲ་བ་དེས་མནར། བུ་མོ་མག་པ་ཐམས་ཅད་ཀྱིས་དེ་བཞིན་དུ་མནར། དེ་རིང་ཡང་གླང་རྒན་ཞིག་གཡར་བ་དེ་བོར་ཤོར་སོང་བས་ད་ཅི་དགའ་བསམ་ནས། སྤྱིར་མདོག་སྡུག་ཀྱང་ལྷག་ཏུ་ཉིན་དེར་སྡུག་པས་ཡིད་ཆད་དེ་བསྡད་པར། རྒན་པོའི་མིག་གི་ཐད་ཀར་མིག་རྒྱང་གང་གི་ས་མཚམས་ན་ལྗོན་ཤིང་མྱ་ངན་མེད་པ་ཞིག་གི་དྲུང་ན་སངས་རྒྱས་བཅོམ་ལྡན་འདས་རབ་བྱུང་ཞི་བའི་ཆ་ལུགས་ཅན་ཞི་ཞིང་དུལ་བར་བཞུགས་ཡོད་པར་མཇལ། བྲམ་ཟེ་རྒན་པོས་དེ་མཇལ་མ་ཐག་ཏུ་དེའི་ཐད་ཀར་བརྒྱུགས་ཏེ་དབྱུག་པ་དེ་མ་ནེའི་འོག་ཏུ་ལག་པ་གཉིས་ཀས་དབྱུག་སྣེ་བཟུང་ཞིང་ས་ལ་རྟེན་ཏེ་གྱེན་དུ་འགྲེང་བཞིན་སེམས་ལ་འདི་འདྲ་ཞིག་འཁོར། དགེ་སྦྱོང་འདི་ཅི་འདྲའི་བདེ་ཨང་། ཆུང་མ་ངན་པ་མནར་ནི་མི་འདུག །བུ་མོ་མག་པ་རྡུང་ནི་མི་འདུག ཞིང་བརྔ་དུས་གླང་བུ་གཡར་མི་དགོས་པས། གླང་རྒན་བོར་བའི་སྡུག་བསྔལ་མི་འདུག མྱ་ངན་དང་སྡུག་བསྔལ་གང་ཡང་མེད་པའི་ཅི་འདྲའི་མི་སྐྱིད་པོ་ཞིག་འདུག་ཨང་བསམ་ཚེ། བཅོམ་ལྡན་འདས་ཀྱིས་དེ་མཁྱེན་ནས་བྲམ་ཟེ་རྒན་པོའི་ཐད་དུ་བྱོན་ཏེ། ངེད་ལ་སྐྱོན་གང་ཡང་མེད། ཆུང་མ་ངན་པ་མེད། བུ་མོ་བདུན་གྱིས་འཚེ་བ་མེད། མག་པ་བདུན་གྱིས་གནོད་པ་མེད། ཞིང་བརྔ་རྒྱུ་མེད། གླང་བོར་རྒྱུ་མེད། བོར་བའི་མྱ་ངན་མེད། བྲམ་ཟེ་ཁྱེད་ཀྱང་རང་རབ་ཏུ་བྱུང་ན་མི་དགའ་འམ་ཞེས་གསུངས་པས། བྲམ་ཟེ་ཡིས་སྨྲས་པ། བདག་ལ་ཁྱིམ་ཟེར་ན་དུར་ཁྲོད་ལས་ཀྱང་བཙོག་ཅིག་ཡོད། ཆུང་མ་ཟེར་ན་དགྲ་ཞིག་གི་སྣང་བ་ཡོད། བདག་ལ་བློས་གཏོང་མི་བྲ་རྒྱུ་དང་ཤུལ་ཏུ་སྐྱུར་མི་ཐུབ་རྒྱུ་ཅི་ཡང་མེད། གལ་ཏེ་ཁྱེད་ཀྱིས་རྗེས་སུ་བཟུང་ཞིང་རབ་ཏུ་བྱུང་བ་ཞིག་མཛད་ན། ཁོ་བོས་ཅིའི་ཕྱིར་ན་རབ་ཏུ་མི་བྱུང་ཞུས་པས། བཅོམ་ལྡན་འདས་ཀྱིས་ཀྱང་བྲམ་ཟེ་རྒན་པོ་རབ་ཏུ་བྱུང་ནས་མཐར་ཚེ་དེའི་སྟེང་དུ་དགྲ་བཅོམ་ཐོབ་སོང་བ་ཡིན་ལ། དེས་ན་དམ་ཆོས་འདུལ་བའི་བསྟན་པ་མ་ནུབ་པའི་དུས་འདིར་རབ་ཏུ་བྱུང་ནས་བསླབ་པ་སྣ་རེ་སྲུང་ཞིང་འདུལ་བའི་བསྟན་པར་བག་ཆགས་རེ་འཇོག་ཐུབ་ན་སྐལ་བ་བཟང་བ་ཡིན། ཕྱག་འཚལ་བའི་ཡན་ལག་འདི་དང་སྦྲགས་ནས། བཅོན་ལྡན་འདས་དེ་བཞིན་གཤེགས་པ་དགྲ་མཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་དུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་པའི་བར་གྱི་ངག་འདོན་དང་། བདེ་གཤེགས་སྨན་ལྷ་མཆེད་བརྒྱད། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་ཆེན་བརྒྱད། འདས་དང་ད་ལྟ་སླད་ནས་འབྱོན་འགྱུར་གྱི་རྒྱལ་བ་སྲས་བཅས་ལ་ཕྱག་འཚལ་བའི་ངག་འདོན་དེ་ཚོ་རྩེ་གཅིག་དད་པས་སམ་མོས་གུས་ཀྱིས་ཐོན་དང་བྱིན་རླབས་ཞུགས་ཏེ་ཚེ་འདིར་བགེགས་དང་བར་ཆད་སེལ། ནད་དང་གནོད་པ་ཞི། ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བ་ནི་གོང་ནས་སྨོས་པ་བཞིན་ནོ། །ཞིང་ཁྲིད་འདིའི་ནང་དུ་ཞུགས་ཚད་ཚང་མས་འོད་མཚན་བྱེ་བ་རེ་ངེས་པར་དུ་འདོན་ཐུབ་དགོས་ཞེས་ན་ནིང་བཤད་མྱོང་། ལོ་རེ་བཞིན་དགོས་ཟེར་བ་མིན་མོད། འོན་ཀྱང་བྱེ་བ་འགའ་རེ་སོག་སོང་ན་རྟ་མཐོ་ཐོག་ཏུ་སྒ་ཡིན་པས་ཅི་འདྲའི་བསོད་ནམས་མི་ཆེའམ། ད་དུང་དད་གུས་དྲག་པོས་དང་སེམས་མ་གཡེངས་པའི་སྒོ་ནས་སྤུས་དག་པར་བཏོན་ན་བྱེ་བ་གཅིག་དེ་བྱེ་བ་བརྒྱ་དང་འདྲ་བའི་ཕན་ཡོན་ཆེ་བ་ཡིན། འདི་ནས་བྱེ་བ་ཞེས་པ་ནི་བྱེ་ཆེན་བྱེ་ཆུང་གི་ནང་ནས་བྱེ་ཆུང་ཡིན་ལ། ཁྱིམ་པ་ཕོ་མོ་ཚོས་བདེ་སྨོན་དང་སྦྲགས་ནས་ཕྱག་འཚལ་ན་ཡག་པོ་ཡིན་ཞིང་། འོད་མཚན་དང་སྦྲག་ཀྱང་འགལ་བ་ཅི་ཡོད། ཕྱག་འཚལ་བའི་ཕན་ཡོན་གྱི་ནང་དུ་དད་དང་མོས་གུས་ཀྱིས་ཕྱག་རྣམ་དག་ཅིག་འཚལ་ན་རང་གི་ལུས་ཀྱི་འོག་གི་དབང་ཆེན་གསེར་གྱི་ས་གཞིའི་རྡུལ་གྲངས་དང་མཉམ་པའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཐོབ་ཅེས་གསུངས་པ་ཡིན། མི་སྐྱ་ཕོ་མོ་གྲོང་ན་ཡོད་པ་ཚོས་རང་རང་གི་མཆོད་ཁང་ནང་གི་རྟེན་གསུམ་གྱི་མདུན་དུ་ཕྱག་འཚོལ། ཁང་པ་ཡོད་ནི་ཚོས་མཆོད་ཁང་རེ་བྱོས། མཆོད་པ་གཙང་མ་ཞིག་ཤོམས། ཉལ་ཁང་དང་མཆོད་ཁང་ཇ་ཁང་སོགས་ཁང་པའི་ཆ་རྐྱེན་གྱི་འདང་ཚེ་སོ་སོར་བྱས་ན་ལེགས་པ་ཡིན། འབྲོག་པར་བཟུང་སྟེ་རུ་བསྐྱལ་བཀལ་འགེལ་བྱེད་དགོས་པ་དག་གིས་ཁྱིམ་དུ་མི་བདེ་ན། ཐང་ཐོག་ཏུ་ཁ་ནུབ་ཕྱོགས་སུ་འཁོར་ཏེ་གཞན་དམིགས་པ་མང་པོ་ཞིག་མ་ཤེས་ཀྱང་མགོན་པོ་འོད་དཔག་མེད་པས་མཁྱེན། ཁྱེད་ལ་ཕྱག་འཚལ་བ་ཡིན་པས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་དག་སྟེ་ནུབ་ཕྱོགས་བདེ་བ་ཅན་ལ་སྐྱེ་བར་ཤོག་ཅིག་བསམས་ནས་དད་པ་དང་མོས་གུས་བྱས་ན་འགྲིག་ཡོད། རང་རང་གི་ཚོད་དང་བསྟུན་པའི་སྦྱོར་དངོས་རྗེས་གསུམ་ཚང་བར་བྱས། མཇུག་ཏུ་འགྱུར་སྔགས་རེ་བཟླས་ན་དགེ་སྦྱོར་ལེགས་པོ་ཞིག་གི་གྲལ་དུ་འགྲོ་ཐུབ་པ་རེད། འབྲོག་བཟུང་སྟེ་རུ་ནང་དུ་ཡོད་མཁན་ཚོས་མཆོད་བཤམ་སྟབས་བདེ་རེ་ཡོད་པར་གྱིས་དང་ལེགས་པ་དང་། སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་རེ་ཤོམས། མི་འདྲ་མིན་གྱི་པར་མ་གཤོམ་དང་ལེགས། འདི་ཡན་ཆད་ཚོགས་བསགས་པའི་སྒོ་ཐམས་ཅད་ཡན་ལག་བདུན་གྱི་ནང་དུ་བསྡུས་པའི་ནང་གི་ཕྱག་འཚལ་བའི་ཡན་ལག་ནང་གསེས་གྱི་དབྱེ་བ་དང་བཅས་པ་སོང་བ་ཡིན། གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ཡིན། བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས་ཞེས་པ་ནས་སང་ཉིན་བཤད་རྒྱུ་བྱེད། རང་རེས་ཁ་རྩང་དང་དེ་རིང་གི་ཆོས་ཁྲིད་ཐུན་གཉིས་བཤད་པ་ཡིན། བདེ་སྨོན་གྱི་ཚིག་དོན་གཉིས་ཀ་སྦྲེལ་ནས་བཤད་པ་ཡིན་པས། གཙོ་ཆེ་བ་ནི་འདིའི་གོ་དོན་སོ་སོའི་ནམ་རྒྱུན་གྱི་དགེ་སྦྱོར་ཚོགས་བསགས་ཀྱི་སྐབས་དང། དེ་བཞིན་འགྲོ་འདུག་སྤྱོད་ལམ་གྱི་སྐབས། སྐྱིད་སྡུག་གི་འགྱུར་བ་ཡོང་བའི་སྐབས། ཆགས་སྡང་ཉོན་མོངས་ཀྱི་ཕྱོགས་སུ་ཤོར་ལ་ཉེ་བའི་སྐབས་སུ་ཚང་མ་ལ་བེད་ཆོད་པ་ཞིག་དང་། གནད་གཅིག་གིས་ཁོག་བརྒྱ་ཐམས་ཅད་ཁྲོལ་ཐུབ་པ། ཚིག་གོ་ཞིང་དོན་ཤེས། དེའི་དོན་ཡིད་ལ་བཟུང་སྟེ། ལག་ལེན་ལ་བསྟར་ཐུབ་པ་ཞིག་བྱ་བ་ནི། ཐམས་ཅད་ཀྱི་ཆོས་ཞུས་པའི་དོན་སྒོའམ་ཡོང་སྒོ་དེ་ཡིན། དོན་ཞིག་ཨེ་འགྲུབ་སྙམ་ནས་ལས་ཤིག་བྱས་ཀྱང་། དོན་དེ་མ་འགྲུབ་པ་ལ་སྟོང་ལོག་ཟེར་བ་རེད། ཆོས་སྒྲ་རྣ་བས་གོ་ན་ཕན་ཡོན་ཡོད་ལ། བྱ་དང་རི་དྭགས་ཁྱི་སོགས་ཀྱིས་ཐོས་ནའང་ཕན་ཡོན་ཡོད། མི་ནི་དུད་འགྲོ་ལས་བཟང་བའི་མཐོ་རིམ་གྱི་སྲོག་ཆགས་ཡིན་ཞེས་ཚན་རིག་པ་རྣམས་ཀྱིས་གླེང་གིན་ཡོད་ཅིང་། དེས་ན་དེ་སྔོན་མི་ཚེ་ཕྱེད་ཀྱི་རིང་ལ་རྣམ་གཡེང་ཆགས་སྡང་རྨོངས་གསུམ་གྱིས་མི་ཚེ་དོན་མེད་དུ་ཟད་པས། རང་ཉིད་བདེ་ཐབས་དང་། ཡང་ན་ནང་སེམས་ཁམས་ཀྱི་སྨན་ཞིག་གམ་རང་གཞན་གཉིས་དོན་གྱི་དམ་པའི་ལྷ་ཆོས་ཤིག་མ་འགྲུབ་པར་། གོང་གི་བྲམ་ཟེ་རྒན་པོའི་བཟའ་ངན་གྱི་ལོ་རྒྱུས་བཤད་པ་དང་གཅིག་མཚུངས་རེད་སྙམ་པ་ལྟ་བུ་དང་། སྐྱིད་སྡུག་གོ་མ་ནོར་བའི་ངེས་ཤེས་ཐག་ཆོད་པ་ཞིག་ད་ནང་ཁྱིམ་ནས་ཡོང་དུས་ནས་ཡོད་ན་ནི་ལྟ་ཅི་སྨྲོས་དང། ད་ལྟ་ཆོས་རའི་སྒོ་ལ་བུད་དུས་སྔོན་དང་མི་འདྲ་བའི་བསམ་པའི་བློ་སྒོ་གསར་པ་ཞིག་འབྱེད་ཐུབ་ཡོད་དགོས། ཆོས་བཤད་ཅེས་པ་ནི་རང་གཞན་གཉིས་ཀའི་འདི་ཕྱིའི་དོན་ཆེན་ཇི་ལྟར་བསྒྲུབ་པའི་ཕྱོགས་ལ་གྲོས་འགོ་ཞིག་འདོན་པ་ཡིན། ཆོས་ཞུ་ཞེས་པ་ནི། སྔར་མེད་ཀྱི་ཕན་པའི་བསླབ་བྱ་ཞིག་ལེན་པ་སྟེ། དཔེར་ན། སྡུག་གི་ཡིད་ཐང་ཆད་དེ་གནས་ཡོད་སྐབས། ངལ་ཞིག་གསོ་ས་དང་། བློ་འདྲི་ས་དང་། སེམས་གཏད་ས། ད་ཕན་ཆད་ཀྱི་འདི་ཕྱིའི་འགྲོ་ལམ་རིང་མོའི་ལམ་རྒྱུས་ཤིག་ལེན་པའམ། ཚེ་འདི་ཕྱི་གཉིས་ཀའི་བྲོ་ཞིག་མཛད་རྒྱུའི་བློ་ཞིག་ཨེ་རྙེད་ལྟ་སར་ཡོང་བ་ཡིན་པས། ཆོས་རའི་ནང་དུ་བསྡད་ཅིང་ཆོས་ཞུས་པའི་དོན་གོ་ཆོད་པ་ཞིག་རང་གིས་འབད་པས་བྱེད་དགོས། ཆུ་ལེན་དུ་སོང་ན་ཟོམ་སྟོངས་ཁྱིམ་ལ་ཁུར་ནས་འགྲོ་མི་དགོས་ཞིག་བྱེད་དགོས་པ་ལྟར། ཆོས་པ་ཞེས་པ་ནི་ཕན་སེམས་དང་ཀུན་སྤྱོད་སོགས་གང་ཐད་ནས་མི་ཕལ་བ་ལས་འདས་པའི་ཡ་རབས་ཀྱི་མིག་ལྟོས་བྱ་ས་ཞིག་དགོས་པ་ཡིན། འུ་ཚོ་ཐེག་པ་ཆེན་པོའི་ཆོས་སྒོ་ལ་ཞུགས་ཤིང་གཞན་ཕན་བྱང་ཆུབ་སེམས་ཀྱི་ཀུན་སློང་ཞིག་འཛིན་ཁུལ་བྱས་པས། དོན་གཉེར་གྱི་འདུན་པ་གཏད་ཡུལ་གཙོ་བོ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དེ་ཡིན། དེ་མ་ཐོབ་ཀྱི་བར་དུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སྤངས་རྟོགས་མཐར་ཕྱིན་པ་ཞིག་འགྱུར་མི་ཐུབ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་ལམ་གྱི་སྦྱོང་བ་མཐར་ཕྱིན་དགོས། འུ་ཅག་དུས་སྙིགས་མའི་སེམས་ཅན་ནི་བློ་ཆུང་བ་སྟེ། དེ་རིང་གཅིག་གིས་ཡག་ལ་ལ་ཞིག་བཤད་དེ་ཤི་སར་ཁྲིད་སོང་ཡང་དེའི་རྗེས་སུ་འགྲོ་མཁན། ཡང་སང་ཉིན་གཅིག་གིས་དེ་མ་རེད་འདི་རེད། འདིར་ཉོན་དང་ཁེ་ཁ་ཆེན་པོ་འདིར་ཡོད་ཅེས་འུར་སྒྲོག་བྱས་ཚེ་ཡང་དེར་ཡིད་ཆེས་པ། ཐེངས་རེར་རང་བཤའ། རྔ་རྡུང་། དུད་འཐེན། ཆང་འཐུང་དག་ལའང་དད་པ་འཇོག་གིན་ཡོད་པ་འདྲ་བ་དང། ཡང་མཚམས་རེར་དགེ་སློང་གི་དགེ་འདུན་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་མ་ཉམས་པར་སྐྱོང་གིན་ཡོད་པ་ཚོ་དང་། སྒྲུབ་པ་ཉམས་ལེན་གྱིས་མི་ཚེ་རི་ལ་སྐྱེལ་མཁན་དག་མཇལ་ཚེ་ཡང་ལྷག་ཏུ་དད་པ་མི་ཤེས་པ་དང། ཡང་གྲགས་པའི་རྗེས་འབྲང་འགའ་ཞིག་གིས་མི་འདྲ་བ་ཞིག་གམ། ཆེ་གེ་མོ་ཞིག་ཡིན་རབས་གླེང་ཡོང་ཚེ། དེ་ལོས་ཡིན་སྙམ་པ་མ་གཏོགས་རང་གི་རྣམ་དཔྱོད་ཀྱིས་ཅི་ཡང་བརྟག་པའི་ནུས་པ་མེད་པ། དོན་གྱི་ཆོས་ཉམས་ལེན་གྱི་གནད་འགག་ཕྱོམས་ཙམ་རེ་ཤེས་ནའང། དེའི་བག་ཆགས་དང་གོམས་འདྲིས་བསོད་ནམས་སོགས་ཞན་པས་ཆོས་འགོ་རྔ་ཚང་པ་ཞིག་སྒྲུབ་མི་ཤེས། ལས་ངན་གྱི་རླུང་ཞིག་རང་གི་ཁོག་ནས་དྲང་ཡོང་བའམ། རྐྱེན་ངན་གྱི་ལམ་སྟོན་ཞིག་ཟུར་ནས་ཐོན་པ་སྟེ། མདོར་ན་ཆོས་སྒྲུབ་པར་རྐྱེན་ངན་གྱི་བར་ཆད་ཅིག་ཐོན་འཇོག་པ། དེ་འདྲ་ནི་རང་རོགས་སུ་ལ་ཡང་ཡོད། དེས་ན་ཚེ་འདིར་རང་རྒྱུད་རང་ལ་ལས་སུ་མ་རུང་བ་དེ་འདྲ་ཞིག་ཡིན་ན། ཚེ་ཕྱི་མར་སྐྱེ་བའི་ཕྲེང་བ་མང་པོ་ཞིག་ཏུ་ལམ་རིམ་བགྲོད་བྱེད་ཟེར་ན་དཀའ་བ་ཡིན། བ་དེའི་རྗེས་སུ་བེའུ་མ་ཤི་བ་ཞིག་ཡོད་ཟེར་ན་དེ་ནི་དཀའ་བའི་གནས་རེད། ཚེགས་ཆུང་ངུ་ཞིག་གིས་དོན་ཆེན་པོ་བདེ་བླག་ཏུ་འགྲུབ་ཐུབ་པ་ནི། འོད་དཔག་མེད་ལ་གསོལ་བ་བཏབ་ནས་བདེ་བ་ཅན་དུ་སྐྱེ་ཐབས་བྱ་རྒྱུ་འདི་ཁོ་ན་ཡིན། གསང་སྔགས་ཀྱི་སྔགས་རྫོགས་དག་ཉམས་ལེན་བྱས་ན་དབང་རབ་ཚེ་འདིར་སངས་རྒྱས། དབང་འབྲིང་བར་དོར་གྲོལ་བ་ཐོབ། ཐ་མ་ཡིན་ཡང་སྲིད་པ་བར་དོའི་གནས་སྐབས་སུ་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལ་བགྲོད་ཐུབ་ཅེས་གསུངས་ཡོད། ཤིན་ཏུ་དབང་རབ་ཡིན་ན་མི་ཚེ་གཅིག་གི་དུས་རིང་མི་དགོས་པར་ལོ་དང་ཟླ་བས་གྲོལ་བ་ཐོབ་པ་ཡོད་མོད། འོན་ཀྱང་དེ་ལ་ནི་ཉམས་ལེན་གྱི་གནད་ཁྱད་པར་ཅན་ཞིག་དང་མ་ལྡན་ན་དཀའ་བ་ཡིན། འདི་འདྲ་ཡིན་ན་དབང་ལུང་ཁྲིད་ཀྱི་རྒྱུན་མང་པོ་ཞིག་མེད་རུང་ཐོས་པ་སློབ་གཉེར་ལ་མི་ཚེ་མ་བསྐྱལ་རུང་། གཙོ་བོ་དད་འདུན་གྱིས་སངས་རྒྱས་འོད་དཔག་མེད་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞིའི་གནད་དང་མ་བྲལ་ན། ཕྱི་མ་བདེ་བ་ཅན་ལ་སྐྱེ་ཐུབ་བམ་མི་ཐུབ་སྙམ་པའི་སངས་རྒྱས་ཀྱི་གསུང་ལ་ཐེ་ཚོམ་མི་དགོས་པར། བདེ་བ་ཅན་ལ་སྐྱེ་བ་ཙམ་ལ་རྒྱུ་བཞིའི་ནང་གི་གསུམ་མ་གཏོགས་མ་ཚང་ན་ཡང་སྐྱེ་ཐུབ་པ་ཡིན། འདི་ནས་རྒྱུ་གསུམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་བདེ་བ་ཅན་ལ་སྐྱེ་བའི་དགེ་སློང་གི་དགེ་འདུན་ལ་ཐེག་པ་ཆེ་ཆུང་གི་རིགས་གཉིས་ལས་ཐེག་ཆེན་གྱི་རིགས་ལ་སྐྱེ་བ་འཛིན་པའི་དབང་དུ་མཛད་ནས་གསུངས་ཀྱི། ཐུན་མོང་དུ་ནི་རྒྱུ་གཞན་པ་གསུམ་པོས་ཀྱང་བདེ་བ་ཅན་ལ་སྐྱེ་ཐུབ། སངས་རྒྱས་འོད་དཔག་མེད་དང་ཞིང་ཁམས་བདེ་བ་ཅན་ཡིད་ལ་བྱེད་པ་དང། དགེ་བའི་རྩ་བ་བསགས་པ་དང། དགེ་རྩ་ཞིང་ཁམས་དེ་ལ་སྐྱེ་བའི་དོན་དུ་བསྔོས་པ་འམ་སྨོན་ལམ་འདེབས་པ་དང་གསུམ་གྱིས་ནི་བདེ་བ་ཅན་ལ་འགྲོ་པའི་མཐུན་རྐྱེན་ཆ་ཚང་པ་ཞིག་འཛོམས་སོང་བ་ཡིན། དེ་ཙམ་ཞིག་འཛོམས་ལོས་དགོས་ཏེ། ཉིན་ལམ་གསུམ་ལ་སོང་ནའང་། དེ་ལ་འགྲོ་ཆས་ལ་སོགས་པའི་མཐུན་རྐྱེན་ཅུང་ཙམ་འཛོམས་དགོས། དེ་མིན་རྒྱལ་ཁབ་གཉིས་ཀྱི་ས་མཚམས་བརྒལ་ཏེ་འགྲོ་དགོས་ནའང་འགྲོ་བྱེད་ཀྱི་ལག་ཁྱེར་ལ་སོགས་པ་མཐུན་རྐྱེན་ཞིག་ཚོགས་དགོས་ན། སེམས་ཅན་རང་ག་བ་ཞིག་གིས་ཕྱིན་ཆད་འཁོར་བའི་སྡུག་བསྔལ་མྱོང་མི་དགོས་པར་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ཏེ་ཞིང་ཁམས་གཞན་པ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་བདེ་སྐྱིད་ལོངས་སྤྱོད་མཉམ་དུ་བསྡམས་པ་དང་འདྲ་བའི་བདེ་སྐྱིད་མྱང་བཞིན་མཐར་སངས་རྒྱས་ཐོབ་པའི་དོན་ཆེན་དེ་ལྟ་བུའི་ལམ་སྣེ་ཟིན་པའི་མཐུན་རྐྱེན་ལ་སྲོག་དམར་པོ་ཡིན་ཡང་གཏོང་བར་འོས་པ་སྨྲོས་ཅི་དགོས། དེ་སྔོན་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་ལ་སྐྱེ་བའི་ཕྲེང་བ་གྲངས་མེད་པ་ཞིག་ཏུ་སྐྱེ་ཤིའི་ཕྲེང་བ་ཅི་འདྲའི་མང་པོ་ཞིག་མ་བརྒྱུད་དམ། མཚམས་རེར་རྩྭ་གསེང་གི་འབུ་ལ་སྐྱེས་ཏེ་མི་དང་དུད་འགྲོས་བརྫུས་ཏེ་སྲོག་ཤོར་བའི་གྲངས་ཀ་རྐྱང་པ་ཡང་རྩི་ཚོད་མེད་པ་ཞིག་ཡིན། ཚེ་འདིར་དོན་ཆུང་རེའི་ཆེད་དུ་སྲོག་ཤོར་བར་མཐོང་བ་ཡང་ཅི་འདྲའི་མང་ཨང་། ཡང་གཅིག་བཤད་ན་དོན་ཆེན་ལྟ་ཅི་དོན་ཆུང་ཙམ་ཡང་མ་འགྲུབ་པར་དོན་མེད་དུ་ཤི་བ་ཅི་འདྲའི་མང་། དེས་ན་ད་རེས་སྤྱིར་ཆོས་དང་འཕྲད་དེའི་ནང་གི་བདེ་བ་ཅན་ལ་འགྲོ་ཆོག་པའི་ལམ་སྣེ་ཟིན་དུས་ད་དུང་དེར་འབད་པ་མི་བྱེད་ན་བླུན་པོ་མདོ་མེད་ངོ་མ་ཡིན། སུག་བཞི་ས་ལ་མི་བཙུགས་པའི་བྱོལ་སོང་མི་ཟས་ཟ་མཁན་ཙམ་ཞིག་ཡིན། བདེ་བ་ཅན་གྱི་ཞིང་ཁམས་དང་སངས་རྒྱས་འོད་དཔག་མེད་པའི་ཡོན་ཏན་གྱི་ཁྱད་པར་དེ་དག་མ་རྟོགས་ན། བླུན་པོ་ཟོག་དང་འདྲ་བ་ཞིག་གི་ལག་ཏུ་ནོར་བུ་དགོས་འདོད་ཀུན་འབྱུང་ཞིག་ཡོད་ཀྱང་། ཁོ་རང་བླུན་ཆེས་པས་ནོར་བུའི་ཡོན་ཏན་མི་ཤེས་པར་མ་ཟད། མི་གཞན་ལ་འདྲི་བ་ཙམ་ཡང་མི་བྱེད་པ་དེ་འདྲར་འགྱུར་མི་ཤོར་བར་འདི་འདྲའི་ཁྲིད་བཤད་སྐབས་ཞིབ་ཀྱིས་ཉན། དེའི་དོན་བསམས། དེ་དང་མཐུན་པའི་དགེ་རྩ་བསགས། སྨོན་ལམ་དང་བསྔོ་བ་རྣམ་དག་གིས་མཚམས་སྦྱར་ཏེ་རང་གཞན་གྱི་དོན་སྒྲུབ་འདོད་ནའང་འགྲུབ་ངེས་ཡིན། བདེ་བ་ཅན་གྱི་ཞིང་ཁམས་ལ་རང་མི་རང་ཁྱིམ་ལ་ལོག་པ་ལྟར་འགྲོ་བའི་འདུན་པ་བསྐྱེད་ཆོག་པ་ཡིན། དེ་འདྲ་ལས་སླ་མོ་ཞིག་ཡིན་ནམ་བསམ་དགོས་པ་མ་རེད། འདི་འདྲ་སླ་བའི་རྒྱུ་མཚན་ནི་སངས་རྒྱས་འོད་དཔག་མེད་པས་ལམ་སྦྱངས་པའི་གནས་སྐབས་སུ། གཞན་དང་མི་མཚུངས་བའི་ཚོགས་ཆེན་བསགས། དཀའ་བ་རྒྱ་ཆེན་སྤྱད། སྨོན་ལམ་རྒྱ་ཆེན་བཏབ་པའི་སྟོབས་ཀྱིས་རེད། སྨོན་ལམ་བཏབ་ཀྱང་འགྲུབ་མེད་ན་རང་རེ་འདྲེན་པའི་ནུས་པ་མེད་མོད། འོན་ཀྱང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབྱུང་གནས་ཀྱིས་སྨོན་ལམ་ཐམས་ཅད་འགྲུབ་ནས་སངས་རྒྱས་འོད་དཔག་མེད་དུ་སངས་རྒྱས་ཏེ་ཞིང་ཁམས་གྲུབ་ཟིན་པ་ཡིན། དེའི་སྨོན་ལམ་གྱི་གཙོ་བོ་ནི། ཞིང་དེར་སོ་སོའི་སྐྱེ་བོ་ཡིན་ཡང་དད་དང་མོས་པའི་བསོད་ནམས་ཅན་ཆོས་སྤང་དང་མཚམས་མེད་བསགས་པ་མ་གཏོགས་པ་སྐྱེ་བར་ཤོག་ཅེས་གསུང་ས་ན། དེ་ལྟར་ན་འོད་དཔག་མེད་པའི་ཐུགས་བསྐྱེད་ཀྱི་ཕྱེད་ཀ་འགྲུབ་ལ་ཕྱེད་ཀ་མི་འགྲུབ་པ་དེ་འདྲ་ཞིག་མི་སྲིད་པས། གོང་དུ་བཤད་པ་ལྟར་ད་ལྟའི་སྐྱེ་བ་འདིར་ཆོས་སྒྲ་རྣ་བས་ཐོས་པར་མ་ཟད་ཆོས་ར་འདིའི་ནང་དུ་ཐོན་པས། སངས་རྒྱས་འོད་དཔག་མེད་པའི་མཚན་དང་ཞིང་ཁམས་ཀྱི་ཡོན་ཏན་དེ་ལ་སྐྱེ་ཐབས་ཀྱི་དགེ་རྩ་ཇི་ལྟར་སྒྲུབ་སོགས་ཐོས་པ་དེ་ནི། སྔོན་མར་རང་གིས་ཚོགས་བསགས་པའི་འབྲས་བུ་སྨིན་པ་ཡིན། དེས་ན་ང་ནི་བསོད་ནམས་ཆེ་འོ་སྙམ་ནས་དགའ་སྤྲོ་བྱེད་འོས་ལ། གཞན་ད་དུང་མགོ་འཁོར་ཏེ་འཁྲུལ་བའི་ལས་སྣང་ལ་སྤྱོད་པ་ཅི་འདྲའི་མང་བསམ་ནས་སྙིང་རྗེ་སྒོམ་ཞོར་དུ་ངོ་ཤེས་ས། སྙིང་བརྩེ་ས། འདྲིས་ཆེ་ས། ཡག་དགའ་ཉེས་སྡུག་ཡོད་ས་ཚང་མ་ལ་ཆོས་ཕྱོགས་ཀྱི་འགྲོ་ལམ་རེ་བཙལ་རྒྱུའི་ཕན་ཐོགས་ན་ཕན་ཐོགས་ཀྱི་ནང་ནས་ཆེ་ཤོས་དེ་ཡིན། ཚེ་འདིར་མ་ཟད་ཕྱི་མར་ཡང་ཕན་ཐོགས་སོང་ལ། དེས་ན་འབྲེལ་ཚད་དོན་ལྡན་རེ་ཨེ་ཡོང་བསམས་ནས་བསམ་པ་བཟང་པོ་བསྐྱེད་པ་དེ་ནོར་བུའི་ནང་གི་ནོར་མཆོག་ཡིན་པས། རིན་མི་དགོས་པའི་ནོར་མཆོག་རང་ལ་ཡོད་པ་དང་རང་གི་བྱི་དོར་བྱ་རྒྱུའི་ཐབས་ལམ་ཤེས་ན་དེ་ཚོ་བརྗེད་དུ་མི་བཅུག་པར། མཐའ་ན་ཚིག་རེ་ཡིན་ཡང་རྒྱུད་ལ་སྦྱར་ཏེ་ལག་ལེན་ལ་འདེབས་པར་གོམས་དང། གོམ་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ཡིན། རིམ་གྱིས་ཡང་དག་པའི་ལམ་ལ་གོམས་ཡོང་བ་ཡིན། བསླབ་ན་དུད་འགྲོས་ཀྱང་མི་སྐད་གོ་བས། མི་རང་གིས་སྦྱོང་ན་ཅིའི་ཕྱིར་ཁྱད་པར་འཕགས་པའི་ཡོན་ཏན་མི་ཐོབ། མ་སྦྱངས་ན་ཉི་མ་བརྒྱ་ལྟ་ཅི་ལོ་བརྒྱ་སོང་ཡང་ཡར་རྒྱས་མེད། མ་སློབ་ཁ་རོགས་བསྡད་པ་ལ། །ལོ་བརྒྱར་སོང་ཡང་བཟང་སྐྱེད་མེད། །ཅེས་གསུངས་པ་ཡིན། བདེ་བ་ཅན་དུ་བཞུགས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་དེ་དག་སྔོན་སོང་བསོད་ནམས་ཁྱད་པར་ཅན་བསགས་པ་ཤ་སྟགས་ཡིན། འུ་བུ་ཚོ་སོ་སོའི་སྐྱེ་བོ་ཐ་མལ་པ་སྐྱེ་བ་བརྗེས་མ་ཐག་ཏུ་དེ་རྣམ་པ་དང་བསྐལ་བ་མཉམ་ནས་ད་ལྟ་འུ་བུ་ཚོ་བླ་གྲྭ་དགེ་འདུན་པ་དང་མཉམ་དུ་ལྷ་ཁང་གཅིག་གི་ནང་དུ་འཚོགས་པ་དང་འདྲ་བར། ས་ཐོབ་ཀྱི་སེམས་དཔའ་རྣམས་དང་འདྲ་བར་སངས་རྒྱས་འོད་དཔག་མེད་པའི་མདུན་དུ་ཆོས་ཉན། ཞིང་ཁམས་གཞན་ལ་མཉམ་དུ་རྫུ་འཕྲུལ་གྱིས་བགྲོད་ཆོག་པ་དེ་འོད་དཔག་མེད་པའི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྲུབ་པས། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་ཡོན་ཏན་ཐུགས་རྗེ་ཆེན་པོས་སྟོབས་ཀྱིས་སྐྲ་ཡི་བཟུང་སྟེ་ཞིང་ཁམས་དེ་ལ་འཐེན་སོང་བ་འདྲ་ཞིག་ཡིན། དེ་འདྲའི་འཕགས་ཆེན་བསོད་ནམས་ཆེན་པོ་ཅན་རྣམས་དང་སྐལ་བ་མཉམ་སོང་པ་འདི་ནི། དཔེར་ན་མི་གཉིས་ཀྱི་གཅིག་གིས་མི་ཚེ་གཅིག་ལ་འབད་པས་ཕྱུག་པོར་གྱུར་པ་དང། གཅིག་ཤོས་ཀྱིས་ནོར་བུ་རིན་ཐང་ཅན་ཞིག་རྙེད་ནས་གློ་བུར་དུ་ཕྱུག་པོར་གྱུར་པས་གཉིས་ཀ་ཕྱུག་པོ་ཡིན་པ་འདྲ་སོང་བ་ལྟ་བུ་ཡིན། སེམས་ཅན་གྱི་སྐལ་བ་དང་སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཡིན་པས། དེ་གཉིས་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་གྲུབ་སོང་ཚེ། དཀའ་ལས་ཆེན་པོ་མེད་པར་མི་འགྲུབ་རྒྱུའི་དོན་དེ་ལས་སླ་མོས་འགྲུབ་ཡོང་བ་ཡིན། དཔེར་ན་འགྲོ་དགོས་སའི་དམིགས་འབེན་གྱི་ས་ཆ་ཞིག་ལ་འཛོམས་དགོས་ན། འགའ་རེ་རྐང་ཐང་གིས་སོང་བ་དང་། འགའ་རེ་རྟ་ཁལ་ལ་བརྟེན་ཏེ་སོང་བ། འགའ་རེ་ས་སྟེང་གི་འཕྲུལ་རིགས་ལ་བརྟེན་ཏེ་སོང་བ། འགའ་རེ་ནམ་མཁའ་ནས་འཕུར་གྲུའི་རིགས་ལ་བརྟེན་པ་སོགས་ཀྱིས་དབང་གིས། འགྲོ་སྟབས་དང་ལམ་ཉེ་རིང་གི་བདེ་གཟར་མི་འདྲ་བའི་ཁྱད་པར་ཤོར་འགྲོ་བ་ལྟ་བུ་ཡིན། དོན་ཆེན་དཀའ་བ་ཆུང་ངུས་འགྲུབ་ཐུབ་པ་འདི་ནི་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་རྣམ་འཕྲུལ་ཚད་མེད་པ་དེ་འདི་ལ་དངོས་པོ་སྟོབས་ཞུགས་སུ་སོང་བ་དང། དེའི་སྒྲུབ་བྱེད་ཀྱི་ལུང་ཡང་དག་པ་དེ་འདི་ལ་ཚད་མར་སོང་བ་ཡིན། དེས་ན་ཞིང་གི་ཡོན་ཏན་དང་རྒྱལ་བའི་ཡེ་ཤེས་ཚད་མེད་པ་དང་། ཞིང་ཁམས་དེ་ལ་སྐྱེ་སླ་ཚུལ་འདི་དག་ནི་ཐབས་ལམ་ཟབ་མོའི་ནང་གི་ཟབ་མོ་ཡིན། དུས་ཚོད་སྐར་ཆ་ཡིན་ཀྱང་འཕྲོ་བརླག་ཏུ་མ་ཤོར་བར། འཆི་བ་མི་རྟག་པའི་འདུ་ཤེས་མ་འབོར་དང་ཚེ་འདི་ཕྱི་གཉིས་ཀའི་འཆར་གཞི་འཆུག་པ་མ་ཡིན། སྔོན་ཞིག་ལ་སྐུ་དྲག་ཅིག་ལ་མི་མ་ཡིན་གྱི་གྲོགས་པོ་ཞིག་ཡོད་ལ། མི་མ་ཡིན་དེ་མ་འོངས་པར་ལེགས་ཉེས་ཅི་ཡོང་ཤེས་མཁན་ཞིག་ཡིན་པ་དང་། སྐུ་དྲག་དེས་མི་མ་ཡིན་ལ་ཁྱོད་ཀྱིས་མི་ནམ་འཆི་ཤེས་སམ་ཞེས་དྲིས་པར། མི་མ་ཡིན་དེས་ཤེས་ཞེས་སྨྲས། སྐུ་དྲག་གིས་ཁོ་ཤི་རན་དུས་བརྡ་ཞིག་ཐོང་ཞེས་སྨྲས། མི་མ་ཡིན་པས་ཀྱང་དེ་ལྟར་ཁས་བླངས། ལོ་འགའི་རྗེས་སུ་གྲོགས་པོ་སྐུ་དྲག་དེའི་ཕྱིར་ལོ་ཤི་རྒྱུ་ཡིན་པ་དེ་མི་མ་ཡིན་པས་ཤེས་ཏེ། ཉིན་ཞིག་ལ་ཡོང་ནས་གྲོགས་པོ་ཡ་གི་ན་མི་ཞིག་ཤི་སོང་ཞེས་སྨྲས་པས་སྐུ་དྲག་གིས་དེ་བརྡ་ཡིན་པར་མ་ཤེས་པར་རང་གར་བསྡད། ཡང་ཉིན་ཞིག་ལ་མི་མ་ཡིན་གྱིས་གྲོགས་པོ་མ་གི་ན་ཡང་མི་ཞིག་ཤི་སོང་ཞེས་སྨྲས་པར་ཡང་ཉམས་ལ་མ་བཞག་པར་ཡུན་རིང་པོར་འདུག་འདང་བྱས་ནས་བསྡད་པ་ཡིན། དེ་ནས་ཉིན་ཞིག་ལ་སྐུ་དྲག་ཚབ་ཆེན་ཞིག་ན་བ་རེད། མི་མ་ཡིན་ལྟ་སར་ཡོང་དུས་སྐུ་དྲག་གིས་སྨྲས་པ། བདག་ད་ཐེངས་མི་ཤི་འམ་ཞེས་སྨྲས་པར། ཤི་འོ་ཞེས་སྨྲས། འོ་ན་ཁྱེད་ཀྱིས་དེའི་སྔོན་དུ་བརྡ་ཞིག་མི་རྒྱག་པ་ཅི་ཡིན། འུ་བུ་གཉིས་ཁ་ཆད་བྱས་མེད་དམ་ཞེས་སྨྲས་པར། མི་མ་ཡིན་པ་ན་རེ། ཁོས་ཁྱོད་ལ་བརྡ་བརྒྱབ་ཡོད་དེ། འདི་ལྟར་ཡ་གི་ན་མི་གཅིག་ཤི་སོང་བ་དང་། མ་གི་ན་མི་གཅིག་ཤི་ཡོད་པར་མ་སྨྲས་སམ། ད་ལྟར་ཁྱོད་ཀྱི་སྟེང་ལ་བབས་པ་ཡིན། ངས་སྔ་ཆ་ཐེངས་མ་གཉིས་ལ་བརྒྱབ་པ་ཡིན་མོད་ཁྱེད་རང་གིས་མ་གོ་བ་རེད་ཅེས་སྨྲས་པ་ལྟར། གདམས་ངག་གི་དམར་ཁྲིད་ངོ་མ་ནི་མི་གཞན་ཟུར་ནས་ཤི་བ་འདི་ཡིན། གན་ལ་དེ་འདྲ་བྱུང་ཐལ་ཁྱོད་ལ་ཡང་དེ་མ་གཏོགས་མཐའ་རྒྱུ་ཡོད་པ་མ་རེད་ཅེས་པའི་བརྡ་སྟོན་མངོན་སུམ་དུ་བྱུང་གིན་ཡོད། དེ་ལ་བསམ་བློ་བཏང་ནས་ད་ལོ་སང་ཕོད་གཉིས་ཀའི་ནང་ནས་ད་ལོ། ཟླ་བ་སྔ་མ་ཕྱི་མ་གཉིས་ཀའི་ནང་ནས་སྔ་མ། དེ་རིང་སང་ཉིན་གཉིས་ཀའི་ནང་ནས་དེ་རིང་། སྔ་དྲོ་ཕྱི་དྲོ་གཉིས་ཀའི་ནང་ནས་སྔ་དྲོ་འཆི་རྒྱུའི་འདང་མ་བྱས་ན་འཆི་བ་ཐོག་ཏུ་བབ་ཚེ་ཆོས་མ་གཏོགས་རེ་ས་མེད། ཆོས་ཕྱི་གཤོལ་དང་ལེ་ལོ་རྟག་འཛིན་སོགས་ཀྱིས་དབང་དུ་ཤོར་ཏེ་འགྲུབ་མེད་ན་དེ་དུས་ཞེ་ཕམ་པ་དང་ཡི་མུག་པ་ཡིད་འགྱོད་པ་ཚང་མ་མཉམ་གཅིག་ཏུ་ཡོང་བ་ཡིན། འཆི་བ་ཐོག་ལ་བབ་དུས་བཟློག་རྒྱུ་མེད། ལྷོ་བྲག་མར་བ་ལོ་ཙཱའི་སྲས་དར་མ་མདོ་སྡེ་རྟས་དྲུད་དེ་དབུ་དུམ་བུ་བརྒྱད་ལ་ཆག་ཡོད་པའི་སྐུ་གདུང་དེ་མར་བའི་སྐུ་པང་ལ་བཞག་ཡོང་དུས། དབུ་རུས་ཁྲ་ཉི་ལེ་ཡོད་པ་ཡུམ་བདག་མེད་མས་གཟིགས་པས་དྲན་མེད་དུ་བརྒྱལ་སོང་བ་ཡིན། དྲན་པ་སོས་དུས་ཡུམ་གྱིས་གསུངས་ཏེ་སྨན་ཡན་ལག་བརྒྱད་པ་ཞིག་ལ་བོད་ན་ཁྱེད་ཀྱི་མཁས་ཤིག་མེད་པས་གསོན་ཐབས་ཤིག་མི་འདུག་གམ་ཞུས་པས། ཆུ་ཟངས་བ་གང་གི་ནང་དུ་ཞག་ཉ་མིག་འདྲ་ཞིག་ཡོད་པ་དེ་རྩིག་ངོར་གཏོར་ཚར་བས་རོ་མགོ་མེད་ལ་གསོ་ཐབས་མེད་ཅེས་གསུངས་པ་ཡིན། སེམས་ཅན་གྱི་ལས་ཐོག་ཏུ་བབ་དུས་སངས་རྒྱས་ལ་ཡང་མཐུ་རྡུག་ཅེས་པ་ལྟར་ཡིན་པས་བཅོས་ཐབས་མེད་ཅེས་གསུངས། དེ་ལྟར་ན་གང་ལྟར་ཐམས་ཅད་འཆི་རྒྱུ་ཡིན་པས་ཆོས་ཤེས་དང་མ་ཤེས་འདྲའོ་སྙམ་ན། ཐམས་ཅད་འཆི་རྒྱུ་ཡིན་པར་འདྲ་མོད་འོན་ཀྱང་འཆི་ལུགས་འདྲ་བ་མ་ཡིན། ཆོས་པ་རབ་འཆི་བ་ལ་དགའ་བ་སྟེ། སྐྱེ་བ་སྐྱེད་མོའི་ཚལ་དུ་སོང་བ་ལྟ་བུ་ཡིན། ཆོས་པ་འབྲིང་འཆི་བར་མ་འཚེར་ལ། མི་འཚེར་བའི་གདེང་ཞིག་ཁོ་རང་ལ་ཡོད། ཆོས་པ་ཐ་མ་ཞིག་ཡིན་ཡང་འགྱོད་པ་མེད། འཆི་བ་མི་རྟག་པ་ལུས་ཅན་ཐམས་ཅད་ཀྱི་སྟེང་དུ་ཡོང་བ་སྔར་ནས་ཤེས་ཏེ་མི་འགྱོད་པར་བྱས་ནས་བསྡད་ཡོད། གླང་ཐང་པ་སྐུ་འདས་ཁར་ཁོང་གིས་དམྱལ་བ་སྐྱེ་དགོས་བསམས་ནས་སྨོན་ལམ་བཏབ་མོད་འོན་ཀྱང་འགྲུབ་མ་སོང་། དག་པའི་སྣང་བ་ཤར་བྱུང། ད་དག་ཞིང་ལ་འགྲོ་དགོས་ཐུག་འདུག དམྱལ་བར་འགྲོ་རྒྱུ་གྲུབ་མ་སོང་ཞེས་གསུངས་པ་ལྟ་བུ་ཡིན། དེས་ན་ཚང་མས་འཆི་ཁ་མི་འགྱོད་ཐབས་ད་ལྟ་བསམ་ལོང་དྲན་ལོང་ཡོད་དུས་ནས་འཆི་བ་མི་རྟག་པ་དྲན་ན་ལས་བྱ་བ་ཐམས་ཅད་ཀྱི་རྒྱལ་པོ་དེ་གྲུབ་སོང་བ་ཡིན། མདོར་ན་དུས་རྒྱུན་དུ་འཆི་བ་མི་རྟག་པ་ཡང་ཡང་དྲན་རྒྱུ་དེ་གནད་ཆེ་ཡང་འཆུག་མི་ཉན།


previousཉིན་གཉིས་པའི་ཆོས་ཁྲིད། next