Nitartha Digital Library
Tibetan
 
previousཉིན་གསུམ་པའི་ཆོས་ཁྲིད། next

ཉིན་གསུམ་པའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་ཡོངས་སུ་བསྔོ་བས་ཟིན་པ་དེ། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་ཆོས་སྒྲུབ་པ་ལ་ཐོག་མ་ཉིད་ནས་མེད་ཐབས་མེད་པའི་ཆོས་དགེ་རྩ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད་དམ་པ་རྒྱུད་ལ་སྐྱེ་དགོས། ཐབས་དང་ལྡན་ན་བྱ་བ་གང་ཡིན་ཡང་འགྲུབ་སླ་ལ། ཐབས་དང་མ་ལྡན་ན་དོན་ཆུང་འབད་པ་ཆེན་པོས་བསྒྲུབས་ཀྱང་འགྲུབ་དཀའ་བ་ཡིན། དེས་ན་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ངས་ཐར་བའི་ལམ་སྣེ་ཞིག་ཟིན་པར་བྱས་ཏེ་རྫོགས་པའི་བྱང་ཆུབ་སྒྲུབ་པ་ཡིན། དེའི་ཆེད་དུ་དམ་པའི་ཆོས་ཉན་པ་ཡིན་སྙམ་པའི་བསམ་པ་བཅོས་མ་མ་ཡིན་པ་ཞིག་སྐྱེ་དགོས། དེ་སྐྱེ་བར་བྱེད་པ་ལ་བློ་སྦྱོང་བ་གལ་ཆེ། བློ་ཇི་ལྟར་སྦྱང་དགོས་སྙམ་ན། དེ་སྔོན་ཡན་ཆད་དུ་བློ་འདི་ངན་གོམས་ལ་སོང་ནས་རང་དོན་ཅོལ་ཆུང་ཞིག་མ་གཏོགས་འདང་བརྒྱབ་མ་མྱོང་། རང་དོན་ཅོལ་ཆུང་དེ་ཡང་མ་འགྲུབ་པས། ད་ནི་དེ་སྔོན་གྱི་བསམ་བློ་ཐམས་ཅད་ནོར་བ་ཡིན་པར་ཤེས་ཏེ། འཁོར་བའི་ཆོས་སྡུག་བསྔལ་གྱི་རང་བཞིན་ཡིན་པར་ཤེས། དེ་ལས་ཐར་འདོད་ཀྱི་བསམ་པ་དང་སེམས་ཅན་ཐམས་ཅད་དེ་ལས་སྐྱོབས་འདོད་ཀྱི་བློ་ཞིག་སྐྱེས་པས། ཐར་བའི་ལམ་ཇི་ལྟར་ཚོལ་དགོས་པ་དང་། སྐྱབས་གང་ལ་བསྟེན་ན་ད་གཟོད་བཙལ་ཤེས་པ་དང་། སྤྱིར་ང་ཟེར་སའི་ལུས་འདི་ལ་རྟག་པ་དང་ངེས་པ་མེད་པར་ཤེས་ཡོང་དུས་བློ་འཁོར་བའི་ཆོས་ལས་རང་ཤུགས་ཀྱིས་ལྡོག་ཡོང་བ་རེད། དེ་ལྡོག་ནས་གཉིས་ལ་མི་གནས་པའི་བྱང་ཆུབ་ཞི་བ་ཆེན་པོའི་གོ་འཕང་ཞིག་བསྒྲུབས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་གཏན་བདེ་ལ་འགོད་པར་བགྱི་སྙམ་པ་ནི་སྦྱོར་བ་སེམས་བསྐྱེད་དམ་པའོ། །དེ་ནི་དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ཤིང་བསམ་པ་རྫོགས་པའི་བྱང་ཆུབ་ལ་འགོད་འདོད་ཅན་གྱི་དོན་གཉིས་ལྡན་པའི་སེམས་བསྐྱེད་ཅིག་ཡིན། སེམས་བསྐྱེད་དེ་དང་ལྡན་པའི་ཐོག་ནས་བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས། དེའི་བསླབ་བྱ་མི་ཉམས་པར་བསྲུང་ན་དགེ་རྩ་ཐབས་ཀྱིས་ཟིན་པ་ཡིན། ཇི་ལྟར་ཟིན་ཞེ་ན། ཅི་བྱས་དགེ་བར་འགྱུར་བའི་གསེར་འགྱུར་གྱི་རྩི་ཡིས་བྱ་གཞག་རང་ག་བ་ལྕགས་ལྟ་བུ་དེ་གཞན་དོན་རླབས་ཆེན་གསེར་ལྟར་བསྒྱུར་བས་ན་དགེ་རྩ་ཐབས་ཀྱིས་ཟིན་པ་ཐོག་མ་ཉིད་ནས་མེད་དུ་མི་རུང་བ་སྦྱོར་བ་སེམས་བསྐྱེད་དམ་པའོ། དེ་ལྟ་བུའི་དགེ་རྩ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད་དམ་པ་ཡོད་པའི་སྟེང་དུ་དགེ་བ་རྐྱེན་གྱིས་མི་ཤིགས་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ་ལ་འཇུག་དགོས། དམིགས་མེད་ཀྱི་ལྟ་བས་ཆོས་ཅན་སྣང་བར་ཤར་བའི་ཆོས་འདི་ཐམས་ཅད་ཆོས་ཉིད་སྟོང་པ་ཆེན་པོའི་ངང་དུ་རོ་མཉམ་པ། ཆོས་དབྱིངས་སྨྲ་བསམ་བརྗོད་པ་དང་བྲལ་བའི་གནས་ལུགས་དང་དབུ་ཕྱག་རྫོགས་གསུམ་གྱི་ཟབ་དོན་སོ་སོའི་ཁོག་ཁྲོལ་ཏེ་གནད་གཅིག་ལ་འབབ་པའི་རྣལ་འབྱོར་རྟོགས་པའི་གདེང་ཡོད་ན་དེ་དང་མི་འབྲལ་བའི་སྣང་སྤྱོད་ཀྱིས། དགེ་རྩ་གང་སྒྲུབ་ན་དེས་རྩིས་ཟིན་པ་གལ་ཆེ། འོན་ཀྱང་ལས་དང་པོ་པས་ནི་རྒྱང་རིང་གི་ཕར་རྒྱབ་གླེང་མི་འདུག་པར་མདུན་ན་ཡོད་པའི་རང་ཉིད་ཀྱི་སྤྱོད་ཡུལ་དང་བསྟུན་ཏེ་དགེ་རྩ་རྣམ་པར་དག་པ་ཞིག་བྱེད་པ་ལ། རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་སྣང་བའི་ཆོས་འདི་ཐམས་ཅད་བདེན་པར་གྲུབ་པ་གཅིག་ཀྱང་ཡོད་པ་མ་ཡིན་པ་སྟེ། མི་ཕམ་རིན་པོ་ཆེས། ཤེས་བྱའི་ཁམས་ན་བདེན་གྲུབ་གཅིག་ཡོད་ན། །ཤེས་བྱ་འདི་ཀུན་གཏན་དུ་སྣང་མི་འགྱུར། །ཤེས་བྱ་འདི་ཀུན་བདེན་པར་མ་གྲུབ་པས། མཐའ་མེད་ཤེས་བྱའི་ཆོས་ཚུལ་རྣམ་པར་བཀྲ། །ཞེས་གསུངས་སོ། །དེ་ལྟ་བུ་བདེན་པར་མ་གྲུབ་པའི་དབང་གིས་མེད་ལ་སྣང་བའི་རྫུན་རིས་ཆུ་ཟླའི་རི་མོ་ལྟ་བུ་འདི་སྟོང་བཞིན་དུ་སྣང་ལ་སྣང་བཞིན་དུ་སྟོང་པའི་རྟེན་འབྲེལ་གྱི་གཤིས་ཡིན་པར་ཤེས་ཏེ། ཇི་སྲིད་གཉིས་འཛིན་གྱི་སྣང་བ་སྒྱུ་མའི་ལྟད་མོ་ལྟ་བུ་འདི་ཡོད་པའི་རིང་ལ། སྒྱུ་མ་ལྟ་བུའི་ཚོགས་གཉིས་མས་རིམ་གྱིས་གསོག་པ་ལ། མ་དག་འཁོར་བའི་སྒོ་གསུམ་གྱི་ལས་ཐོག་མེད་ནས་ད་ལྟའི་བར་དུ་མི་དགེ་སྡིག་ལས་ཁོ་ན་བསགས་པས། ད་ནི་སྒོ་གསུམ་དགེ་བའི་ལས་ལམ་ལ་ཆུན་གཅིག་ཏུ་དྲིལ་ནས། ཐོས་པ་སློབ་གཉེར་ལ་མ་གོམས་པའི་ཁྱིམ་པ་ཕོ་མོས་རྒྱ་ཆེན་པོ་ཞིག་མ་ཤེས་ཀྱང་རང་ཉིད་ཀྱི་ཉམས་ལེན་གྱི་གནད་ཙམ་རེ་མ་ཤེས་ཐབས་མེད། རྒྱང་མིག་གིས་ཐག་རིང་པོ་མ་མཐོང་ན་ཡང་རྡོག་ལམ་མཐོང་པའི་ཤེས་རབ་གསལ་བའི་མིག་རེ་བསྒྲུབས་ནས་དངོས་གཞི་ལྟ་སྒོམ་གྱི་གནད་ལ་འཇུག་ཐབས་བྱེད་པ་ནི་དངོས་གཞི་དམིགས་མེད་དང་རྗེས་སུ་མཐུན་པ་ཞིག་ཏུ་འགྱུར་རྒྱུའི་མགོ་བཙུགས་ནས་དགེ་བ་གོང་ནས་གོང་དུ་འཕེལ་བ་ཡིན། རིན་ཆེན་ཕྲེང་བ་ལས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་གཅེས། །དེ་ལས་དངོས་གྲུབ་བླ་ན་མེད་པ་ཐོབ། །ཅེས་གསུངས་སོ། །དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་དེ་མཇུག་བསྔོ་བ་དམ་པ་ཡིན་པ་རེད། དགེ་རྩ་སེམས་ཅན་ཐམས་ཅད་ལ་མ་བསྔོས་པ་དང་གཅིག ཕྱིན་ཅི་ལོག་ཏུ་བསྔོས་པ་དང་གཉིས། དགེ་རྩ་ངོམ་ཆོས་བྱས་ཏེ་གཞན་ལ་བསྒྲག་པ་དང་གསུམ། དགེ་རྩའི་རྗེས་སུ་འགྱོད་པ་སྐྱེས་པ་དང་བཞི་ནི་དགེ་རྩ་འཛད་པའི་རྒྱུ་བཞི་ཡིན་པ་སྟེ། མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་སྒྲོག་དང་འགྱོད་པ་སྐྱེད། །དགེ་རྩ་འཛད་པའི་རྒྱུ་བཞིའོ། །ཞེས་གསུངས་སོ། །དེ་ལྟར་མ་ཡིན་པར་དགེ་རྩ་བསྔོ་དགོས། བསྔོ་ཚུལ་ནི་བདེ་བ་ཆུང་ཆུང་ལྷ་མིའི་གོ་འཕང་ཐོབ་བྱེད་དུ་བསྔོ་བ་ནི་མཐའ་མི་བརྟན་པས་མི་རུང་ངོ་། །བསྔོ་བ་འབྲིང་ཉན་ཐོས་རང་རྒྱལ་དང་རང་གཅིག་པུ་སྐྱིད་ཐབས་བདེ་ཐབས་ཀྱི་དོན་དུ་ཡང་བསྔོ་མི་རུང་སྟེ། རང་དོན་མ་གཏོགས་གཞན་དོན་རྒྱུན་ཆད་སོང་དུས་གོང་དུ་སེམས་བསྐྱེད་ཁས་བླངས་པ་དེ་རྫུན་པར་འགྱུར་འགྲོ། འོ་ན་གང་ལ་ཇི་ལྟར་བསྔོ་དགོས་པ་ཡིན་ཞེ་ན། བདག་གི་དགེ་བ་ཆུང་ངུ་ཆུ་ཐིགས་འདྲ་བ་འདི་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི་དགེ་རྩ་རླབས་ཆེན་རྒྱ་མཚོ་ལྟ་བུ་དང་བསྲེས་ཏེ། སེམས་ཅན་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་ལ་སྐྱེས་ཏེ་མགོན་པོ་འོད་དཔག་མེད་པའི་ཐུགས་སྲས་སུ་གྱུར་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་ཅིང་གཏིང་ནས་འདོན་པའི་རྒྱུར་འགྱུར་བར་ཤོག་ཅིག་སྙམ་པའི་སྨོན་ལམ་གྱིས་རྒྱས་འདེབས་བྱེད་དགོས། མདོར་ན་དང་པོ་ཆོས་གྲལ་དུ་འདུག་དུས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཞུ་འོ་ཡིན་བསམ། བར་དུ་ཆོས་ཞུ་དུས་མི་གཡེང་བར་ཐ་མ་ཆོས་ཞུས་པའི་དགེ་རྩ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོས་ན་དམ་པ་གསུམ་གྱིས་རྩིས་ཟིན་ཟེར་དགོས་ལ། མགོ་དང་པོ་ཞིག་ནས་ཁྱད་པར་ཐེག་ཆེན་དགེ་བ་རླབ་པོ་ཆེ་ཞེས་གསུངས་པས། གལ་ཏེ་ཐེག་ཆེན་གྱི་དགེ་བར་མ་གྱུར་ན་ཐེག་དམན་གྱི་དགེ་རྩའམ་ཡང་ན་སྲིད་པ་འགྲུབ་པའི་ལས་ཤིག་ལས་འགྲོ་ས་གཞན་མེད། རིགས་དེ་གཉིས་ནི་རླབས་ཆེན་གྱི་དགེ་རྩ་མིན་པས། རང་གཞན་གྱི་དོན་ཆེན་འགྲུབ་པ་མིན། དམ་པ་གསུམ་གྱིས་མ་ཟིན་ཚེ་དགེ་རྩ་ཅི་ཞིག་བསྒྲུབས་ཀྱང་ཐེག་ཆེན་གྱི་ལམ་དུ་མི་འགྲོ། དམ་པ་གསུམ་ནམ་རྒྱུན་བཤད་ཀྱིན་ཡོད་པས་ཚང་མས་ཚིག་ཁ་ཡིས་བགྲང་ཤེས་པས་མི་ཚད་དོན་ཤེས་པ་ཞིག་དགོས། ཚང་མས་དུས་རྒྱུན་དུ་ཀུན་བཟང་བླ་མའི་ཞལ་ལུང་སོགས་ཡང་ནས་ཡང་དུ་ལྟོས། ཡི་གེ་ཤེས་ནི་ཚོས་ཚར་བཅུ་ཉི་ཤུ་ཚར་བརྒྱ་རེ་ལྟ་ཐུབ་མཁན་ཡོད་ན་བཟང་། ཚར་རེ་རེའི་ནང་ན་ཡང་ཡོང་སྒོ་མི་ཉུང་བ་རེ་ཐོབ་རྒྱུ་ཡོད། ཚར་རེ་བཞིན་ཞིབ་ཀྱིས་ལྟོས་མི་གོ་བ་ཡོད་ན་བླ་སེར་ཚོར་དྲིས་དང་། སྒོར་མོ་འབུམ་ཐེར་མང་པོ་བྱིན་ན་མི་ཁུག་པའི་རིན་ཐང་ཅན་གྱི་ཡོང་སྒོ་རང་གི་སེམས་རྒྱུད་ལ་ཐོན་ཡོང་བ་ཡིན། ཐ་ན་རྒྱ་རྒྱ་མོ་ཐམས་ཅད་དེ་རིང་ཁ་རྩང་ངས་ངོ་ཤེས་པའི་ནང་ན་ཡང་ཀུན་བཟང་བླ་མའི་ཞལ་ལུང་ཚར་ཉི་ཤུ་རྩ་ལྔ་ཙམ་བལྟས་ཚར་པ་མང་པོ་ཡོད། བརྒྱ་རེ་ཁས་ལེན་ནི་ཡང་མང་པོ་ཡོད། རྒྱ་ཞིག་ཟེར་དུས་རང་རེས་ཕལ་ཆེར་ཟོག་ཅིག་དང་འདྲ་བ་རྩི་བ་མ་རེད་དམ། བོད་ཆོས་ལྡན་གྱི་ཡུལ་གྲུ་ལ་སྐྱེས་པའི་མི་ཞིག་ཡིན་ཕྱིན་དེའི་ཡན་ཞིག་ཡིན་དགོས། ཀུན་བཟང་ཞལ་ལུང་འདི་ནི་ཆོས་བརྒྱུད་མ་འཆུག་པ་རྫོགས་ཆེན་དཔལ་སྤྲུལ་ཚང་གིས་གསུངས་པ་ཡིན། ངས་བཤད་པའི་སྒྲ་ཐག་ཡོད་རྒྱུ་རེད། དེ་ཚོ་ཡང་མཚམས་རེར་ཉོན་དང་ཕན་ཐོགས་ཅུང་ཟད་རེ་ཡོད་སྲིད། འོན་ཀྱང་ངས་ཚིག་གཞན་པ་བར་དུ་མ་བཙུད་པར་ཤར་འདོན་བྱས་བཞག་པའི་སྒྲ་འཁོར་ཡོད། དེ་བསམ་བཞིན་དུ་ཡིག་ངོ་མི་ཆོད་པ་དང་མིག་མི་གསལ་བ་རྣམས་ལ་ཕན་ཐོགས་པའི་ཆེད་དུ་རྫོགས་ཆེན་གྱི་ས་ཆ་རང་གི་སྐད་བྱས་ཏེ་སྒྲ་བླངས་པ་ཡིན། དེ་ཚོ་ཉོན་དང་རང་གིས་བཏོན་པ་དང་གཅིག་པ་ཡིན། ད་དུང་འདོན་ལུགས་གཅད་སྟངས་ཀྱི་ཚིག་གི་འགྲོས་དང་། བརྡ་ལ་མ་བྱང་བའི་མི་ཞིག་གིས་རང་གི་འདོན་པ་བས་ཀྱང་ད་དུང་གཞན་གྱི་འདོན་པར་ཉན་ན་གོ་ཆེ་བ་ཡིན། ད་ལོ་རང་རེའི་ཁས་ལེན་གྱི་གཙོ་བོ་ཀུན་བཟང་བླ་མའི་ཞལ་ལུང་ཚར་དེ་འདྲ་རེ་ལྟ་ནི་ཡིན་དེ་འདྲ་རེ་ཉན་ནི་ཡིན་ཟེར་རྒྱུའི་ཁས་ལེན་བྱེད་རྒྱུ་བྱེད། དེ་ལྟར་དུ་ཁས་ལེན་ཚང་མ་ཡི་གེར་རྒྱོབ་ཤོག ཀུན་བཟང་ཞལ་ལུང་གི་སྒྲ་ཐག་ཁྱིམ་ནས་སྒྲོགས་དང་སྤྱན་རིས་གཟིགས་དབང་བཤེས་གཉེན་གྱི་ཤ་ཚུགས་སུ་བྱོན་པ་རྫ་དཔལ་དགེ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་དབང་པོའི་ཐུགས་སྙིང་རྗེ་ཆེན་པོས་སྨོན་ལམ་དང་བྱིན་རླབས་ཀྱི་མཐུས་ནད་གདོན་བར་ཆད་ཞི། ཚེ་བསོད་དབང་ཐང་དར། ཆོ་ག་འགོ་མེད་རྔ་མེད་ཞིག་མི་རྒོད་བླ་རྒོད་འགའ་ཞིག་བརྒྱག་རྩེད་རྩེ་ཞོར་དུ་འདོན་པ་བས་དེའི་ནུས་པ་ཆེ་ན་མི་ཤེས། ཁྱད་པར་དུ་བཞོན་དཀར་པོ། མི་ཟོག་གི་ཉེར་འཚེ། བྱ་བའི་ལམ་འགྲོ་ཐམས་ཅད་ལ་གོ་གཅིག་ཆོད་ཀྱི་སྐུ་རིམ་དུ་འགྱུར་བར་ཐེ་ཚོམ་མི་དགོས། ད་ཐེངས་ཆོས་ར་འདིར་ཡོད་མེད་ལ་མ་ལྟོས་པར་སྡེ་དགོན་འདིའི་འདི་ཕྱི་སྐྱིད་སྡུག་གི་རེ་ལྟོས་ཀྱི་འོག་ཏུ་ཡོད་པའི་ཆོས་དད་པ་ཞིག་ཡིན་ཕྱིན་ད་ལོའི་ལོ་འདིའི་ནང་དུ་མི་རེས་ཀུན་བཟང་ཞལ་ལུང་ཚར་གསུམ་རེ་མ་མཐར་ཡང་བལྟ་རྒྱུ་ཉན་རྒྱུ་གང་བདེ་ཁས་ལེན་བྱེད་ཐུབ་ན་ཧ་ཅང་བཟང་ངོ་སྙམ། ངས་བཤད་པ་དེ་ཟེར་བ་མིན། དཔལ་སྤྲུལ་ཚང་གིས་གཤིན་རྗེ་སྒྲུབ་ཕུག་ནས་གསུངས་བཞག་པ་དེ་ཟེར་བ་ཡིན། གསོན་འདི་གང་གི་སྐུ་རིམ་དང་མ་ཤི་གོང་གི་སྐྱེ་རྟགས་གཉིས་ཀའི་གོ་ཆོད་པ་ཡིན། འདི་མ་བལྟས་མ་ཉན་ཕྱིན། མཐའ་གྱེན་ལ་མ་སོང་ན་སྡུག་གྱོང་རེད་ཅེས་སེམས་ཅན་བློས་གཏོང་རྒྱུ་ག་ལ་ཡོད། འོན་ཀྱང་མཐར་དགེ་རྩའི་ས་བོན་རེ་དེའི་རྒྱུད་ལ་མི་ཉམས་པར་ཤོག་ཅེས་སེམས་ཅན་ཐམས་ཅད་དང་མཉམ་དུ་སྙིང་རྗེ་སྒོམ་པ་མ་གཏོགས་གཞན་མེད་པ་ཡིན། ཚར་ཉི་ཤུ་རྩ་ལྔ་ཡན་ཆད་ལྟ་བར་ཁས་ལེན་བྱེད་མཁན་གྱི་མི་ལ་དཔའ་དར་གཟེངས་བསྟོད་དང་དགེ་འདུན་འདུས་པའི་དྲུང་དུ་བསྔོ་བ་དང་ཡི་རང་བྱེད་པ་ཡིན། འགའ་རེས་གསལ་པོ་ཞིག་ཐོས་མེད་པའང་ཡོད་སྲིད། ཡང་འགའ་ཞིག་གིས་ཚར་གསུམ་རེ་ཡན་ཆད་ངེས་པར་བལྟོས་གསུངས་པ་དེ་གང་ཡིན་ནམ་སྙམ་པ་དང་། ཡང་ཚར་ཉི་ཤུ་རྩ་ལྔ་བལྟ་དགོས་པ་དེ་གང་ཡིནནམ། ཅི་ཞིག་ལ་བལྟས་ན་དཔའ་དར་ཡོད་ཅེས་ཟེར་གྱིན་འདུག་གམ་སྙམ་མཁན་ཡོད་ན་མི་ཤེས། འགའ་རེས་ཤེས་པར་མ་ཟད་ཐོབ་ཚར་སྟེ་འབུམ་ལྔ་གསོག་བཞིན་ཡོད་པ་མི་ཉུང་བ་རྫོགས་ཆེན་གྱི་མི་སྐྱ་ཕོ་མོའི་ནང་ན་ཡོད། ལྟོས་དང་ཁྱོད་རང་ལ་ཕན་ཐོགས་ཆེན་པོ་ཞིག་ཡོད་ཟེར་བ་དེ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཡིན། མི་ཞིག་གི་མིང་དང་འདྲ་བར་ཀུན་བཟང་བླ་མ་ཞེས་མ་འབོད། ཀུན་བཟང་བླ་མའི་ཞལ་ལུང་ངམ། ཡང་ན་ཀུན་བཟང་ཞལ་ལུང་ཞེས་སྨོས། མཚན་ཆ་ཚང་སྨྲ་དགོས་པ་ཡིན། མི་གཞན་དག་ཞིག་གིས་བལྟས་ན་རྒྱུ་མཚན་ཤེས་པ་ཆོས་ལ་དད་གུས་ཡོད་པ་ཞིག་རེད་སྙམ་ནས་མིག་ལྟོས་ལེགས་པོ་ཞིག་ཏུ་འགྱུར་འགྲོ་བ་ཡིན། རོང་པ་འགའ་རེས་ཁོང་ཚོའི་ཡུལ་གྱི་བླ་མ་འགའ་རེར་ཡ་གི་རིན་པོ། མ་གིའི་རིན་པོ། ཞེས་སྨྲ་མོད། རིན་པོ་ཆེ་ཟེར་གྱིན་ཡོད་དང་། རིན་པོ་ཆུང་ཟེར་གྱིན་ཡོད་ཤེས་ཀྱང་མི་ཤེས། རིན་པོ་ཟེར་བ་ལས་རིན་པོ་ཆེ་ཞེས་སྨྲས་ན་ཚིག་གཅིག་གི་མང་ཉུང་ཅི་ཡོད། བརྡ་གོ་ངེས་པ་རེད། ཀུན་བཟང་ཞལ་ལུང་ལྡེབ་རིང་ལ་ལྟ་རྒྱུར་བདེ་རྒྱུ་མ་རེད། དེ་བས་དེབ་ཅན་སྟབས་བདེ་ཞིང་ཁུར་བདེ་བ་རེད། ཕྱུགས་རྫིར་སོང་ན་རུམ་དུ་བཅུག་ནས་འགྲོ་ཆོག་པ་ཡིན། ལོ་རྒན་གཞོན་ཚང་མས་ཡི་གེ་ཨེ་ཤེས་ལྟོས། ཡི་གེ་སྦྱོང་རྒྱུ་ལ་ངོ་ཚ་དགོས་པ་མ་རེད། དམ་པའི་སྐྱེ་སྤྲུལ་བསམ་བཞིན་དུ་སྲིད་པ་བཟུང་བ་ཐམས་ཅད་ཀྱིས་ཀ་ཁ་ད་གཟོད་སྦྱོང་དགོས་ན། རང་རེ་སོ་སོའི་སྐྱེ་བོས་སྦྱོང་ལོས་དགོས། སྦྱོང་རྒྱུར་ངོ་ཚ་མ་དགོས། མ་སྦྱངས་ན་ངོ་ཚ་བ་ཡིན། ཡིག་རྨོངས་པ་ནི་ས་ཆ་ཡར་ཐོན་ཅན་ཞིག་ལ་མཚོན་ན་ལོ་ལྔ་བཅུ་དྲུག་ཅུ་ཡན་ཆད་ཀྱི་སྐད་ཆ་རེད། རྒ་རྒས་ལོ་ལྔ་བཅུ་དྲུག་ཅུ་ཅན་དང་ལོ་བདུན་བཅུའི་ནང་ན་ཡོད་པ་ཚོས་ཀྱང་ཡི་གེ་སྦྱོངས་དང་ཕྱི་མ་དུད་འགྲོའི་ལུས་ལེན་མི་དགོས་པར་ཕན་པ་ཡིན། སྦྱོང་བ་བྱས་ན་མི་ཤེས་རྒྱུ་ཞིག་ཡོད་པ་མ་ཡིན། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་དང་། མ་བཅུས་བཀོད་མའི་ཆུ་ཡང་ཉམས་འགྱུར་ཞིང་། །བུས་ན་མེ་སྟག་ཕྲ་མོའང་མཆེད་འགྱུར་ལྟར། །བསླབ་ན་སྐད་ཅིག་རེའི་ཡང་བཟང་གོམས་འཕེལ། །བསྐྱུར་ན་སྔོན་གོམས་རྣམས་ཀྱང་བརྗེད་ནས་འགྲོ། །ཞེས་གསུངས་སོ། །དེས་ན་ཀུན་བཟང་ཞལ་ལུང་ཚར་ཅི་ཙམ་རེ་ལྟ་རྒྱུ་ཡིན་པ་ཐམས་ཅད་ཀྱིས་ཁས་ལེན་ཡི་གེ་རེ་གཞུང་ལས་ཁང་དུ་རྒྱོབ་ཤོག དེ་བཞིན་དུ་སྒོ་བཤས་སྤངས་པ་དང་སྒོ་ཟོག་ཚང་མ་ཚེ་ཐར་བྱེད་པ་ཚོས་ཡི་གེ་རྒྱོབ་ཤོག་དང་ཆོས་ར་ཆེན་པོའི་ཚོགས་མང་གིས་ཡི་རང་དང་བསྔོ་སྨོན་གྱིས་རྒྱས་འདེབས་བྱས་ན་དགེ་རྩ་འགྱུར་སྟོབས་ཆེ་བ་ཡིན། ད་ལྟའི་ས་འདི་ད་ལྟའི་མི་ཡིས་བཟུང་ཡོད་པས་རང་ས་ཨེ་བདེ་ཨེ་སྐྱིད་རང་གི་ལག་ན་ཡོད། མི་རང་གིས་བྱས་པས་གནོད་འཚེ་རང་གིས་སྔོན་འགོག་བྱ་དགོས། ཕྱི་འབྱུང་བཞིས་གནོད་འཚེ་དཀོན་མཆོག་གི་ནུས་པས་བཟློག་ཐུབ། ནང་རང་སེམས་འཁྲུལ་བའི་སྤྱོད་ངན་ཆོས་ཀྱིས་བཅོས་ལོས་ཐུབ། རྒ་རྒས་ཐམས་ཅད་ལོ་རྒྱུས་ཀྱི་འཕེལ་འགྲིབ་དང་སྤྱི་ཚོགས་ཀྱི་དར་རྒུད་མང་པོ་ཞིག་གི་ཉམས་སད་ཀྱི་ནང་ནས་མེ་རབ་ཆུ་རབ་བརྒལ་ནས་ཡོང་བ་ཤ་སྟག་ཡིན། ཤེས་པ་རྒྱ་མ་ཆེ་ནའང་མྱོང་བ་གྲངས་མང་བ་ཡིན། ཚེ་ཕྱི་མའི་རི་མགོར་རྒྱང་ལྟ་བྱེད་པ་རྐྱང་རྐྱང་གིས་སྤྱོད་ངན་ཞིག་བུ་ཚ་བོ་ལ་ག་ལ་སློབ། ལོ་ཉུང་རྣམས་ཀྱིས་ཀྱང་འདང་རེ་བརྒྱབ་ན་དགོན་པ་མ་བདེ་ན་སྡེ་བ་མི་བདེ། ཡུལ་དགོན་གད་པ་ལྟག་འོག །བེའུ་ལུག་དཔུང་ཤ་མགོ་འབྲེལ། །ཟེར་བ་ཡིན་ཞིང་། དེ་བཞིན་དུ་སྡེ་པ་སྤྱི་ཁྱབ་མ་བདེ་ན་གང་ཟག་སྒེར་བ་བདེ་རྒྱུ་ཡོད་པ་མ་ཡིན། མཚོ་མ་བདེ་ན་ཉ་སྲམ་ཇི་ལྟར་བདེ། གཞིས་ཕ་ཁྱིམ་མ་བདེ་ན་པང་བུ་རྒྱུད་བདེ་བ་མ་ཡིན། དེས་ན་སྡེ་དགོན་ཡུལ་གང་ཡིན་ཡང་རེ་རེ་མཉམ་དུ་ཚོགས་པའི་ཚོགས་པ་ཞིག་རེད། རང་ཡག་ན་བཟང་ན་བསམ་ནི་ཞིག་མ་གཏོགས་སྡུག་ན་མཐའ་ན་བསམ་པ་ཞིག་སུ་ཡོད། ཡག་ན་བསམ་ན་ཡ་རབས་བཟང་པོ་ལ་སློབས། རྐུ་མ་བྱེད། རྫུན་མ་བཤད། རྒྱུ་འབྲས་དྲང་པོའི་ལམ་ལོངས། གཞན་ལ་ཕན་སེམས་གྱིས། སྐད་ཆ་འཇམ་པོ་ཤོད། མི་གཤིས་ངན་དང་ཐུག་ན་ཁོ་རང་གི་ནང་ཆ་ཕྱིར་དྲུད་ནས་འགྲོ་བཞིན་ཡོད་པས། ཁྱོད་ཀྱིས་དེའི་ངན་པའི་ཁ་མ་སློགས། ངན་པ་འདྲ་འདྲ་ཐུག་དུས། བོང་བུས་འཕྲ་རྡུང་བཀྱེ་ལེ་འདྲ། །ན་ལེ་ཚ་ལེ་གཉིས་ཀ་ཡིན། །གཟེར་ལེ་སྡུག་ལེ་གསུམ་ཁ་ཡིན། ཞེས་པ་ལྟར་རེད། སྐྱེས་པ་ཕོ་ཞིག་ཡིན་ན་ཕོ་ཁོག་དེ་རྨ་ཁོག་འདྲ་ཞིག་དགོས། བརྒྱ་ཤོང་སྟོང་ཤོང་ཞིག ཕོ་སེམས་དེ་རྨ་རྒྱལ་འདྲ་ཞིག་དགོས། བསྒུལ་རྒྱུ་དཀྱོག་རྒྱུ་མེད་པ་ཞིག ཁ་རྐུབ་གཉིས་ཀར་ཐུག་སོང་བ་སྤྲང་པོའི་རྫ་ལུ་དང་འདྲ་བ་ཡིན། ཁ་དང་མཐིལ་ཞེས་པ་ཞིག་མེད་པར་ཤར་སེ་བུད་འགྲོ་བ་ལྕུམ་སྡོང་གི་རང་བཞིན་ལྟ་བུ་ཞིག་མི་རུང་ངོ་། །དེས་ན། མི་ལ་གཏམ་ཡོད་པ། གཏམ་ལ་མནའ་ཡོད་པ། བསམ་ན་སྤྱི་སེམས་མ་གཏོགས་མི་བསམ་པ། སྒྲུབ་ན་སྤྱི་ལས་མ་གཏོགས་མི་སྒྲུབ་པ། མི་ལྷག་བསམ་རྣམ་དག་ཅན་ཞིག་བྱེད་དགོས། མི་དེའི་རིགས་ནི་བྱ་བརྒྱ་འཁོར་སའི་བྲག་དཀར། བྱིའུ་བརྒྱ་འཁོར་སའི་ཚེར་ཕུང་ཟེར་བ་ལྟར་ཡིན། ཚེ་འདིར་བདེ། ཕྱི་མར་སྐྱིད། རང་བདེ་གཞན་སྨོན་ཡིན། ཅི་འདྲ་ཞིག་བྱེད་པར་རང་ལག་ཏུ་ཡོད་པས། བྱ་བ་འཆུག་མི་རུང་། འཇིག་རྟེན་གྱི་བྱ་བ་སྒོར་རྡོག་འགའ་རེས་དོན་དུ་ཅི་ལྟ་བུའི་དཀའ་ལས་ཤིག་རྒྱག་དགོས། ཚེ་འདི་ཕྱི། རང་གཞན་གཉིས་དོན། དམ་པའི་ལྷ་ཆོས་སྒྲུབ་པར་སྙིང་རུས་ཅུང་ཟད་ཅིག་བྱེད་ལོས་དགོས། ཕ་དམ་པ་སངས་རྒྱས་ཀྱིས། སྙིང་རུས་མེད་པའི་མི་ལ་སངས་རྒྱས་དཀོན། །དཀའ་བ་དང་དུ་ལོངས་ཤིག་དིང་རི་བ། །ཞེས་གསུངས་སོ། །ཕོ་ཐ་མས་ཆོས་ཀྱང་མི་འགྲུབ་ལ་འཇིག་རྟེན་ཡང་མི་འགྲུབ། འགྲུབ་མཁན་དེས་ཆོས་འཇིག་རྟེན་གཉིས་ཀ་འགྲུབ། དེས་ན་རང་གི་རང་ལ་འདང་ཞིག་བརྒྱབ་ན་ཚེ་མཇུག་ཐུང་ཐུང་ལུག་གི་རྔ་མ་ཙམ་པོ་དེ་ཇི་ལྟར་བྱས་ཀྱང་ཅིག་རེད་འགྲོ་བ་རེད། ཤིང་མགོའི་བྱ་དང་ས་འོག་གི་བྱི་ལོང་ཚོས་ཀྱང་ཁ་སོས་ནས་འགྲོ་བཞིན་ཡོད་པ་ཡིན། ཐག་རིང་རྒྱུས་མེད་འཇིག་རྟེན་ཕྱི་མའི་ལམ་དུ་གཅིག་པར་འགྲོ་དུས་ཅི་ཞིག་གིས་དགའ་འདུག་ཟེར་ས་ཙམ་ཡང་མེད། དེའི་འདང་ད་ནས་ཕོག་དགོས། ཚེ་འདི་ཕྱི་གང་ལ་བསམ་བློ་བཏང་ན་ཅི་དཀའ་གང་དཀའ་རེད་རྐྱང་རྐྱང་སྙམ་སྟེ་སེམས་བསམ་པའི་མུན་མགོ་རུབ་ཀྱིན་བསྡད་པ་ཙམ་གྱིས་དེའི་ངང་དུ་ཅི་ཡང་མི་འགྲུབ་པར་ཤི་འགྲོ་བ་ཡིན། དེ་བས་ད་ནས་དགེ་སྡིག་བླང་དོར་རེ་འཛེམ། ཡ་རབས་ཀྱི་མི་ལུགས་དང་དམ་པའི་ལྷ་ལུགས་ལ་སེམས་ཁ་ཕྱོགས་ཏེ་འབད་པ་རེ་བྱས་ན། དགེ་བ་སྣ་རེ་ཡིན་ཀྱང་སོགས་ནས་ཤེས་རྒྱུད་ཆོས་ཀྱིས་གང་སྟེ་ཕྱི་མར་སྐྲག་མི་དགོས་པ་ཞིག་འགྱུར་རྒྱུ་བྱེད་རྒྱུ་གཉིས་ཀ་ཡོད། དེའི་རིག་ལ་ས་ཆ་འདིའི་ཁ་སྐད་བྱས་ན་ཤི་སྐྲག་གསོན་སྐྲག་ཟེར་བ་ཡིན། གནའ་སྔོན་མ་རྫོགས་ཆེན་པའི་མི་བཟང་པོ་འཇིག་རྟེན་བསྒྲུབས་ནས་གྲགས་པ་ཐོབ་མཁན་ཚོ་མང་ཆེ་བ་ལོ་ཚོད་གང་འཚམས་ལ་ཐོན་དུས་འཇིག་རྟེན་བློས་བཏང་སྟེ་རི་ཁྲོད་དུ་སོང་ནས་ཆོས་པ་རྣམ་དག་བྱེད་འགྲོ་བ་མང་པོ་ཡོད་པ་ཡིན། ལོ་ན་རྒན་གཞོན་མི་རབས་སྔོན་རྗེས་ཀྱི་སྟེང་ནས་ངེད་ཚོ་གནའ་མྱི་འགྱུར་བཞིན་ཡོད། ཁྱད་པར་དུ་རྫོགས་ཆེན་ཚང་གི་བསྟན་པའི་ངོས་ནས་མ་ཡིག་གསོན་པོ་ཞིག་ཡིན་ལ། དེ་ལོ་འབྲོག་རུའི་ས་གྱོད་ཐུག་པའི་སྐབས་སུ་ཐེངས་མང་པོར་མི་རྡུང་ཁྱི་རྡུང་བྱེད་ཀྱིན་ཡོད་དུས་ང་ཤྲཱི་སེང་དུ་མཚམས་ལ་བསྡད་ཡོད་སྐབས་ཤིག་ཡིན། ཉིན་ཞིག་ལ་རང་སྐྱོང་ཁུལ་གྱིས་ཛ་དྲག་གི་བརྡ་ཡིག་ཅེས་པ་ཞིག་ཐོན་ནས་གནངས་ཉིན་དར་རྩེ་མདོ་ལ་ཐོན་པར་གྱིས་ཤེས་སྨྲས་སོང་། གནངས་ཉིན་ལ་ཐོན་མ་སོང་། རྗེས་སུ་མཚམས་སྔ་གྲོལ་བྱས་ཏེ་སོང་བ་ཡིན། སོང་དུས་ཁྲིམས་སྲིད་ཀྱི་སྐད་ཆ་ལྗིད་མོས་གནོན་ཤུགས་སྤྲད་འདུག ངས་སྨྲས་ཏེ་རྫོགས་ཆེན་ནས་ལྡིར་སྒྲ་ཆེན་པོ་ཞིག་གྲག་ན་ང་ཡིན་སྣང་ཤར་གྱིན་མ་འདུག་མ་གཏོགས་ང་མ་ཆགས་གོང་ནས་རྫོགས་ཆེན་ཆགས་ཡོད། ཅེས་བཤད་པ་ཡིན། དེ་སྨྲས་པ་ལྟ་བུ་ས་འདིའི་ཐོག་གི་གནས་ཚུལ་ཚང་མའི་འཇིག་རྟེན་བྱེད་པོ་ང་མ་ཡིན་མོད། བླ་རབས་གཉིས་ཀྱི་བསྟན་སྲིད་ཀྱི་མ་ཡིག་ངོ་མ་ཡིན་ལ། དེ་ཟེར་དུས་མིའི་སྐད་ཆ་ཞིག་བཤད་ཚད་པོ་རང་བསྟོད་གཞན་སྨོད་ཁོ་ན་ཡིན་ཞིང་། ཕོ་བྱས་རབས་བཅོ་བརྒྱད་བཀད་རབས་ལོས་ཡིན་བསམས་ན་མ་ཡིན། སོ་སོའི་སྐྱེ་བོའི་ལས་ཀ་ཚང་མ་ལོང་རྙབ་ཡིན་པ་རེད། ནོར་བ་ཅི་འདྲའི་མི་མང་། གཞན་དབང་ལ་སོང་། རྐྱེན་དབང་དུ་ཤོར་བ་དེ་བས་ཡོད་པ་ཡིན། ཡིན་ནའང་དམ་པ་གོང་མའི་ཐུགས་བསྐྱེད་སྨོན་ལམ་དང་རྫོགས་ཆེན་ཚང་གི་ལྷ་དང་ཆོས་སྐྱོང་ཁ་དང་ལག་པར་འབྲལ་མ་མྱོང་ཟེར་ན་ཆོག མཚམས་རེར་མིའི་ལས་ཉེས་ལ་ལྷ་ཡིས་བཀའ་བཀྱོན་དང་ཉེས་རྡུང་ལུས་ཐོག་ཏུ་རིག་རིག་བལྟས་བལྟས་ལ་ཡོང་མྱོང་། ཡིན་ནའང་ལྷག་བསམ་གྱི་ཐད་ནས་ཕྱི་བཀྱེད་བྱས་མེད་བསམ་རྒྱུ་དེ་དམ་པ་གོང་མ་ཚོ་དང་ཞལ་མཇལ་ཕོད་རྒྱུ་དེ་ཉིད་སེམས་གཏིང་ཞེ་ན་ཡོད་པ་གཅིག་པུ་དེ་རེད། དེ་འདྲ་བྱས་ནས་བཤད་ཡོང་དུས་བསྟན་སྲིད་ཆགས་འཇིག་དང་ལོ་རྒྱུས་ཀྱི་གནས་ཚུལ་རྒས་པ་ལོ་ལོན་ཚང་མས་ལོས་ཤེས་སྙམ་ན། དེ་ལ་ཕྱི་ནང་གསང་གསུམ་མང་པོ་ཡོད། ནང་དང་གསང་བའི་གནས་ཚུལ་ང་མ་གཏོགས་མི་ཤེས་པ་མང་པོ་ཡོད། འགའ་རེ་ཁྱེད་རྣམས་ཀྱིས་གོ་ན་ཧ་ལས་ཤིང་བསམ་ཡུལ་ལས་འདས་པ་ཡང་ཡོད་སྲིད། གང་ལྟར་ཡང་མདོར་ན་བུ་བཟང་ན་མི་ཚེ་ཆོས་ཀྱིས་སྐྱེལ་དགོས་པ་ཡིན། གྲོགས་དམ་པའི་ལེགས་བཤད་ཀྱི་བཟང་ཞིག་དང་མཐར་ཐུག་ཐོན་ས་ཐར་བའི་གྲོང་ཁྱེར་གྱི་དགའ་ཞིག་མེད་པས་དེ་ལ་བསྙེག་དགོས། དེ་མིན་ཅི་ལས་གང་བསྒྲུབས་ཐམས་ཅད་འཁྲུལ་བ་ཡིན། འཁྲུལ་བ་ཤ་སྟག་གི་ནང་དུ་འཁྲུལ་འགྲོ་བཞིན་ཡོད། འཁྲུལ་དེའི་ནང་དུ་ད་འཁྱམ་མི་རུང་། རང་རེའི་ལུང་བ་ལྷ་ལུང་བྱེད་དགོས། མི་ལྷ་མྱི་བྱེད་དགོས། ཕོ་ཐམས་ཅད་འཕགས་པའི་དགེ་བསྙེན་དང་མོ་ཐམས་ཅད་ཆོས་ཀྱི་ལྷ་མོ་རང་གིས་བྱེད་ཆོག མི་ཐམས་ཅད་ཆོས་པར་འགྱུར། འཇིག་རྟེན་ཡང་དག་གི་ལྟ་བ་ལ་དད། ཡ་རབས་སྤྱོད་བཟང་གི་རང་རྒྱུད་དུལ་ཡོང་དུས། ཁ་ལས་ཀླུང་རྟ་བྱ་བ་ལམ་འགྲོ་རང་ཤུགས་ཀྱིས་ཐོན་ཡོང་བ་ཡིན། དེའི་སྐབས་སུ་སྲུང་མ་ལྷག་ཏུ་མ་མཆོད་ནའང་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་གིས་ཁ་མགོན་སྡོང་གྲོགས་རང་ཤུགས་ཀྱིས་མཛད་ཡོང་བ་ཡིན། དེ་ལས་གཞན་བྱ་བ་སྡུག་རིགས་སྡུག་ཚད་དང་རྒྱུ་འབྲས་ཉི་མ་རེ་རེ་བཞིན་སྣོག་བཞིན་སྡོད་དང་སྲུང་མ་གཤེད་དུ་བབས་ནས་མི་འདོད་སྣ་དགུ་ཉོས་བསྡད་པ་འདྲ་ཞིག་ཐོག་ཏུ་ཐོན་ཡོང་བ་ཡིན། དེའི་སྐབས་སུ་རྒྱབ་ཆོག་ཅིག་གློ་བུར་དུ་བརྒྱབ། འུ་ཐུག་དུས་གཞན་ལ་དྲིས། ཤི་རན་དུས་གཟེར་བརྩེགས་པ་ཞིག་གིས་ཕན་ཐོགས་ཆུང་བ་ཡིན། ཆོས་ཉན་དུས་ཉན་ལུགས་ཤེས་དགོས། དད་དང་གུས་པས་ཉན། རང་ལ་ནད་པ། ཆོས་ལ་སྨན། བླ་མར་སྨན་པ། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་ལ་སོགས་པ་མདོ་སྡོང་པོ་བཀོད་པའི་ལུང་དོན་ལྟར་དུ་བྱས་ན། རིན་པོ་ཆེའི་གཏེར་ཁ་ཆེན་པོ་ཞིག་གི་སྒོ་ཕྱེས་ནས་བསྡད་ཡོད་ས་ཞིག་ལ་ཐོན་སོང་བ་འདྲ་ཞིག་ཡིན། ཆེ་ཐུབ་ཆེ་ཡིས་འཚེངས། ཆུང་ཐུབ་ཆུང་གིས་འཚེངས། མདོར་ཆེ་ཆུང་མ་གཏོགས་ལག་སྟོང་དུ་འགྲོ་དགོས་པ་མ་རེད། ཆོས་ཞུ་ལུགས་མ་ཤེས་ན་སྨན་དུ་མ་སོང་དུག་ཏུ་སོང་ནས་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་པ་འང་ཡོད། དེས་ན་འགོ་ནས་བཤད་པའི་ཀུན་སློང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་སྤྱི་དང་། ཁྱད་པར་དུ་ལེགས་སྨོན་དང་འཇིགས་སྐྱོབས་སོགས་མ་ཡིན་པ་ཞིག་གིས་སྙིང་ནས་ཐར་བ་དོན་གཉེར་གྱི་བློ་དང་ཀུན་སྤྱོད་བཟང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བ་ཞིག་བྱས་ཏེ་ཉན་དགོས། དེ་ལ་གང་ཞིག་གསན་པར་བྱ་བ་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་ཡིན། འདི་ལ་ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་འཇུག་གི་དོན་དང་གསུམ་ལས་ཀླད་ཀྱི་དོན་སོང་ནས་གཞུང་དོན་ཡིན། གཞུང་དོན་དེ་ལ་ཡང་ས་བཅད་ཆེན་པོ་གསུམ་གྱིས་ཆིངས་ཀྱི་བཅིངས་པའི་ནང་ནས་དང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་འུ་ཚོས་སྡོམ་ཚིག་བྱས་ན། རྟེན་རྒྱུ་གྲོགས་རྐྱེན་བྱས་ནས་གོ་བརྡ་འཕྲོད་བྱེད་དུ་བཤད་བཞིན་ཡོད། དེའི་ནང་ནས་རྟེན་ཚོགས་ཞིང་གསལ་འདེབས་པ་སོང་ནས། གཉིས་པ་རྒྱུ་དགེ་རྩ་དཔག་དུ་མེད་པ་སྒོ་དུ་མ་ནས་གསོག་པ་འཆད་པའི་སྐབས་སུ་རེད། དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་དྲུག་ཡོད། དྲུག་པོ་དེ་གང་ཡིན་ཞེ་ན། ཡན་ལག་བདུན་པའི་ནང་གི་བསྔོ་བ་མ་གཏོགས་པ་དེའི་སྔོན་གྱི་ཡན་ལག་དྲུག་པོ་དེ་ཡིན། བསྔོ་བ་ས་བཅད་སོ་སོར་བྱས་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་བཞི་བ་དེ་ཡིན་ལ། དེའི་རྐྱེན་གྱིས་ཟུར་དུ་བཤད་པ་ཡིན། དེ་ལྟར་ཡན་ལག་དྲུག་གི་ནང་ནས་ཁ་སང་ཡན་ཆད་ངེད་ཚོས་ཕྱག་འཚལ་བ་སོང་ནས། དེ་རིང་མཆོད་པ་འབུལ་བའི་ཡན་ལག་ཡིན།

གཉིས་པ་མཆོད་པ་འབུལ་བའི་ཡན་ལག

བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་བའི་མཆོད་པ་ཅི་མཆིས་པ། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གདོད་ནས་གྲུབ་པ་སྟོང་གསུམ་འཇིག་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །ཞེས་གསུངས་ཏེ། མཆོད་པ་འབུལ་བའི་ཡན་ལག་ཚིག་དེ་དག་གིས་བསྟན་ལ། འདི་ལ་དབྱེ་ན། དངོས་སུ་འབྱོར་བའི་མཆོད་པ་། ཡིད་ཀྱིས་སྤྲུལ་བའི་མཆོད་པ། གདོད་ནས་གྲུབ་པའི་མཆོད་པ་དང་གསུམ་གྱི་ཐོག་ནས་གསུངས་བཞིན་ཡོད་པ་ཡིན། དེའི་ནང་ནས་དང་པོ་དངོས་སུ་འབྱོར་བའི་མཆོད་པ་སྟེ། བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་བའི་མཆོད་པ་ཅི་མཆིས་པ། གསུངས་པའི་ཚིག་རྐང་གཉིས་ཀྱིས་བསྟན། མི་སྐྱ་ཕོ་མོ་རྣམས་ཀྱིས་ཚིག་རྐང་དང་ཤོ་ལོ་ཀ་ཟེར་རྒྱུ་དེ་ཚོ་ཅི་ཞིག་ལ་ཟེར་བ་ཡིན་མི་ཤེས་སྙམ་ན་མི་ཤེས་མོད། བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས་གསུངས་པ་ལྟ་བུའི་ཚིག་ལྷུ་རེ་ནི་རྐང་པ་རེ་འོ། །དེ་འདྲ་བཞི་ཚང་པ་ནི་ཤོ་ལོ་ཀའོ། །ཚིག་བཞི་བའི་ཚིགས་སུ་བཅད་པ་གཅིག་ཅེས་ཀྱང་བརྗོད་ཆོག དེ་འདྲ་མང་པོ་ཕྱོགས་སྡོམ་བྱས་པ་ལ་བམ་པོ་དང་ལེའུ་ལ་སོགས་པའི་ཆོས་ཚན་དུ་ཕྱེ་བཞིན་ཡོད་པ་ཡིན། བདག་གི་ལུས་དང་ལོངས་སྤྱོད་དགེ་རྩ་གསུམ་པོ་འདི་ལ་ཡོངས་སུ་བཟུང་བའི་གཞི་གསུམ་ཞེས་བྱ། ཡོངས་སུ་བཟུང་བའི་གཞི་གསུམ་ཞེས་པའི་དོན་ཞེ་ན། བདག་གིར་འཛིན་བྱ་དཔེར་ན་ངའི་ཡིན་ཞེས་བརྗོད་ཚེ་དངོས་པོ་ཐམས་ཅད་ཀྱི་འགོར་ངའི་ཞེས་པའི་ཚིག་ཅིག་གམ་བདག་ཅེས་པའི་ཚིག་སྦྱར་ཏེ་ཚིག་གི་འགོ་གླེང་དུས་ནས་དམ་ཤར་རེ་བ། དེ་ཁྱོད་ཀྱི་རེད། འདི་ངའི་རེད་ཅེས། ངའི་ཞེས་པའི་ཚིག་གིས་གསལ་ཤག་ཤག་བྱས་ཡོད། བདག་གི་ལུས་པོ་འདི་ཡི་གཅེས་ཤིག་དང་དམར་ཞིག་མེད། འདི་ཁོ་ནའི་དོན་དུ་བདེ་ཐབས་སྐྱིད་ཐབས་གཉིས་ཀ་མི་ཐོན་པས། ལུས་བེམ་པོ་ཞིག་ཡིན་ཡང་སེམས་ཀྱིས་དེ་ལ་བདག་བཟུང་བྱས་པས་བེམ་ཤེས་འབྲེལ་ནས་ཤ་ཁྲག་དྲོད་དབུགས་ཀྱི་བདག་ཉིད་ཅན་དུ་གྲུབ་ཡོང་བ་ཡིན་པས། འདིར་འདང་ཆེན་བྱེད་པའི་གཙོ་བོ་ལྟ་བུ་ནི་ལུས་འདི་ཡིན། དེ་ལ་དགོས་པའི་མཁར་ཁང་པ། རྒྱན་ཅ་ལག ཆས་གོས་ཡོ་བྱད། རྟ་ནོར་ལུག་གསུམ། གསེར་དངུལ་ལ་སོགས་པ་རིན་ཆེན་གྱི་རིགས་གང་ཡོད་ཀྱང་མི་མཁོ་རྒྱུ་ཞིག་ཡོད་པ་མ་ཡིན། མི་འདོད་ཆེན་ཞིག་གིས་གཞན་གྱི་ལག་ན་རྡོ་རིལ་རིལ་ལེགས་པོ་ཞིག་ཡོད་ཀྱང་དེ་དེའི་ལག་ནས་ཨེ་ལོན་བལྟས་ཏེ་བེད་སྤྱོད་ཅི་ཡང་མེད་ཀྱང་ཉར་ཚགས་བྱེད་འདུག་པ་ཡོད། ཡོད་པོའི་གསེར་དངུལ་རྟ་ཟོག མེད་པོའི་རས་ཁ་དར་མཆུ། ཅི་ཡང་མེད་ཀྱང་དྲ་རས་སྐུད་པ་ཡན་ཆོད་བསྡུས་ནས་ཙིག་ཚང་གསོག་གསོག་བྱེད་པ། བདག་འཛིན་གྱིས་མི་གཏོང་བའི་ལོངས་སྤྱོད། བདག་འཛིན་གྱིས་ང་དང་ངའི་ཟེར་འདུག་ཡུལ་དེ་ནི། ལུས་དང་ལོངས་སྤྱོད་གཉིས་ཀ་ཡིན། དེའི་སྟེང་དུ་ཅུང་ཙམ་རིན་ཐང་ཅན་ཞིག་ཡོད་པ་དེ་གང་ཞེ་ན། དུས་གསུམ་དུ་བསགས་པའི་དགེ་ཚོགས་དགེ་བའི་དངོས་པོ་སྟེ། ཆེ་ས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་རྫོགས་སྨིན་སྦྱོང་གསུམ་བྱས་པ། བསྐྱེད་རྫོགས་བཟླས་བརྗོད། དཀོན་མཆོག་ལ་མཆོད་པ། སེམས་ཅན་ལ་སྦྱིན་པ་རླབས་ཆེན་བཏང་བ། འབྲིང་ས་ནས་སྲོག་བསྐྱབས་པ། ཚུལ་ཁྲིམས་སྣ་རེ་ཡན་ཆད་བསྲུངས་བ། གཞན་དགེ་བར་བསྐུལ་བ་ལ་སོགས་པ་དང་། ཆུང་ས་ནས་བསམ་པ་བཟང་པོ་ཙམ་དང་། དགེ་སེམས་སྐད་ཅིག་མ་རེ་སྐྱེས་པ་ཡན་ཆད་ཀྱི་དགེ་ཚོགས། མདོར་ན་ཡོངས་སུ་བཟུང་བའི་གཞི་གསུམ་པོ་དེ་དང་། ད་དུང་དངོས་འབྱོར་གྱི་མཆོད་པ་སྟེ། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་ཕྱི་ནང་གསང་བའི་རིགས་སུ་གྱུར་བའི་དངོས་པོ་རང་ཉིད་ཀྱིས་འཛོམས་ཚོད་ནུས་ཚོད་ཀྱིས་མཆོད་པ་འབུལ་དགོས། ཁ་ལག་གཙང་མས་མཆོད་པ། །ཁ་སེམས་དཀར་པོས་རྒྱས་འདེབས། །ཟེར་བ་རེད་མོད། འབྱོར་འཁོའི་ཆེ་ཆུང་དང་རྒྱུ་ཤེད་ཆེ་ཆུང་ཞིག་མ་རེད། བསམ་པ་རྣམ་པར་དག་ན་མཆོད་པ་རྣམ་པར་དག་པ་ཡིན། བསམ་པ་རྣམ་པར་མ་དག་ན་མཆོད་པ་རྣམ་པར་མ་དག་པ་ཡིན། མཆོད་པ་འབུལ་བ་ནི་སེར་སྣའི་གཉེན་པོ་ཡིན། མཆོད་པ་རྣམ་པར་དག་མ་དག་ནི། གཙོ་བོ་སེར་སྣ་ཡོད་མེད་ལ་ཐུག རྒྱལ་བ་སྲས་བཅས་ལ་ངེད་ཚོའི་ལུས་མི་གཙང་བའི་རྫས་སོ་དྲུག་གི་རྐྱལ་བ་འདི་དང་། ལོངས་སྤྱོད་འབའ་འབུལ་ལྷག་ལྷོག་འདི་དག་ནི་རྒྱལ་བ་སྲས་བཅས་ལྟ་ཅི་མི་གཙང་སྦྲ་ཅན་ཞིག་གིས་ཀྱང་ཕྱི་ལྟས་བྱེད་ས་མི་འདུག་བསམ་པ་འདྲ་ཞིག་དང་། དགེ་ཚོགས་རྣམ་དག་ནི་ཉིན་མོའི་སྐར་མ་ལྟ་བུ་དང་། དེའི་སྟེང་དུ་མཆོད་བཤམ་བྱིས་པའི་རྩེད་མོ་རྩེ་བྱེད་འདྲ་བ་ཞིག་ཡོད་པ་འདི་ལྟ་ཅི། སྟོང་གསུམ་རི་རབ་གླིང་བཞིའི་ལྷ་མིའི་ལོངས་སྤྱོད་ཕུལ་ནའང་། གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ། །གླིང་བཞིའི་ཕུན་ཚོགས་བསྟབས་ཀྱང་ཅི་བགྱི་སྟེ། །གསུངས་པ་ལྟར། ཆགས་བྲལ་འཛིན་པ་དང་བྲལ་བའི་སྟབས་ཀྱིས་རྒྱལ་བ་སྲས་བཅས་ལ་མཁོ་ཉག་ཡོད་པ་མ་ཡིན། རང་གི་བསོད་ནམས་གསོག་པའི་ཆེད་དུ་རང་ཉིད་གང་ལ་དགའ་བའི་དངོས་པོ་ཡོངས་སུ་གཟུང་བའི་གཞི་གསུམ་གྱི་གཞི་བྱས་ཏེ་འབུལ་གྱིན་ཡོད་པ་ཡིན། གུ་རུ་རིན་པོ་ཆེ་བོད་ཡུལ་དུ་འབྱོན་རྩིས་བྱེད་དུས་བོད་ཀྱི་བློན་པོ་ཚོས་གསེར་ཕུལ་ཚེ། གུ་རུ་རིན་པོ་ཆེས་གནམ་ལ་གཏོར་དུས་བོད་ཀྱི་བློན་པོ་རྣམས་ཀྱིས་སེར་སྣ་ཤོར་བ་ཡིན། སེར་སྣ་ཤོར་བཞིན་ཡོད་པ་མཁྱེན་ནས་ཐུ་བ་བཟེད་གསུངས་ཏེ་ཟུར་ནས་ས་རྡོ་ཕྱག་སྤར་གང་རེ་བླང་སྟེ་གནང་ཡོང་བ་ཚུར་ཡོང་ནས་བལྟས་པས་གསེར་དུ་གྱུར་ནས་ཡོད། མེད་པོས་མེད་ཟེར་ནས་བལྟས་འདུག་རྒྱུ་ཡོད་པ་མ་ཡིན། དེ་སྔོན་མཆོད་སྦྱིན་མ་ཐུབ་པའི་དབུལ་པོའི་ལུས་བླངས་པས་ད་དུང་བསོད་ནམས་མ་བསག་ན་རྗེས་སུ་དེས་ཀྱང་སྡུག་ཅིག་འགྱུར་ངེས་པ་ཡིན། མཆོད་པའི་ཡོ་བྱད་རྒྱ་ཆེན་པོ་མེད་ནའང་སེམས་དག་པ་ཞིག་ཡོད་ན་ཆུ་གཙང་མ་ཡན་ཆད་འབུལ་ཆོག་པ་ཡིན། གནའ་ཡུལ་ཞིག་ན་ཁྱིམ་བདག་ཕྱུག་པོ་ལོངས་སྤྱོད་ཆེན་པོ་ཅན་ཞིག་ལ་གཡོག་མོ་རྒ་རྒས་ཞིག་ཡོད། ཁྱིམ་ཚང་རྒྱུ་ཆེ་ལ་སྙིང་རྗེ་མེད་ཅིང་སེར་སྣ་ཆེ་བ་ཞིག་ཡིན། གཡོག་མོས་ལས་ཀ་ལྕོགས་ཚོད་ནུས་ཚོད་ཀྱིས་ལས་བཞིན་ཡོད་ཀྱང་ཟས་ཟ་མ་ཡག་པོ་མི་སྦྱིན། གོས་གྱོན་རྒྱུ་ལེགས་པོ་མི་སྐོན། ད་དུང་དེའི་སྟེང་དུ་རྡུང་ངན་རྒྱག་བཙོག་ཁོ་ན་བྱས་ནས་སྡུག་བཀོལ་གྱིན་ཡོད། ཉིན་ཞིག་རྒན་མོས་སྡུག་བསྔལ་མ་བཟོད་པར་རང་སྲོག་གཅོད་དགོས་སྙམ་ནས་ཆུ་ལེན་སྣོད་ཀྱི་བུམ་པ་ཁྱེར་ཏེ་ཆུ་ལེན་དུ་སོང་བ་རེད། ཆུ་ཁར་ཐོན་ཏེ་ངུས་ནས་བསྡད་པར་འཕགས་པ་ཀ་ཏ་ཡ་ན་དེར་བྱོན་ནས་ཁྱོད་ཅིའི་ཕྱིར་ངུ་ཞེས་གསུངས་པས། མོ་རང་གིས་ལོ་རྒྱུས་ཐམས་ཅད་ཞུས་པས་འཕགས་པས་རྒན་མོ་ལ་ཁྱོད་ཀྱི་དབུལ་བའི་སྡུག་བསྔལ་རྣམས་བཙོང་མི་འཇོག་པར་ཅི་བྱེད་པ་ཡིན་གསུངས་དུས་རྒན་མོས་སུས་ཉོ་རྒྱུ་ཡིན། ཇི་ལྟར་བཙོང་དགོས་པ་རེད་ཞུས་ཏེ་ཡང་ངུ་བཞིན་བསྡད་པར། འཕགས་པས་གསུངས་པ། དབུལ་བ་ད་ལྟ་ད་ལྟ་བཙོང་ཆོག་པ་རེད། ཁྱོད་རང་གིས་ཁ་ལག་གཙང་མའི་ཁྲུས་ཞིག་བྱས་ནས་སྦྱིན་པ་ཐོང་གསུངས། རྒན་མོས་མོ་ལ་སྦྱིན་པ་གཏོང་ཡོང་རྒྱུའི་རྒྱུ་ལྷན་པ་མཁྲང་པོ་ཞིག་ཀྱང་མེད། ཆུ་ཁུར་སྣོད་ཀྱི་བུམ་པ་འདི་ནི་བདག་པོ་ཚང་གི་རེད་ཞུས་ཚེ། འཕགས་པས་ཁྱོད་ཀྱིས་ལྷུང་བཟེད་འདིར་ཆུ་གཙང་མ་ཞིག་བཅུས་ནས་ང་ལ་ཕུལ་དང་ཁོང་གིས་སྦྱིན་པའི་ཚིགས་སུ་བཅད་པ་ཞལ་འདོན་མཛད་གསུངས། རྒན་མོས་འཕགས་པས་གསུངས་པ་ལྟར་ཆུ་ཕུལ་བས། འཕགས་པས་སྦྱིན་པའི་ཚིགས་བཅད་གསུངས་ནས་ད་དུང་དེའི་སྟེང་དུ་བསླབ་ཚིག་གི་ཐོག་ནས་བསླབ་པ་གནང་སྟེ་སངས་རྒྱས་ཀྱི་མཚན་བསླབས་ཏེ་མཚན་བརྗོད་དུ་བཅུག སངས་རྒྱས་ཀྱི་མཚན་བཏོན་པའི་ཡོན་ཏན་དང་བསྔགས་བརྗོད་མཛད་དེ་རྒན་མོ་ཁྱོད་འདུག་སའི་ཁང་པ་ཅི་འདྲ་ཡོད་གསུངས་ཚེ། རྒན་མོས་མོ་ལ་འདུག་ས་ཞིག་ཡོད་པ་མ་ཡིན། ཁུག་ཀྱོག་གང་ན་ཡོད་ན་དེ་ན་ཉལ་འདུག་གི་ཡོད། མཚམས་མཚམས་ལ་ལུད་ཕུང་དེ་འདྲའི་སྟེང་དུ་ཉལ་འདུག་གི་ཡོད་ཞུས་པ་ཡིན། འཕགས་པས་ཁྱོད་རང་ཕྱིར་ལ་སོང་། སྔར་བཞིན་དུ་ལས་ཀ་ལས། མི་དགའ་བའི་སྣང་བ་མ་བྱེད། བདག་མོ་ཉལ་ཚར་དུས་ག་ལེར་སྒོ་ཕྱེས་ཏེ་དོ་དགོང་ཁྱོད་བདག་མོའི་ཁང་པའི་སྒོའི་ཕག་ཏུ་རྩྭ་གཙང་མ་ཞིག་བཏིང་ནས་དེར་གཞན་ཅི་ཡང་མ་དྲན་པར་སངས་རྒྱས་ཡིད་ལ་དྲན་བཞིན་དུ་ཉོལ་ཞིག་ཅེས་གསུངས། རྒན་མོས་འཕགས་པས་གསུངས་པ་ལྟར་བདག་མོ་ཉལ་ཚར་དུས་ག་ལེར་འཇབ་ནས་སྒོ་ཕྱེས་ཏེ་སྒོ་ཕག་ཏུ་རྩྭ་གཙང་མ་ཞིག་བཏིང་སྟེ་དེའི་སྟེང་དུ་སངས་རྒྱས་ཡིད་ལ་བྱས་ཏེ་ཉལ་བསྡད་པ་ཡིན། དེའི་དགོང་མོར་རྒན་མོ་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་ལྷས་སྲས་མོ་ཞིག་ཏུ་སྐྱེ་བ་བླངས། ཕྱི་ཉིན་བདག་མོ་ཡར་ལང་དུས་གཡོག་མོ་རྒན་མོ་ཁོ་རང་གི་ཁང་པའི་ནང་དུ་ཤི་ཡོད་པ་མཐོང་བས། ཁོང་ཁྲོ་བཞིན་སྡིགས་མོ་བྱེད་ཞོར་དུ་རྐང་པར་ཐག་པ་བཏགས་ནས་དུར་ཁྲོད་ཀྱི་ནང་དུ་དྲུད་འགྲོ་དགོས་ཐུག་སོང་པ་ཡིན། སྤྱིར་ལྷ་ཡུལ་དུ་སྐྱེས་པའི་དབང་པོ་རྣོན་པོ་རྣམས་ཀྱིས་ནི་རྐྱེན་ཅི་ཞིག་གིས་ལྷ་ཡུལ་དུ་སྐྱེས་པ་ཡིན་ཤེས་པ་ཡིན། དབང་པོ་རྟུལ་པོ་རྣམས་ཀྱིས་ནི་མི་ཤེས་སོ། རྒན་མོ་ལྷ་ཡུལ་དུ་སྐྱེས་ཀྱང་དབང་པོ་རྟུལ་པོ་ཡིན་པས་ལྷའི་བདེ་བར་ཆགས་ནས་འདུག་པ་མ་གཏོགས་རྒྱུ་རྐྱེན་ཅི་ཞིག་གིས་ལྷ་ཡུལ་དུ་སྐྱེས་པ་ཡིན་མ་ཤེས། དེའི་སྐབས་སུ་ཤཱ་རིའི་བུ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་བཞུགས་ཡོད་པས། ཁོང་གིས་སྤྲང་པོ་རྒན་མོའི་སྐྱེ་བ་ལྷའི་སྲས་མོ་ལ་སྔོན་གྱི་སྐྱེ་བ་ཤེས་ཕྱིར་དུ་བྱིན་རླབས་མཛད་པས་དེས་སྐྱེ་བ་སྔོན་མ་དྲན་ཡོང་བ་ཡིན། གྲོགས་ལྷའི་བུ་མོ་ལྔ་བརྒྱ་དང་བཅས་པ་དུར་ཁྲོད་དེ་ལ་སོང་ནས་རྒན་མོའི་རུས་པ་ལ་མཆོད་པ་ཕུལ་བས་ལྷའི་འོད་ཀྱིས་གྲོང་ཁྱེར་ཐམས་ཅད་ཁྱབ་ནས་ཚང་མས་ཤེས་པ་ཞིག་ཏུ་གྱུར། དེ་ནས་འཕགས་པ་ཀ་ཏ་ཡ་ནས་ཆོས་གསུངས་དེ་ཉན་ནས་རྒན་མོའི་སྐྱེ་བ་ལྷའི་སྲས་མོ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སྟེ་ཕྱིར་ལྷ་ཡུལ་དུ་སོང་། དེ་དག་མཐོང་ནས་སྔར་གྱི་རྒན་མོའི་གཡོག་བྱེད་སའི་བདག་མོ་ལ་སོགས་པ་སྐྱེ་བོ་མང་པོ་ཞིག་ངོ་མཚར་སྐྱེས་ཏེ་འཕགས་པའི་མདུན་ནས་ཆོས་ཉན་ཏེ་འཁོར་མང་པོ་ཞིག་ལ་གྲོལ་བ་ཐོབ་སོང་བ་ཡིན། སེམས་རྣམ་པར་དག་ན་དངོས་པོའི་འབྱོར་བ་ཆེ་ཆུང་ལ་ཐུག་པ་མ་ཡིན། མེད་པོས་མེད་ཚོད་དང་བསྟུན་ཏེ་བསོད་ནམས་དེ་ལྟར་གསོག་དགོས། གསོག་ཆོག་ལ། ཡོད་པོས་ཡོད་ཚོད་དང་བསྟུན་ཏེ་བསོད་ནམས་གསོག་དགོས། སྔར་བསོད་ནམས་བསགས་ནས་ད་ལྟར་ལོངས་སྤྱོད་ཀྱི་འབྱོར་བས་མ་དབུལ་པར་གྱུར་ཀྱང་། ད་ལྟའི་སྐྱེ་བ་འདི་ལ་མཆོད་པ་མ་ཕུལ། སྦྱིན་པ་མ་བཏང་ན་སྔར་བསགས་ཀྱི་བསོད་ནམས་ཕྲན་བུ་དེ་ཟད་ཚེ་ལོངས་སྤྱོད་ཀྱི་འབྱུང་ཁུངས་ཡོད་པ་མ་ཡིན། ཡང་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་འོད་མའི་ཚལ་ན་བཞུགས་ཡོད་དུས་ཤིག་ལ། རྒྱལ་པོའི་ཁབ་དང་འོད་མའི་ཚལ་གྱི་བར་ཞིག་ན་ཡི་དྭགས་མོ་ཉམ་ཐག་པ་ལྔ་བརྒྱ་ཙམ་ཞིག་ཉམ་ཐག་གིས་འོ་དོད་འབོད་ཀྱིན་ནམ་མཁའི་ཁམས་ལ་འཁོར་ནས་འདུག་སའི་གནས་མ་རྙེད་པར་ཡོད་པ་འཕགས་པ་མོའུ་འགལ་གྱི་བུས་གཟིགས་ཏེ། འཕགས་པ་མོའུ་འགལ་གྱི་བུ་དེ་རྣམས་ཀྱི་ཐད་དུ་བྱོན། ཡི་དྭགས་རྣམས་འཕགས་པའི་མདུན་དུ་ཡོང་སྟེ་ཚིག་མཐུན་པས་འདི་ལྟར་སྨྲས། ངེད་རྣམས་རྒྱལ་པོའི་ཁབ་ཀྱི་ཚོང་དཔོན་ལྔ་བརྒྱ་ཡིན། རྒྱུ་ལ་བདག་འཛིན་དང་སེར་སྣ་ཆེ་བས་མཆོད་པ་དང་སྦྱིན་པ་གང་ཡང་མ་བྱས། གཞན་ལ་སྦྱིན་དུ་མ་བཅུག སྦྱིན་པ་གཏོང་ས་རེར་ཐོན་དུས་བྱིན་པ་མེད་པའི་ཐོག་ཏུ་འདི་རྣམས་ཡི་དྭགས་ཞིག་དང་འདྲ་བར་གང་སར་ཐོན་མེད་ས་ཞིག་མི་འདུག་ཟེར་ནས་ངན་སྨྲས་བྱས། བཙུན་པ་ཆེན་པོ་ཁྱེད་ཀྱིས་ངེད་ཚོའི་ཉེ་འབྲེལ་རྒྱལ་པོའི་ཁབ་ན་ཡོད་པ་དེ་ཚོར་ངེད་རྣམས་ཡི་དྭགས་ལ་སྐྱེས་ཏེ་སྡུག་བསྔལ་མྱོང་གིན་ཡོད་པའི་ལས་རྣམ་སྨིན་དང་བཅས་པ་གསུངས་ཏེ། དེ་དག་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པའི་གནས་ལ་བཀོད་ནས་སངས་རྒྱས་དང་དགེ་འདུན་ལ་གུང་ཚིགས་ཕུལ་ཏེ། ངེད་རྣམས་ཀྱི་ཆེད་དུ་ཡོན་བསྔོས་ཤིག་ཅེས་ཞུ་རོགས་གྱིས་དང་ངེད་རྣམས་ཡི་དྭགས་ཀྱི་སྐྱེ་གནས་ལས་གཅིག་ཐར་ཐུབ་ན་ཅི་ཤེས། མོའུ་འགལ་གྱི་བུས་དེ་རྣམས་ཀྱི་ཉེ་འབྲེལ་དག་ལ་སྐད་བསྐུར་ཏེ་ཚང་མ་གསུངས་པ་ཡིན། ཉེ་བ་རྣམས་ཀྱིས་ཀྱང་དང་ལེན་བྱས་ནས། སང་ཉིན་སངས་རྒྱས་འཁོར་བཅས་སྤྱན་འདྲེན་རྒྱུ་ཡིན་པས། མོའུ་འགལ་གྱི་བུ་རྫུ་འཕྲུལ་དང་ལྡན་པ་ཡིན་པས་ཡི་དྭགས་རྣམས་ཀྱི་དྲུང་དུ་བྱོན་ནས། སང་ཉིན་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་འདྲེན་རྒྱུ་ཡིན་པས། ཁྱེད་རྣམས་སང་ཉིན་ཤོག་ཅིག་ཅེས་གསུངས་པ་དང་། ཡི་དྭགས་སུ་སྐྱེས་པ་དེ་དག་ལ་དེ་དུས་ཤོག་དང་མཐོང་ཐུབ་པ་རེད་ཅེས་གསུངས། ཉེ་བ་རྣམས་ལ་ཡང་དེ་ལྟར་གསུངས། ཕྱི་ཉིན་གྱི་གདུགས་ཚོད་ལ་བབ་དུས་སངས་རྒྱས་འཁོར་བཅས་བྱོན། དེའི་ཉིན་པར་ཞལ་ཏ་བ་མོའུ་འགལ་གྱི་བུས་མཛད་ནས་གཟིགས་པས། ཡི་དྭགས་རྣམས་ཡོང་རྒྱུ་མེད་འདུགམོའུ་འགལ་གྱི་བུས་མངོན་ཤེས་ཀྱི་རྩལ་ཅིི་ཡོད་ཀྱིས་གཟིགས་ཀྱང་ཡི་དྭགས་རྣམས་གར་ཡོད་གཟིགས་མ་ཐུབ། དེའི་ལོ་རྒྱུས་བཅོམ་ལྡན་འདས་ལ་ཞུས་པས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པའི་འཇིག་རྟེན་གྱི་ཁམས་མང་པོ་ཡོད་པ་རེད། དེ་འདྲ་ཞིག་ལ་ཡི་དྭགས་རྣམས་ལས་ཀྱི་རླུང་གིས་དེད་སོང་བ་རེད། འོན་ཀྱང་དེ་བཞིན་གཤེགས་པའི་སྟོབས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཆོག་པ་རེད། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་སྟོན་ཆོགཁྱེད་རང་གིས་དགེ་འདུན་བསྡུ་བའི་གཎྜི་རྡུང་ཤོག་ཅེས་གསུངས་པ་རེད། གཎྜི་བརྡུངས་ཏེ་དགེ་སློང་གི་དགེ་འདུན་ཐམས་ཅད་འདུས། དེ་བཞིན་དུ་ཡི་དྭགས་ཀྱི་ཉེ་བ་རྣམས་དང་ཡི་དྭགས་ལ་ལྟ་བསམ་པའི་མི་གཞན་དག་དང་བཅས་པ་ལྟད་མོ་ལ་འདུས། དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་ཆེན་པོས་ཆོ་འཕྲུལ་གྱིས་ཡི་དྭགས་རྣམས་ཀྱིས་སངས་རྒྱས་འཁོར་བཅས་ཀྱིས་མཆོད་པ་བཞེས་བཞིན་ཡོད་པར་མཐོང་། ཁོང་རྣམས་ཀྱི་དོན་དུ་ཉེ་བ་རྣམས་ཀྱིས་སངས་རྒྱས་འཁོར་བཅས་ལ་བསྙེན་བཀུར་བྱེད་བཞིན་ཡོད་པ་ཤེས་པར་མཛད། དེ་འདྲའི་རྫུ་འཕྲུལ་བསྟན། དེ་ནས་ཡི་དྭགས་རྣམས་དེའི་ལྷན་དུ་ཐོན་ཡོང་བ་རེད། དེའི་གྲལ་ནས་སངས་རྒྱས་ཀྱིས་ཆོས་གསུངས་ཡོན་བསྔོ་མཛད་པ་རེད། སྦྱིན་པ་འདི་ཡི་བསོད་ནམས་གང་། །དེ་དག་ཡི་དྭགས་རྗེས་སུ་སོང་། །ཡི་དྭགས་འཇིག་རྟེན་རབ་འཇིགས་ལས། །དེ་དག་མྱུར་དུ་ཐར་གྱུར་ཅིག །ཅེས་གསུངས་ནས་དགེ་བསྔོ་མཛད། གཞི་དེ་ལ་བསྟེན་ཏེ་དེ་དང་མཐུན་པའི་ཆོས་གསུངས་ནས་སེམས་ཅན་འབུམ་ཕྲག་མང་པོའི་སེར་སྣའི་དྲི་མ་སྤངས་ཏེ་བདེན་པ་མཐོང་། ཡི་དྭགས་ལྔ་བརྒྱ་བོ་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དགའ་སྟེ་དེ་མ་ཐག་ཏུ་ལུས་ངན་བརྗེས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་སྐྱེས། སྐྱེས་པ་དང་ལྷའི་མངོན་ཤེས་ཀྱིས་སྔོན་རྗེས་ད་ལྟའི་གནས་གསུམ་ལ་བརྟགས་ཏེ་མི་ཡུལ་ནས་ཞག་གཅིག་མ་ལོན་གོང་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དུ་ཡོང་ནས། ཆོས་ཉན་ཏེ་བདེན་པ་མཐོང་ནས་ཡང་ཕྱིར་ལྷ་ཡུལ་དུ་སོང་། དེའི་ཕྱི་ཉིན་བཅོམ་ལྡན་འདས་ཀྱིས་མོའུ་འགལ་གྱི་བུ་ལ་གསུངས་ཏེ། ཁྱོད་ཀྱིས་ཡི་དྭགས་མང་པོ་ལྷའི་གནས་ལ་བཀོད་པ་དེ་དག་མདང་དགོང་ངའི་གནས་སུ་ཐོན་ཏེ། ངས་ཆོས་བསྟན་ནས་དེ་རྣམས་ལ་འབྲས་བུ་ཐོབ་ནས་ཕྱིར་ལྷ་ཡུལ་ལ་སོང་ངོ་། ཁྱོད་ཀྱིས་ཞལ་ཏ་བ་བྱས་པ་དེ་ནི་དོན་ཆེན་པོ་དང་ལྟན་ནོ། ལེགས་སོ་ལེགས་སོ་ཞེས་གཟེངས་སྟོད་མཛད། མོའུ་འགལ་གྱི་བུས་ཡི་དྭགས་ཐམས་ཅད་ཀྱི་ཉེ་བ་དག་ལ་དེ་བཞིན་དུ་གོ་བར་མཛད། དེ་རྣམས་ཡ་མཚན་སྐྱེས་ཏེ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་བཀུར་སྟི་བྱས། དེ་རྣམས་ཀྱིས་རང་རང་གིས་བསོད་ནམས་ཀྱི་ས་བོན་བཏབ། དེས་ན་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་ལ་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་བསམ་པ་རྣམ་པར་དག་པས་འབུལ། དངོས་འབྱོར་གྱི་མཆོད་པའི་ཡོ་བྱད་ཅི་འབྱོར་བས་མཆོད། དུས་གསུམ་དུ་བསགས་པའི་དགེ་རྩ་དང་ཁྱད་པར་དུ་ད་ལྟའི་དགེ་རྩ་ཅུང་ཟད་རེ་འགྲུབ་པ་དེ། དགེ་རྩ་འཛད་པའི་རྒྱུ་བཞིས་དགེ་རྩ་འཇོམས་མ་སོང་གོང་ཡར་འབུལ་དགོས་པ་རེད། ཕུལ་ན་བཟང་བ་རེད། དེ་ཆུད་ཟོས་སུ་མི་འགྲོ་བར་མ་ཟད། དགེ་རྩ་གོང་འཕེལ་དུའང་འགྲོ་བ་རེད། དངོས་འབྱོར་གྱི་མཆོད་པ་ཞིག་ཕུལ་བ་ཁྲལ་སོད་མ། མཆོད་པ་ཡིན་པས་དྲག་སྙམ་ཏེ་ཐུད་ཀྱི་སྔོ་ས་དང་མར་གྱི་ཁ་ས་ལྟ་བུ་གཙོག་ས་སྡུག་ས་ནས་འབུལ་མི་རུང་། ཡག་ས་བཟང་སའི་ཕུད་འགོ་མ་དེ་དཀོན་མཆོག་གི་མཆོད་པ་ལ་འཇོག་དགོས། ང་ཚོས་ཆུ་ལེན་དུས་མཆོད་ཁ་གསུམ་རེ་འཕེན་སྲོལ་ཡོད་པ་དེ་རྒྱུན་སྲོལ་ཡག་པ་རེད། བསམ་པ་དག་ན་དེ་ཚོ་མ་གཏོགས་དགོས་པ་མ་རེད། གོང་གི་གཏམ་རྒྱུད་དང་འདྲ་བ་རེད། དུས་རྒྱུན་དུ་མཆོད་པ་འབུལ་རྒྱུ་འདི་གལ་ཆེ་བ་རེད། ས་སྙིང་འཁོར་ལོ་བཅུ་བའི་མདོའི་ནང་དུ། འཇིག་རྟེན་གྱི་ཁམས་ན་བདེ་སྐྱིད་བདེ་བའི་དངོས་པོ་ཡོད་ཚད་དཀོན་མཆོག་མཆོད་པའི་བསོད་ནམས་ལས་བྱུང་། བདེ་ཞིང་སྐྱིད་པར་འདོད་པས་ན་དཀོན་མཆོག་མཆོད་དགོས་གསུངས་པ་རེད། མཆོད་པ་འབུལ་བ་འདི་ལ་བཀའ་གདམས་པ་གོང་མ་རྣམ་པས་དངོས་པོར་མི་ཐོགས་དད་པ་གལ་ཆེ། དད་པ་ཡོད་ན་ཆུ་གཙང་མ་ཞིག་དང་མཎྜལ་ཞིག་གི་ཆོག་གསུངས་སོ། །མཆོད་པ་འབུལ་དུས་རང་གི་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་བའི་སྐུ་གཟུགས་མཆོད་རྟེན་གསུང་རབ་འདི་དག་ལ་མཆོད་ཚེ། དེ་དང་མཉམ་དུ་མངོན་སུམ་གྱི་སྤྱོད་ཡུལ་དུ་མ་གྱུར་བའི་སྐུ་གསུང་ཐུགས་རྟེན་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྐྱབས་གནས་དཀོན་མཆོག་གསུམ་པོ་ཐམས་ཅད་ལ་དམིགས་ཏེ། དེ་ཐམས་ཅད་ལ་མཆོད་པ་འབུལ་བའི་སེམས་ཀྱིས་འཕེན་པ་གཏོང་དགོས། རྒྱལ་བ་སྲས་དང་བཅས་པ་དེ་ཚོགས་གསོག་པའི་ཞིང་དང་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་རེད། མཆོད་པ་འབུལ་བའི་གོ་སྐབས་བྱུང་བ་འདི་བསོད་ནམས་ཆེན་པོ་རེད་བསམ་ནས་སེམས་སྤྲོ་བ་དང་བཅས་པས་མཆོད་པ་འབུལ་དགོས། ཡོན་ཆབ་ཅིག་བཤམས་ནའང་བདུན་ཚར་གཙང་མ་ཕྱིས། བདུན་ཚར་ལ་མཛུབ་རྗེས་འབབ་ཏུ་མི་བཅུགསྒྲིག་དུས་ཀྱང་ཕར་ཚུར་ཡོ་བ་དང་འཁྱོག་པ་ཆུ་བར་དུ་འབོ་ཡོད་པ་ལྟ་བུ་མིན་པར། ཆུ་གཙང་གི་ཡོན་ཆབ་གྲལ་འགྲིག་མོ་བྱས་ནས་བཤམས། བདུན་ཚར་ནང་གི་ཆུ་ཉི་མ་མང་པོར་མ་བརྗེས་པར་ཁ་དམའ་ནས་ཁར་ཐལ་བ་ཆགས་ནས་ཡོད་པ་དེ་འདྲ་མི་རུང་ངོ་། །དེའི་ཐོག་ཏུ་མཆོད་པ་འབུལ་སྐབས་མཆོད་སྤྲིན་གྱི་གཟུངས་དང་ཡན་ལག་བདུན་པ་ཚོ་དང་བསྒྲག་ན་ལེགས། མཆོད་པ་གཙང་མ་ཞིག་ཕུལ། སྤོས་དྲི་ཞིམ་ཅན་ཞིག་རྟེན་གྱི་མདུན་དུ་སྒྲོན། ཕྱག་གསུམ་འཚལ་ཏེ། ཉིན་བཞིན་བྱང་སྡོམ་ཐེངས་རེ་ལེན་ཐུབ་ན་ཅི་འདྲའི་མི་བཟང་ངམ། མར་མེ་ཕུལ་དུས། ཨོཾ་ཨཱཿཧཱུཾ། ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན། དཀོན་མཆོག་རིན་ཆེན་རྣམ་གསུམ་རྟེན་དང་བཅས། །བསོད་ནམས་བསགས་པའི་ཞིང་མཆོག་བཞུགས་གསོལ་འཚལ། །མ་ལུས་དེ་དག་ཀུན་ཀྱི་སྤྱན་ལམ་དུ། །སྣང་གསལ་མར་མེ་མཆོད་པ་འདི་འབུལ་བས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མ་རིག་གཏི་མུག་རྨོངས་པ་ཀུན་བསལ་ནས། །ཀུན་མཁྱེན་ཡེ་ཤེས་སྣང་བ་ཐོབ་པར་ཤོག །ཅེས་དང་། དེའི་སྟེང་དུ་བུདྡྷ་ཀ་ལ་ཨ་ཛྭ་ཏེ༔མར་མེ་འབུམ་དུ་འགྱུར་བར་ཤོག༔ཅེས་སྨོན་ལམ་སྔགས་དང་བཅས་པ་ཚར་བདུན་རེ་ཡན་ཆད་ཐོན་དང་འགྱུར་སྟོབས་ཆེ་བ་རེད། དགེ་སྦྱོར་གང་བྱས་ན་མཇུག་ཏུ་བསྔོ་བ་ཡོད་དགོས་པ་དེ་སྨྲོས་ཅི་དགོས། མཆོད་པ་ཕུལ་བའི་ཕན་ཡོན་ལ་བསམ་བློ་བཏང་ན། གནའ་སྔོན་མ་ཞིག་ལ་ཁྱིམ་བདག་ཞིག་གིས། སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ཞིག་ལ་མེ་ལོང་དང་སྤོས་མེ་ཏོག་བཅས་ཀྱིས་མཆོད་པ་ཕུལ་ཞིང་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ་རེད། སངས་རྒྱས་ཤཱཀྱ་ཐུབ་པའི་དུས་སུ་གྲོང་ཁྱེར་སེར་སྐྱའི་གནས་སུ་ཁྱེའུ་གསེར་འོད་ཅེས་བྱ་བར་སྐྱེ་བ་བླངས། དེ་མའི་པང་དུ་སྐྱེས་མ་ཐག་ཏུ་འོད་ཀྱིས་གྲོང་ཁྱེར་གང་འདུག་པ་དེ་འདྲའི་གཟུགས་བྱད་ལྟ་བས་ཆོག་མི་ཤེས་པར་མཛེས་ཤིང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་གི་ལུས་བླངས། རྗེས་སུ་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ནས་དགྲ་བཅོམ་ཐོབ། མཆོད་པ་འབུལ་དུས་གཡོ་རྒྱུ་མེད་པའི་མཆོད་པ། སྲོག་གཅོད་ལ་སོགས་པ་སྡིག་དང་མ་འདྲེས་པའི་མཆོད་པ་ཕུལ་ན་ཕན་ཡོན་ལྷག་པར་ཆེ་ཞིང་། མཆོད་པ་འབུལ་བྱའི་དངོས་པོ་ནི། གཟུགས་མཛེས། སྒྲ་སྙན། དྲི་ཞིམ། རོ་མངར། རེག་བྱ་འཇམ་པ། མདོར་ན་ཡིད་དུ་འོང་བའི་དངོས་པོ་གང་ཕུལ་ན་ཕན་ཡོན་ཆེ་བ་རེད། སངས་རྒྱས་རྣམ་གཟིགས་འཇིག་རྟེན་དུ་བྱོན་དུས་ཞིག་ལ། ཁྱོ་ཤུག་ཉམས་ཆུང་གཉིས་ཀྱིས་རྒྱུ་ཆེན་པོ་མེད་པར་སའི་རྫ་བུམ་གསར་བ་ཞིག་ཉོས་ནས། ཆུ་གཙང་མ་གང་བླུགས། གསེར་གྱི་དུང་ཙེ་གཅིག་ཡོད་པ་དེའི་ནང་དུ་འཕང་སྟེ། མེ་ལོང་གཙང་མ་ཞིག་གིས་དེའི་ཁ་བཀབ་ནས་དགེ་འདུན་པ་ལ་ཕུལ། དགེ་འདུན་པ་འགའ་རེས་ཆུ་གསོལ། འགའ་རེས་ཁ་བཤལ། འགའ་རེས་ལྷུང་བཟེད་འཁྲུད་བྱེད་བྱས། དེའི་བསོད་ནམས་ཀྱི་སྟོབས་ཀྱིས་ཚེ་ཕྱི་མར་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་སྐྱེས་ཏེ་ལྷའི་བདུད་རྩི་ལ་ལོངས་སྤྱོད་པར་གྱུར་སོང་བ་རེད། ཡང་ཁྱེའུ་ཞིག་གིས་དེ་བཞིན་གཤེགས་པ་བསོད་སྐྱབས་གྲོང་དུ་བསོད་སྙོམས་ལ་འབྱོན་བཞིན་ཡོད་པ་མཇལ་ནས་དད་པ་སྐྱེས་ཏེ་ལག་ན་སྲན་མ་སྤར་གང་ཡོད་པ་དེ་སངས་རྒྱས་ལ་གཏོར་ཏེ་དང་བ་བྱས་པས། སྲན་རྡོག་བཞི་ལྷུང་བཟེད་ཀྱི་ནང་དུ་ལྷུང་། གཉིས་ཐུགས་ཀར་ཕོག་སོང་བའི་བསོད་ནམས་དེ་ལ་བརྟེན་ནས། ཁྱེའུ་དེའི་སྐྱེ་བ་རྗེས་མར་རྒྱལ་པོ་སྤྱི་བོ་སྐྱེས་ཅེས་བྱ་བའི་མི་ཡུལ་གླིང་བཞིའི་བདག་པོ་ལོ་བརྒྱད་ཁྲིར་བྱས། བརྒྱ་བྱིན་སུམ་ཅུ་སོ་བདུན་བརྗེས་པའི་བར་ལ་ལྷ་ཡུལ་སུམ་ཅུ་རྩ་གསུམ་གྱི་རྒྱལ་སྲིད་ཕྱེད་ལ་དབང་བ་ཞིག་ཏུ་གྱུར། ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཁྱེའུ་ཞིག་གིས་དགའ་ཞིང་དང་བའི་སེམས་ཀྱིས་ས་སྙིམ་པ་གང་ཕུལ་བས་སངས་རྒྱས་ཀྱིས་གསུངས་པ་ཁྱེའུ་འདི་བསོད་ནམས་འདི་ལ་བརྟེན་ནས་མ་འོངས་པར་འཛམ་བུའི་གླིང་དུ་དབང་སྒྱུར་བའི་རྒྱལ་པོ་ཞིག་ཏུ་འགྱུར། དེའི་དུས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེ་བ་ཞིག་བཞེངས་ཞེས་ལུང་བསྟན་པ་རེད། ཁྱེའུ་དེ་ཆོས་རྒྱལ་མྱ་ངན་མེད་ཡིན་པ་རེད། དགོང་མ་གཅིག་ལ་འཛམ་གླིང་ས་གནད་བྱེ་བ་ལ་མཆོད་རྟེན་བྱེ་བ་བཞེངས་མཁན་དེར་གྱུར་སོང་བ་རེད། སྔོན་བསགས་ཀྱི་བསོད་ནམས་མེད་ན་དམ་པའི་སྐྱེས་བུ་ཡིན་ནའང་སྐུ་བསོད་ཆེ་ཆུང་ཡང་ཡོད་འདུག །གྲུབ་ཆེན་མེ་ལོང་རྡོ་རྗེས་སྒྲུབ་པ་མཛད་དུས་འཚོ་བ་གཏན་ནས་འབྱོར་ཐབས་མ་ཐོན་པར་འཛམ་པ་ལྷ་བསྒྲུབས། བསྒྲུབས་ནས་འགྲུབ། འགྲུབ་ནས་ཞལ་བསྟན་ཡང་དངོས་གྲུབ་མ་གནང་། ནམ་མཁའ་ལ་འཕུར་ཏེ་རྫུ་འཕྲུལ་བསྟན་ཡང་ཡུལ་མི་དད་པ་མ་སྐྱེས། ཉིན་ཞིག་འཕུར་ཏེ་ཀོང་པོ་ཁོག་ཅིག་ལ་ཕེབས་ཡོང་དུས། གནའ་སྔོན་མ་ཕྱུགས་ཀྱི་རྫི་བོའི་སྐྱེ་བ་བླང་དུས་ཤིག་ལ་གྲོག་ཚང་ཞིག་གི་ནང་དུ་རྩམ་བྱེ་གཏོར་མྱོང་བའི་སྦྱིན་འབྲས་ཀྱིས་སྐྱེ་བོ་ཕོ་མོ་མང་པོ་ཞིག་གིས་དད་པ་བྱས་ཏེ་འཚོ་བ་སྦྱོར་མཁན་ཞིག་ད་གཟོད་ཡོང་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་དུས་ཤིག་ལ་དགྲ་བཅོམ་པ་སྒུར་ཆུང་ཟེར་བ་ཞིག་ཡོད་པ་རེད། སྒུར་ཆུང་དགྲ་བཅོམ་པ་ཐོབ་སོང་བ་རེད་དེ་ལས་ཀྱི་དབང་གིས་གཟུར་རྒྱུ་གཏན་ནས་མ་ཡོད་པར། ཐབས་གང་བྱས་ཀྱང་གསོལ་བཅའ་མ་རག་པར་མུ་གེས་འདས་དགོས་ཐུག་སོང་བ་རེད། དེས་ན་རང་གི་འབྱོར་འཁོས་དང་བསྟུན་པའི་མཆོད་པ་དེ་དང་བའི་སེམས་ཀྱིས་འབུལ་རྒྱུ་དེ་གལ་ཆེ་བ་རེད། དེས་ན་མཆོད་པ་འབུལ་བ་འདི་གལ་ཆེན་ནང་གི་དོན་ཆེན་རེད། དེའི་དངོས་སུ་འབྱོར་བའི་མཆོད་པ་བསྟན་ཏོ། །གཉིས་པ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནི། ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །ཞེས་པའི་ཚིག་འདིས་བསྟན་པ་རེད། རྫས་བརྒྱད་སྣ་བདུན་དེདག་ཡིད་ཀྱིས་སྤྲུལ་ཙམ་མ་ཡིན་ཀྱང་རྒྱལ་སྲིད་སྣ་བདུན་དངོས་སུ་ཅུང་ཟད་དཀའ་ས་ཨེ་འདུག་མ་གཏོགས་རྫས་བརྒྱད་དང་རྟགས་བརྒྱད་དེ་དག་མགར་དུ་བཅུག་ན། ཡང་ན་ངོ་མ་དེ་ཁྱེར་ཡོང་ནས་དངོས་འབྱོར་བྱེད་ཆོག་བསམ་ན་ལོན་པ་མ་རེད། འདི་ཚོ་ངོ་མ་དེ་སངས་རྒྱས་དང་བྱང་སེམས་བསོད་ནམས་ཆེན་པོ་ཅན་གྱི་སྤྱོད་ཡུལ་དུ་གྱུར་པ་མ་གཏོགས་རང་དགར་འབྱོར་རྒྱུ་ཞིག་ཡིན་པ་མ་རེད། མགར་བ་བཅས་པ་བྲིས་པ་འདི་ཚོ་ཚང་མ་དམིགས་རྟེན་ཙམ་ཞིག་རེད། ངེད་ཚོས་མཎྜལ་འབུལ་རྒྱུའི་མཎྜལ་གྱི་ཕོ་བྲང་དང་ལྕགས་རི་ཆུང་ཆུང་འདི་སྟོང་གསུམ་འཇིན་རྟེན་བྱེ་བ་ཕྲག་བརྒྱ། དེའི་རྡུལ་གྲངས་ཀྱི་ཞིང་ཁམས་ལ་དམིགས་པ་དང་། ཆོས་ལོངས་སྤྲུལ་སྐུའི་ཞིང་ཁམས་མཎྜལ་དུ་འབུལ་བའི་དམིགས་རྟེན་ཙམ་ཞིག་རེད། དེ་དང་གཅིག་པ་རེད། བཀྲ་ཤིས་པའི་རྫས་བརྒྱད་ལ་མཚོན་ན་མེ་ལོང་ལི་ཁྲི་དུར་བ་ལ་སོགས་པ། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས། དེའི་མཚོན་བྱེད་བསོད་ནམས་གསོག་པའི་ཆེད་དུ་རང་རེས་འཚབ་བྱེད་ཀྱིན་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་དེ་སངས་རྒྱས་ཀྱིས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ལྟར། རང་རེས་ཀྱང་དངུལ་དཀར་གྱི་མེ་ལོང་དྭངས་ཤིང་གསལ་བ་ལ་དམིགས་རྟེན་བྱས་ཏེ་མེ་ལོང་ཕུལ་ན། རང་གཞན་སེམས་ཅན་ཐམས་ཅད་ལ་བསོད་ནམས་ཆེན་པོ་ཐོབ་ནས་དེའི་འབྲས་བུ་དམ་པའི་ཆོས་ཀྱི་དོན་མ་འདྲེས་པ་གསལ་བར་ཐོབ་པ། དེ་ལྟར་དུ་གྲོང་བའི་བུ་མོ་ལེགས་སྐྱེས་མས་འོ་མ་ཕུལ་བ་ལྟར། རང་རེས་ཀྱང་ཞོ་འོ་མའི་མཆོད་པ་ཕུལ་བས་ཏིང་ངེ་འཛིན་གྱི་ཟས་ཐོབ་པ་དང་། གླང་ཆེན་ས་སྲུང་གི་བུས་གྷི་ཝང་ཕུལ་བ་ལྟར་དུ་གྷི་ཝང་ཕུལ་བས་ཉོན་མོངས་པའི་ནད་སེལ། བྲམ་ཟེ་ཁྱེའུ་རྩྭ་འཚོང་གིས་རྩྭ་དུར་བ་ཕུལ་བ་ལྟར་དུར་བ་ཕུལ་བས་སྐྱེ་འཆི་བགྲེས་རྒུད་མེད་པའི་སྐུ་ཐོབ། དེ་ནས་མེ་ལོང་ཞོ་དུར་བ་རེད། དེ་ནས་བུལ་བ་རེད། ཤིང་གི་ལྷ་མོས་ཤིང་ཏོག་བིལ་བ་ཕུལ་བ་ལྟར་བིལ་བ་ཕུལ་བས་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་དག་སྟེ་མྱ་ངན་ལས་འདས་པ་ཐོབ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བ་ལྟར་དུང་ཕུལ་བས་ཆོས་ཀྱི་སྒྲ་དབྱངས་སྒྲོག་ནུས་པ། དུང་གི་རྗེས་སུ་ཡུངས་ཀར་རེད། ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བས་མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པ་དང་། དེ་ནས་མེ་ལོང་ཞོ་གྷི་ཝང་དུར་བ་བིལ་བ་ཡོངས་ཀར་དྲུག་རེད་འདུགད་དུང་ཀུ་ཤ་དང་ལི་ཁྲི་གཉིས་ཀ་ཡོད། ཀུ་ཤ་རྩྭ་འཚོང་བཀྲ་ཤིས་ཁྱེའུས་ཕུལ་ནས་བཞུགས་གདན་མཛད་པ་རེད། ལི་ཁྲི་ཕུལ་བ་བྲམ་ཟེ་སྐལ་རྒྱལ་ཡིན་པ་རེད། ལི་ཁྲི་དབང་གི་རྫས་རེད། དེ་ཚོ་ཕུལ་ནས་དེ་དང་དེའི་ནུས་པ་དང་བྱིན་རླབས་འབྱུང་བར་ཤོག་བསམ་ནས་མཆོད་དགོས་པ་རེད། ལྷག་པར་དུ་དམིགས་རྟེན་གྱི་གཟུགས་བརྙན་འདི་ཚོ་གཞི་བྱས་ཏེ་ཏིང་ངེ་འཛིན་གྱིས་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་ཕུལ་ན། རྒྱུ་དང་འཚམ་པའི་འབྲས་བུ་གནས་སྐབས་སུ་མེ་ལོང་ཕུལ་བས་གཟུགས་བཟང་ཞིང་བློ་གསལ་བ་དང་། ཞོ་ཕུལ་བས་ཏིང་འཛིན་གྱི་འཚོ་བཅུད་ཐོབ་པ་ལ་སོགས་པའི་འབྲས་བུ་འབྱུང་བར་མ་ཟད། མཐར་ཐུག་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་པའི་རྒྱུ་བྱེད་པའོ། །དེ་བཞིན་དུ་བཀྲ་ཤིས་རྟགས་བརྒྱད་ལ་ནི། གདུགས་དང་གསེར་ཉ་ཟེར་བ་རེད། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དར་སྣ་ཚོགས་ཀྱི་འཕུར་ལྡིང་གཡོ་བ། རིན་པོ་ཆེའི་ཏོག་གིས་མཛེས་པ། གསེར་ཉ་གཡུའི་གཤོག་པ་ཅན་མཉེན་ལྕུག་གི་མཚོ་ནང་དུ་འཕྱོ་བཞིན་ཡོད་པ། མེ་ཏོག་པདྨ་འདབ་མ་སྟོང་དང་ལྡན་པ་མཛེས་ཤིང་དྲི་བསུང་འཐུལ་བ། གདུགས་དང་གསེར་ཉ་དེའི་བར་དུ་ད་དུང་བུམ་པ་ཡོད་པ་རེད། འཆི་མེད་བདུད་རྩིའི་བཀང་བའི་གཏེར་གྱི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་ཅན། བྱང་ཆུབ་སེམས་དཔའ་གཞན་དོན་དུ་སྐྱེ་བ་བཞེས་པའི་ཆོས་དུང་གཡས་འཁྱིལ། སངས་རྒྱས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་གཏིང་མཐའ་མེད་པ་མཚོན་བྱེད་རིན་ཆེན་དཔལ་གྱི་བེའུ་འཇའ་འོད་ཀྱི་རང་བཞིན་ཅན། གདུགས་དང་གསེར་ཉ་བུམ་པ་པད་མ་དུང་དཀར་དཔལ་བེའུ་རྒྱལ་མཚན་རེད། མི་ནུབ་སྲིད་པའི་རྒྱན་དུ་སྐུ་དབུ་འཕང་དགུང་ལས་མཐོ་བའི་མི་ནུབ་པའི་རྒྱལ་མཚན། དེའི་སྟེང་དུ་འཁོར་ལོ་རེད། འཁོར་ལོ་འདི་སྣ་བདུན་གྱི་འཁོར་ལོ་དང་རྟགས་བརྒྱད་ཀྱི་ནང་གི་འཁོར་ལོ་གཉིས་ལ་བྱེད་ནུས་ཀྱི་སྟེང་ནས་ཁྱད་པར་ཡོད་པ་རེད་བསམ། འདིའི་དབྱེ་འབྱེད་ཀྱི་རྒྱུ་མཚན་ཁུངས་མཇལ་མ་མྱོང་ཡང་། རྟགས་བརྒྱད་ཀྱི་ནང་གི་འཁོར་ལོ་དེ་ཕས་རྒོལ་ཟིལ་གྱིས་མནན་ཏེ་གདུལ་བྱའི་རྒྱུད་འདུལ་བའི་རྩུབ་གནོན་ཅན། ཐེག་གསུམ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་སྐོར་བའི་བརྡ་རྟགས་ཤིག་དང་། དེ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་བཀྲ་ཤིས་ཟད་པ་མེད་པའི་དཔལ་ལ་ལོངས་སྤྱོད་ཆོས་ཀྱི་འཁོར་ལོ་བསྒྱུར་བའི་མངའ་ཐང་ཐོབ་པའི་དབང་རྟགས་ཤིག་རེད། སྣ་བདུན་གྱི་ནང་གི་འཁོར་ལོ་དེ་འཁོར་ལོ་སྒྱུར་བའི་རྒྱལ་པོ་དེ་ཚོས་བསོད་ནམས་ཀྱི་སྟོབས་ཀྱིས་གྲུབ་ཡོང་བ་རྒྱལ་པོ་གང་དུ་འགྲོ་འདོད་པའི་ས་དེར་འཁོར་ལོས་སྣ་དྲངས་ཏེ་སོང་བས། རྒྱལ་སྲིད་གཞན་པ་རྣམས་མཉམ་དུ་འབྱོར་ཡོང་བ། འཁོར་ལོའི་རྒྱུ་དེ་གསེར་དང་དངུལ་ཟངས་དང་ལྕགས་ཀྱི་ཁྱད་པར་གྱིས་གླིང་གཅིག་དང་གཉིས་དང་གསུམ་དང་བཞི་ལ་དབང་སྒྱུར་བའི་རྒྱལ་པོ་ལ་ཁྱད་པར་ཡོད། འཁོར་སྒྱུར་གྱི་ཁྱད་པར་དེ་འདྲའི་ཕྱེ་ཀྱིན་ཡོད་པ་རེད། མདོར་ན་དེའི་འཁོར་ལོ་དེ་བསོད་ནམས་ཆེན་པོའི་མཐུས་སྟོབས་ཀྱིས་དབང་བསྒྱུར་བའི་མདུན་སྣ་འདྲེན་བྱེད་པ་རེད་སྙམ། རྒྱལ་སྲིད་སྣ་བདུན་ནི། འཁོར་ལོ་རིན་ཆེན་དང་ནོར་བུ་རིན་ཆེན་དགོས་འདོད་ཀུན་འབྱུང་། བཙུན་མོ་རིན་པོ་ཆེ་མཛེས་ཤིང་ལྟ་ན་སྡུག་པ་བུད་མེད་ཀྱི་སྐྱོན་བརྒྱད་དང་བྲལ་བ། བློན་པོ་རིན་པོ་ཆེ་ལོངས་སྤྱོད་དང་འབྱོར་བ་ཕུན་སུམ་ཚོགས་པ། གླང་པོ་རིན་པོ་ཆེ་གླང་ཆེན་ཕལ་བ་སྟོང་གི་སྟོབས་དང་ལྡན་པ། རྟ་མཆོག་རིན་ཆེན་ཅང་ཤེས་པ་སྟོང་གསུམ་ཡུད་ཀྱིས་སྐོར་བ། དམག་དཔོན་རིན་ཆེན་སྙིང་སྟོབས་སྒྱུ་རྩལ་དང་ལྡན་པ་དཔུང་ཚོགས་ཡན་ལག་བཞིས་བསྐོར་བ། དེ་ལྟ་བུ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་དབང་བའི་རྒྱལ་སྲིད་རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན་ལ་སོགས་པ་དེ་ཚོ་དམིགས་རྟེན་རེ་ཡོད་ན་དེ་ལ་གཞི་གཟུང་། མེད་ན་ཡིད་ཀྱིས་དཔག་ཏུ་མེད་པ་སྤྲུལ་ཏེ་ཕུལ་ན་བསོད་ནམས་དཔག་མེད་ཐོབ་པ་རེད། འཕགས་པ་ཀུན་ཏུ་བཟང་པོའི་བློས་དཔག་ཏུ་མེད་པའི་མཆོད་རྫས་སྤྲུལ། དེའི་མཆོད་རྫས་སྣ་རེ་རེའི་རྩེ་ནས་ཡང་འོད་ཟེར་མང་པོ་འཕྲོས་ཏེ་དེའི་འོད་ཟེར་རེ་རེའི་སྣེ་མོ་ནས་ཡང་ཀུན་ཏུ་བཟང་པོ་རེ་རེ་སྤྲུལ། དེ་ཡང་དཔག་ཏུ་མེད་པའི་མཆོད་སྤྲིན་ཟད་པ་མེད་པ་ཕུལ་བ་ལྟར། དེ་དང་རྗེས་སུ་མཐུན་པར་འབུལ་དགོས། བཀྲ་ཤིས་པའི་རྟགས་རྫས་ཀྱི་མཚོན་ཏེ་ཡིད་སྤྲུལ་གྱི་མཆོད་པ་ལྷ་མིའི་འཇིག་རྟེན་གྱི་ཁམས་སུ་ཡོད་ཚད་དེ་དག་ཀྱང་། རྡུལ་རྙེད་ཀྱི་གྲངས་ལྷ་མའི་སྤྱོད་ཡུལ་ལས་འདས་པའི་ཞིང་ཁམས་དག་པའི་འབྱོར་བ་ཐམས་ཅད་ཀྱང་བློས་སྤྲུལ་པའམ་བློས་བླངས་ནས། སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་ལ་ཕུལ་ན་སེམས་ཀྱི་སྟོབས་ལ་ཚད་མེད་པས་བསམ་བློ་ཆུང་ཆུང་འཁོབ་འདུག་དགོས་པ་མ་རེད། རྒྱུ་ཐོག་སེམས་ཐོག་གཉིས་ཀ་ནས་འཁོབ་ཀྱིན་བསྡད་ན་འཁོབ་ལ་དྲོས་རྒྱུ་དང་འདུས་ལ་ཞིག་རྒྱུ་ཞིག་མེད་རྟགས་རེད། དེས་ན་ལུས་ངག་གི་འབྱོར་བའི་དངོས་འབྱོར་ཆུང་ཆུང་ལས། ཡིད་སྤྲུལ་བསམ་གྱིས་མི་ཁྱབ་པའི་མཆོད་སྤྲིན་སྤྲོས་དང་ཅི་བསམ་ན་དེ་རེད། དེ་སེར་སྣའི་འཆིང་ཞགས་ཀྱིས་བཅིང་དགོས་པ་མ་རེད། རང་འདོད་མེད་པར་དམིགས་མེད་ཀྱིས་ཟིན་ན་མཆོད་པ་རྣམ་དག་ཏུ་འགྱུར་བ་རེད། དེ་ཡིས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་གཉིས་ཀ་སོང་སྟེ། གསུམ་པ་གདོད་ནས་གྲུབ་པའི་མཆོད་པ་ནི། གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །ཞེས་གསུངས་ཏེ། གདོད་ནས་གསུངས་པ་ནི་གདོད་མ་འདི་སྔགས་ཀྱི་སྐབས་ནས་གསུངས་པའི་གདོད་མའི་གནས་ལུགས་དེ་མ་རེད། འདིའི་གདོད་མ་འདི་འཇིག་རྟེན་ཆགས་པའི་ཐོག་མའི་ཐོག་མ་སྟེ། སྔར་འཇིག་རྟེན་ཆགས་དུས་ནས་ཡོད་རྒྱུ་ཞིག་ལ་གོ་རྒྱུ་རེད། གདོད་ནས་སམ་འཇིག་རྟེན་ཆགས་པའི་དང་པོ། ཆགས་པའི་བསྐལ་བ་རྫོགས་ནས་བཟུང་སྟེ་ཡོད་པའི་སྟོང་གསུམ་འཇིག་རྟེན། སྟོང་གསུམ་ནི་གོང་དུ་བཤད་པ་ལྟར་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་བྱེ་བ་ཕྲག་བརྒྱ་ལའོ། སྤྱིར་འཇིག་རྟེན་གྱི་ཆགས་དབྱིབས་སྣ་ཚོགས་གསུངས་ཡོད་ཀྱང་། དེ་དག་ནི་གདུལ་བྱའི་བློ་དང་འཚམ་པར་གསུངས་པ་རེད། དོན་ལ་གཅིག་པའི་ངེས་པ་ཡོད་པ་མ་རེད། ཚངས་པ་རལ་བ་ཅན་དང་ངེད་ཅག་གི་ལྟ་ཕྱོགས་མ་གཅིག་པ་ལྟ་བུ། གཅིག་ན་དག་པའི་སྣང་བ་དང་མ་དག་པའི་སྣང་བ། གཉིས་ན་འཁྲུལ་མ་འཁྲུལ་གྱི་ཁྱད་པར་ལ་སོགས་པས་འདི་རེད་ཅེས་ཁ་ཚོན་གཅིག་གི་སྟེང་དུ་ཆོད་པ་མ་རེད། དེང་སང་གི་ཚན་རིག་པས་ཐ་མལ་མིག་གི་སྤྱོད་ཆས་སྤྱད་དེ་བལྟས་དུས་འུ་ཅག་གནས་པའི་ས་གཞི་འདི་རིལ་མོ་ཞིག་ཏུ་མཐོང་པ་རེད། སོང་དུས་ཀྱང་དངོས་སུ་རིལ་མོ་དེ་སྐོར་ཆོག་པ་རེད། དེ་དེའི་ངོར་བདེན་པ་རེད། ཀུན་རྫོབ་བདེན་པའི་ཆ་ཤས་ལོས་ཡིན་རེད། འཛམ་གླིང་གི་ས་སྒང་འདི་ཆུ་དང་སྐམ་ས་གཉིས་ལས་ཆུ་ཡིས་མང་པ་རེད། ནམ་མཁར་རླུང་ལ་བརྟེན་ནས་འཁོར་གྱིན་ཡོད་པ་ཞིག་རེད། སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །གསུངས་པ་དེ་དང་ཆ་འཕྲོད་ཡོང་བ་རེད། དུས་འཁོར་དང་མངོན་པ་གཉིས་ཀའི་འཇིག་རྟེན་ཆགས་དབྱིབས་ཉི་ཟླའི་འཁོར་འགྲོས་མི་འདྲ་བ་དེ་ཚོ། སེམས་ཅན་གྱི་ལས་སྣང་དང་དབང་པོའི་ཁྱད་པར་ཐེག་པའི་རིམ་པ་ཐུན་མོང་དང་ཐུན་མིན་གྱི་དབྱེ་སྒོ་མང་པོ་ཞིག་ཡོད་པས། གཅིག་ལ་ངེས་པར་བཟུང་རྒྱུ་ཡོད་པ་མ་རེད། སེམས་ཅན་གྱི་ཁམས་ཚད་མེད་པ་ལྟར་འགྲོ་བའི་སྣང་ཚུལ་ཡང་ཚད་མེད་པས། འདུལ་བྱེད་ཀྱི་མཛད་པའང་ཚད་མ་མཆིས་པ་ཞིག་ཡིན། །སྤྱིར་བཏང་མདོ་རྒྱུད་ཐུན་མོང་བའི་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་ནི། ཕྱོགས་བཅུ་ནམ་མཁའི་མཐས་ཁྱབ་པའི་འདས་མ་འོངས་ད་ལྟའི་སངས་རྒྱས་ཀྱིས་ཁྱབ་ཅིང་འགྲོ་བའི་དོན་མཛད་ཀྱིན་ཡོད་པ་རེད། རང་རེས་བཤད་ཀྱིན་ཡོད་པ་ནི་སྟོང་གསུམ་མི་མཇེད་ཀྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ཞེས་པ་འདི། དེའི་ནང་གི་ཆ་ཤས་ཆུང་ཆུང་ཆེ་ཆུང་གིས་གཞལ་ན་སྐྲ་རྩེ་ཙམ་མམ་ཡུངས་འབྲུའི་རྒྱ་ཁྱོན་ཙམ་ཞིག་ཡིན་པ་རེད། དེ་ཅི་འདྲ་ཞིག་ཡིན་ཞེ་ན། ཆོས་སྐུའི་དབྱིངས་ནམ་མཁའ་ལྟ་བུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དེ་ལས། ཉིད་ལ་ཉིད་ལོངས་སྤྱོད་པའི་རིགས་ལྔ་ཡེ་ཤེས་ལྔ་རང་སྣང་བ་ཡིན་ལ། དེ་ལས་ཕྱི་གསལ་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཞིག་སྤྲོས་ཏེ་ལོངས་སྐུའི་ཞིང་དང་སངས་རྒྱས་དཔག་མེད་དུ་སྤྲུལ། དེ་དག་རེ་རེས་ཀྱང་བྱང་སེམས་ས་གནས་དཔག་མེད་ཀྱི་དོན་མཛད། ལོངས་སྐུ་དེ་དག་རེ་རེའི་ཐུགས་ཀ་ནས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། སྤྲུལ་སྐུ་སངས་རྒྱས་དཔག་མེད་དུ་སྤྲུལ་ཏེ་སེམས་ཅན་གྲངས་མེད་བསམ་གྱིས་མི་ཁྱབ་པའི་དོན་མཛད། དེའི་ནང་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཞིང་ཁམས་བཀོད་དེ་འགྲོ་དོན་མཛད་ཚུལ། དེ་རྐྱང་པ་ལ་བསམ་བློ་བཏང་ན་ཅི་འདྲ་ཞིག་ཡིན་ཞེ་ན། གོང་དུ་བཤད་མ་ཐག་པའི་ཆོས་སྐུའི་དབྱིངས་རང་སྣང་སྟུག་པོ་བཀོད་པ་ནས། ཡེ་ཤེས་རང་སྣང་བའི་རིགས་ལྔའི་ནང་གི་རྣམ་སྣང་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས། རྒྱ་ཆེ་ཆུང་གི་ཚད་འཇིག་རྟེན་གྱི་ཁམས་འབུམ་ཕྲག་དྲུག་ཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཞིང་ཁམས་རྣམ་པར་བཀོད་པར་མཛད་པ་རེད། དེ་ལྟར་པདྨ་ཆེན་པོ་དེའི་སྟེང་ན་རྣམ་སྣང་གངས་ཆེན་མཚོའི་སྐུ་སྐྱིལ་ཀྲུང་གཅིག་གིས་པད་སྡོང་ཁེབ་པར་བཞུགས་ནས་སྐུ་ཆེ་བའི་བཀོད་པ་མི་གཡོ་ལྷུན་གྲུབ་ཀྱི་ཚུལ་དུ་བཞུགས་ཤིང། སྐུའི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་སྤོས་ཆུའི་རྒྱུན་རྣམས་གངས་ཆེན་མཚོར་བབ། དེ་ཐམས་ཅད་ལ་སངས་རྒྱས་ཀྱི་ཞིང་ཁམས་གངས་ཆེན་མཚོ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་རྒྱན། དེའི་གྲངས་ཀྱིས་སངས་རྒྱས་དང་སེམས་ཅན་གྱི་སྣང་བས་དོན་མཛད། དེ་ལས་ཀྱང་ཁྱད་པར་དུ་ཕྱག་མཉམ་བཞག་གི་སྟེང་གི་ཕྱག་མཐིལ་དུ་སྤོས་ཆུའི་རྒྱ་མཚོ་འཁྱིལ་བའི་ནང་དུ་པདྨའི་སྡོང་པོ་སྐྱེས་ནས། དེའི་པདྨའི་ཟེའུ་འབྲུ་དབུས་མའི་སྟེང་དུ་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་བཅུ་གསུམ་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ནང་གི་ཐུགས་རྗེའི་ཐུགས་ཀྱི་ཞིང་ཁམས། རང་རེ་ཡོད་ས་མི་མཇེད་ཀྱི་ཞིང་འདི་ཁྱད་པར་ཆེན་པོའི་ཞིང་ཡིན་པས་གསང་སྔགས་རྡོ་རྗེ་ཐེག་པ་ཚེ་གཅིག་གི་གྲོལ་བའི་ཆོས་དེ་ལ་ལོངས་སྤྱོད་དུ་ཡོད་པ་དེ་འདྲ་ཡིན་པ་རེད། ད་ཐེངས་གོང་དུ་བཤད་པ་ལྟར་འཇིན་རྟེན་ཁམས་ཀྱི་ཚད་འདི་རེད་དབྱིབས་འདི་རེད་ཅེས་ཐག་གཅོད་ཐུབ་པ་ཞིག་ཡིན་པ་མ་རེད། བཤད་མ་ཐག་པ་ལྟར་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཞིང་ཁམས་ཀྱིས། ནམ་མཁའི་དབྱིངས་ལྟར་དུ་གང་དུ་ཡང་མ་ཁྱབ་པ་དང་མེད་ས་ཡོད་པ་མ་རེད། མདོར་ན་ནམ་མཁའ་མ་ཟད་བར་དུ་འཇིག་རྟེན་མི་ཟད། དེའི་ཁོངས་སུ་ཆུད་པའི་དུམ་བུའི་འཇིག་རྟེན་ཞིག་ལ་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་བརྗོད། སྟོང་གསུམ་བྱེ་བ་ཕྲག་བརྒྱ་རེད། འདིའི་སྣོད་བཅུད་ཀྱི་ཆགས་ལུགས་ཇི་ལྟར་ཡིན་ཞེ་ན། སྣོད་དེ་མས་ནས་ཡར་ལ་ཆགས་ཤིང་། བཅུད་ཡས་ནས་མར་ལ་ཆགས། ནམ་མཁའ་ལ་བརྟེན་པའི་ལྷ་གནས་ཀྱི་གཞལ་མེད་ཁང་རྣམས་གོང་ནས་མར་ལ་རིམ་བཞིན་ཆགས་པ་ཡིན་གསུངས་ཀྱིན་ཡོད། འདིའི་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ལུགས་འདི་རྟེན་གཞི་དང་བརྟེན་པ་གསུམ་གྱི་སྟེང་ནས་བཤད་པ་ཡིན། དེའི་ནང་ནས་དང་པོ་རྟེན་གཞི་འབྱུང་བ་རྣམས་ལ་གསུངས་པ་རེད། རྟེན་རི་ལ་སོགས་པ་དང་བརྟེན་པ་སེམས་ཅན་ལ་བཤད་ཀྱིན་ཡོད་པ་རེད། གོང་དུ་ལུང་དྲངས་པ་ལྟར། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །གསུངས་པ་ལྟར། བསྐལ་བ་ཆགས་གནས་འཇིག་སྟོངས་བཞིའི་ནང་གི་སྟོངས་པའི་བསྐལ་བ་བར་བསྐལ་ཉི་ཤུ་རྫོགས་པའི་མཚམས་སུ། དང་པོ་ཡུལ་མཁའ་རྣམ་པར་དག་པ་མདོག་དཀར་པོ་འོད་དང་ལྡན་པ་ཞིག་ཆགས། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་རྒྱ་གྲམ་མུ་ཁྱུད་ཟླུམ་པོ་ཅན་ཞིག་ཆགས། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཞི་བ་གསལ་དག་གི་རྒྱ་མཚོ་ཆགས། དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་གསུངས་པ་ལྟར། དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་ཆགས། རི་རབ་རི་བདུན་མཚོ་བདུན་གསེར་རི་རོལ་མཚོ་དང་བཅས་པ་ཆགས། གླིངབཞི་གླིང་ཕྲན་བརྒྱད་དང་བཅས་པ་ཆགས་པ་དེ་ལ་རྟེན་ཕྱི་སྣོད་ཀྱི་འཇིག་རྟེན་ཞེས་བྱ། བརྟེན་པ་ནང་བཅུད་ཀྱི་སེམས་ཅན་ངན་འགྲོའི་གནས་གསུམ་བཤད་མི་དགོས། རྒྱུ་མཚན་རང་རེས་འདི་ནས་མཆོད་པ་བཤད་པའི་སྐབས་རེད། ལྷ་ཀླུ་མི་ཡི་ལོངས་སྤྱོད་འགྲེལ་བཞིན་ཡོད་པ་རེད། དེས་ན་མཐོ་རིས་ཀྱི་དང་པོ་མིའི་འཇིག་རྟེན་རེད། གླིང་བཞི་དང་རྔ་ཡབ་སྲིན་པོ་གནས་པའི་གླིང་མ་བརྩིས་ན་མི་གནས་ས་གླིང་བཞི་དང་གླིང་ཕྲན་བདུན་དང་བཅུ་གཅིག་པོ་མིའི་གནས་ཡིན། མཐོ་རིས་ཀྱི་གནས་གཉིས་པ་འདོད་གཟུགས་ཀྱི་ལྷའི་གནས་རེད། དེ་ན་འདོད་པའི་ལྷ་འདོད་ལྷ་རིགས་དྲུག་དང་གཟུགས་ཀྱི་ལྷ་གཟུགས་ཁམས་གནས་རིས་བཅུ་བདུན། འདོད་ལྷའི་ནང་ནས་དང་པོ་རྒྱལ་ཆེན་རིགས་བཞིའི་ལྷ་ཡིན་པ་རེད། དེ་རྣམས་གང་དུ་ཆགས་ཡོད་ཅེ་ན། རི་རབ་ཀྱི་བང་རིམ་བཞི་ཉི་ཟླ་གཟའ་སྐར་གྱི་སྟེང་ན་ཆགས་ཡོད། འདོད་ལྷའི་གནས་གཉིས་པ་རི་རབ་ཀྱི་རྩེ་མོ་ན་ཡོད་པའི་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ཡིན་པ་རེད། ཉེ་དབང་སུམ་ཅུ་སོ་གཉིས་དབང་པོ་བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་གྱི་གནས་ཐམས་ཅད་མ་འདྲེས་པར་ཆགས་ཡོད། འདིའི་མན་ཆད་ས་གཞི་ལ་བརྟེན་པའི་འདོད་ལྷ་ཟེར། ལོངས་སྤྱོད་འབྱོར་བ་ཕུན་སུམ་ཚོགས་པ་ཡིན་པ་རེད། དེའི་སྟེང་དུ་ནམ་མཁའ་ལ་བརྟེན་པའི་འདོད་ལྷ་བཞི། གང་རེད་ཟེར་ན། མཚེ་མ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་སོ། །མཚེ་མ་ཞེས་པ་ནི་མཐའ་བྲལ་རེད། དགའ་ལྡན་ཞེས་པ་ནི་བྱམས་པ་མགོན་པོ་བཞུགས་ས་དེ་རེད། དེ་ནས་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་རེད། མཁའ་ལ་བརྟེན་པ་བཞི་ས་ལ་བརྟེན་པ་གཉིས་ཏེ་མཁའ་དང་ས་ལ་བརྟེན་པའི་འདོད་ལྷ་རིགས་དྲུག་ཅེས་བརྗོད། དེའི་སྟེང་དུ་ནམ་མཁའ་ནས་ཡར་གཟུགས་ཁམས་གནས་རིས་བཅུ་བདུན་ཆགས་ཡོད་པ་རེད། མཁས་འཇུག་སྡོམ་བྱང་ལས། དང་པོར་ཚངས་རིས་མདུན་འདོན་ཚངས་ཆེན་གསུམ། །གསུངས་པ་ལྟར། བསམ་གཏན་དང་པོས་བསྡུས་པའི་ལྷ་གནས་གསུམ་ནི། ཚངས་རིས་དང་། ཚངས་པ་མདུན་ན་འདོན། ཚངས་ཆེན་དང་གསུམ་མོ། །དེའི་ཐོག་ཏུ་གཉིས་པར་འོད་ཆུང་ཚད་མེད་འོད་འོད་གསལ། །གསུངས་པ་ལྟར། བསམ་གཏན་གཉིས་པར། འོད་ཆུང་། ཚད་མེད་འོད་། འོད་གསལ་གསུམ། གསུམ་པར་དགེ་ཆུང་ཚད་མེད་དགེ་དགེ་རྒྱས། །གསུངས་ཏེ། བསམ་གཏན་གསུམ་པའི་ལྷ་གནས་ལ། དགེ་ཆུང་། ཚད་མེད་དགེ། དགེ་རྒྱས་གསུམ་རེད། བཞི་པར་སྤྲིན་མེད་འོད་དང་བསོད་ནམས་སྐྱེས། །འབྲས་བུ་ཆེ་གསུམ་དེ་སྟེང་གནས་གཙང་ལྔ། །མི་ཆེ་མི་གདུང་ཤིན་ཏུ་མཐོང་བ་དང་། །གྱ་ནོམ་སྣང་དང་འོག་མིན་དང་བཅས་པ། །བསམ་གཏན་བཞི་པའི་གནས་རིས་བརྒྱད་ཡིན་ནོ། །ཞེས་གསུངས་པ་ལྟར། བསམ་གཏན་བཞི་པར་སྤྲིན་མེད་འོད། བསོད་ནམས་སྐྱེས། འབྲས་བུ་ཆེ་དང་གསུམ། དེའི་སྟེང་དུ་འཕགས་པའི་གནས་གཙང་ལྔ་སྟེ་མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་། གྱ་ནོམ་སྣང་། འོག་མིན་ཏེ་བརྒྱད་དོ། །བསམ་གཏན་འོག་མ་གསུམ་དང་བཞི་གསུམ་བཅུ་གཉིས། དེའི་སྟེང་དུ་འཕགས་པའི་གནས་གཙང་ལྔ་སྟེ་གཟུགས་ཁམས་གནས་རིགས་བཅུ་བདུན་ནོ། །དེའི་སྟེང་དུ་གཟུགས་མེད་སྐྱེ་མཆེད་མུ་བཞི་ཆགས་ཡོད་པ་རེད། གང་རེད་ཅེ་ན། ནམ་མཁའ་མཐའ་ཡས་རྣམ་ཤེས་མཐའ་ཡས་དང་། །ཅི་ཡང་མེད་དང་ཡོད་མིན་མེད་མིན་བཞི། །གཟུགས་མེད་སྐྱེ་མཆེད་མུ་བཞི་ཞེས་བྱ་སྟེ། །དེ་ལྟར་ཁམས་གསུམ་སྲིད་པ་རྣམ་པར་བཞག །ཅེས་གསུངས་པ་ལྟར། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དང་བཞི་པོ་ནི་གཟུགས་མེད་སྐྱེ་མཆེད་མུ་བཞི་རེད། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་པོ་ཚུར་བསྡུས་ན། གཟུགས་མེད་གཟུགས་དང་འདོད་པའི་ཁམས་གསུམ་གྱི་ནང་དུ་འདུས་པ་རེད། སྣང་དང་མི་སྣང་ཕྱེད་སྣང་གི་ཁམས་གསུམ་ཟེར་ན་ཆོག་པ་རེད། འོ་ན་འདོད་ཁམས་པ་ལ་གཟུགས་ཡོད་པ་རེད། རང་རེ་ལྟ་བུ་ཡིན་ན་གཟུགས་ཡོད་པས་གཟུགས་ཁམས་ལ་མི་བགྲང་བ་ཅིའི་ཕྱིར་སྙམ་ན། དགེ་བ་ཟག་བཅས་ཀྱིས་འབྲས་བུ་ཐོབ་པའི་གཟུགས་ཀྱི་མཆོག་བསམ་གཏན་གྱི་གཟུགས་འོད་གསལ་དྭངས་བ་དེ་ཡིན་པས། དམན་ལ་དགག་པའི་སྒྲ་སྦྱར་ཏེ་འདོད་ཁམས་པ་ལ་གཟུགས་ཀྱི་སྒྲ་མ་སྦྱར་པ་རེད། །དེ་ལྟ་བུ་སྟོང་གསུམ་འཇིག་རྟེན་གྱི་ལྷ་ཀླུ་མི་ཡི་ལོངས་སྤྱོད་བྱེ་བ་བརྒྱ་གསུངས་ཏེ། སྟེང་ལྷ་ཡི་འདོད་ཡོན། འོག་ཀླུ་ཡི་འབྱོར་བ། བར་མི་ཡི་ལོངས་སྤྱོད། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཀྱི་གླིང་བཞི་བྱེ་བ་ཕྲག་བརྒྱ། རི་རབ་ཉི་ཟླ་སོགས་ཀྱང་དེ་འདྲ་བའི་བྱེ་བ་ཕྲག་བརྒྱ། དེའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཟད་པ་མེད་པ། དེའི་ལྷ་ཀླུ་མི་ཡི་ལོངས་སྤྱོད་མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་དུ། མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་ལ་འབུལ་བ་ཡིན་པས། བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །ཞེས་གསུངས་ཏེ། བདག་གཞན་སེམས་ཅན་ཐམས་ཅད་མཐར་ཐུགས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཞིང་ཁམས་བདེ་བ་ཅན་ལ་སྐྱེས་ཏེ། དེ་ནས་ཆོས་ཉན་ལམ་སྦྱོང་བའི་ཕན་ཐོགས་ཀྱི་ཆེད་དུ་ཁྱེད་རྒྱལ་བ་སྲས་བཅས་ལ་འཛིན་ཞེན་གྱི་ཉེར་ལེན་མེད་ཀྱང་། སེམས་ཅན་གྱིས་ཚོགས་མ་བསགས་སྒྲིབ་པ་མ་སྦྱང་ན་ཐར་བའི་གོ་སྐབས་མི་རྙེད་པ་དང་། རྒྱལ་བ་སྲས་བཅས་ཀྱི་མཛད་པ་ཕྲིན་ལས་དེ་སེམས་ཅན་གྱི་གཞན་དོན་ལས་མ་འདས་པ་ཞིག་ཡིན་པའི་ཕྱིར་ན། བདག་ཅག་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ། བདག་ཅག་གི་ཚོགས་རྫོགས་པའི་ཕྱིར་དུ་བཞེས་རོགས་གྱིས་ཤིག་ཅེས་བསམ་ནས། མཆོད་པའི་རྫས་ཐམས་ཅད་ངེས་པར་དུ་དག་པ་ཤ་སྟག་རེད་ཅེས་བརྗོད་མི་ཐུབ་ཀྱང་། སེམས་ཀྱི་བློས་བསྒྱུར་ཏེ་ཀུན་རྫོབ་རྟེན་འབྲེལ་གྱི་རོལ་བ་ཙམ་ལས་དོན་ལ་གྲུབ་པའི་བདེན་ཞེན་སྤངས་ནས། དམིགས་མེད་འཛིན་པ་དང་བྲལ་བའི་ངང་དུ་འབུལ་བ་དེ་མཆོད་པ་ཐམས་ཅད་ཀྱི་མཆོག་ཡིན་པ་རེད། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་གསུངས་སོ། །འོན་ཀྱང་ཁྱིམ་པ་ཕོ་མོ་ཐམས་ཅད་ཀྱིས་མང་པོ་མ་ཤེས་ནའང་དད་པ་དང་གུས་པ་ཆེན་པོས་མཆོད་ཆོག་པ་རེད། དེ་ལ་འགལ་བ་ཡོད་པ་མ་རེད། རང་གི་མིག་ལམ་དུ་ཡིད་དུ་འོང་བའི་དངོས་པོ་ཅི་ཞིག་མཐོང་ན་དད་པ་དང་གུས་པས་མཆོད་ཆོག་པ་རེད། ཆུ་གཙང་མ་ཞིག་དང་ས་ཕྱོགས་ཡིད་དུ་འོང་བ་ཞིགམི་ཡག་པ་ཞིགརྟ་གོམ་འགྲོས་ཅན་ཞིགཟོག་སྤུ་རྟགས་ཅན་ཞིགགླུ་སྙན་མོ་ལེན་གྱིན་ཡོད་པ། སྒྲ་སྙན་སྙན་མོ་སྒྲོག་གི་ཡོད་པ། དྲི་ཞིམ་པོ། ཟས་ཞིམ་མངར་ཅན། གོས་ཡག་པ། སྐྱེད་མོའི་ཚལ་ན་རྒྱུ་བའི་སྐྱེ་བོ་འབྱོར་བས་བརྒྱན་པ། ནེའུ་གསིང་ལྗོན་ཚལ་ན་རྒྱུ་བའི་བྱ་རི་དྭགས་ཀྱི་སྐད་སྙན། ནམ་མཁའ་སྤྲིན་དཀར་གྱི་དྲ་བ་ཅན། འཇའ་ཚོན་འོད་མདངས་འཕྲོ་བ། དེ་ཚོ་ཚང་མ་མདོར་ན་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་འབུལ་ཆོག་པ་རེད། ཁྱད་པར་དུ་མེ་ཏོག་འདི་ཚོ་མཆོད་རྒྱུ་ཡག་པ་རེད། རང་རེའི་དབྱར་ཁའི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་འཚོགས་པ་འདི་ཚོར་མེ་ཏོག་མཆོད་པ་ཟེར་ན་ཆོག་པ་རེད། མིང་དོན་གཉིས་ཀ་མཚུངས་པ་རེད། གནའ་རྫོགས་ཆེན་དཔལ་དགེ་སྤྲུལ་སྐུ་ཚང་གིས་ལུང་པ་འདིའི་ནང་གི་སྤྱོད་འཇུག་ཚར་ཉི་ཤུ་ཙམ་ཞིག་གསུངས་ཤིང་། ལོ་རེའི་སྤྱོད་འཇུག་གི་སེམས་བསྐྱེད་མཆོད་པའི་སྐབས་སུ། མེ་ཏོག་སེར་ཆེན་འདབ་མ་ལྔ་བཅུ་ནས་བརྒྱ་མན་ཆད་ཅན་མང་པོ་སྐྱེས་མྱོང་བ་རེད། དེའི་སྔོན་དུ་ཡོད་པ་མ་རེད་ཟེར་བ་རེད། དེ་རིང་ཁ་སང་ཡང་དེའི་བྱིན་རླབས་ཀྱིས་འདིར་ས་གཞན་དང་མི་འདྲ་བའི་སེར་ཆེན་འདབ་ལོ་མང་པོ་ཅན་སྐྱེ་རྒྱུ་ཡོད་པ་རེད། ལྷ་ཡུལ་ནས་ལྷ་རྣམས་ཀྱིས་མེ་ཏོག་མནྡ་ར་ཕུལ་བ་དང་། རང་རེས་མི་ཡུལ་ནས་མེ་ཏོག་སེར་ཆེན་ཕུལ་བ་གཉིས་ཀ་འདྲ་གསུངས་ཡོད་པ་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བོད་ན་ཡོད་པའི་མེ་ཏོག་ཤང་དྲིལ་རང་རེའི་ཁ་སྐད་ལ་ཡི་གེ་ཟུར་ཆག་ནས་ཤང་འགྲིམ་ཟེར་བ་འདི་རྒྱ་གར་ན་ཡོད་པ་མ་རེད་གལ་སྲིད་རྒྱ་གར་དུ་ཡོད་ན་ཁོང་གིས་དེའི་རིན་གསེར་སྤྲད་ནས་ཉོ་ཐུབ་གསུངས་པ་རེད། དབྱར་གྱི་དུས་སུ་རང་རེ་བོད་ཀྱི་ས་ཆ་ན་ས་ཆེན་པོ་འདི་མེ་ཏོག་གིས་བཀབ་སྟེ་ཡོད་པས། དེ་ལ་སེར་སྣ་དང་འཇུར་གེགས་དགོས་པ་མ་རེད། ཕོངས་སེམས་མི་དགོས་པར་སུས་ཀྱང་འབུལ་རྒྱུ་རྙེད་པ་རེད། ལྷ་ཡུལ་དང་དག་པའི་ཞིང་ཁམས་ཡིན་ཡང་མཆོད་རྫས་ཀྱི་དང་པོ་མེ་ཏོག་བྱེད་ཀྱི་ཡོད་པ་རེད། མེ་ཏོག་འདི་དངོས་པོ་གཙང་མ་ཡིན་པ་རེད། དབྱིབས་དང་ཁ་ཏོག་དྲི་བསུང་དང་རེག་བྱ་གང་གི་ངོས་ནས་ཀྱང་ཡོན་ཏན་ཕུན་སུམ་ཚོགས་པ། འཇིག་རྟེན་གྱི་དགའ་བ་བསྐྱེད་པའི་ཡོ་བྱད་མཆོག་ཡིན་པ་རེད། འདི་རྒྱལ་པོ་ཆེན་པོ་ཞིག་གིས་ལག་ནས་ཕུལ་ཀྱང་མི་འཚམ་པ་ཡོད་པ་མ་རེད། འཕགས་པ་རྟག་ཏུ་ངུའི་ཆོས་འཕགས་མཇལ་དུས་དང་ནོར་བཟང་གིས་རྗེ་བཙུན་བྱམས་མགོན་མཇལ་དུས་དང་པོ་མེ་ཏོག་གཏོར་ཏེ་མཆོད་པ་བྱས་རབས་ཡོད་པ་རེད། ཞིང་ཁམས་ཐ་དད་པའི་རྒྱལ་བ་རྣམས་ཀྱིས་གཅིག་གིས་གཅིག་ལ་མཆོད་པའི་སྐྱེས་ཕུལ་དུས་ཀྱང་མེ་ཏོག་འབུལ་བར་མཛད་པ་རེད་ཅེས་མདོའི་ལས་དེ་ལྟར་གསུངས་ཡོད་འདུགམེ་ཏོག་འབུལ་དུས་མེ་ཏོག་སིལ་མ་དང་། མེ་ཏོག་གི་ཆུན་པོ། མེ་ཏོག་གི་ཕྲེང་བ། མེ་ཏོག་གི་ཆུན་འཕྱང་བྱས་ཏེ་འབུལ་ན་ཆོག་པ་རེད། མེ་ཏོག་འབུལ་དུས་ཕྱོགས་བཅུའི་ཞིང་ན་བཞུགས་པའི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ། ལྷ་རྫས་ཀྱི་མེ་ཏོག་བཀོད་པའི་བླ་བྲེ་དང་ཁང་བརྩེགས་ཆུན་འཕྱང་ལ་སོགས་པར་གྱུར་ཏེ། དེ་དག་རེ་རེ་ལས་ཀྱང་རིན་པོ་ཆེའི་མེ་ཏོག་ལ་སོགས་པའི་ཆར་གྱིས། ནམ་མཁའི་ཁམས་ཐམས་ཅད་གང་བའི་འོད་ཟེར་གྱི་སྤྲིན་ཟད་པ་མེད་པ་འཁྲིགས་ཏེ་དེ་འདྲ་ཡུན་རིང་དུ་གནས་པར་གྱུར་ཅིག་ཅེས་བསམ་དགོས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ། ཁྱོད་ལོངས་ནུབ་ཀྱི་ཕྱོགས་སུ་ཁ་འཁོར་ནས་མེ་ཏོག་གཏོར་ཐལ་མོ་སྦྱོར་གསུངས་པ་བཞིན་ནོ། །རང་རེས་ཀྱང་ལུས་རྟེན་འདིའི་ཐོག་ནས་བསོད་ནམས་གསོག་པའི་ཞིང་ས་ཁྱད་པར་ཅན་རེ་རྙེད་པའི་སྐབས་འདིར། བསོད་ནམས་ཀྱི་ས་བོན་ཞིག་བཏབ་ནས་རང་ལུས་ཡན་ཆད་ཤུལ་དུ་བསྐྱུར་ཏེ་གཅིག་པུར་འགྲོ་ཉིན་ཁྱེར་རྒྱུའི་བྲོ་ཁ་ཞིག་ད་ནས་གསོག་དགོས་པ་རེད། དེས་ན་མེ་ཏོག་མཛེས་པ་རྐང་གཅིག་ཡན་ཆད་ཐམས་ཅད་སངས་རྒྱས་འོད་དཔག་མེད་ལ་མཆོད། བདག་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་འདི་དང་བྲལ་ཏེ་བདེ་བ་ཅན་ལ་སྐྱེ་བར་ཤོགངས་ཚོགས་བསགས་པ་འདི། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་དེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །གསུངས་པ་རེད། དངོས་པོ་རྒྱ་མ་ཆེ་ཡང་རྒྱལ་བ་སྲས་བཅས་ལ་དད་པ་དང་སེམས་ཅན་ལ་སྙིང་རྗེའི་བློ་རྣམ་པར་དག་པས་འཛིན་པ་དང་བྲལ་བས་འབུལ་བ་ཡིན། དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱིས་མཐུས་བཞེས་ཤིག །གསུངས་པ་ལྟར། བདག་གཞན་སེམས་ཅན་གྱི་དོན་དུ་ཁྱེད་མགོན་པོ་འོད་དཔག་མེད་སོགས་རྒྱལ་བ་སྲས་བཅས་ཀྱིས་བཞེས་ཏེ། འདི་བདག་གཞན་སེམས་ཅན་ཐམས་ཅད་བདེ་བ་ཅན་ལ་སྐྱེ་བའི་རྒྱུར་འགྱུར་བར་ཤོག་ཅིག་ཅེས་བསམ་དགོས། རང་ཉིད་ལ་འབུལ་བའི་སྙིང་སྟོབས་ཡོད་ན་རྒྱལ་བ་སྲས་བཅས་ལ་བཞེས་པའི་ནུས་པ་ཡོད་པ་རེད། མདོར་ན་གོང་དུ་བཤད་པ་ལྟར་དུས་རྟག་ཏུ་ཆེ་ས་ནས་གནས་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་དང། ཆུང་ས་ནས་ཟས་ཁམ་གང་ཟ་བའི་ཕུད་ཚུན་ཆད་རྒྱལ་བ་སྲས་བཅས་ལ་མཆོད་པ་འབུལ་བ་ཡིན་སྙམ་པའི་གོམས་གཤིས་ཆགས་སུ་འཇུག་དགོས། མཆོད་པ་དང་སྦྱིན་པའི་དངོས་པོ་ལ་སེར་སྣ་ཤོར་མི་རུང། དེས་ན་སྐྱེ་བོ་བློ་ཆུང་ཆགས་ཞེན་གྱི་མདུད་པས་བཅིངས། ཚེ་སྔོན་བཅིངས་བས་ད་ལྟ་རྒྱུ་མེད། ད་ལྟར་ཆགས་ཞེན་གྱིས་བཅིང་ཡོང་ས་ཆེན་པོ་ཞིག་མེད་མོད་སྤྲང་པོ་དབྱུག་པ་ལ་ཞེ་ཆགས་ཤེས་པ་ལྟར་ལྟར་ཤི་སྤར་འཐམ་ནས། མཆོད་སྦྱིན་ལ་གཏོང་ཞིག་ཅེས་སྐུལ་དུས་ཤ་ནས་དུམ་ཞིག་གཅོད་ཀྱིན་ཡོད་པ་ལྟར་འཛིན་ཞེན་གྱིས་བཅིངས་ཚེ་ཕྱི་མ་ཡི་དྭགས་ལ་མ་སྐྱེས་ནའང་སྤྲང་པོ་ཞིག་ལ་སྐྱེ་ངེས་པ་ཡིན་པ་རེད། དེ་ལྟར་བསམ་བློ་བཏང་ན་ཡུན་རིང་ན་ང་ཟེར་སའི་ལུས་པོ་འདིར་ཅི་ཡང་དོན་སྙིང་མེད། རྒྱུ་དངོས་པོ་ཆ་བེ་ཆོ་བེ་དག་དང་རྟ་ཟོག་རྒྱན་ཆ་སྒོར་རྡོག་དག་གིས་དེ་བས་ཡུན་རིང་དུ་བེད་ཆོད་པ་མ་རེད། འཚོ་བའི་འདུ་ཤེས་གཏོང་རན་པ་ཞིག་གིས་འཚོ་ཆས་ཡོ་བྱད་མང་པོ་ཞིག་བསགས་ནས་ཅི་ཡང་དགོས་པ་མེད། མིག་བཙུམ་ཚར་དུས་ཅི་ཡང་ཡོད་པ་མ་རེད། བསོད་ནམས་གསོག་པ་འདི་ཚེ་འདི་ཕྱི་གཉིས་ཀའི་ལོངས་སྤྱོད་ཀྱི་མ་རྩ་རེད། མ་རྩ་མེད་ན་ཚོང་སྐྱེད་མི་ཡོང་། དེ་ལྟར་བསོད་ནམས་ཀྱི་མ་རྩ་མེད་ན་ལོངས་སྤྱོད་ཀྱི་སྐྱེད་ཁེ་ཅིག་ཐོབ་ཡོང་རྒྱུ་ཡོད་པ་མ་རེད། འུ་ཅག་ཚོ་སོ་སྐྱེས་ཅོལ་ཆུང་བློ་སྣ་ཐུང་ཐུང་ཡིན་པ་རེད། མཆོད་པ་འབུལ་ས་ནས་ཀྱང་ཡིན་ནི་རེད། དགེ་སྒྲུབ་སྡིག་སྤོང་གཞན་དག་བྱེད་ས་ནས་ཀྱང་ཡིན་ནི་རེད། ཆེན་པོ་ཞིག་ནི་མི་འགྲུབ། ཆུང་ཆུང་ཞིག་ནི་མི་བྱེད། དེའི་བར་ནས་ལག་སྟོང་དུ་ལྷུང་འགྲོ་བ་རེད། བསམ་བློ་དེ་འདྲ་བཏང་ན། དེ་བས་ཆུང་ས་ནས་གསོག་སྟེ་རིམ་གྱིས་བློ་སྟོབས་ཇེ་ཆེར་གཏོང་དགོས། མཆོད་པ་ཞེས་པ་འདི་ངོ་བོ་མ་ཆགས་པ། ཀུན་སློང་སེམས་པ་དང་མཚུམས་པར་ལྡན་པ། ལུས་ངག་གི་རྣམ་རིག་དང་བཅས་པ་ཞིག་རེད། མ་ཆགས་པའི་བསམ་པ་དགེ་བ་མེད་པར་ནོར་བུ་བཟང་པོ་དེ་རང་གིས་བཟུང་། ངན་པས་དཀོན་མཆོག་གསུམ་ལ་ཁྲལ་འཇལ་གྱིན་ཡོད་པ་འདྲ་ཞིག་གིས་མི་རུང་ངོ་། པོ་ཏོ་བ་ཞེས་པའི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཞིག་ཡོད་པ་རེད། དེས་གསུངས་ཏེ། སྤང་སྤོས་སྣ་ཡང་ཚ་འདུག་པ་ཞིག་ཐབ་ལ་བཏབ་ནས་ཙནྡན་དུ་རུ་ཀ་དང་ཨ་ག་རུ་ཟེར་ནས་ལོང་བས་མིག་ཡོད་ལ་རྫུན་བཤད་པ་འདྲ་ཞིག་གིས་མི་རུང་ངོ་ཞེས་གསུངས་བ་རེད། མཆོད་པའི་དངོས་པོ་ཆུང་ཡང་མཆོད་པ་འབུལ་བའི་བསམ་པ་རྣམ་པར་དག་ན་ཚོགས་ཆེན་པོ་རྫོགས་པ་རེད། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བའི་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་ཡོད་དུས་ཤིག་ལ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ། རྒྱལ་བྱེད་ཀྱི་ཚལ་ཞེས་པའི་སྐྱེད་མོའི་ཚལ་འཁོར་ཡུག་གཙུག་ལག་ཁང་དང་བཅས་པ། གསེར་སྲང་བྱེ་བ་བརྒྱ་ཕྲག་མང་པོ་ཕུལ་བའི་སྐབས་དེར་རྒྱལ་བའི་བསམ་བློ་ཞིག་བཏང་ནས་ང་གཅིག་པུས་བསོད་ནམས་བསགས་པ་དེ་ངོ་མཚར་ཆེ་རྒྱུ་མི་འདུགངས་སྐྱེ་བོ་མང་པོ་ཞིག་ལ་ཕན་བཏགས་ནས་དེ་རྣམས་ཀྱིས་ཀྱང་བསོད་ནམས་ཆེན་པོ་སྐྱེད་ཐབས་བྱེད་དགོས་སྙམ་སྟེ། ཡུལ་མཉན་ཡོད་ཀྱི་ས་ཆ་ན་ཡོད་པའི་མི་ཐམས་ཅད་ཀྱིས་བསོད་ནམས་ཤིག་གསོག་རྒྱུའི་ཐབས་ལ། ས་དེའི་རྒྱལ་པོ་ལ་སྨྲས། དེའི་རྒྱལ་པོ་དེས་ཀྱང་དྲིལ་བསྒྲགས་བྱེད་རོགས་བྱས་ཏེ་ཉིན་བདུན་གྱི་མཚམས་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། དེ་བཞིན་གཤེགས་པ་དང་འཁོར་ཉན་ཐོས་རྣམས་ལ་མཆོད་པ་ཆེན་པོ་ཞིག་འབུལ་བའི་ཆེད་དུ་གླང་པོ་ཆེ་ལ་ཞོན་ནས་དད་པའི་འབུལ་ནོར་བསྡུ་སར་ཡོང་བ་རེད། ཚང་མས་རང་རང་རང་གི་འབྱོར་འཁོས་དང་བསྟུན་ཏེ་གོས་རྒྱན་གསེར་དངུལ་ལ་སོགས་པའི་མཆོད་འབུལ་ཆེ་ཡོད་ཆུང་ཡོད་གྱིས། ཁོང་རྣམ་པས་གཞན་ལ་ཕན་བཏགས་པའི་ཆེད་དུ་ལེན་མཛད་པ་རེད་ཅེས་དྲིལ་བསྒྲགས་བྱས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གཡོག་འཁོར་མང་པོས་བསྐོར་ཏེ་གླང་ཆེན་མང་པོ་ཞོན་ནས་དད་པའི་འབུལ་ནོར་མང་པོ་བསྡུས། དེའི་སྐབས་སུ་བུད་མེད་ཤིན་ཏུ་དབུལ་མོ་ཞིག་གིས་ཟླ་བ་གསུམ་ཙམ་གྱི་བར་ལ་འབད་པ་ཆེན་པོས་དཀའ་ལས་བརྒྱབ་པའི་ལས་ཀའི་གླ་ཆའི་རིན་རས་ཡུག་གཅིག་ཡོད། དེ་མ་གཏོགས་ཅི་ཡང་མེད། བུད་མེད་དབུལ་མོ་དེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འབུལ་བ་བསྡུ་བཞིན་ཡོད་པ་མཐོང་ནས། དགེ་བསྙེན་གཞན་པ་ཞིག་ལ་དྲིས་ཏེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟ་བུའི་ཕྱུག་པོ་ཞིག་གིས་འབུལ་བ་བསྡུས་ནས་ཅི་དགོས་པ་རེད་ཅེས་དྲིས་པས། དགེ་བསྙེན་གྱིས་གཞན་ལ་ཕན་པའི་ཆེད་དུ་བསོད་ནམས་གསོག་ཏུ་འཇུག་པ་རེད་ཅེས་སྨྲས། དབུལ་མོས་བསམ་བློ་ཞིག་བཏང་སྟེ། ངས་དེ་སྔོན་བསོད་ནམས་མ་བསགས་པས་ད་ལྟའི་སྐྱེ་བ་འདི་ལ་འདི་འདྲའི་དབུལ་པོ་ཞིག་གི་ལུས་བླངས་སོང་བ་རེད། ང་གཅིགཔུ་ལ་ནིསངས་རྒྱས་འཁོར་བཅས་ལ་གསོལ་བ་ཞིག་དྲང་པའི་ནུས་པ་ནི་མི་འདུགདེ་བས་འདིའི་ནང་དུ་ཞལ་འདེབས་ཤིག་ངེས་པར་བྱ་དགོས་སྙམ་ནས་རང་ལ་གཅིག་བལྟས་པས། ལུས་དེ་ན་ཡོད་པ་ནི་སྔར་གྱི་ལས་ཀའི་གླ་ཆའི་རིན། རས་ཡུག་མ་གཏོགས་ཕུལ་ཡོང་རྒྱུ་ཁབ་སྐུད་པ་ཞིག་ཀྱང་མེད། བསམ་བློ་ཞིག་བཏང་ནས་རས་ཡུག་དེ་ཕུལ་བ་རེད། ཁྱིམ་བདག་མགོན་མེད་ཟས་སྦྱིན་དབུལ་མོའི་གཏོང་ཕོད་ལ་ངོ་མཚར་ཏེ་དབུལ་མོར་གོས་དང་རྒྱན་ཆ་མང་པོ་བྱིན། དེ་ནས་ཡུན་རིང་མ་འགོར་བར་དབུལ་མོ་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་སྐྱེས། སྐྱེས་པ་དང་གོས་ཀྱི་མཆོག་ལྷའི་བུ་མོ་གཞན་དག་ལ་མེད་པ་རང་ཤུགས་ཀྱིས་ཐོན་ཡོང་བས། ལྷའི་མངོན་ཤེས་ཀྱིས་སྔོན་གྱི་བྱུང་བ་ཤེས་ཏེ་བཅོན་ལྡན་འདས་ཀྱི་སྤྱན་སྔར་ཡོང་། དེའི་འོད་ཀྱིས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་ཁྱབ་སོང་བ་རེད། བཅོམ་ལྡན་འདས་ཀྱིས་དེའི་ཁམས་དང་མཐུན་པའི་ཆོས་བསྟན་ཏེ་ལྷའི་བུ་མོར་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་ཕྱིར་ལྷ་ཡུལ་དུ་སོང་། བསམ་པ་དག་པས་མཆོད་པ་ཕུལ་ན་རྒྱུ་ཆེ་ཆུང་དང་དངོས་པོ་མང་ཉུང་མིན། དེ་འདྲའི་བསོད་ནམས་ཆེན་པོ་རྒྱུ་རྩ་ཆུང་ཆུང་གིས་ཐོབ་པ་རེད། ད་ལྟའི་སྐབས་ལ་སངས་རྒྱས་སྐུ་དངོས་མཇལ་རྒྱུ་མེད་ཀྱང་དེའི་མཁྱེན་པའི་ཡེ་ཤེས་ཐོགས་མེད་ཡིན་པ་རེད། སུས་མེ་ཏོག་རྐང་གཅིག་མར་མེ་མཆོད་ཀོང་གང་ཕུལ་ན་དེའི་མདུན་ན་སངས་རྒྱས་འཁོར་བཅས་བཞུགས་ཡོད་པ་རེད། གང་ཞིག་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་སོ། །སངས་རྒྱས་ཀྱིས་མས་བུ་ལ་བརྩེ་བའི་ཚུལ་གྱིས་ཉིན་མཚན་བཞིན་དུ་སེམས་ཅན་ལ་གཟིགས་ཡོད་པས། སེམས་ཅན་གྱི་རྒྱུད་དག་པ་དང་ཚོགས་རྫོགས་པའི་སླད་དུ་མཆོད་པ་དེ་བརྩེ་བའི་ཐུགས་ཀྱིས་བཞེས་པ་རེད། ཁྱད་པར་དུ་ཞིང་ཁྲིད་འདི་ལྟ་བུའི་ཆོས་འཆད་ཉན་ལ་འདུས་པ་ཁྲི་སྟོང་མང་པོ་འཇོམས་ཡོད་པས། རྟེན་ཁྱད་པར་ཅན་གྱི་མདུན་དུ་གཞན་ཅི་ཡང་མེད་ནའང་ཆུ་གཙང་མེད་པ་མི་སྲིད་པས། ཆུ་གཙང་མ་བདུན་ཚར་གང་ཙམ་ཕུལ་ནའང་བསོད་ནམས་སོགས་འགྲོ་བ་རེད། དགེ་འདུན་འདུ་བའི་གཙུག་ལག་ཁང་དང་རྟེན་གསུམ་བཞུགས་སའི་ལྷ་ཁང་ནང་དུ་གཙང་སྦྲ་རྡུལ་ཕྱགས་རེ་གྱིས་དང་དེས་ཀྱང་བསོད་ནམས་སོགས་འགྲོ་བ་རེད། མདོ་སྡེ་ལས་རྣམ་འབྱེད་ལས། ཕྱག་བདར་བྱས་པའི་ཕན་ཡོན་བཅུ་གསུངས་ཡོད་པ་རེད། གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ། སྐད་སྙན་པ། དེའི་རྒྱུད་ཀྱི་ཆགས་སྡང་གཏི་མུག་ལ་སོགས་པའི་རྟོག་པ་སྲབ་པར་འགྱུར་བ་ལ་སོགས་པ་གསུངས་བ་རེད། གནའ་སྔོན་མ་ཞིག་ལ་མི་དབུལ་པོ་ཞིག་གིས་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ཞིག་ལ་རྡུལ་དང་མེ་ཏོག་རྙིང་པ་མང་པོས་གོས་ཡོད་པ་རྣམས་ཕྱགས་ཏེ་འཁོར་ཡུག་གི་ས་གཙང་མ་བྱས་ཤིང་སྨོན་ལམ་བཏབ་པས། ཕྱིས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་དུས་སུ་ཕྱུག་པོ་ཚང་ཞིག་གི་བུ་རུ་སྐྱེ་བ་བླངས་ཏེ། གཟུགས་མཛེས་ཤིང་ལྟ་ན་སྡུག་པ། ས་ཕྱོགས་གང་དུ་སོང་ཡང་མི་གཙང་བ་མེད་ས་ལ་ཐོན་འགྲོ་བ། ལོངས་སྤྱོད་འབྱོར་བ་ཕུན་སུམ་ཚོགས་པ་ཅན་ཞིག་ལ་སྐྱེ་སོང་བ་རེད། དུས་ནམ་ཞིག་ན་སངས་རྒྱས་བཅོམ་ལྡན་འདས་དང་མཇལ། མཇལ་བས་མ་ཚད་དེའི་བསྟན་པ་ལ་ཞུགས། ཞུགས་མ་ཐག་ཏུ་རྒྱུན་ཞུགས་ཐོབ། ཡུན་རིང་མ་འགོར་བར་དགྲ་བཅོམ་ཡང་ཐོབ་སོང་བ་རེད། དེས་ན་མཆོད་པ་ཕུལ་བ་འདི་བསོད་ནམས་ལྷག་པར་ཆེ་བ་རེད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་རང་གི་འགལ་རྐྱེན་ནམ་ཟད་ན་དེ་དུས་ཡོན་ཏན་རྣམས་མངོན་དུ་གྱུར་བ་ཆོས་ཉིད་ཡིན་པ་རེད། འཇིག་རྟེན་དང་འཇིན་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་ཐོབ་དགོས་ཕྱིན། ཚོགས་བསགས་སྒྲིབ་སྦྱོང་ལ་མ་བསྟེན་པར་རྒྱུ་མེད་ཀྱི་འབྲས་བུ་འབྱུང་མི་སྲིད། ཁ་གནམ་གདངས་ལ་གྲོག་གནམ་བབ་དཀའ་བ་རེད། ཡིན་ཡང་སྒྲིབ་སྦྱོང་ལ་སྟོབས་བཞིའི་བཤགས་པ་ལ་སོགས་པ་ཕུང་པོ་གསུམ་གྱི་དགེ་ཚོགས་རླབས་ཆེན་ཞིག་བྱེད་གོས། དེའི་གནད་རྒྱུ་མཚན་བྱེད་ཐབས་ཚང་མ་ཤེས་པ་དེ་ཡང་ཅུང་ཟད་མཁས་མཛངས་ཅན་ཞིག་ཡིན་དགོས་པ་རེད། ཚོགས་གསོག་ནི་དངོས་འབྱོར་གྱི་མཆོད་པ་བྱེད་དགོས་ན་ཅུང་ཟད་འབྱོར་བ་ལོངས་སྤྱོད་ཀྱིས་དཀའ་བ་རེད། ལོག་འཚོ་དང་སེར་སྣ་མ་འདྲེས་པ་དེ་བས་ཀྱང་དཀོན། ཡིད་སྤྲུལ་གྱི་མཆོད་པ་ཡང་བློ་གྲོས་རྟུལ་བའི་རིགས་ཅན་གྱིས་ཡིད་ཡུལ་དུ་འཆར་དཀའ་བ་ཡིན་པས། བཅོམ་ལྡན་འདས་ཀྱིས། ལམ་ཆུང་པ་ལ་དགེ་འདུན་པའི་མཆིལ་ལྷམ་ཕྱི་རུ་བཅུག་པ་རེད། ལམ་ཆུང་བས་དང་པོ་ཨོཾ་བྷི་ཞེས་པའི་ཡིག་འབྲུ་གཉིས་ཙམ་ཡང་དག་མོ་ཞིག་ཤེས་པ་མ་རེད། དེའི་རྗེས་སུ་བཅོམ་ལྡན་འདས་ཀྱིས་དེ་ལ་མཆིལ་ལྷམ་ཕྱི་ཞོར་དུ་རྡུལ་སྤོང་དྲི་མ་བྲལ་ཞེས་པ་ཞིག་བསླབས་པ་རེད། དབྱར་ཟླ་གསུམ་ལ་སྦྱོང་བསྡད་དུས་སྐབས་ཞིག་མཆིལ་ལྷམ་ཕྱིས་པའི་སྟོབས་ཀྱིས་སྒྲིབ་པ་དག་ནས་རྡུལ་སྤོང་དྲི་མ་བྲལ་ཞེས་པ་དེ་ཚིག་ཤེས་པར་མ་ཟད་དོན་ཀྱང་ཤེས་ཏེ། རྡུལ་འདི་ས་རྡུལ་མིན་ཏེ་འདོད་ཆགས་རྡུལ། །ལ་སོགས་པ་ཆེད་དུ་བརྗོད་པ་ཡང་རྩོམ་ཤེས་པ་དེ་འདྲའི་མཁས་པར་གྱུར་སོང་བ་རེད། འཕགས་པའི་ལམ་གྱིས་རྒྱུད་གྲོལ་ཏེ་དགྲ་བཅོམ་པ་ཐོབ་སོང་བ་རེད། དེས་ན་དགེ་འདུན་འདུ་བའི་གཙུག་ལག་ཁང་དང་རྟེན་རྩ་ཆེན་བཞུགས་སའི་གན་ངྷོ་ལ། སྐུ་གཟུགས་མཆོད་རྟེན་ལ་སོགས་པ་གར་བཞུགས་ལ་རྡུལ་ཕྱགས་གཙང་མ་ཞིག་བརྒྱབ་ན་ཕན་ཡོན་ཆེ་བ་རེད། རྒྱུ་ཚེགས་གཉིས་ཀའི་ངོས་ནས་མི་ཐུབ་པ་ཆེན་པོ་ཞིག་བྱུང་མ་དགོས་པས་བསམ་པ་དག་ན་རྣམ་པར་དག་པ་ཞིག་ཡོང་བ་རེད། སྤྱིར་ན་དཀོན་མཆོག་གི་བྱིན་རླབས་རང་རྒྱུད་ལ་འཇུག་དང་མི་འཇུག་ཕྱིའི་རྐྱེན་སངས་རྒྱས་ལ་སོགས་པ་ཡོད་མེད་ལ་ཐུག་པ་མ་རེད། ནང་གི་རྐྱེན་རང་གི་དགེ་ཚོགས་རང་གིས་བསྒྲུབས་ཏེ་ཡུལ་ཁྱད་པར་ཅན་ལ་བྱ་བ་བྱས་ཡོད་མེད་ལ་ཐུག་པ་རེད། དེས་ན་ཚེས་བཟང་དུས་བཟང་ནམ་ཚེས་ལ་ས་ཆ་འདིའི་མི་ཐམས་ཅད་ཀྱིས། འདིའི་ལུང་པའི་སྟོད་སྨད་བར་གསུམ་ན་གཙུག་ལག་ཁང་དང་ལྷ་ཁང་ཅི་འདྲ་མང་པོ་འདུགགླིང་སྐོར་རེ་བྱེད་ཞོར་དུ་ནམ་ཡིན་ན་མཇོལ། མཆོད་ཐིགས་རེ་རྒྱག་ལོབ་གྱིས། ཁ་སྟོང་ལག་སྟོང་གིས་མ་མཇལ། ཐེངས་ཅིག་མཇལ་བས་ཆོག་པ་མ་རེད། ནམ་ཡིན་ཡང་མཇལ་དགོས་པ་རེད། སྨོན་ལམ་ཅི་ཞིག་རྒྱག་རྒྱུ་ཡོད་ན་རྟེན་གྱི་མདུན་ནས་ནམ་རྒྱུན་སྨོན་ལམ་ཐོབ་དང་བསམ་པ་རྣམ་པར་དག་ན་འགྲུབ་པ་རེད། ལྷ་གཉེར་ཐམས་ཅད་ཀྱིས་མཆོད་འབུལ་གྱི་ཞལ་འདོན་གསུང་ཞོར་དུ་གཟུངས་ཆུ་རེ་གནང་ན་ཅི་འདྲའི་མི་བཟང་ངམ། རྒྱུ་སོགས་དགོས་བསམ་ན་བསོད་ནམས་བསགས་དགོས་པ་རེད། ཕྱི་མ་བདེ་བ་ཅན་ལ་སྐྱེ་དགོས་བསམ་ན་ཡང་བསོད་ནམས་གསོག་དགོས་པ་རེད། ཚེ་འདིའི་བདེ་སྐྱིད་སྙན་གྲགས་ཐོབ་དགོས་བསམ་ན་ཡང་བསོད་ནམས་གསོག་དགོས་པ་རེད། ཕྱི་མར་རང་གཞན་གཉིས་ཕན་གྱི་ཐར་བའི་ལམ་སྣེ་ཞིག་ཟིན་དགོས་བསམ་ནའང་བསོད་ནམས་གསོག་དགོས་པ་རེད། རྫོགས་ཆེན་དཔལ་སྤྲུལ་ཚང་གིས་ཞིང་སྒྲུབ་འཚོགས་དུས་སྤྲང་པོ་ཐམས་ཅད་ལ་སྤྲང་ཟས་ཁྱེར་ཤོག་གསུངས་ནས་མཆོད་པ་འབུལ་དུ་འཇུག་དར་བ་རེད། ཁོང་ལ་མཆོད་རྫས་ཐབས་ཆག་པ་མ་རེད་དེ་སྤྲང་པོ་རྣམས་ཀྱིས་ཚོགས་བསགས་རེ་བྱས་སོང་ན་དགོངས་ཏེ་སྙིང་རྗེས་གཟིགས་པ་རེད། རང་རེས་ཀྱང་ཡུལ་ལུང་གཅིག་གི་མི་ལ་བལྟས་ན་ཕྱུག་པོའི་རྒྱུ་ནོར་གནམ་ནས་བབ་ཡོང་བ་མ་རེད། དབུལ་པོའི་རྒྱུ་ནོར་གཅིག་གིས་བཅོམ་སོང་བ་མ་རེད། སྔར་གྱི་ཚོགས་བསགས་ཡོད་མེད་ལ་ཐུག་པ་རེད། ཁྱིམ་ཕ་མ་གཅིག་གི་བུ་རྒྱུད་ཡིན་ཀྱང་ཁྱད་པར་ཤོར་འགྲོ་བ་དེ་སྔོན་བསགས་ཀྱིས་སྟོབས་རེད། འོན་ཀྱང་སྔོན་ལས་ཐོད་པའི་རི་མོ་རེད་བསམ་ནས་བལྟས་འདུག་པ་དེ་གླེན་ལས་རེད། ལས་ཟེར་པ་དེ་ལས་ཏེ་འདུ་བྱས་ཡོང་བ་ཞིག་རེད། ད་སྔོན་ལས་བཟང་པོ་མེད་ན་ད་ནས་བཟུང་བསོད་ནམས་གསོག་དང་འཛམ་གླིང་ལས་ཀྱི་ས་བར་སྐྱེས་པ་རེད། བསོད་ནམས་ཨེ་བསག་རང་ལག་རེད། བསོད་ནམས་ཅན་རང་གིས་བྱས་དང་ཆོག་པ་རེད། བྱེད་དགོས་པའང་རེད། དེ་རིང་ཚེས་བཞི་རེད། ཚེས་པ་བཅུའི་ཉིན་ཐམས་ཅད་ཀྱིས་བསོད་ནམས་ཤིག་གསོག་པའི་ཆེད་དུ་ཚོགས་འཁོར་ཞིག་འཚོགས་རྒྱུ་བྱེད། རང་རང་གིས་རྩམ་ཆུར་འདྲེས་མ་ཅུང་ཟད་རེ་དང་མར་སྲང་ཆ་རེ་ཁྱེར་ཤོགབསོད་ནམས་ནང་ནས་ཚོགས་འཁོར་མཆོག་གསུངས་བ་རེད། ད་ཐེངས་ཀྱི་ཚོགས་འཁོར་འདི་འབྱོར་བ་ཅན་རྣམས་ལ་སྒེར་བདག་བྱེད་དུ་མི་བཅུག་པར་ཚང་མས་བསོད་ནམས་ཤིག་མཉམ་དུ་བསགས། ཚེས་པ་དགུའི་ཉིན་འདིའི་རེའུ་མིག་གི་ནང་དུ་འཁོད་པ་ལྟར་གསུར་ཆེན་ཞིག་ཀྱང་ཕུད། གསུར་རྩམ་གཙང་མ་རེ་ཁྱེར་ཤོགམང་དུ་མ་འཇུགསྡེ་ཆེ་བ་རེད། མང་ཆེ་ན་འཚིག་མི་ཐུབ། ཡང་སྔར་ཞིག་ལ་དེད་དཔོན་སྦྱིན་པ་ཆེན་པོ་ཟེར་རྒྱུ་ཞིག་རྒྱ་མཚོ་ཆེན་པོའི་ནང་དུ་ནོར་བུ་རིན་པོ་ཆེའི་རིགས་ལེན་སར་འགྲོ་བའི་ཆེད་དུ། མཉན་ཡོད་ཀྱི་ཕྱི་སྒོ་ཆེན་པོ་ནས་བུད་དེ་གྲོང་ཁྱེར་གྱི་ལམ་ཆེན་བརྒྱུད་ནས་འགྲོ་བཞིན་ཡོད་དུས། དེད་དཔོན་སྦྱིན་པ་ཆེན་པོས་བསམ་སྟེ་ངས་རྒྱ་མཚོ་ནས་ནོར་བུ་བླངས་ཏེ་ཕྱིར་ལ་འགོ་ཐོན་འཚམས་པོར་འཁོར་དུས་ངས་སྒོ་དང་ལམ་གྱི་ལྷ་འདི་ཚོ་ལ་དུས་སྟོན་ཆེན་པོ་ཞིག་བྱེད་དགོས་བསམ་ནས་བུད་སོང་བ་རེད། དེད་དཔོན་སྦྱིན་པ་ཆེན་པོས་རྒྱ་མཚོའི་གླིང་ནས་རིན་པོ་ཆེ་མང་པོ་བླངས་ཏེ་ཕྱིར་འགོ་ཐོན་འཚམས་པོར་འཁོར་ཡོང་བ་རེད། འཁོར་ཡོང་དུས་གྲོང་ཁྱེར་གྱི་ལམ་དང་སྒོའི་ལྷ་ལ་མཆོད་པ་ཆེན་པོ་འབུལ་བར་གྲ་སྒྲིག་བྱས། མཆོད་པ་དང་སྦྱིན་པ་བྱེད་པའི་ཆེད་དུ་རིན་པོ་ཆེའི་ཕུང་པོ་ཆེན་པོ་ཞིག་སྤུངས་ཏེ། དགེ་སྦྱོང་དང་བྲམ་ཟེ་ཀུན་ཏུ་རྒྱུ་དབུལ་ཕོངས་ཅན་ལ་སོགས་པ་སུ་མཐོང་ལ་མཆོད་སྦྱིན་བྱེད་བཞིན་ཡོད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེད་དཔོན་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་བཙུད་དགོས་པར་དགོངས་ཏེ། སངས་རྒྱས་འཁོར་བཅས་སྒོ་ཆེན་དེ་བརྒྱུད་ནས་གྲོང་ཁྱེར་མཉན་ཡོད་ལ་ཕེབས་སའི་ཕྱོགས་སུ་ཕེབས་ཡོང་བས། དེད་དཔོན་གྱིས་དེ་དག་མཇལ་ནས་དགའ་སྤྲོ་ཆེན་པོ་ཞིག་སྐྱེས་ཏེ་རིན་པོ་ཆེ་མང་པོ་སངས་རྒྱས་འཁོར་བཅས་ཀྱི་ཕྱོགས་སུ་གཏོར་ཚེ། རིན་པོ་ཆེ་གཏོར་ཚད་སངས་རྒྱས་ཀྱི་སྐུའི་སྟེང་དུ་ལྡིང་ཁང་ཞིག་ཏུ་གྱུར་ཏེ། སངས་རྒྱས་བྱོན་ན་མཉམ་དུ་བུད་འགྲོ་བ་སངས་རྒྱས་བཞུགས་ན་མཉམ་དུ་འདུག་པ་ཞིག་ཏུ་གྱུར། དེ་མཇལ་བས་དེད་དཔོན་ལྷག་ཏུ་དགའ་སྤྲོ་དང་དད་པ་སྐྱེས་ཏེ་སངས་རྒྱས་འཁོར་དང་བཅས་པ་ཟླ་བ་གསུམ་གྱི་རིང་ལ་སྤྱན་དྲངས་ཏེ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས། ཉིན་ཐ་མ་དེར་ཞལ་ཟས་རོ་བརྒྱ་དང་ལྡན་པ། ན་བཟའ་གསེར་སྲང་འབུམ་རི་བ་ལ་སོགས་པ་ཕུལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ། དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེད་དཔོན་དེ་ལ་ལེགས་སོ་གསུངས་ཏེ། ཁྱོད་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་དང་བཅས་པ་གསུངས་ནས་སངས་རྒྱས་པར་འགྱུར་ཞེས་ལུང་བསྟན། སྤྱིར་བསོད་ནམས་གང་བསགས་ཀྱང་ཕན་ཡོན་ཆེ་བ་རེད་མོད་ཁྱད་པར་དུ་མར་མེའི་མཆོད་པ་དེ་དག་བསོད་ནམས་ཆེ་བ་རེད། བསྙེན་དགའ་མོ་ཞེས་པའི་དབུལ་མོ་ཞིག་གིས་སངས་རྒྱས་ཀྱི་མདུན་དུ་མར་མེ་ཞིག་ཕུལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སངས་རྒྱས་མར་མེ་མཛད་དུ་ལུང་བསྟན་པ་རེད། རྗེས་ནས་སངས་རྒྱས་མར་མེ་མཛད་དུ་སངས་རྒྱས་སོང་བ་རེད། ཤི་གསོན་གཉིས་ཀའི་ཆེད་དུ་བསོད་ནམས་གསོག་བསམ་ན་མར་མེ་ཕུལ། གཡང་སྒྲུབ་འགོང་བཀར་ཅི་བྱེད་པ་བས་རིམ་གྲོ་ཚོགས་བསགས་ཐམས་ཅད་ལ་དེ་བས་དགའ་ཡོད་པ་མ་རེད། ཁྱིམ་ཚང་ཚང་མས་རང་རང་རང་གིས་མཆོད་བཤམས་རེ་ཡོད་པར་བྱོས། ཤོག་ཕོར་རེ་མ་གཏོགས་མེད་ཀྱང་སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་རེ་ཤོམས། དེ་ལ་རབ་གནས་བྱོས། དགེ་འདུན་འདུ་ཚོགས་འདི་འདྲའི་སྐབས་དང་རྟེན་གསུམ་ཁྱད་པར་ཅན་གྱི་མདུན་དུ་ཁྱེར་ཤོགབྱིན་རླབས་བྱོས་དང་སངས་རྒྱས་སྐུ་དངོས་སུ་བཞུགས་ཡོད་སྙམ་པའི་འདུན་པ་བྱེད་ཆོག་པ་རེད། བྱིན་རླབས་ཞུགས་འགྲོ་བ་རེད། སངས་རྒྱས་རང་གི་ཁྱིམ་ན་བཞུགས་ཡོད་པ་དང་འདྲ་བ་ཡིན་པ་རེད། དོན་མེད་མིའི་པར་མང་པོ་ཞིག་བཤམ་མ་འདུགཞྭ་འདྲ་མིན་ཉོས་ཏེ་སྟོད་འབོག་སེར་པོ་གྱོན་པ་མང་བ་རེད། མཐོང་ཚད་མཆོད་པའི་ནང་དུ་མ་འཇོག་མ་གཏོགས་དེ་རྣམས་ཀྱི་བསོད་ནམས་ཉམས་འགྲོ་བ་རེད། དེ་རྣམས་ལ་གནོད་པ་ཡོད་པ་རེད། ཁྱོད་རང་ལ་ཕན་ཐོགས་ཡོད་པ་མ་རེད། དེའི་ནང་ན་འགའ་རེ་རྒྱལ་འགོང་མཆོད་མཁན་ཡང་ཡོད་སྲིད། དེ་ཡོད་ན་ལྟོགས་འགོང་བསེ་རག་འཁྲི་བར་མ་ཟད། ན་ཤི་རྒྱུན་ཆད་མེད་པར་ཡོང་ངེས། མཆོད་པ་བཤམ་དུས་མཆོད་སྤྲིན་གྱི་གཟུངས་འདོན་ཞོར་དུ་ཤོམས། མཆོད་གཤོམ་ཚར་དུས་ཕྱག་གསུམ་འཚོལ། རྟེན་གསུམ་གྱི་མདུན་ནས་ཉིན་རྒྱུན་བྱང་ཆུབ་སེམས་སྡོམ་རེ་ལོངས། ཁ་ཏོན་ཡོད་ན་རྟེན་གྱི་མདུན་ནས་ཐོན། འབུམ་ལྔ་གསོག་མཁན་ཚོས་དེ་བས་ཀྱང་མཆོད་གཤོམ་གཙང་མ་རེ་བྱེད་པ་གལ་ཆེ་བ་རེད། ཡང་དགོས་མཎྜལ་གསོག་དུས་རབ་ཡིན་ན་དགོན་པའི་ནང་ནས་རྟེན་གསུམ་ཁྱད་པར་ཅན་གྱི་མདུན་དུ་བསོག་དགོས་པ་རེད། དབྱར་དགུན་ནམ་ཡིན་ཡང་འདིའི་གཙུག་ལག་ཁང་གི་ནང་ནས་གསོག་ཆོགའདིའི་ལྷ་ཁང་རྒྱ་བསྐྱེད་ལ་གཏོང་བ་དེ་མི་མང་པོ་ཞིག་གིས་ཚོགས་གསོག་རེ་བྱེད་པའི་ཆ་རྐྱེན་ལ་བསམ་པ་རེད། འཇིག་རྟེན་ན་མཇལ་བར་དཀོན་པའི་རྟེན་གསུམ་རྩ་ཆེན་རིན་ཐང་གཞལ་མེད་རྟ་རྨིག་ལྕགས་ཀྱིས་བཏུམས་ནས་འཛམ་གླིང་གཡས་སྐོར་བརྒྱབ་ན་འདིའི་རྟེན་རྩ་ཆེན་འདི་ཚོ་འདྲ་བའི་གཉིས་པ་ཞིག་ཁྱེར་ཡོང་རྒྱུ་མེད་པའི་རྟེན་རྩ་ཆེན་དག་བཞུགས་པ་རེད། སེམས་ཅན་གྱི་བསོད་ནམས་བསགས་པའི་བགོས་སྐལ་དུ་རྟེན་རྩ་ཆེན་འདི་དག་བཞུགས་ས། རྫོགས་པ་ཆེན་པོའི་ཆོས་རྒྱུན་དང་ཁྲིད་རྒྱུན་འཇིག་རྟེན་གྱི་ཁམས་སུ་མི་ནུབ་པའི་ཆེད་དུ་བསམ་པ་རེད། སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བསྟན་སེལ་མེད་རེ་སྤེལ་སའི་རྟེན་གཞི་ཞིག་རེད་སོང་ན་སྙམ་པ་ཡིན། མདོར་ན་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་བསམས་ནས་དཀའ་ལས་བརྒྱབ་པ་ཡིན་པས། འདིའི་གཙུག་ལག་ཁང་འདི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་བྱེད་ས། ཆོས་ཀྱི་མགྲོན་སྟོན་བྱེད་སར་དམིགས་ཏེ་བྱས་པ་ཡིན་པས། ཆོས་པ་ཐམས་ཅད་ཀྱིས་རང་ཁྱིམ་བྱེད་ཆོག་པ་རེད། སྤྱིར་མཆོད་པ་འདི་ལ་བླ་ན་ཡོད་པའི་མཆོད་པ་དང་། བླ་ན་མེད་པའི་མཆོད་པ་གཉིས་ཀྱི་དབྱེ་བ་ཡོད་པ་རེད། བླ་ན་ཡོད་པའི་མཆོད་པ་དེ་ལ་ནང་གསེས་ཀྱི་དབྱེ་ན། ཟང་ཟིང་གི་མཆོད་པ་དང་། སྒྲུབ་པའི་མཆོད་པ་གཉིས། དང་པོ་ཟང་ཟིང་གི་མཆོད་པ་ལའང་ཕྱག་དང་བསྟོད་པ་རྫས་གྱི་རིམ་པ་བཤམས་ཏེ་འབུལ་བ། བདག་པོས་ཡོངས་སུ་མ་བཟུང་བའི་རྫས་འབུལ་བ། ཡིད་སྤྲུལ་བློའི་མཆོད་པ། ལུས་འབུལ་བ་དེ་དག་ཡིན་པ་རེད། གཉིས་པ་སྒྲུབ་པའི་མཆོད་པ་ལ་ལྷའི་སྐུ་བསྒོམ་པ་དང། བྱང་ཆུབ་སེམས་དཔའ་དག་གིས་ཏིང་ངེ་འཛིན་ལས་བྱུང་བའི་བཀོད་པས་མཆོད་པ་དེ་དག་རེད། བླ་ན་མེད་པའི་མཆོད་པར་དམིགས་བཅས་དམིགས་མེད་གཉིས་སུ་ཕྱེས་ཡོང་ན། དམིགས་པ་དང་བཅས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དེ་རེད། མཁས་པས་བྱང་ཆུབ་སེམས་བསྒོམ་ན། །རྒྱལ་བ་སྲས་དང་བཅས་རྣམས་ལ། །མཆོད་པ་དེ་ནི་དམ་པ་སྟེ། །ཞེས་གསུངས་ཏེ། །ཁྱད་པར་དུ་འཕགས་པའི་མཆོད་པ་ཡིན། དམིགས་མེད་ཀྱི་མཆོད་པ་བདག་མེད་ཀྱི་དོན་བསྒོམ་པ། དབུ་ཕྱག་རྫོགས་གསུམ་གྱི་ལྟ་བ་ངོ་འཕྲོད་དེ་སྒོམ་པས་ངང་སྐྱོང་པ་དེ་མཆོད་པ་ཚོགས་བསགས་ཐམས་ཅད་ཀྱི་ནང་ནས་རྒྱལ་པོ་ཡིན་པ་རེད། འུ་ཅག་ཚོས་འཇིག་རྟེན་གྱི་རྒྱལ་པོ་བློན་པོ་དཔོན་ཆེན་ཞིག་གདན་འདྲེན་ཞུ་དུས་ཅི་འདྲའི་སྣེ་ལེན་དང་གྲ་སྒྲིག་ཅིག་དགོས་འདུགདེར་མ་ཟད་མགྲོན་པོ་གལ་ཆེན་ཞིག་ཡིན་ཀྱང་གཟབ་གཟབ་བྱེད་ཁུལ་བྱེད་པ་རེད། སངས་རྒྱས་ཆོས་ཀྱི་རྒྱལ་པོ་ས་གསུམ་གྱི་འདྲེན་པ་འཇིག་རྟེན་གྱི་མིག་ལྟ་བུ། ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུ་མཚན་ཙམ་ཐོས་པར་དཀའ་བ་དེ། འཁོར་དང་བཅས་པ་སྤྱན་འདྲེན་པ་ལ་མཆོད་བཤམས་གཙང་མ་ཞིག་མ་འབྱོར་བར། ཞིང་ས་ཁྱད་པར་ཅན་དེ་འདྲ་ཡོད་བཞིན་དུ་བསོད་ནམས་གསོག་མ་ཤེས་ན་དུད་འགྲོ་རྩྭ་ཟན་ཞིག་དང་འདྲ་བ་རེད། དེས་ན་མཆོད་པ་འདིར་རྣམ་གྲངས་མང་པོ་ཞིག་བཤད་པ་རེད། དངོས་སུ་འབྱོར་བའི་མཆོད་པ། ཡིད་ཀྱིས་སྤྲུལ་བའི་མཆོད་པ། གདོད་ནས་གྲུབ་པའི་མཆོད་པ་ལ་སོགས་པ་བཤད་པ་རེད། དེའི་ཡན་ཆད་ཀྱིས་ཚོགས་བསག་པའི་སྒོ་ཡན་ལག་བདུན་གྱི་ནང་ནས་མཆོད་པའི་ཡན་ལག་བཤད་པའི་རིམ་པ་སོང་ནས།

ཡན་ལག་གསུམ་པ་བཤགས་པའི་ཡན་ལག

འདི་ལ་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ་ལ་གཉེན་པོ་སྟོབས་བཞི་གང་ཡིན་ཞེ་ན། གཉེན་པོའི་སྟོབས་དང་གཅིག རྣམ་པར་སུན་འབྱིན་པའི་སྟོབས་དང་གཉིས། སོར་ཆུད་པའི་སྟོབས་དང་གསུམ། རྟེན་གྱི་སྟོབས་དང་བཞི་ཡོད་པ་ལས།

དང་པོ་གཉེན་པོའི་སྟོབས།

གཉེན་པོའི་སྟོབས་ཞེས་པ་ནི་ཉེས་པའི་རྣམ་གྲངས་བརྗོད་ནས་བཤགས་པ་བྱེད་པ་ཡིན་པས་དེ་ལ་ཀུན་སློང་དང་དུས་ཀྱི་ཁྱད་པར་དང་། རྣམ་གྲངས་བརྗོད་པ་དངོས་དང་གཉིས་ཀྱིས་བཤད་པ་རེད།

དང་པོ་ཀུན་སློང་དང་དུས་ཀྱི་ཁྱད་པར་གྱིས་སྒོ་ནས་བཤད་པ།

ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་ཀྱི། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །ཞེས་པས་ཚིགས་རྐང་གཉིས་ཀྱིས་བསྟན། དང་པོ་བཤགས་བྱ་དེ་གང་ཡིན་ཞེ་ན། སྡིག་པ་མི་དགེ་བའི་ཚོགས་འདུ་བྱས་པ་དེ་ཡིན། དེ་མ་བཤགས་ན་དེས་འཁོར་བའི་སྡུག་བསྔལ་གྱི་རྒྱུ་བྱེད། འོ་ན་བདེ་བ་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་སྒྲུབ་པ་འདི་ཅིའི་ཕྱིར་ཡིན་སྙམ་ན། མི་ཤེས་གཏི་མུག་གི་གཞན་དབང་དུ་སོང་བས་རེད། དེས་ན་བཤགས་པ་འདི་གཏི་མུག་གི་གཉེན་པོ་ཡིན་ཞིང་། སྦྱོང་བྱེད་གཉེན་པོ་སྟོབས་བཞི་དེས་སྦྱང་བྱ་སྡིག་པའི་སྒོ་དྲུག་སྦྱོང་དགོས་པ་ཡིན་པས། འདི་ནས་དང་པོ་དུས་དང་ཀུན་སློང་གི་སྒོ་གཉིས་ཀ་བཤད་པ་རེད། །ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་ཀྱི། །ཞེས་གསུངས་ཏེ། སྤྱིར་སེམས་ཅན་ཐམས་ཅད་ཕ་མ་ཡིན་པ་རེད། ཕ་མ་བྱས་མ་མྱོང་བ་གཅིག་ཀྱང་མེད། ཕ་མ་བྱས་ཚད་དྲིན་ཆེ་ཆུང་འདྲ་འདྲ་ཡིན་པ་རེད། འོན་ཀྱང་སྙིང་རྗེའི་བློ་དེ་འདྲ་མ་འབྱོངས་བ་ཞིག་གིས་ཕ་མ་སེམས་ཅན་སྨྲས་ཀྱང་། དོན་གྱིས་ད་ལྟའི་ཕ་མ་དང་སེམས་ཅན་ཐམས་ཅད་འདྲ་བ་དེ་དཀའ་བས་ན། ད་ལྟའི་ཕ་མའི་མིང་གི་འགོ་བཟུང་ནས་སེམས་ཅན་ཐམས་ཅད་སྨོས་ན་སྙིང་རྗེ་སྐྱེ་སླ་བ་དང་གོམས་སླ་བར་ཕན་ཐོགས་ཡོད་པས་གསུངས་པ་རེད། དེས་ན་ད་ལྟའི་ཕ་མ་གཉིས་ཀྱི་ཐོག་དྲངས་བའི་བདག་ལ་སོགས་པའི་འགྲོ་བ་སེམས་ཅན་ཀུན་ཀྱི། ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །ཞེས་གསུངས་ཏེ། འཁོར་བ་ལ་ཐོག་མ་འདི་རེད་ཅེས་པ་ཞིག་ཡོད་པ་མ་རེད། དེ་བཞིན་དུ་ཐ་མ་ཡང་འདི་རེད་ཅེས་པ་ཞིག་ཡོད་པ་མ་རེད། དུས་འདས་པ་དང་མ་འོངས་པ་ལ་མཐའ་ཡོད་པ་མ་རེད། ཡོད་ས་ཨེ་འདུག་ཁ་སང་ལ་ཁ་སང་ཡོད་པ་རེད། དེ་ལ་ཡང་ཁ་སང་ཡོད་པ་རེད། ཁ་སང་རྐྱང་བར་ཡང་ཟད་འགྲོ་བ་ཞིག་ཡོད་པ་མ་རེད། ངའི་ཁ་རྩང་ང་སྐྱེས་ནས་ཉིན་པར་ཟད་འགྲོ་བ་ཡིན་དུ་ཆུག་ཀྱང་། གང་ཟག་གཞན་གྱི་ཁ་རྩང་དེའི་ཕན་དུ་ཡོད་པ་དང་། དེའི་གང་ཟག་དེའི་ཁ་རྩང་ཟད་ཀྱང་དེ་མིན་པའི་གང་ཟག་གི་ཁ་རྩང་དེའི་སྔོན་དུ་ཡོད་པ་ཡིན་པས། དེ་འདྲའི་ཕར་ལ་དེད་སོང་ན་ས་འདི་ཆགས་པའི་ཉིན་ལ་ཐུག་འགྲོ་བ་དང་སྣོད་བཅུད་གཉིས་ལས་སྣོད་ཀྱི་འཇིག་རྟེན་སྔོན་ལ་ཆགས་པ་མ་ཡིན་ནམ་སྙམ་ན་ཡང་དེའི་སྔོན་དུ་འཇིག་རྟེན་གཞན་གྱི་ཁ་རྩང་ཡོད་པ་དང་། ཆགས་གནས་འཇིག་སྟོངས་ཀྱི་བསྐལ་བ་ལ་ཆགས་པ་སྔོན་མ་ཡིན་དང་འཇིག་པ་སྔོན་མ་ཡིན་ཤེས་ཀྱང་མི་ཤེས་པ་དེ་ཡང་། བྱ་དང་སྒོ་ང་གཉིས་ཀ་སྔོན་མ་གང་ཡིན་སྨྲས་པ་དང་གཅིག་མཚུངས་ཡིན། དེ་འདྲའི་ཐོག་མེད་ཀྱི་དུས་ནས་ད་ལྟའི་བར་དུ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་མི་དགེ་བའི་ལས་བསགས་ཚད་ཀུན་སློང་མ་དག་པའི་དབང་གིས་བྱས་པ་ཞིག་མ་གཏོགས་མེད་པས། ད་འདི་ནས་དུས་བསྟན་པའི་ཞོར་དུ་ཀུན་སློང་ཤུགས་ལ་བསྟན་པ་ཡིན་ཞིང་། འདིའི་མཚམས་སུ་གསུམ་པ་རྣམ་གྲངས་བརྗོད་པ་དངོས་བཤད་པ་ཡིན་ལ།

གཉིས་པ་རྣམ་གྲངས་བརྗོད་པ་དངོས་བཤད་པ།

དེ་ལ་ངོ་ཤེས་པ་དང་མི་ཤེས་པའི་ཁ་ན་མ་ཐོ་བ་གཉིས། དེ་རེ་རེ་ལ་ཡང་རང་བཞིན་དང་བཅས་པ་གཉིས་རེ་སྟེ་བཞིའོ། །

དང་པོ་རང་བཞིན་གྱི་ཉེས་པ་ངོ་ཤེས་པ་རྣམས་བཤགས་པ།

དེ་ལ་གཉིས་ཏེ། མི་དགེ་བ་བཅུ་སྤྱིར་བཤགས་པ་དང་། ཉེས་པ་ལྕི་བ་རྣམས་བྱེ་བྲག་ཏུ་བཤགས་པའོ།།

དང་པོ་མི་དགེ་བ་བཅུ་སྤྱིར་བཤགས་པ།

དེ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་དབྱེ་བ་ཡོད་པའི་ནང་ནས།

དང་པོ་ལུས་ཀྱི་མི་དགེ་བ་གསུམ་བཤགས་པ།

སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། སྲོག་གཅོད་པ་འདི་སྐབས་འདིར་རང་བཞིན་གྱི་ཉེས་པར་བཤད་པ་ཡིན་ལ། བསམ་བཞིན་དུ་མཚོན་དང་དུག་དང་ངན་སྔགས་ལ་སོགས་པ་གསད་ཐབས་སྣ་ཚོགས་ཀྱིས། གསད་བྱའི་སེམས་ཅན་གྱི་སྲོག་གི་དབང་པོ་འགག་པར་བྱས་པའོ། །འདི་ལ་གཞི་བསམ་སྦྱོར་བ་མཐར་ཐུག་ཐམས་ཅད་ཚང་བ་ལ་སྲོག་གཅོད་གསུངས་བ་དང་། གཞི་བསམ་སྦྱོར་བ་མཐར་ཐུག་ཅེས་པ། གཞི་གསད་བྱ་སེམས་ཅན་ཡིན་པ། བསམ་པ་གསད་བྱ་དེ་ལ་འདུ་ཤེས་པས་ཀུན་སློང་གསོད་སེམས་རྒྱུན་མ་ཆད་པ། སྦྱོར་བ་མཚོན་ཆ་ལ་སོགས་པས་བསྣུན་ཏེ་བརྩམས་པ་མ་ལྡོག་པ། མཐར་ཐུག་དེའི་སྐབས་སམ་དེ་མིན་དུ་གསོད་པ་པོ་རང་ཉིད་མ་ཤི་བའི་སྔ་རོལ་དུ་གསད་བྱའི་སྲོག་འགགས་པའི་དོན་གྱི་ཆ་རྣམས་ཚང་བའོ། །གཞི་བསམ་སྦྱོར་བ་མཐར་ཐུག་ཐམས་ཅད་ཚང་དུས་སྲོག་གཅོད་ཀྱི་ཉེས་པ་འབྱུང་ཞིང་། དེའི་ནང་ནས་གོ་བ་གནད་ཆེན་ཞིག་ལ། རང་གིས་ལག་བསྟར་ཏེ་བསད་ན་ལྟ་ཅི་སྨྲོས་མོད་གཞན་ལ་གསོད་དུ་འཇུག་པ་དང་གསད་པ་ལ་བསྔགས་བརྗོད་ལ་སོགས་པས་རྐྱེན་བྱས་ཏེ་ཤི་ཡང་སྲོག་གཅོད་ཀྱི་ཉེས་པ་འབྱུང་བར་འདྲ་སྟེ། མངོན་པ་མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས་སོ། །སྲོག་གཅོད་འདི་ལ་གང་གསད་བྱའི་ངོས་ནས་དབྱེ་ན། ཕ་མ་དགྲ་བཅོམ་བསད་པ་ལྟ་བུ་ཆེན་པོ། སྤྱིར་བཏང་མི་བསད་པ་ལྟ་བུ་འབྲིང་། དུད་འགྲོ་བསད་པ་ལྟ་བུ་ཆུང་ངུ་དང་། ཡང་ཀུན་སློང་གི་སྒོ་ནས་དབྱེ་ན། ཞེ་སྡང་གིས་གསད་པ་སྡང་སེམས་དང་འཁོན་སེམས་ཀྱིས་དང་། གཏི་མུག་གིས་གསད་པ་འཚེ་བ་ཆོས་སུ་སྨྲ་བས། དཔའ་བོ་གཡུལ་དུ་བསད་ན་ལྷ་ཡུལ་དུ་སྐྱེ་བར་འཛིན་པ་དང་། ལོག་པའི་ཆོས་ལུགས་སྤེལ་ཐབས་ལས་གཞན་སྲོག་གཅོད་པ་ལ་སོགས་པ་གཏི་མུག་གི་དབང་གིས་བསད་པ། འདོད་ཆགས་ཀྱི་སྒོ་ནས་ནོར་ལ་རྔམས་པ་དང་འདོད་སྲེད་ཀྱི་དབང་དུ་ཤོར་ནས་དེའི་དོན་དུ་གཞན་གྱི་སྲོག་གཅོད་པ་སྟེ་དེ་ལྟ་བུའི་དུག་གསུམ་དང་འབྲེལ་བའི་ཁྱད་པར་ཡོད་ཅིང་། སྲོག་གཅོད་འདི་རབ་བྱུང་བ་ཞིག་ལ་བྱུང་བ་ཡིན་ན་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཉིས་ཀ་མཉམ་དུ་འབྱུང་ལ། ད་དུང་སྲོག་གཅོད་དང་འབྲེལ་བའི་ཉེས་དམིགས་འབྱུང་རྐྱེན་གྲི་དང་མེ་མདའ་དུག་རྫས། དེ་མིན་སྲོག་གཅོད་བྱེད་ཀྱི་ལག་ཆ་ཉར་ཚགས་བྱས་ན་རྫས་དེ་དག་ལ་བརྟེན་ཏེ་སྡིག་པ་སྐད་ཅིག་རེ་ལ་ཡར་འཕེལ་ཏེ་འཆང་བ་པོས་རྣམ་སྨིན་མྱོང་དགོས། སྲོག་གཅོད་ཀྱི་རྣམ་སྨིན་ལ་བསམ་ན། སྲོག་བཅད་པའི་རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་གང་རུང་ལ་སྐྱེས་ཏེ་མི་ལོ་ཐེར་འབུམ་མང་པོ་ལ་སྡུག་བསྔལ་མྱོང་དགོས་པ་དང་། མྱོང་བ་རྒྱུ་མཐུན་གྱིས་ངན་སོང་ལས་གལ་ཏེ་ཐར་ནའང་སྲོག་ལན་ལྔ་བརྒྱ་འཇལ་དགོས་པ་དང་ཚེ་ཐུང་ནད་མང་གི་སྡུག་བསྔལ་མྱོང་དགོས། བྱེད་པ་རྒྱུ་མཐུན་གྱིས་འབྲས་བུ་ཁྲ་དང་སྤྱང་ཀི་ལ་སོགས་པ་དུད་འགྲོ་ཤན་པའི་རིགས་སུ་སྐྱེ་བ་ལེན་པ་དང་། གལ་ཏེ་མི་ལུས་ཐོབ་ཀྱང་སྲོག་གཅོད་ལ་དགའ་བའི་ཤན་པ་ལ་སོགས་པའི་ལུས་ལེན་ཞིང་། དབང་གི་འབྲས་བུ་ས་ཕྱོགས་གང་དུ་སྐྱེས་ཀྱང་མདངས་དང་གཟི་བརྗིད་མེད་པ། ས་བཅུད་ཡུལ་བཅུད་མེད་ས། དགྲ་ཇག་རྐུན་མ་རྒོད་ཅིང་། སྲོག་གི་འཇིགས་པ་ཆེ་བ་ལྷ་མ་ཡིན་གྱི་ཡུལ་ལྟ་བུ་ལ་སྐྱེ། སྐྱེས་བུའི་བྱེད་བྲས་ལ་ས་བོན་ཕར་ལ་བཏབ་ན་མྱུ་གུ་ཚུར་ལ་འཁྲུངས་བ་ལྟར་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་བྱེད་པ་པོ་རང་གི་སྟེང་ལ་སྨིན་ངེས་ཅན་ཡིན་པ་དང་། འཕགས་པ་མོའུ་འགལ་གྱི་བུ་དམྱལ་བ་ལ་སོགས་པ་འགྲོ་བ་རིགས་དྲུག་གི་གནས་སུ་ཕེབས་ནས་མི་རྣམས་ལ་སེམས་ཅན་གྱི་སྡུག་བསྔལ་སྣ་ཚོགས་མྱོང་བཞིན་ཡོད་པ་གསུངས་ཏེ་སྐྱོ་བ་མཛད་ཀྱིན་ཡོད་པར། ཉིན་གཅིག་དུད་འགྲོའི་འགྲོ་བ་ལ་གཟིགས་ཕྱིར་རྒྱ་མཚོའི་འགྲམ་དུ་བྱོན། རྒྱ་མཚོའི་འགྲམ་ན་ཆུ་སྲིན་ཆེན་པོ་རྣམ་པ་སྣ་ཚོགས་ཡོད་པ་ལས། ཉ་མིད་ཟེར་བའི་ཆུ་སྲིན་ཆེན་པོ་ཞིག་ལ་ལུས་ཀྱི་རིང་ཐུང་གི་ཚད་ལ་དཔག་ཚད་ཉིས་སྟོང་ལྷག་ཅིག་ཡོད་པ། ལུས་ལ་ཆུ་སྲིན་ཆུང་ཆུང་མང་པོ་འཐམ་སྟེ་ལུས་ཀྱི་ཤ་རྒྱང་གྲགས་གཅིག་ནས་དཔག་ཚད་བརྒྱ་རེའི་བར་དུ་དུམ་བུ་མང་པོ་བཅད་དེ་ཟ་བཞིན་ཡོད་པས། ཆུ་སྲིན་ཆེན་པོ་དེའི་ན་ཚ་མ་བཟོད་པར་མཚོ་ནང་ནས་ཐང་ལ་རེ་རེ་བུད་དུས། ཁོ་རང་གི་ལས་ལས་སྐྱེས་པའི་གནོད་སྦྱིན་ལྔ་བརྒྱ་ཐོན་ནས་ཞག་མ་མང་པོ་རེར་སྟ་རེ་ལྔ་བརྒྱས་རྩིབ་མ་བཞི་བཅུ་ཞེ་གཅིག་པོ་བྲག་བཞིན་ཡོད་པས། ཡང་དེའི་ན་ཚ་མ་བཟོད་པར་རྒྱ་མཚོའི་ནང་དུ་ཕྱིར་མཆོང་ནས་འགྲེ་ལྡོག་རེ་བརྒྱབ་དུས་རྒྱ་མཚོ་ཆེན་པོ་འཁྲུགས་ནས་ཁྲག་མདོག་ཏུ་འགྱུར་བཞིན་ཡོད་ལ། ཡང་རྒྱ་མཚོའི་ནང་གི་སྲོག་ཆགས་ཐམས་ཅད་ཡོང་ནས་སྔར་བཞིན་དུ་ཟ་ཞིང་བཅད་དེ་སྡུག་བསྔལ་དེ་འདྲ་ཤ་སྟག་གིས་ཉམ་ཐག་པའི་སེམས་ཅན་ཞིག་ཡོད་པར་གཟིགས་ནས། སེམས་ཅན་དེའི་ལས་ཅི་ཞིག་བསགས་གང་ནས་འཕོས་ཡོང་མངོན་ཤེས་ཀྱིས་རྩལ་ཡོད་དགུས་བརྟགས་ཏེ་གཟིགས་ཀྱང་། དུད་འགྲོ་ནས་དུད་འགྲོ་རྐྱང་རྐྱང་གི་སྐྱེ་བ་བླང་བ་ཧ་ཅང་མང་བའི་སྟབས་ཀྱིས་དེ་རྐྱང་རྐྱང་མ་གཏོགས་དང་པོ་ལས་བསགས་སའི་ཡ་མཐའ་གཏན་ནས་གཟིགས་ཐབས་མ་ཐུབ་སྟེ། དེ་ནས་བཅོམ་ལྡན་འདས་ལ་ཞུ་དགོས་དགོངས་ཏེ་རྒྱ་མཚོའི་འགྲམ་དེ་ནས་རྫུ་འཕྲུལ་གྱིས་མི་སྣང་བར་མཛད་དེ། ཡུལ་མཉན་ཡོད་དུ་བཅོམ་ལྡན་འདས་བཞུགས་ཡོད་སར་ཕེབས་ཏེ་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ་ཆོས་སྟོན་བཞིན་ཡོད་པའི་སྤྱན་སྔར་སོང་ནས། སེམས་ཅན་དེའི་ལས་ངན་གྱི་རྒྱུ་ཅི་རེད་ཅེས་དྲིས་ཚེ། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སྔོན་བྱུང་བ་འདས་པའི་དུས་ཀྱི་འདས་པའི་དུས་རིང་མོ་ཞིག་གི་སྔོན་ལ་རྫོགས་པའི་སངས་རྒྱས་རི་བོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་དང་། དེ་དུས་ཁྱིམ་བདག་ཞིག་གིས་དད་པ་སྐྱེས་དེ་ཆོས་ཉན་ནས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་དང་། དེའི་ཚེ་ཁྱིམ་གྱི་ཆུང་མ་ལ་ཁྱིམ་བདག་གིས་སྨྲས་ཏེ་ཁོ་བོས་བཅོམ་ལྡན་འདས་ཀྱི་མདུན་ནས་ཚངས་སྤྱོད་ཀྱི་བསླབ་པའི་གཞི་ལྔའི་སྡོམ་པ་བླངས་ཚར་བ་ཡིན། ཁྱོད་རང་ཁྱིམ་ནས་བསྡད་ན་ཟས་གོས་གཉིས་ཀ་ཁྱོད་ལ་སྦྱིན། ཁྱིམ་ཐབས་ཟུར་ནས་འཛིན་ནའང་ཁྱོད་རང་ཅི་དགའ་གྱིས། ཁྱོད་ལ་ཅི་དགོས་པའི་ལོངས་སྤྱོད་སྦྱིན་ཆོག་ཅེས་སྨྲས་པས། ཆུང་མས་དགེ་བསྙེན་ཁྱེད་ལ་བསྙེན་བཀུར་དང་ཞབས་ཕྱི་བྱེད་པ་ལས་ཁྱིམ་ཐབས་འཛིན་པ་མིན་ཞེས་སྨྲས། ཁྱིམ་བདག་གི་ཤུལ་ན་ནོར་རྫས་ལོངས་སྤྱོད་ཆེན་པོ་ཡོད་པས་མི་མང་པོ་ཞིག་གིས་རློམ་སེམས་བྱེད་བཞིན་ཡོད་པ་རེད། ནམ་ཞིག་ན་རྒྱལ་པོའི་བློན་པོ་ཞིག་གིས་བསམ་ངན་ཞིག་བཟུང་སྟེ། ཁྱིམ་བདག་འདི་མེད་པར་བྱས་ཏེ་འདིའི་ཁྱིམ་གྱི་མི་ནོར་འཁོར་དང་བཅས་པ་འཕྲོག་ནས་བདག་པོ་བྱེད་དགོས་སྙམ་ནས། བློན་པོས་གསེར་དངུལ་མང་པོ་ཞིག་ཁྱེར་ཡོང་ནས་དཔང་པོ་བདེན་རྟགས་ཀྱི་མི་འགའ་རེ་ཡང་མཉམ་དུ་ཁྲིད་དེ་ཁྱིམ་བདག་དགེ་བསྙེན་དེ་ལ་གསེར་དངུལ་རྣམས་བཅོལ་པ་དང་། ཉིན་གཅིག་རོགས་གཅིག་ཀྱང་མེད་པར་ཡོང་ནས་གསེར་དངུལ་ཐམས་ཅད་ཕྱིར་བླངས། བློན་པོའི་བློ་ངན་གྱི་འཆར་གཞི་ལག་ལེན་ལ་རིམ་གྱིས་བསྟར་ཏེ། ཉིན་གཅིག་སྔར་གྱི་དཔང་པོ་དང་དན་རྟགས་ཀྱི་མི་རྣམས་མཉམ་དུ་ཁྲིད་ནས་རྒྱལ་པོ་ཚང་གི་དཀོར་མཛོད་ཀྱི་རྒྱུ་ནོར་ཁྱོད་ལ་བཅོལ་རྣམས་ཁྱེར་ཤོག་ཅེས་སྨྲས། དགེ་བསྙེན་གྱིས་སྔར་ཀྱི་ཉིན་ཞིག་ལ་ཁྱོད་ཀྱིས་ཁྱེར་སོང་ཞེས་སྨྲས་ཀྱང་། དཔང་པོ་དང་དན་རྟགས་མེད་པས་ཁྲིམས་ཀྱི་སྟེང་ནས་ཕམ་སྟེ། དེ་ནས་དགེ་བསྙེན་རྒྱལ་པོའི་ཕོ་བྲང་གི་བཙོན་ཁང་ནང་དུ་བཅུག་ནས་འབྲེང་བ་རློན་པ་ཤ་སྟག་གི་ལྕག་གིས་བྲབས་པས་མ་ཤི་གོང་ནས་གསོན་དམྱལ་ཞིག་རིག་སྟེ་ཤི་སོང་བ་དང་། དགེ་བསྙེན་ལ་བུ་མེད་པས་ཆུང་མ་རྒྱུ་ནོར་དང་བཅས་པ་བློན་པོས་ཁོ་ལ་དབང་བ་རེད་ཅེས་སྨྲས། ཆུང་མས་སྨྲས་ཏེ་དང་པོ་དགེ་བསྙེན་གྱི་རུས་པ་སྦྱིན་བསྲེག་ཅིག་བྱེད་དུ་འཇུག་དང་དེ་ནས་མི་ནོར་འཁོར་དང་བཅས་པ་སུ་ལ་དབང་བ་ལྟ་སྨྲས་པས། བློན་པོས་དེ་ཁས་ལེན་མཛད་དེ་བློན་པོས་དགེ་བསྙེན་གྱི་རུས་པ་ཁྱེར་ནས་དུར་ཁྲོད་ནང་དུ་མེ་ཕུང་ཆེན་པོ་ཞིག་སྦར་ཏེ་རུས་པ་བསྲེག་བཞིན་ཡོད་པར། བུད་མེད་དེ་ཡང་ཐེ་ཚོམ་མེད་པར་བརྒྱུགས་ནས་མེ་ནང་དུ་མཆོང་སྟེ་ཤི་སོང་བ་དང་། དེ་ལྟར་ལས་ངན་པ་བསགས་པའི་བློན་པོ་ཆུ་སྲིན་འདི་ལ་སྐྱེས་ཤིང་། ལས་དེའི་རྣམ་སྨིན་གྱི་ཕུགས་དེ་རེད་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ལས་དེའི་རྣམ་སྨིན་གྱིས་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ལོ་སྟོང་ཕྲག་མང་པོར་མྱོང་། དེ་ནས་དུད་འགྲོའི་ནང་དུ་ཐེངས་མང་པོ་སྐྱེས་ནས་སྡུག་བསྔལ་འདི་འདྲ་ཤ་སྟག་མྱོང་ཡང་ད་དུང་ཡང་ལས་ཟད་མེད་པར། འདིའི་སྡུག་བསྔལ་འདི་སྐྱེ་བ་མང་པོ་ཞིག་ལ་མྱོང་ནས་མཐའ་མཇུག་མཐའ་མཇུག་ཅིག་ལ་རྫོགས་པའི་སངས་རྒྱས་ཡིད་བཟང་ཞུ་བ་ཞིག་འཇིག་རྟེན་དུ་བྱོན་དུས། དེའི་ཚེ་འདིའི་ལས་ད་གཟོད་ཟད་ནས་མི་ལུས་ཅིག་བླངས་ཏེ་རབ་ཏུ་བྱུང་ནས་འབྲས་བུ་ཞིག་ཐོབ་རྒྱུ་ཡོད་པ་ཡིན་གསུངས་པས། མི་མང་པོ་ཞིག་འཁོར་བའི་གནས་ལ་སྐྱོ་བ་སྐྱེས་ཏེ་སེམས་ཅན་མང་པོ་ཞིག་སྨིན་ཅིང་གྲོལ་བར་མཛད་པ་རེད། སྲོག་གཅོད་པ་དེ་འདྲའི་ཉེས་པ་ཆེ་ཞིང་མི་བསད་པ་མིན་ཡང་ལ་ཁའི་རི་དྭགས་སྒོ་ཕྱུགས་ཟོག་ལུག་གང་བསད་ནའང་རང་བཞིན་གྱི་ཉེས་པའི་ཆ་ནས་སྲོག་གཅོད་ཀྱི་རྣམ་སྨིན་འདྲ་བར་མྱོང་དགོས། རང་རེ་དགོན་ཡུལ་སྡེ་གསུམ་གྱིས་ནུས་པ་མཉམ་དུ་ཕྱུང་ནས་རི་རྒྱ་རྔོན་ཁྲིམས་འཇོག་བཞིན་ཡོད་པར་ང་ཚོའི་ངོས་ནས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡིན་ལ། རི་དྭགས་དུད་འགྲོ་ཡིན་ཡང་སྲོག་ལ་དམར་ལུགས་ང་ཚོ་དང་གཅིག་པ་ཡིན། ཕ་མ་བསད་དེ་དྭ་ཕྲུག་བདག་མེད་དུ་ལུས་ན་ཉམ་ཐག་སྡུག་བསྔལ་ཆེ་བ་ཡང་ང་ཚོ་དང་གཅིག་མཚུངས་རེད་སྙམ་ནས་སྲོག་སྐྱབས་དགོས་པར་མ་ཟད་སྐྱབས་ཀྱིན་ཡང་ཡོད་པ་རེད། སྲོག་གཅོད་སྤངས་ནས་སྲོག་བསྐྱབས་ན་དགེ་བའི་ལས་ལམ་ཆེན་པོ་ཞིག་ཡིན་པ་དང་། སེམས་ཅན་ཕ་མ་ཡིན་པའི་སྙིང་རྗེ་དང་འབྲེལ་ན་དེ་བས་བསོད་ནམས་ཆེན་པོ་ཐོབ། དེའི་ཞོར་ལ་དགེ་ངོ་སྡིག་ངོ་མི་ཤེས་པའི་རྔོན་པ་རྣམས་ལ་ཕན་ཆེན་པོ་ཞིག་ཐོགས་སོང་བ་ཡིན། དམྱལ་བའི་ནང་དུ་ལན་གཅིག་ལ་མི་འགྲོ་བའི་ཐབས་ཤིག་ཐོན་ན་དེ་རྣམས་ལ་ཕན་ཐོགས་ཆེན་པོ་ཞིག་དང་། དེའི་སེམས་ཅན་རྔོན་པ་དེ་ཡང་ཕ་མ་ཡིན་པའི་ཆ་ནས་བྲག་མགོ་མཐོན་པོའི་གཡང་ས་ཞིག་ནས་མཆོང་གྲབས་བྱེད་ཀྱིན་ཡོད་ཚེ་མཆོང་དུ་མ་བཅུག་པ་དང་འདྲ་བར་ཕན་ཐོགས་ཆེ་བ་ཡིན་པས། ཆེ་ཆུང་ཕོ་མོ་ཚང་མས་རང་སའི་སྟེང་ནས་རི་དྭགས་གསད་དུ་མ་བཅུགབྱ་དང་ཉ་ཚོ་དེ་བཞིན་མཚུངས་པ་རེད། རྩ་ཆེའི་རི་དྭགས་སྲུང་སྐྱོབས་བྱེད་པ་འདི་འཛམ་བུ་གླིང་གི་འཁོར་ཡུག་སྲུང་སྐྱོབས་ཀྱི་སྒྲིག་ལམ་དང་མཐུན་པ་དང་། ངོ་མ་བཤད་ན་འདིའི་འབྲེལ་ཡོད་ཀྱི་ལས་ཀའི་འགན་ཡོད་པ་དབང་ཆ་གོ་གནས་ཅན་ཚོས་ལྟ་དགོས་ཀྱང་། ཉམ་ཆུང་རི་དྭགས་ཀྱི་བདེ་སྡུག་མཐོང་མཁན་དེང་སང་ཉུང་ཉུང་ཡིན། སྲོག་གཅོད་འདི་ཤ་ཁྲག་གི་ཁ་ཟས་ཟ་བ་འདིའི་ཁུངས་ནས་མང་པོ་ཞིག་འབྱུང་བཞིན་ཡོད་པས། འུ་ཚོར་ཤ་ཁྲག་གི་ཁ་ཟས་འདི་མི་རབས་མི་རབས་བྱས་ཏེ་ཟ་རྒྱུའི་གོམས་སྲོལ་ངན་པ་ཞིག་སེར་སྐྱ་ཕོ་མོ་མེད་པར་ཚང་མ་ལ་ཆགས་ཡོད་པས། སྒོ་བཤས་སྤང་ན་ཡག་པར་མ་ཟད་ཤ་མ་ཟོས་ན་དེ་བས་ཡག །ཤ་ཟ་མཁན་མེད་ན་འཚོང་མཁན་ཡོད་དོན་མེད་ལ། ཤ་བཙོང་ས་མེད་ན་ཚོང་གི་དོན་དུ་བཤའ་མཁན་ཡོད་དོན་མེད་པས། ངོ་མ་བཤད་ན་སྒོ་བཤས་སྤོང་བ་དང་། སྒོ་ཟོག་ཚེ་ཐར་བྱེད་པ་དེ། སྡེ་མང་ཚོགས་ནས་འགོ་བཙུག་བབ་འོས་ཡོད་ཀྱང་། ཤ་མི་ཟ་བ་དེ་དགོན་པའི་བླ་སེར་ནས་དང་པོ་འགོ་བཙུག་ན་འོས་པ་ཡིན། བླ་གྲྭ་ཚང་མས་སེམས་ཐག་མཉམ་དུ་བཅད་དེ་བུ་སུ་བཟང་བལྟས་ན་མཚར་ས་ཡོད་གི་སྙམ་འདུགསངས་རྒྱས་བཅོམ་ལྡན་འདས་ཀྱི་མདོའི་ནང་དུ་བློ་གྲོས་ཆེན་པོ་ངས་ཤའི་ཟས་ནི་སུ་ལ་ཡང་མ་གནང་མི་གནང་གནང་བར་མི་འགྱུར། རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་ངས་བཤད་དོ་ཅེས་གསུངས་སོ། །ཁས་བཤད་པ་སླ་ཡང་ལག་ལེན་ལ་དེ་འདྲ་འདེབས་སླ་བ་མིན་སྟེ། ལུས་ཀྱི་འཚོ་བཅུད་ཀྱིས་མི་འདང་བ་ཟེར་བ་སོགས་ཁ་གཡར་ས་མང་པོ་ཞིག་རྙེད་ཡོང་བས་སོ། །དཀར་ཟས་ཚོད་མའི་རིགས་སྣ་ཁ་མང་པོ་ཡོད་ཡོང་ན་ལྷག་ཏུ་ཤ་མི་དྲན་པ་རེད་ཡོང་བ་དང་། མང་པོས་མ་ཟོས་ན་ཟ་མཁན་ཉུང་ན་ཆོད་སླ་ཞིང་། མང་ཆེ་བས་ཟོས་ཚེ་ཉུང་ཉུང་གིས་མཚམས་རེ་གཅད་ཀྱང་། མཚམས་རེར་མི་ཆོད། མ་ཟོས་མ་ཟོས་པར་སླར་ཟོས་ཚེ་སྲེད་པ་ཇེ་ཆེར་སོང་ནས་མི་ཆོད་པར་ཇེ་སྡུག་ལ་འགྲོ་བ་སོགས། མདོར་ན་དམར་ཟས་ཤ་འདི་ཟོས་ན་ཉེས་པ་ཆེ་བར་མ་ཟད་ནད་རིགས་མང་པོ་ཞིག་འདིས་བསྐྱེད་ཀྱིན་ཡོད་པ་ཡིན། མི་མང་པོས་བཅད་ན་ཉུང་ཉུང་གིས་ཆོད་སླ་བས་ས་ཆ་དེའི་མི་ཡིས་ཤ་ཟ་ནི་མ་རེད་ཟེར་བ་ཞིག་ཏུ་གྱུར་ན་དགེ་བསྐུལ་དང་མིག་ལྟོས་མི་སྲིད་པ་ཞིག་ཏུ་གྱུར་བར་མ་ཟད་དགེ་བ་རླབས་ཆེན་ངོ་མ་ཞིག་ཡིན་ལ། མདོར་ན་བཅོམ་ལྡན་འདས་ཀྱིས། རང་གི་ལུས་ལ་དཔེ་བླངས་ནས། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་བས། །འཇིག་རྟེན་འདིའི་སྲོག་ཆགས་ཡོད་ཚད་ཀྱིས་གཅེས་པ་རང་སྲོག་ཡིན་པ་དང་། རང་གི་ལུས་ལ་ཐ་ན་ཚེར་མ་ཞིག་ཟུག་ནའང་ཅི་འདྲའི་ན་ཟུག་ཡོད། སེམས་ཅན་གཞན་གྱི་སྲོག་ལ་གྲི་བཞག་ན་སེམས་ཅན་ཕ་རོལ་པོ་ལ་སྡུག་བསྔལ་ཅི་ཙམ་ཞིག་ཆེ་བ་རང་གི་ལུས་ལ་དཔེར་བླང་སྟེ་དཔོག་ནས། རང་གཅེས་པ་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་གནོད་པ་སྐྱེལ་མི་རུང་པ་ཡིན། རང་གི་མཆུ་ལག་པས་བསུམ་སྟེ་དབུགས་འགྲོ་འོང་གཉིས་གསུམ་ཞིག་གི་ཚེ་ལ་སྡོད་དང་ཅི་འདྲའི་སྔངས་སྐྲག་ཞིག་ཡོད། གྲི་དང་མེ་མདས་བསད་ནའང་དེ་འདྲའི་ཤི་མི་ཐུབ་པའི་སྡུག་བསྔལ་ཅི་ཙམ་མྱོང་ས་རེད། ཤྭ་བ་ཨ་ཕ་ཡིན་ཟེར་སྔོན་ལ་བུད་ཐལ། ཡུ་མོ་ཨ་མ་ཡིན་ཟེར་རྗེས་ནས་ཡོང་གི། ཤེའུ་ཕྲུག་བུ་ཕྲུག་ཡིན་ཟེར་དཀྱིལ་དུ་འཇོག་གི། ངའི་ཕ་མ་མ་འོངས་ཕྱི་མའི་ལམ་ལ་དགྲ་ནག་པོ་ཞིག་གིས་སྙིང་མདའ་སྤྲད་སོང་ཟེར་བ་དེ་འདྲའི་ལོ་རྒྱུས་དང་གཏམ་རྒྱུད་ཀྱི་ནང་དུ་བྲིས་འདུག་པ། དེ་ཚོ་དང་གཅིག་པ་ཡིན་པས་མིས་རི་དྭགས་ཀྱི་ཕ་མ་བསད་ནས་ཕྲུ་གུ་དྭ་ཕྲུག་ཏུ་ལུས་ན་མི་རང་ཉིད་ཀྱི་ལུས་ཐོག་ལ་ཡོང་བ་དང་སྡུག་བསྔལ་གཅིག་མཚུངས་ཡིན། དཔེར་ན་མ་བཟང་མོ་ཞིག་གིས་རང་གི་བུ་དང་བུ་མོའི་ཤ་ཟ་འདོད་མི་སྐྱེ་བ་དང་། དེ་ལྟར་དུ་བུ་རྒྱུད་བཟང་པོ་ཞིག་གིས་ཕ་མའི་ཤ་མི་ཟ་བ་ལྟར། ཕ་མ་སེམས་ཅན་གྱི་རིགས་སུ་གྱུར་བའི་ཤ་ཞིག་གཏན་ནས་ཟ་འདོད་མི་སྐྱེ་བ་ཞིག་ཡོང་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ཡོད་པའི་རྟགས་དང་། དེ་མིན་གང་ལྟར་ཡང་གཅིག་དཀའ་བ་ཡིན། དེ་བཞིན་དུ་བེའུ་རྟོ་ལེ་མུག་གསོད་བྱས་པ་ཡང་དབང་ཡོད་མེད་ཀྱིས་དབང་ཆེ་ཆུང་ཁེ་གྲགས་གཞན་ལ་གཏུག་ནས། འུ་ཚོ་མི་ཞིག་གིས་གཅིག་ཚང་གི་ཕ་མ་འགོ་འཛོམས་ཀྱི་བུ་ཕྲུག་འཕྲོག་ནས་མུག་གསོད་བྱས་ཏེ་དེའི་ཟ་སྐལ་ཀུན་ཀྱང་འཕྲོག་ན་སྡུག་བསྔལ་ཅི་ཙམ་ཡོད་པ་ལ་ལྟོས། སྒོ་ཁྱི་བཙོན་པ་ཉིན་མཚན་གཉིས་ཀར་སྐེ་ལ་ལྕགས་ཐག་བསྐོན་ནས་བཏགས་ཀྱང་ལྟོ་ཟ་རྒྱུའི་ཟས་སྐལ་བཅད་ན་དཔེ་རང་ཐོག་ལ་བསྐོར་ན་སྡུག་བསྔལ་ཅི་ཙམ་ཡོད། མི་བསད་ན་སྲོག་གཅོད་ཀྱི་ནང་ནས་ཉེས་པ་ཆེ་ཤོས་ཡིན་པ། གོང་གི་གཏམ་རྒྱུད་དེ་དང་། དེ་ཚོ་འདོད་རྔམས་དང་འདོད་ཆགས་ཀྱི་དབང་གིས་བསད་པ་དང་། ཞེ་སྡང་དང་གཏི་མུག་གི་དབང་གིས་བསད་ན་དེ་བཞིན་དུ་རྣམ་སྨིན་སྦྱང་བར་དཀའ་བ་མྱོང་དགོས། ཕ་མ་དགྲ་བཅོམ་བསད་ན་ལྟ་ཅི་སྨོས་གྲྭ་པ་སངས་རྒྱས་ཀྱི་ན་བཟའ་སྐུ་ལ་བཞེས་ཡོད་པ་ཞིག་བསད་ན། སྲོག་གཅོད་ཀྱི་ཉེས་པས་མི་ཚད་པར་སྐྱབས་འགྲོའི་བསླབ་བྱ་ཉམས་ཏེ་དཀོན་མཆོག་གསུམ་གྱི་སྐྱབས་འོག་ནས་བུད་འགྲོ་བ་རེད། གྲྭ་ཆས་ཅན་གྱིས་ཕར་ལ་མི་བསད་ན་སངས་རྒྱས་བསྟན་པའི་རྨ་འབེབས། བསྟན་བླ་འཚོང་མཁན་སོ་བྱང་སྔགས་གསུམ་གྱི་སྡོམ་དམ་ཚིག་ལས་ཉམས་སོང་བ་ཡིན། རབ་ཏུ་བྱུང་བ་ཞིག་གིས་དགེ་སྦྱོང་གི་ཆོས་བཞི་ལས་འདའ་མི་ཉན་ཞིང་། དགེ་སྦྱོང་གི་ཆོས་བཞི་པོ་གང་ཡིན་ཞེ་ན། གཤེ་བ་ལ་སླར་མི་གཤེ་བ་དང་། ཁྲོས་པ་ལ་སླར་མི་ཁྲོ་བ། བརྡེགས་པ་ལ་སླར་མི་རྡེག་པ། མཚང་བྲུས་པ་ལ་སླར་མཚང་མི་འབྲུ་བའོ། །མདོ་ལས། རབ་ཏུ་བྱུང་བས་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་སོ། །ལར་མ་རྩ་དཔེ་རང་ཐོག་ཏུ་བླང་ན་རང་གི་བུ་ཚ་བོ་མི་ཞིག་གིས་བསད་སོང་བའི་སྡུག་སེམས་ནད་ཕ་རོལ་པོའི་ཕ་མ་ཉེ་འབྲེལ་ལ་ཡང་ཡོད་ཅིང་། རིགས་རུས་གཅིག་གི་མི་ཤ་ཁྲག་ཆད་ས་གཅིག་ལས་ཆད་པ་སྟོན་པ་གཅིག་ལ་སྐྱབས་སུ་སོང་བའི་ཆོས་དད་པ། ཡུལ་སྡེ་གཅིག་གི་ནང་མཉམ་དུ་མི་ཐོག་མི་རྒྱུད་དུ་འཚོ་བ་མཉམ་སྐྱེལ་བྱས་པ་ཡིན་པས་དོན་དག་ཆུང་ངུ་ཞིག་གི་ཆེད་དུ་སྲོག་ལ་ལག་འཇོག་པ་ནི་དཔའ་རྟགས་མ་རེད་སྡར་རྟགས་རེད། ཤེས་མེད་སྤྲོ་ཐུང་ཁྱི་ངན་ཉྭ་འཐམ་བྱེད་ཀྱིན་འདུག་པ་དང་གཅིག་མཚུངས་རེད། མི་བསད་པའི་སྡིག་རྒན་གྲིབ་ཆེ་བས་དེ་ལྟའི་སྡིག་པ་ཚེ་འདིར་མེད་ཀྱང་ཚེ་རབས་ཐོག་མེད་ནས་བསགས་པའི་སྲོག་བཅད་ཀྱི་སྡིག་པ་དེ་ཚོ་སེམས་ཐོག་ལ་ལོངས། རང་གིས་སེམས་ཅན་གྱི་སྲོག་མི་གཅད་པའི་སྟེང་དུ་གཞན་ལ་སྲོག་གཅོད་ཀྱི་ཉེས་དམིགས་དང་སྲོག་གཅོད་སྤོང་བའི་ཕན་ཡོན་བསྒྲག་ན་བསོད་ནམས་ལྷག་པར་ཆེ་ལ། སྲོག་གཅོད་སྤངས་ན་བྱམས་དང་སྙིང་རྗེ་རང་ཤུགས་ཀྱིས་སྐྱེ་ཞིང་། དཀར་ཕྱོགས་ཀྱི་ལྷས་སྡོང་གྲོགས་མཛད། ཚེ་རིང་། ནད་མེད། བསམ་དོན་ངང་གིས་འགྲུབ། འདྲེས་བར་ཆད་ཀྱིས་མི་ཚུགས། ལྷ་དང་སྲུང་མ་རང་འཁོར་འོང་། སྲོག་ཆགས་ཐམས་ཅད་ཀྱིས་གཉེན་དུ་བརྩི་བས་དགའ་བ་དང་། སྲོག་གཅོད་སྤོང་བའི་གང་ཟག་གིས་སྨོན་ལམ་ཅི་བཏབ་ཡིད་བཞིན་དུ་འགྲུབ་གསུངས་སོ་། །དེས་ལུས་ཀྱི་མི་དགེ་བ་དང་པོ་སྲོག་གཅོད་ཀྱི་སྐོར་བཤད་ནས། གཉིས་པ་མ་བྱིན་ལེན་འདི་ཡང་དུག་གསུམ་གང་རུང་གིས་ཀུན་ནས་བསླངས་པའི་ཀུན་སློང་གིས་བསྐུལ་ཏེ་བླང་བ་ལས་གཙོ་བོ་འདོད་པའི་ཀུན་སློང་གིས་མ་བྱིན་པ་བླང་བ་ཤས་ཆེ་ཞིང་། དེའི་ནང་གི་ཉེས་དམིགས་ཆེ་ཤོས་ནིི་རྟེན་གསུམ་གྱི་ཆ་རྐྱེན། དཀོན་མཆོག་མཆོད་པའི་རྫས། དགེ་འདུན་ཐུན་མོང་གི་དཀོར། ཕ་མའི་ཟས་ནོར་རྐུ་བ་དེ་ཚོ་ཉེས་དམིགས་ཆེ་བ་དང་། མཆོད་པ་དང་ཞབས་ཏོག་བསྙེན་བཀུར་བྱས་ཚེ་དེ་དག་ཡུལ་གཉན་པོ་ཡིན་པ་ལྟར། མ་རུང་བའི་སེམས་ཀྱིས་ཀུན་ནས་བསླངས་ཏེ་ལོག་སྒྲུབ་བྱས་ནའང་དེ་ལྟར་ཉེས་པ་ཆེ་བ་ཡིན། འབྲིང་པོ་ནི། ཕལ་བའི་རྒྱུ་རྫས་མ་བྱིན་པར་ལེན་པ། སྤྱིར་རྐུ་བྱས་ན་མ་བྱིན་པ་ཡིན་ཡང་རྐུ་ཞེས་པ་ནི་ལྐོག་ནས་ཁྱེར་བ་ཁོ་ནར་བཟུང་ན་ཁྱབ་ཆུང་ངོ་། མ་བྱིན་ལེན་ཞེས་པ་ནི། དབང་གིས་ལེན་པ། མཐུས་ལེན་པ། གཡོ་སྒྱུས་ལེན་པ་ལ་སོགས་པ་ལེན་ཚུལ་མང་པོ་ཡོད་པ་ཡིན་པས། རྐུ་འཕྲོག་བཅོམ་གསུམ་ཚོང་ཁེ་སོགས་སྲོལ་ལམ་ལུགས་དང་མ་མཐུན་པ་དང་སྲང་རྒྱ་མ་དྲང་བར་བྱེད་པ་དང་། གཞན་དོན་ལྟ་བུའི་ཚུལ་གྱིས་རང་དོན་ཆེན་པོ་མ་འདྲེས་པའི་མ་བྱིན་ལེན་ཆུང་གྲལ་ལྟ་བུ་དང་། དགེ་ཚུལ་སློང་གི་སྡོམ་པ་བླང་བ་ཞིག་གིས་མ་བྱིན་པ་བླང་ན་ཕམ་ལྟུང་འབྱུང་ཞིང་། སྡོམ་པ་རྩ་བ་ནས་འཇོམས་འགྲོ་བ་ཡིན། རྐུ་བའི་གཞི་ནི་མི་གཞན་ནོར་ཡིན་པ། །བསམ་པ་རང་ཉིད་འཚོ་ཕྱིར་རྐུ་སེམས་ཀྱིས། །ཡུལ་དུས་རིན་ཐང་ཚང་བ་སྦྱོར་བས་བརྐུས། །མཐར་ཐུག་བརྐུས་སམ་རྐུར་བཅུག་རྩད་ནས་ཐོབ། ཅེས་གསུངས་པ་ལྟར། འདི་ལ་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་དགོས། གཞི་རང་གི་ནོར་མ་ཡིན་པ་གཞན་གྱིས་བདག་ཏུ་བཟུང་བའི་དངོས་པོ། ཡུལ་དུས་དེར་རྐུ་ས་རྐུ་མཁན་གཉིས་ཀའི་ངོས་ནས་རིན་ཐང་ཚང་བ། རིན་ཐང་ཅི་ཞིག་ཚང་དགོས་ཤེ་ན། ཀཱརྵཱ་པ་ན་བཞི་ཆ་བརྐུས། །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །བསམ་པ་རང་ཉིད་འཚོ་ཕྱིར་དུ་རྐུ་སེམས་རྒྱུན་མ་ཆད་པ། སྦྱོར་བ་ལུས་ངག་གི་རིག་བྱེད་དུ་གྲུབ་སྟེ་རྐུ་བར་བརྩམ་པ། མཐར་ཐུག་རང་གི་བརྐུས་སམ་གཞན་ལ་རྐུ་བཅུག་པསོགས་གང་ལྟར་ཡང་རྐུ་བའི་རྫས་སམ་དངོས་པོ་དེ་བདག་པོ་དང་ཁ་བྲལ་ཏེ་ཐོབ་བློ་སྐྱེས་པའི་བར་དེར་གཞི་བསམ་སྦྱོར་བ་མཐར་ཐུག་ཐམས་ཅད་ཚང་བ་ཡིན། ཚུལ་ཁྲིམས་དང་ཐོས་པ་མེད་པའི་གང་ཟག་གིས་ཁ་གསག་དང་ཚུལ་འཆོས་ལ་སོགས་པས་རྙེད་པ་རང་དོན་ལ་བསྒྲུབས་ན་དེ་ཡང་མ་བྱིན་པ་བླང་བ་ཞིག་གི་ནང་དུ་གཏོགས་ཤིང་། གྲྭ་པ་སེར་མོ་ཞིག་གིས་ཕམ་བཞིའི་ནང་གི་གཟབ་དགོས་ས་རྙོག་འཛིང་ཆེ་ས་ངོ་མ་ཞིག་འདི་ཡིན། དགེ་སློང་ནོར་ཅན་གྱིས་རང་གི་ཁང་པ་རྩིག་པའི་ཆེད་དུ་རྒྱལ་པོ་མ་སྐྱེས་དགྲའི་ཤིང་ཆ་བརྐུས་པ་ལ་སྟོན་པས་མ་བྱིན་ལེན་གྱི་ཕམ་ལྟུང་དང་བཅས་པ་མཛད་པ་དང་། འདིི་ལ་སོགས་པ་རྩ་བ་བཞི་པོ་གང་བྱུང་ན་བསླབ་པ་རྩ་བ་ནས་ཉམས་པ་ཡིན། ཤིང་ཏ་ལའི་མགོ་བོ་བཅད་པ་བཞིན་དུ་གསོ་མི་རུང་བར་གསུངས་ཡོད། འདིའི་ཐད་ནས་སེར་སྐྱ་ཕོ་མོ་ཐམས་ཅད་ཀྱིས་གཟབ་དགོས་ས་ཞིག་དང་། སྤྱིར་མི་ཕལ་བ་ཞིག་ཡིན་ཀྱང་མི་རྐུན་ཁྱི་རྐུན་གཉིས་ཀ་མཐོང་ཡོང་དུས་ཁྱིམ་ལ་འང་ཡོང་དུ་མི་བཅུག །རྐུན་མ་ནི་མི་ངོ་མ་ཞིག་མིན་ཟེར་ན་ཆོག་སྟེ། མི་ཞིག་ལ་མི་ཞིག་གི་སྤྱོད་བཟང་ཡོད་ཅིང་མིའི་གྲལ་དུ་སྐེད་རག་ཐད་དུ་བཅིང་སྟེ་འགྲོ་དུས། ཆ་རྐྱེན་དང་པོ་རྐུ་ལག་ལ་བཞག་ན་མི་གནས། རྫུན་ཁ་ལ་བཞག་ན་མི་བཤད་པ་ཞིག་ཡིན་དགོས་ན། རྐུ་རྫུན་གཉིས་ཀ་མི་གནས་པ་ནི། མི་བྱེད་པའི་རྨང་གཞིའི་ཡོན་ཏན་ངོ་མ་བོ་དང་། དེ་གཉིས་ཀ་གནས་ཕྱིན། རིགས་མཐོན་པོ་དང་ཆེན་པོ། རྒྱུ་ཡོད་དབང་འབྱོར་ཅན་ཅི་འདྲ་ཞིག་ཡིན་ཀྱང་། ད་དུང་གཟུགས་ལང་ཚོ་འཇོན་ཐང་ཡིག་རྩིས་ཅི་ལྟར་མཁས་ཀྱང་འབྱོར་ཡང་རྩ་བ་རུལ་བའི་ཤིང་སྡོང་ལྟར་ཅི་ཡང་མི་རུང་ངོ་། །ད་ལྟའི་སྐབས་ལ་རྒྱུ་ནོར་ལོངས་སྤྱོད་ཀྱིས་དབུལ། གཅིག་ཡོད་པ་དེས་བེད་མི་ཆོད་པ་འདི་བསོད་ནམས་མ་བསགས་པ་དང་མ་བྱིན་ལེན་གྱི་རྣམ་སྨིན་ཡིན་ལ། ཡི་དྭགས་ལ་སྐྱེ་བའི་ལས་སེར་སྣ་དང་འདོད་ཞེན་གྱི་དབང་གིས་གཞན་གྱི་རྒྱུ་ནོར་མ་བྱིན་པ་བླང་བའི་རྣམ་སྨིན་ཡིན། ཡང་མོའུ་འགལ་གྱི་བུ་དང་དགེ་སློང་དཔལ་སྐྱེས་གཉིས་ཀ་རྒྱ་མཚོའི་འགྲམ་དུ་བྱོན་གྱིན་ཡོད་ཚེ། སེམས་ཅན་ཞིག་ལ་ལུས་ཤིང་སྡོང་ཆེན་པོ་འདྲ་བ་ཞིག་ལ་སྲིན་བུ་མང་པོས་ཟ་ཞིང་མི་སྙན་པའི་སྒྲ་ཆེན་པོ་གྲག་བཞིན་ཡོད་པ་ཞིག་དང་ཐུགའདི་ཅི་རེད་ཅེས་དྲིས་དུས་འདི་སྔོན་ཆད་དགེ་སློང་དགེ་འདུན་གྱི་ལས་བྱེད་མཁན་ཞིག་ཡིན། འདིའི་དགེ་འདུན་གྱི་རྒྱུ་རྫས་ལ་རང་གིས་ལོངས་སྤྱད་དེ་སྡོང་པོ་འདི་ལ་སྐྱེ་བ་བླངས་སོང་བ་དང་། ད་དུང་རང་གིས་དགེ་འདུན་པའི་སྤྱི་རྫས་ཁྱིམ་པ་ལ་སོགས་པར་བྱིན་པ་དེ་རྣམས་སྲིན་བུ་འདི་དག་ལ་སྐྱེས་ཏེ་རང་ཉིད་ཟ་བཞིན་ཡོད་པ་འདི་རེད། ད་འདི་ནས་ཚེ་འཕོས་དེ་དམྱལ་བ་ཆེན་པོའི་ནང་དུ་ད་གཟོད་འགྲོ་དགོས་པ་ཡིན་གསུངས། ད་དུང་ཡི་དྭགས་སྟོད་གཉིས་པའི་གཏམ་རྒྱུད་ཅེས་པ་ཞིག་ཡོད། ཡི་དྭགས་ལུས་པོ་ཆེན་པོ་ཅན་ཁོག་སྨད་སྤྱིར་བཏང་བ་ཡིན་ལ་སྐེད་པ་ཡན་ཆོད་གཉིས་སུ་སོང་ཞིང་། ཁོག་སྟོད་ནས་མེ་འབར་གྱིན་ཡོད་པ། བསྡད་ན་ལུས་ནས་མེ་འབར་བ། སོང་ན་ལས་ལས་སྐྱེས་པའི་སེང་གེ་དང་སྟག་གཟིག་དོམ་དྲེད་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་མང་པོ་ཡོང་ནས་དེའི་ཤ་བཅད་དེ་ཟ་བཞིན་ཡོད་པ། མཚམས་རེར་ཡང་མིའི་གཟུགས་ཅན་འཇིགས་སུ་རུང་བ་མང་པོ་ཡོང་ནས་རལ་གྲི་རྣོན་པོ་བཟུང་སྟེ་དེའི་ལུས་ཀྱི་ཁོག་སྟོད་བཅད་འགྲོ་བ། གཅིག་ཤོས་བཅད་དུས་གཅིག་ཤོས་ཡར་ལ་སོས་ཡོང་བ། དེ་འདྲ་ཁོ་ནས་སྡུག་བསྔལ་མྱོང་སྟེ་སྡུག་སྐད་འབྱིན་ནས་ངུ་བཞིན་ཡོད་པ་ཞིག་འཕགས་པ་མོའུ་འགལ་གྱི་བུས་གཟིགས་ཏེ། དེའི་ལས་ཀྱི་རྒྱུ་བརྟགས་པས་རང་གི་མངོན་ཤེས་ཀྱིས་མཁྱེན་ཀྱང་སེམས་ཅན་མང་པོར་ཕན་པའི་ཆེད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕེབས་ནས་དེའི་ལས་ཀྱི་རྒྱུ་ཞུས་ཚེ། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སྔོན་སངས་རྒྱས་འོད་སྲུང་དུས་སུ་འདི་རབ་ཏུ་བྱུང་ནས་ཞལ་ཏ་བ་བྱེད་མྱོང་བ་དང་། འདི་ཞལ་ཏ་བ་བྱེད་སྐབས་འདིས་དགེ་སློང་གི་དགེ་འདུན་དབྱར་གནས་པ་རྣམས་ཀྱི་གོས་དང་རྙེད་པ་བཅད་དེ་དགུན་གནས་པ་རྣམས་ལ་ཕུལ། དགུན་ཁ་བཞུགས་ཏེ་གནས་བཅའ་བ་རྣམས་ཀྱི་གོས་དང་རྙེད་པ་བཅད་དེ་དབྱར་གནས་པ་རྣམས་ལ་སྦྱིན་གྱིན་བསྡད་པ་དང་། དེ་གཉིས་ཀའི་རྙེད་པའི་ནང་ནས་བཅད་དེ་རང་གིས་བེད་སྤྱོད་བཏང་གཞན་ལ་བྱིན། དེ་འདྲ་བྱས་པའི་རྣམ་སྨིན་གྱིས་འདིའི་སྡུག་བསྔལ་འདི་ཡུན་རིང་པོ་ཞིག་ལ་མྱོང་བ་ཡིན། མ་འོངས་པ་ན་སངས་རྒྱས་གཞན་གྱིས་མི་ཐུབ་པ་ཞུ་བ་ཞིག་འཇིག་རྟེན་དུ་བྱོན་ཚེ་ལས་འདི་ད་གདོད་ཟད་དེ་སྡུག་བསྔལ་ལས་ཐར་བར་འགྱུར་བ་ཡིན་ཞེས་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས། དགེ་སྐོས་གཙང་སྦྱོར་པ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེ། །གསུངས་བ་ཡང་། དེ་འདྲ་བྱེད་ཀྱིན་འདུག་མཁན་ལ་མ་སྐྱེ་བར་ཤོག་གསུངས་པ་ལས། དེ་མིན་དགེ་འདུན་ལས་བྱེད་པ་ལ་མ་སྐྱེ་བར་ཤོག་གསུངས་བ་མིན་ཏེ། དེ་དགེ་འདུན་གྱི་ཞལ་ཚབ་པ་སྨོན་པའི་ཡུལ་དུ་གྱུར་བ་དེ་འདྲའི་སྐྱེ་བ་ལེན་པར་ཤོག་ཟེར་དགོས་པས་སོ། ང་ཚོས་དགེ་འདུན་པའི་སྤྱིའི་ལས་ཀ་བྱེད་སྐབས་སྤྱི་རྫས་རང་གི་ཁོངས་ལ་འགྲོ་མ་ཤོར་ན། ཡར་ནས་བཅད་དེ་མར་ལ་གླན་པ་དང་། མར་ནས་ཁྱེར་ཡོང་ནས་ཡར་ལ་རྒྱག་བཞིན་ཡོད་པ་དེ་འདྲ་ཤོར་བ་དང་། ཐེངས་རེར་མགྲོན་སྣེ་ལེན་བྱེད་པ་ལ་སོགས་པ་བཀོད་སྒྲིག་མང་པོ་ཞིག་ཀྱང་མ་བྱེད་ཐབས་མེད་དུ་ཐུག་རྒྱུ་གང་མང་ཡོད་པ་ཡིན་ཡང་ཀུན་སློང་གཙོ་ཆེ་སྟེ། དོན་ཆེན་ལྡན་ན་ལུས་ངག་གི་བདུན་པོ་གནང་བའི་སྐབས་ཀྱང་ཡོད་པ་ཡིན་མོད། གང་ལྟར་རྒྱུ་འབྲས་ཕྲ་ཞིབ་བྱེད་པ་ནི་གལ་ཆེ་བ་ཡིན། གནའ་ང་ཚོ་ཆུང་དུས་ལྕང་མའི་མཁན་པོ་ཐུབ་དགའ་ཟེར་བ་ཞིག་བཞུགས་ཡོད་པ་ལ། དངོས་པོ་ཞིག་ཕྱེད་ཀ་ཁྱེད་ལ་འབུལ་བ་ཡིན་ཕྱེད་ཀ་དགེ་འདུན་པ་ལ་འབུལ་བ་ཡིན་ཟེར་བ་ཞིག་ཐོན་ཚེ་དེའི་ཅ་ལག་འདྲ་གཉིས་ཡོ་རིང་མེད་པ་ཞིག་བྱེད་པར་མ་ཟད་དཀྲི་བྱེད་ཀྱི་རས་ཐ་ན་ཤོག་བུ་ཞིག་ཡིན་ཡང་འདྲ་གཉིས་མཛད་རྒྱུ་དེ་འདྲ་ཐུགས་ཞིབ་དར། ངས་ཀློག་སློབ་ས་ལྕང་མ་སྒར་ནས་ཡིན་པས་ང་ཆུང་དུས་ལྕང་མ་ནས་ལོ་གཉིས་འདུག་མྱོང་། དེ་དྲག་གང་དྲག་གི་སློབ་ཆེན་རྣམ་པ་གཞུགས་ཡོད་ཅིང་། འདུལ་འཛིན་སྦྱང་ཡོན་ལ་གནས་པ་ཤ་སྟག་བཞུགས་པ་རེད། བཞུགས་ས་ས་དོང་བརྐོས་ཏེ་ཀླད་ནགས་ཀྱི་ལོ་འདབ་རེ་བཀབ་ནས་བཞུགས་ཡོད་པ་དང་། རྫོགས་ཆེན་གྱི་མཁན་པོ་རྣམ་པ་སློབ་ཚོགས་དང་བཅས་པའང་དེ་འདྲ་རེད། སེར་སྐྱ་སུ་ཡིན་ན་རྒྱུ་འབྲས་ཕྲ་ཞིབ་ནས་སྲུང་བ་དང་། གཞན་ནོར་ཧམ་པས་མི་ལེན་པ། ཁྱད་པར་དུ་དཀོན་མཆོག་གི་དཀོར་རྟེན་རྩ་ཐེབས་རྩ་རུ་ཕུལ་ཡོང་བ་དེ་དག་སྐྱེ་བོ་མི་ནག་པའི་ཁ་རྒྱབ་ལ་མ་ཤོར་མ་གཏོགས་ཞེ་ནག་དེའི་ཆེ་མེད་པར་འགྱུར་བ་ཡིན། ཁྲོ་ཆུ་ཁོལ་མ་ཞིག་ཁ་ནང་དུ་བླུད་ན་ཁ་ལྕེ་མིད་པ་ཐམས་ཅད་ཚིག་ནས་ཤི་འགྲོ་ཡང་དེ་ཐེངས་གཅིག་གི་སྡུག་བསྔལ་དང་། དཀོར་དེ་རྣམས་ལ་བྱིན་ན་བསྐལ་ཆེན་མང་པོ་ལ་ཁྲོ་ཆུ་ཁོལ་མ་ཁ་ནང་དུ་བླུད་ཀྱིན་ཡོད་པ་དང་འདྲ་བ་ཡིན་པས། ཆོས་ཞུས་པའི་དོན་སྒོ་དང་པོར་དེ་ཚོ་ཤེས་དགོས། གནའ་འབྲུག་པདྨ་དཀར་པོ་དབུས་ཕྱོགས་སུ་ཕེབས་དུས་ནུབ་གཅིག་གཟིམས་ལམ་དུ་དཔོན་གཡོག་འཁོར་དང་བཅས་པའི་ཁ་ནང་ནས་མེ་འབར་ཀྱིན་ཡོད་པ་ཞིག་རྨིས། ཕྱི་ཉིན་གྲྭ་པ་རྣམས་ལ་གསུངས་ཏེ་འུ་ཚོས་ལས་ཉེས་ཤིག་བྱས་འདུག་ཁྱེད་རྣམས་ཀྱིས་ཅི་ཞིག་བྱས་གསུངས། ཁོང་རྣམས་ཀྱིས་ཅི་ཡང་མ་བྱས་ཞུས། ཞིབ་ཀྱིས་བརྟགས་པས་མཆོད་མེའི་རྒྱུ་མར་ཞིག་ཡོད་པ་དེ་གསར་རྙིང་ཡག་བཙོག་བརྗེས་པས་ཡིན་འདུག །དམ་པའི་སྐྱེས་བུ་དེ་ཚོས་ལས་དང་ལས་ཀྱི་སྒྲིབ་པ་ཕྲ་མོ་ཙམ་ལ་གནད་ཆུང་དང་སྣང་མེད་མི་མཛད་པ་ཡིན་ན། འུ་ཚོས་ཧོབ་ལས་ཆོབ་ལས་རྒྱུ་འབྲས་ལ་མི་མཐུན་པ། ཁྱད་པར་དུ་གོང་དུ་བཤད་པའི་དཀོན་མཆོག་གི་དཀོར། བླ་མའི་ནོར། ཕ་མའི་རྒྱུ་རྫས་རྣམས་ལས་ཁབ་ཙམ་ཞིག་མ་བྱིན་པ་བླང་ན་ཡང་དམྱལ་བར་སྐྱེས་གསུངས་པའང་། དེ་རྣམས་ཡུལ་དང་ཞིང་ས་ཁྱད་པར་ཅན་ཡིན་པས་སོ། །འབྲུག་པདྨ་དཀར་པོ་ལ་གཟིམས་ལམ་ཡོང་བ་འདྲ་བར། དཀོར་གྱི་སྒྲིབ་པས་ལེགས་པའི་ཡོན་ཏན་གསར་དུ་མི་འཐོབ་རྐྱེན་བྱེད་པ་ཡང་། གནའ་སྟོད་ཀྱི་གྲྭ་ས་ཞིག་ན་དགེ་བཤེས་མཁས་པ་འཇམ་དཔལ་དབྱངས་ལ་མི་དང་མི་ལབ་པ་བཞིན་བྱེད་ཆོག་པ་ཞིག་ཡོད་པ་ལས། སྐབས་གཅིག་འཇམ་དཔལ་དབྱངས་མཇལ་རྒྱུ་མེད་སོང་བ་དང་། སྔར་གྱི་ཐོས་པ་ཐམས་ཅད་བརྗེད་ནས་མི་མཁས་པ་ཞིག་ཏུ་གྱུར་སོང་བས། ཁོང་རང་གི་བླ་མ་ལ་དེ་ཅི་ཡིན་ཅེས་ལུང་བསྟན་ཞུས་ཚེ། ཁྱོད་ལ་དེང་སང་རྙེད་པ་བཀུར་སྟི་མང་པོ་ཡོང་བཞིན་འདུག་སྔོན་མ་དེ་འདྲ་ཨེ་ཡོད་གསུངས་པ་དང་། སྔོན་མ་མེད་གསར་དུ་རྙེད་པ་ཡིན་ཞུས་པས། ཁྱོད་རང་གིས་དཀོར་མ་ཟ་བར་ཅི་འདྲ་ཡིན་གཅིག་ལྟོས་དང་གསུངས། དཀོར་མ་ཟོས་བས་འཇམ་དཔལ་དབྱངས་ཀྱི་ཞལ་གཟིགས་པ་དང་རྣམ་དཔྱོད་ཀྱི་ཤེས་རབ་མྱུར་མོ་ཡོད་པ་ཞིག་ཚུར་ལ་འགྱུར་བའི་ལོ་རྒྱུས་ཡོད་པ་ཡིན། རབ་བྱུང་ཚུལ་འཆོས་ཅན་ཞིག་བས་སྤྱིར་ཁྱིམ་པ་བསམ་བཟང་ཞིག་གི་ཉེས་པ་ཆུང་བ་དང་། ལྡན་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་ཞིག་མིན་ན་དད་ཟས་ཁམ་གང་ཟོས་ན་རྣམ་སྨིན་སྟོང་འགྱུར་དུ་མྱོང་དགོས་པར་གསུངས་ཡོད་པ་ཡིན། བཅོམ་ལྡན་འདས་ཀྱིས། སྐྱེ་བོ་ཞིག་གིས་ལོ་བརྒྱའི་བར་དུ་སྡིག་པ་སྣ་ཚོགས་ཤིག་བྱེད་པ་བས་ཚུལ་ཁྲིམས་འཆལ་བའི་གང་ཟག་ཞིག་གིས་དད་ཟས་དང་གཤིན་ཟས་ཁམ་གང་ཟོས་པས་ངན་གསུངས་ཡོད་པས། དེ་རིང་ཁ་རྩང་ཉིས་བརྒྱ་ང་བཅུ་རྩ་གསུམ་གྱི་འདུལ་ཁྲིམས་སྲུང་མཁན་ཕར་ཞོག་མི་དགེ་བཅུ་སྤོང་གི་ཁྱིམ་པའི་ཁྲིམས་ཙམ་སྲུང་དཀའ་བ་ཡིན་པས། དཀོར་ཟས་ཀྱིས་ཁྱིམ་པ་གསོས་ཚེ་ཕན་མ་དགོས་གནོད་པ་ཆེན་པོ་ཞིག་བསྐྱལ་བ་ཡིན། གནའ་བཀའ་གདམས་པའི་བླ་མ་ཞིག་གིས་ཆོས་གསུངས་ནས་བཞུགས་ཡོད་སྐབས་ཤིག་ལ། བླ་མའི་ཐོག་ནས་བྱེའུ་ཞིག་འཕུར་ཡོང་བ་དང་། བྱེའུའི་གྲིབ་མ་ཕོག་ཡོང་གི་དགོངས་ནས་བླ་མས་ལུས་བཟུར་བཞག་པ་དང་། སློབ་མ་ཚང་མས་བྱེའུ་འཕུར་ཡོང་དུས་ཁྱེད་ཀྱི་སྐུ་ལུས་བཟུར་དགོས་པའི་རྒྱུ་ཅི་ཡིན་དྲིས་པས། དགེ་འདུན་མང་པོའི་སྤྱི་རྫས་འབྲུ་རིགས་ཐང་ལ་བརྡལ་ཡོད་པ་ལས་བྱེའུས་ཁམ་གང་ཁྱེར་ཡོད་པས་དེའི་གྲིབ་མ་ཕོག་ན་དཀོར་སྒྲིབ་ཕོག་རྒྱུའི་ཉེན་ཁ་ཡོད་པ་རེད་ཁོང་དེ་ཡིས་བཟུར་བ་ཡིན་གསུངས། སྡེ་བའི་རྒྱུ་ཟ་འདུག་པའི་དཔོན་པོ་ཚོས་དབང་གིས་མ་བྱིན་པ་བླང་བའི་ཉེས་དམིགས་ཀྱིས་ཡི་དྭགས་ཀྱི་ནང་དུ་སྐྱེ་བ་མང་པ་སོགས། དེ་ལྟར་མ་བྱིན་ལེན་གྱི་ཉེས་དམིགས་ཤེས་ནས་སྲོག་ལ་བབ་ཀྱང་མ་བྱིན་ལེན་སྤངས་ན། མཐོ་རིས་སུ་སྐྱེས་ཏེ་ལོངས་སྤྱོད་ཆེན་པོ་ཐོབ། ལོངས་སྤྱོད་ལ་སུས་ཀྱང་གནོད་པ་མེད་པར་རང་དབང་དུ་སྤྱོད་ཆོག་པ་ལ་སོགས་པ་ཕན་ཡོན་མང་ངོ། །ད་ནི་གསུམ་པ་སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད་གསུངས་བའི་ལུས་ཀྱི་མི་དགེ་བ་གསུམ་པ་མི་ཚངས་སྤྱོད་ཡིན། མི་ཚངས་སྤྱོད་ཟེར་ན་ཚངས་པ་མ་ཡིན་པར་སྤྱོད་པའི་ལས་ཀྱི་ལམ་འདི་རབ་ཏུ་བྱུང་བའི་སྡོམ་ཁྲིམས་ཕམ་བཞིའི་ནང་གི་དང་པོ་དང་། འདི་དགེ་སློང་བཟང་སྦྱིན་ཟེར་བ་དེས་སྔར་གྱི་ཁྱིམ་ཐབ་དེ་ལ་རིགས་རྒྱུད་འཇོག་པའི་ཁུངས་ནས་བཅའ་བ་མཛད་པ་དང་། སྡོམ་པའི་རྩ་བ་ཕམ་པ་བཞི་པོ་གང་རུང་བྱུང་བའི་དུས་དེ་ནས་སྐད་ཅིག་མ་གཅིག་ལ་འཆབ་ནས་གསང་ན་སྡོམ་པ་ལྷག་མ་མེད་པར་གཅོད་པར་བྱེད་པས་ན་རྩ་བའི་ལྟུང་བ་བཞི་གསུངས། མི་མཐུན་ཕྱོགས་ཀྱི་གཉེན་པོར་མཐུ་མེད་པར་བཅོམ་པས་ཕྱིར་ན་ཕམ་པ་བཞི་གསུངས་པ་དང་། ཕམ་པར་གྱུར་བ་གང་ཞིག་རྟེན་དེ་ལ་རྒྱུད་གསོ་རུང་དུ་བྱས་པ་འཆབ་མེད་དང་། སོར་ཆུད་པ་མི་སྲིད་པ་འཆབ་བཅས་ཀྱི་མཚན་ཉིདདོ། དེ་ཡང་འདིའི་སྐབས་སུ་ཐུན་མོང་གི་མི་དགེ་བཅུ་གསུངས་པའི་སྐབས་སུ་ལུས་ཀྱི་མི་དགེ་གསུམ་པ་ལོག་གཡེམ་ཡིན་ལ། འདི་ནས་མི་ཚངས་སྤྱོད་ཀྱི་མིང་གིས་གསུངས་པ་ནི་ཡོངས་རྫོགས་དགེ་བསྙེན་ནམ་ཚངས་སྤྱོད་དགེ་བསྙེན་གྱི་དབང་དུ་བྱས་ཏེ་བརྗོད་བདེའི་ཚུལ་གྱིས་གསུངས་པ་ཡིན། ལོག་གཡེམ་སྤོང་བ་ཁྱིམ་པའི་ཁྲིམས་དང་། འདི་ལ་ཡང་དུག་གསུམ་གང་རུང་གིས་ཀུན་ནས་བསླངས་པའི་ལས་ཡོད་པར་གསུངས་བས། འདིའི་ཉེས་པ་ཆེ་ཤོས་གྲྭ་པ་བཙུན་མ་སྡོམ་ཁྲིམས་ལས་ཉམས་པར་བྱེད་པ་དེ་དང་། འདི་ལ་ནང་གསེས་ཀྱི་དབྱེ་བ་བྱས་ན་རིགས་ཀྱིས་སྲུང་བ་དང་། ཆོས་ཀྱིས་སྲུང་བ་ལ་སོགས་པ་དབྱེ་བ་མང་པོ་ཡོད་ལ། ལོག་གཡེམ་གྱི་འབྲས་བུ་ངན་སོང་གསུམ་དུ་ལྕི་ཡང་དང་བསྟུན་ཏེ་ཡུན་རིང་དུ་སྡུག་བསྔལ་གྱིས་མནར། ལོག་གཡེམ་སྤངས་ན་ཚེ་འདི་ལ་ཀུན་ཀྱིས་བསྔགས་བརྗོད་ཐོབ། ཡ་རབ་དམ་པའི་ལུགས་སུ་འགྲོ། ཚེ་རབས་ཐམས་ཅད་དུ་ཚུལ་ཁྲིམས་སྲུང་བར་དགའ། གནས་སྐབས་སུ་ལྷ་ཡུལ་དུ་སྐྱེ་བ་ལ་སོགས་པ་ཕན་ཡོན་བསམ་གྱིས་མི་ཁྱབ། གནའ་ཞིག་ལ་བྲམ་ཟེ་ཕ་བུ་གཉིས་ཡོད་པ་ལས། ཕ་དེས་རྗེས་ནས་དཀོན་མཆོག་གསུམ་ལ་དད་པ་སྐྱེས་ཏེ་སྐྱབས་འགྲོའི་སྡོམ་པ་དང་བསླབ་པའི་གཞི་ལྔ་བླངས་ཏེ་སངས་རྒྱས་ཀྱི་མདུན་ནས་ཆོས་ཉན། སངས་རྒྱས་འཁོར་བཅས་ལ་བསྙེན་བཀུར་བྱས་བསླབ་པ་ཡང་དག་པ་བསྲུངས་པའི་ཕན་ཡོན་དང་བསོད་ནམས་ཀྱིས་ཚེ་འཕོས་པ་དང་ལྷ་ཡུལ་དུ་སྐྱེས། ལྷ་རྣམས་མང་ཆེ་བ་ལ་མངོན་ཤེས་ཡོད་པས། ཁོ་རང་ལྷ་ཡུལ་ལ་སྐྱེས་པ་དང་སྔོན་གང་ནས་འཕོས་པ་ལ་སོགས་གནས་གསུམ་ལ་བརྟགས་པས་མི་ཡུལ་ནས་སངས་རྒྱས་འཁོར་བཅས་མཆོད། སྐྱབས་འགྲོ་དང་བསླབ་པའི་གཞི་ལྔ་བླངས། བླངས་བར་མ་ཟད་ཚུལ་ཁྲིམས་ཡང་དག་པ་སྲུང་པའི་འབྲས་བུ་མི་ཡུལ་ནས་འཕོས་ཏེ་ལྷ་ཡུལ་དུ་སྐྱེས་པ་དེའི་རྒྱུ་ཐམས་ཅད་མངོན་ཤེས་ཀྱིས་ཤེས་ཏེ། ལྷའི་རྫུ་འཕྲུལ་བསྟན་ཏེ་བཅོམ་ལྡན་འདས་བཞུགས་ཡོད་སར་ཡོང་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆོས་ཉན་ཏེ་བསྒོམས་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སོང་། དེའི་སྐབས་སུ་བུ་དེས་ཕ་རྒན་གྱི་ཕུང་པོ་གནས་བྱ་རྒོད་ཕུང་པོའི་རི་བོ་དང་ཐག་མི་རིང་ས་ཞིག་ནས་བསྲེགས་ཏེ་དུར་ཁྲོད་དེའི་ནང་དུ་ངུ་བཞིན་ཡོད་པ་ལ། ཕ་རྒན་ལྷ་ལུས་བླང་ཡོད་པ་དེས་མངོན་ཤེས་ཀྱིས་དེ་མཐོང་ནས་དེའི་རྩར་སོང་སྟེ་ཁྱོད་སྡུག་མི་དགོས་ང་ཁྱོད་ཀྱི་ཕ་ཡིན། བསོད་ནམས་བསགས་པའི་དབང་གིས་ལྷ་ཡུལ་དུ་སྐྱེས་པ་འདི་རེད། ངའི་དོན་དུ་ཁྱོད་ཀྱིས་སྡུག་བསགས་མི་དགོས་ཁྱོད་རང་སོང་ནས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་དང་ཁྱོད་ལ་རྗེས་ནས་ཡག་པ་ཤ་སྟག་ཡོང་རྒྱུ་ཡོད་པ་ཡིན་ཞེས་སྨྲས་ཏེ་ཕྱིར་ལྷ་ཡུལ་དུ་འཕུར་སོང་བ་དང་། བུས་ཀྱང་ཕ་རྒན་གྱི་ཁ་ལ་ཉན་ཏེ་བཅོམ་ལྡན་འདས་ཀྱི་མདུན་དུ་སོང་ནས་སེམས་དགའ་བས་ཆོས་ཉན་ཏེ་བདེན་པ་ཐོབ་སོང་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚུར་ཤོག་གི་བསྙེན་པར་རྫོགས་ཏེ་བརྩོན་འགྲུས་བརྩམས་ནས་མཐར་དགྲ་བཅོམ་པ་ཐོབ། བཅོམ་ལྡན་འདས་ཀྱི་འཁོར་དགེ་སློང་ཐམས་ཅད་ངོ་མཚར་སྐྱེས་ཏེ་ཕ་བུ་གཉིས་ཀའི་ལོ་རྒྱུས་རྒྱུ་མཚན་དྲིས་པས། འདི་གཉིས་ད་ལྟར་མ་ཟད་འདས་པའི་དུས་ནའང་བྲམ་ཟེ་ཁྱེའུ་འདི་བསྟན་པ་ལ་མ་དད་པར་ཕ་ཡིས་དད་པ་ཕུན་སུམ་ཚོགས་པའི་ལམ་ལ་བཞག་པ་ཡིན། སངས་རྒྱས་འོད་སྲུང་གི་དུས་སུ་འདི་གཉིས་ཀ་ཡང་ཕ་བུ་ཡིན་ལ། ཕ་དེ་སངས་རྒྱས་ལ་དད་ནས་སྐྱབས་འགྲོ་དང་བསླབ་པའི་གཞི་ལྔ་བླངས་པའི་འབྲས་བུ་ལྷ་ཡུལ་དུ་སྐྱེས། དེ་དུས་ཡང་བུ་མྱ་ངན་གྱིས་ངུ་འབོད་བྱེད་བཞིན་ཡོད་པ་ཕས་མཐོང་ནས་བུ་ཆོས་ལ་བསྐུལ། བུས་ཕ་ཡི་ངག་ལ་ཉན་ནས་སངས་རྒྱས་འོད་སྲུང་གི་བསྟན་པར་རབ་ཏུ་བྱུང་ཞིང་ཚངས་པར་སྤྱད་དེ་འཆི་ཁར་སྨོན་ལམ་བཏབ་པས་ད་ལྟར་དགྲ་བཅོམ་ཐོབ་པ་ཡིན་ཞེས་གསུངས། སྐྱབས་འགྲོའི་སྡོམ་པ་དང་བསླབ་པའི་གཞི་ལྔ་བསླང་ནས་མ་ཉམས་པར་སྲུང་ཐུབ་ན་དེ་ལྟར་ཕན་ཡོན་ཆེ་བ་དང་། སྐྱབས་འགྲོའི་སྡོམ་པ་འདི་ནང་བ་སངས་རྒྱས་པའི་ཆོས་སྒོར་ཞུགས་པ་ཞིག་ཡིན་ཚེ་ལོས་ལེན། སྐྱབས་སྡོམ་བླང་བ་ཙམ་གྱིས་བསོད་ནམས་དཔག་དུ་མེད་པ་ཐོབ་པ་ཡིན། བསླབ་པའི་གཞི་ལྔ་བོ་ཇི་སྲིད་འཚོའི་བར་དུ་ལེན་མི་ཐུབ་པ་ཞིག་ཡིན་ནའང་སྣ་གཅིག་སྤྱོད་པ་ལ་སོགས་པ་སྡོམ་པ་རང་ཉིད་ཀྱི་ཁམས་དང་བསྟུན་ཏེ་ལེན་ཆོག་པ་དང་། དེ་མིན་ཡང་བསྙེན་གནས་ཡན་ལག་བརྒྱད་པའི་དུས་ཁྲིམས་ཉིན་ཞག་གི་མཐའ་ཅན་གྱི་སྡོམ་པ་རེ་སྲུང་ཐུབ་ནའང་ཕན་ཡོན་ཆེན་པོ་ཡོད་པ་ཡིན། དེ་དང་འབྲེལ་བའི་གཏམ་རྒྱུད་ཅིག་བཤད། སྐབས་ཤིག་ལ་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་གྱི་གྲོང་ཁྱེར་ན་བཞུགས། ནམ་སྟོད་ཅིག་ལ་ལྷ་གཉིས་ཆོས་ཉན་སར་ཡོང་བ་དང་། ལྷ་དེ་གཉིས་ཀྱིས་ལུས་ཀྱི་འོད་ཟེར་གྱིས་རྒྱལ་བའི་རྒྱལ་བྱེད་ཀྱི་ཚལ་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་འཁོར་ཡུག་ཐམས་ཅད་སྣང་བར་བྱས་པ་དང་། ལྷ་དེ་གཉིས་ཀ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ནས་དེ་གཉིས་ཀྱི་སེམས་རྣམ་པར་གྲོལ་ཏེ་བྱང་ཆུབ་ཀྱི་འབྲས་བུ་ཐོབ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཕྱིར་ལྷ་ཡུལ་དུ་སོང་། དེའི་ཕྱི་ཉིན་བཅོམ་ལྡན་འདས་ཀྱི་སྐུའི་ཉེ་གནས་ཀུན་དགའ་བོས་ལྷ་དེ་གཉིས་ཀའི་སྔོན་ཆད་ལས་ཅི་ཞིག་བསགས་ཏེ་ད་ལྟ་འབྲས་བུ་དེ་འདྲ་སླ་མོ་ཞིག་གིས་ཐོབ་སོང་བ་རེད་ཞུས་ཚེ། བཅོམ་ལྡན་འདས་ཀྱིས། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ནས་སྐུ་མྱ་ངན་ལས་འདས་པའི་རྗེས་དམ་པའི་ཆོས་ནུབ་ལ་ཉེ་བཞིན་ཡོད་དུས་ཤིག་ལ། བྲམ་ཟེ་གཉིས་ཀྱིས་ཉིན་ཞག་གཅིག་ལ་བསྙེན་གནས་ཡན་ལག་བརྒྱད་པའི་དུས་ཁྲིམས་ཞིག་བླངས་ཏེ། གཅིག་གིས་ལྷ་ཡུལ་དང་གཅིག་གིས་རྒྱལ་པོ་ཞིག་ཏུ་སྐྱེ་བར་ཤོག་ཟེར་ནས་གཉིས་ཀས་རང་རང་གིས་སྨོན་ལམ་རེ་བཏབ་པ་དང་། རྒྱལ་པོ་ཞིག་ཏུ་སྐྱེ་བར་ཤོག་ཟེར་མཁན་དེས་ཚུལ་ཁྲིམས་ལེགས་པོ་བསྲུངས་པས་འབྲས་བུ་རྒྱལ་པོར་སྐྱེ་བ་བླང་། ལྷ་ཡུལ་དུ་སྐྱེ་བར་སྨོན་ལམ་འདེབས་མཁན་དེ་ཁྱིམ་ལ་སོང་ནས་ངས་དེ་རིང་ནང་བའི་དགེ་འདུན་གྱི་མདུན་དུ་སོང་ནས་བསྙེན་གནས་ཀྱི་སྡོམ་པ་བླང་སྟེ་ཕྱི་དྲོའི་ཁ་ཟས་མི་ཟ་བར་ཁས་བླང་པས་དོ་དགོང་ཟས་ཟ་མི་རུང་ཞེས་བཤད་པས། ཆུང་མས་སྨྲས་ཏེ་ཁྱོད་ཀྱིས་གལ་ཏེ་མོ་དང་ཟ་མ་ལྷན་དུ་མ་ཟོས་ཚེ་ཀུན་ཏུ་རྒྱུ་གཞན་དག་ཚོ་ལ་སྨྲས་ཏེ་ཁྱོད་མི་སྟེགས་པའི་གྲལ་ནས་ཕུད་ཐུབ་པ་ཞིག་བྱེད་པ་ཡིན་ཟེར་ནས་སྐྲག་ཕུད་པ་ན། ཁོ་རང་སྐྲག་ནས་ཟས་ཟོས་པས་ཚུལ་ཁྲིམས་ཞིག་སྟེ་ལྷ་ཡུལ་ལ་མ་སྐྱེས་པར་ཀླུ་ཡུལ་དུ་སྐྱེས་སོང་བ་དང་། དེའི་སྐབས་སུ་རྒྱལ་པོར་སྐྱེས་པ་དེ་མི་ཡུལ་ན་རྒྱལ་སྲིད་བཟུང་སྟེ་ཡོད་པར། རྒྱལ་པོར་བཟའ་ཤིང་གི་ར་བ་ཤིང་ཏོག་སྣ་ཚོགས་སྐྱེས་ཡོད་པའི་གླིང་ག་ཆེན་པོ་ཞིག་ཡོད་པར། ར་སྲུང་བས་ཉིན་རེ་བཞིན་དུ་རྒྱལ་པོ་ལ་ཤིང་ཏོག་སྣ་ཚོགས་གང་ཡག་ཡག་ཕུལ་དགོས་པ་དང་། ཉིན་ཞིག་ཆུ་འགོ་ཞིག་གི་ནང་དུ་ཤིང་ཏོག་ཀུ་ཤུ་ཁ་ཏོག་དྲི་རོ་གང་ཐད་ནས་མི་ཡུལ་གྱི་ཤིང་ཏོག་གཅིག་དང་མ་འདྲ་ཞིང་ཁྱད་དུ་འཕགས་པ་ཞིག་ལྡུམ་ར་སྲུང་བ་པོས་རྙེད་པ། ལྡུམ་ར་སྲུང་བ་པོས་ཕོ་བྲང་གི་སྒོ་སྲུང་ལ་བྱིན། སྒོ་སྲུང་གིས་རྒྱལ་པོའི་བཙུན་མོའི་ཞབས་ཕྱི་བ་ཞིག་ལ་བྱིན། དེས་བཙུན་མོ་ལ་ཕུལ། བཙུན་མོས་རྒྱལ་པོ་ལ་ཕུལ་ཚེ། རྒྱལ་པོས་དེ་གང་ནས་ཁྱེར་ཡོང་བ་ཡིན་ཟེར་ནས་རྩད་བཅད་པས་མཐར་ལྡུམ་ར་སྲུང་མཁན་ལ་ཐུག་སོང་བ་དང་། ར་སྲུང་བ་རྒྱལ་པོའི་མདུན་དུ་བོས་ནས་ངའི་བཟའ་ཤིང་གི་ར་བའི་ནང་ན་འདི་འདྲའི་ཤིང་ཏོག་ལེགས་པོ་ཡོད་བཞིན་དུ་ང་ལ་མི་འབུལ་བ་ཅི་ཡིན་ཞེས་ངར་དུས། ར་སྲུང་བས་ལོ་རྒྱུས་རྣམས་བཤད་ཀྱང་གོ་མ་ཆོད་པར། ཉི་མ་དེ་རིང་ཕན་ཆོད་ཁྱོད་ཀྱིས་ཤིང་ཏོག་དེ་འདྲ་རྐྱང་རྐྱང་ཁྱེར་མ་ཡོང་ཚེ་ཁྱོད་གསོན་པོར་འདུག་འདོད་མ་བྱེད། ལུས་དུམ་བུ་དུམ་བུར་བྱས་ཏེ་གསད་མི་འཇོག་རེ་ཟེར་ནས་བསྡིག་པ་ན། ར་སྲུང་བ་སྐྲག་པ་དང་སྡུག་པ་གཉིས་ཀས་ཕྱིར་ཁོ་རང་གི་འདུག་སར་སོང་ནས་སྨྲེ་སྔགས་དང་ངུ་འབོད་བྱས། དེའི་ངུ་སྒྲ་དེ་ཀླུས་གོ་སོང་བ་དང་། ཀླུ་དེ་མི་ཞིག་ལ་སྤྲུལ་ནས་དེར་འོང་སྟེ་ཁྱོད་ཅི་ལ་ངུ་བ་ཡིན་ཞེས་དྲིས་པ་དང་། ཁོ་རང་གིས་ལོ་རྒྱུས་ཞིབ་མོར་བཤད་པ་ན། ཀླུའི་སྤྲུལ་བ་དེ་དེའི་མཚམས་སུ་མི་སྣང་བར་གྱུར། ཡང་མཚམས་ཤིག་ནས་ཐོན་ཡོང་སྟེ། གསེར་གྱི་གཞོང་པ་ཞིག་གི་ནང་དུ་ཤིང་ཏོག་ལེགས་པོ་ཤ་སྟག་གིས་བཀང་ནས་མི་དེ་ལ་སྤྲད་དེ། ཀླུས་སྨྲས་པ། ཁྱོད་ཀྱིས་ཤིང་ཏོག་འདི་ཁྱེར་ཏེ་རྒྱལ་པོ་ལ་ཕུལ་ནས་ཁོའི་གཏམ་འདི་རྒྱལ་པོ་ལ་ཤོད་ཅེས་སྨྲས་པ་དང་། གཏམ་ཅི་ཞིག་བསྐུར་བ་རེད་ཅེ་ན། རྒྱལ་པོ་ཁྱོད་དང་འུ་གཉིས་འདྲེས་ཆེ་ས་ཡིན་ཞིང་། སྔོན་འུ་གཉིས་ཀུན་ཏུ་རྒྱུ་ཡིན་དུས་ནང་བ་སངས་རྒྱས་པའི་དགེ་འདུན་གྱི་མདུན་དུ་བསྙེན་གནས་ཡན་ལག་བརྒྱད་པའི་དུས་ཁྲིམས་མཉམ་དུ་བླངས་བ་དང་། ཁྱོད་ཀྱིས་ཚུལ་ཁྲིམས་ལེགས་པར་སྲུང་བས་ཁྱོད་རང་གི་སྨོན་ལམ་བཏབ་པ་ལྟར་རྒྱལ་པོར་སྐྱེས་པ་དང་། ངས་ཚུལ་ཁྲིམས་ལེགས་པར་མ་སྲུང་བས་ཀླུ་ཡུལ་དུ་སྐྱེས་སོ་། །ངས་ཀྱང་ཚུལ་ཁྲིམས་བསྲུང་ནས་ལུས་འདི་ལས་ཐར་བར་རེ་པས། ཁྱོད་ཀྱིས་ཉིན་ཞག་གཅིག་གི་ཁྲིམས་བརྒྱད་ཀྱི་ཆོ་ག་ཞིག་ངེས་པར་དུ་ང་ལ་སྦྱིན་དུ་གསོལ། གལ་ཏེ་ཁྱོད་ཀྱིས་བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་གའི་ཡི་གེ་དེ་མ་བྱིན་ཚེ་ངས་ཁྱོད་ཀྱི་རྒྱལ་ཁབ་ཚང་མ་ཆུ་ལ་སྐུར་རྒྱུ་ཡིན་ཞེས་པའི་གཏམ་དེ་བསྐུར་བ་དང་། ར་སྲུང་བས་ལོ་རྒྱུས་ཆ་ཚང་དང་ཤིང་ཏོག་གསེར་གྱི་གཞོང་པ་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་ཁྱེར་ནས་རྒྱལ་པོ་ལ་བཤད་པ་ན། རྒྱལ་པོས་བསམ་བློ་ཞིག་བཏང་ནས་སངས་རྒྱས་འཇིག་རྟེན་དུ་མི་བཞུགས་ཤིང་། དམ་པའི་ཆོས་ཀྱང་ནུབ་ཚར་བས་དེ་འདྲ་ཞིག་གང་ནས་ལོན། མ་ལོན་ན་ཀླུ་དེས་ཡུལ་ཁམས་བརླག་འགྲོ་བས་ཅི་བྱེད་བསམ་ནས་སེམས་མ་བདེ་ཞིང་སྡུག་ཐུག་སྟེ་བློན་པོ་ཆེན་པོ་མདུན་དུ་བོས་ཏེ། ཀླུ་ཞིག་གིས་ཁོ་བོར་བསྙེན་གནས་ཀྱི་དཔེ་ཆ་ཞིག་སློང་གི། དེ་གནད་ཆེ་བ་ནི་རྒྱལ་པོའི་རྒྱལ་སྲིད་ཆགས་འཇིག་ལ་ཐུག་པའི་དོན་ཆེན་ཞིག་ཡིན། ཁྱོད་ཀྱིས་གལ་ཏེ་དེ་མ་ལོན་ན་ཁྱོད་གསད་པ་ཡིན་ཟེར་ནས་བཀའ་བཙན་པོ་ཞིག་བསྩལ་བས། བློན་པོ་སེམས་མི་བདེ་བཞིན་དུ་ཁྱིམ་ལ་སོང་ཚེ། བློན་པོ་དེ་ལ་ཕ་རྒན་རྒས་པ་ཞིག་ཡོད་པ་དེས་སྔོན་ཆད་བུ་ཁྱིམ་ལ་ཡོང་དུས་འཛུམ་མུལ་ལེ་གཏམ་བཤད་དུས་སྤྲོ་ཡ་ལེ་ཡོད་ཀྱང་། ད་རིང་ངོ་འཛུམ་གནག་འདུག་པ་ཅི་ཡིན་ཞེས་དྲིས་པས། བུས་སྐད་ཆ་ཆ་ཚང་བཤད་ཚེ། ཕ་རྒན་གྱིས་སྨྲས་པ། ཁོ་ཡོད་སའི་ཀ་བ་ཞིག་གི་རྩེ་ན་འོད་མི་འདྲ་བ་ཞིག་འཕྲོ་བཞིན་འདུག་དེ་ཅི་ཡིན་ནམ་ཞེས་སྨྲས། ཚང་མས་དེ་ཡ་མཚན་ཅན་ཞིག་རེད་དེ་དེ་ཅི་ཡིན་མི་ཤེས་ཞེས་ཀ་བ་གཤག་སྟེ་བལྟས་ཚེ། བསྙེན་གནས་ཡན་ལག་བརྒྱད་པའི་ཡི་གེ་ཞིག་རྙེད་པས། བློན་པོས་རྒྱལ་པོ་ལ་ཡར་ཕུལ་བས་རྒྱལ་པོས་གསེར་གྱི་སྒྲོམ་ཞིག་གི་ནང་དུ་བསྡུས་ཏེ་ཀླུ་ལ་བསྐུར་བ་ན། ཀླུས་དྲིན་ལན་དུ་རིན་པོ་ཆེ་མང་པོ་ཕུལ་ཏེ་ཀླུ་དང་རྒྱལ་པོ་གཉིས་ཀ་མཐའ་མཇུག་ཅིག་ལ་ཐུག་རྒྱུ་བྱས། གཉིས་ཀས་བསྙེན་གནས་ཀྱི་ཁྲིམས་བརྒྱད་པོ་བསྲུངས་ནས་གཉིས་ཀ་ཚེ་འཕོས་ཏེ་ལྷ་ཡུལ་ལ་ལྷན་གཅིག་ཏུ་སྐྱེས་ཞིང། དེ་གཉིས་ཀ་མདང་ནམ་གྱི་ཆ་སྟོད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁོང་གི་སྤྱན་སྔར་ཡོང་ནས་ཆོས་ཞུས་པས་གཉིས་ཀར་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་ངན་སོང་གསུམ་དང་ཡོངས་སུ་བྲལ་ཏེ། ལྷ་དང་མིའི་ལོངས་སྤྱོད་ཉམས་སུ་མྱོང་ནས་མཐར་མྱ་ངན་ལས་འདའ་བར་འགྱུར་པ་རེད་གསུངས། བསྙེན་གནས་ཡན་ལག་བརྒྱད་པ་བསྲུང་ན་དེ་འདྲའི་ཕན་ཡོན་ཆེ་ན་མི་ཚེ་གཅིག་ལ་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་ནི་བརྗོད་ཀྱིས་མི་ལང་བ་ཞིག་ཡིན། བདེ་བ་ཅན་ལ་སྐྱེ་དགོས་ཚེ་སྐྱེ་བྱེད་ཀྱི་རྒྱུ་བཞི་ལ་བསྟེན་དགོས་ཤིང་། དེའི་ནང་གི་ཨེ་སྐྱེ་མི་སྐྱེ་སྨོན་ལམ་གྱི་མཚམས་སྦྱར་ལ་རག་ལས་པ་ཡིན་ལ། སྨོན་ལམ་ཨེ་འགྲུབ་མི་འགྲུབ་ཚུལ་ཁྲིམས་སྲུང་མི་སྲུང་ལ་རག་ལས་པས། ཁྱིམ་པ་ནས་རབ་བྱུང་བསྙེན་རྫོགས་གཉིས་ཀའི་བར་གྱི་སྡོམ་པ་གང་བླང་ན་སྲུང་བ་ནི་ཤིན་ཏུ་གལ་ཆེ་བ་ཡིན། ཁྱད་པར་དུ་བསྟན་པ་ཉམ་དམའ་ཉག་ཕྲ་སྙིགས་མའི་སྐབས་སུ་སྡོམ་པ་བསྲུང་ན་ཕན་ཡོན་ཆེན་པོ་ཡོད་པ་ཡིན། སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །གསུངས་ཏེ། དེ་ལྟ་བུ་ལུས་ཀྱི་མི་དགེ་བ་སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད་གསུམ་པོ་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། སྦྱང་བྱ་སྡིག་པའི་སྒོ་དྲུག་དང་འབྲེལ་བ་རང་གིས་བསགས་པ་གཞན་ལ་བསག་ཏུ་བཅུག་པ་ཐམས་ཅད། སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པའི་སྤྱན་སྔར་གནོང་ཞིང་འགྱོད་པ་དྲག་པོས། མཐོལ་ལོ་བཤགས་ཤེས་སྡིག་པ་མི་གསང་བས་ན་མཐོལ་ལོ། སྡིག་པ་རང་རྒྱུད་དང་མི་འདྲེས་པར་བཤགས་སོ་གསུངས། དེ་ཡན་ཆད་ལུས་ཀྱི་མི་དགེ་གསུམ་བཤགས་ཚུལ་བཤད་པ་ཡིན།


previousཉིན་གསུམ་པའི་ཆོས་ཁྲིད། next