Nitartha Digital Library
Tibetan
 
previousཉིན་དྲུག་པའི་ཆོས་ཁྲིད། next

ཉིན་དྲུག་པའི་ཆོས་ཁྲིད།

མཚམས་སྦྱོར་གྱི་གདམས་ངག

ཇི་སྐད་དུ་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས། ཕྱུག་པོ་མི་རྟག་ནམ་མཁའི་སྤྲིན་དང་མཚུངས། །མཐོན་པོ་མི་རྟག་ལ་ཁའི་ན་བུན་འདྲ། །གཞོན་པ་མི་རྟག་སྟོན་གྱི་མེ་ཏོག་བཞིན། །རྟག་འཛིན་ཆེ་ན་རང་བསྡུས་རང་སྡུག་འབོད། །ཅེས་གསུངས་སོ། །ཕྱུག་པོ་མི་རྟག་ནམ་མཁའི་སྤྲིན་དང་མཚུངས་ཤེས་པ་ནི། ཕྱུག་པོ་ཚེ་གཅིག་ལ་ཕྱུག་པོའི་ཐོག་ནས་མི་འདུག་པར། ཕྱུག་པ་དེ་སྔར་བསགས་བསོད་ནམས་ཀྱི་འབྲས་བུ་ཡིན་ཡང་བསོད་ནམས་ཀྱི་མ་རྩ་ཟད་ཚེ་སྤྲང་པོར་འགྱུར་འགྲོ། དཔེར་ན་ནམ་མཁའི་ལྷོ་སྤྲིན་ཇི་ལྟར་མཛེས་ཀྱང་གཅིག་ཏུ་མི་སྡོད་པར། རླུང་རྒོད་པོ་གཅིག་གིས་སྣ་ལ་འཐོར་རྒྱུ་རེད། དེ་དང་འདྲ་གསུངས་པ་དང་། མཐོན་པོ་མི་རྟག་ལ་ཁའི་ན་བུན་འདྲ་ཞེས་པ་ནི། ཐོབ་མཐོན་པོ་ཡིན་ཡང་མི་རྟག་པར། ལ་ཁའི་ན་བུན་ད་ལྟ་རི་མགོར་ཡོད་ཀྱང་ཡུད་ཙམ་ཀྱིས་ཉི་མས་བཞུ་འགྲོ་བ་ལྟར། ཁར་རྩང་མི་མང་གི་འགོ་ནས་གཏམ་བཤད་མཁན་དེ་ཚོ་དེ་རིང་སྨྲ་འབེབ་ཀྱི་དུང་ལ་ལྷུང་ནས། སང་ཉིན་ཐལ་བ་ཐོག་ཏུ་གཏོར་གྱིན་ཡོད་པ་མང་པོ་ཞིག་ཡོད། གཞོན་པ་མི་རྟག་སྟོན་གྱི་མེ་ཏོག་བཞིན་ཞེས་པ་ནི། གཞོན་ནུའི་ལང་ཚོ་དེ་བས་མི་རྟག་སྟེ། རྒས་ཟེར་བ་ནི་ཉིན་གཅིག་མགོ་ལ་གསར་ཐོན་ཞིག་མིན་པར། རྒས་རྒན་རྣམས་ལ་སྔོན་ནས་མི་སྡུག་བཞིན་གྱི་གཉེར་མ་ཐོན་མེད་པར། སྐད་ཅིག་སྐད་ཅིག་གི་ལང་ཚོའི་ན་ཚོད་ཡོལ་ཏེ་མི་འདོད་བཞིན་དུ་རྒས་ཤིང་རྒུད་པའི་རྟགས་ཐམ་རང་ཤུགས་ཀྱིས་ཕོག་འགྲོ་བ་རེད། སྟོན་གྱི་མེ་ཏོག་དེ་མཛེས་ཀྱང་བ་མོ་གཅིག་གིས་འདབ་ལོ་སེར་པོར་འགྱུར་ནས་འཐོར་འགྲོ་བ་རེད། རྟག་འཛིན་ཆེ་ན་རང་བསྡུས་རང་སྡུག་འབོད། །ཅེས་པ་ནི། མི་རྟག་པ་ལ་རྟག་པར་འཛིན་པ། ཕྱུག་ན་སྤྲང་རྒྱུ་མེད་པ། མཐོ་ན་དམའ་རྒྱུ་མེད་པ། གཞོན་ན་རྒས་རྒྱུ་མེད་པར་འཛིན་པའི་རྟག་འཛིན་འདིས། མ་བསམ་ས་ནས་སྡུག་བསྔལ་ཐོག་ལ་ཐོན་དུས་འགྱོད་པ་སྡུག་བསྔལ་ལྷག་ཏུ་སྐྱེ་བ་འདི། རང་བསྡུས་ཏེ་རང་གིས་བསྡུས་པའི་རང་སྡུག ལས་བསགས་པའི་འབྲས་བུ་རང་གིས་མྱོང་བ་རེད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཚོས། ལེ་ལན་ཐམས་ཅད་རང་ལ་གདའ་གསུངས་པ་དང་དོན་གཅིག་ཡིན། ལན་པ་ཕྱི་མྱི་ཁུངས་ལ་ཐུག་ནི་ཞིག་མ་ཡིན་པར་ནང་རང་ཁུངས་ལ་ཐུག་ནི་ཞིག་རེད། སྡུག་བསྔལ་ཡོང་བ་ཐམས་ཅད་རང་གིས་བསྡུས་པའམ་རང་གིས་ལས་ནི་ཤ་སྟག་ཡིན་གསུངས་པ་རེད། ཡང་དེ་ལས། ཕྱུག་ན་ཆོག་ཤེས་གྱིས་ལ་སྦྱིན་པ་ཐོང་། །མཐོ་ན་ཁེངས་སེམས་སྐྱུངས་ལ་གཞན་ཕན་གཅེས། །གཞོན་ན་རྒྱགས་པ་མེད་པར་བག་ཡོད་བྱ། །དེ་ལྟར་བྱས་ན་འདིར་ལེགས་ཕྱི་མ་བདེ། །ཞེས་གསུངས་སོ། །ཕྱུག་ན་ཆོག་ཤེས་གྱིས་ལ་སྦྱིན་པ་ཐོངས། །ཞེས་པ་ནི་རྒྱུ་ནོར་རྫས་ཀྱི་འབྱོར་བ་ཕུན་སུམ་ཚོགས་པའི་ཕྱུག་པོ་ཡིན་ན། ཕྱུག་པོ་ལས་ཕྱུག་པོ་འབྱུང་བ་ཞིག་སྟེ་ཚེ་འདིར་མ་ཟད་ཕྱི་མ་ཕྱུག་པོར་འགྱུར་བའི་རྒྱུ། ཚེ་ཕྱི་མའི་ཡུལ་ལ་བསྐྱལ་མ་ཐུབ་ཕྱིན། བསོག་བསོག་སྡུག་གི་ཁུར་བོ། ཚེ་འདི་ལ་སྡུག་མྱོང་བྱེད། དེ་ཁོ་ནའི་དོན་ལ་མི་ཚེ་ཟད། ཚེ་ཕྱི་མར་དེ་བས་སྡུག སྡིག་སྡུག་གཏམ་ངན་མི་དགེ་སྡིག་ལས་སྣ་ཚོགས། ལོངས་སྤྱོད་བསོག་བསྐྲུན་གྱི་ཁུངས་ནས་བྱེད་དགོས་ཐུག་ན། དེའི་རྣམ་སྨིན་མྱོང་བྱེད། དེར་མ་ཟད་ཤི་ཁར་ཞེ་ཆགས་ཏེ་མི་ལུས་ལེན་བྱེད་ཀྱི་ཚོགས་བསགས་ཞིག་ཡོད་ན་ཡང་ཤི་ཁར་ཞེན་ཆགས་སེར་སྣ་དེས་དང་པོ་ཡི་དྭགས་ཀྱི་གནས་སུ་ཁྲིད། ད་དུང་ཞེ་སྡང་གི་སེམས་ཤིག་དང་ཀུན་འདྲེས་ཡོད་ན་ཞེ་སྡང་གི་འབྲས་བུ་དམྱལ་གནས་ཡིན། ཕྱུག་ན་ཆོག་ཤེས་གྱིས་ལ་སྦྱིན་པ་ཐོངས། །ཞེས་པ་ནི་རྒྱུ་བསོག་པ་ལ་ཆོག་ཤེས་བྱེད་དགོས་ཞིང་། ཆོག་ཤེས་བྱེད་མ་ཤེས་ཚེ་ཉེན་ཁ་དང་ཐུག་རབས། ཆོག་ཤེས་མེད་པས་དེའི་དོན་ལ་ཤི་རབས་མང་བས། མཚམས་ཤིག་ལ་ཆོག་ཤེས་གྱིས་ལ་སྦྱིན་པ་ཐོངས་གསུངས་པ་རེད། ནོར་ལས་ནོར་གྱི་སྙིང་པོ་ལོངས་ལ་ཚེ་ཕྱི་མའི་ཡུལ་དུ་མངག་ནས་ཐོན་ཡོད་པ་ཞིག་བྱེད་དགོས་ན་མཆོད་སྦྱིན་གཉིས་ཀ་བྱེད་དགོས་པ་ཡིན། མཆོད་སྦྱིན་བྱེད་ལུགས་དེར་ཆགས་ཞེན་འཁྲུལ་བ་རང་འདོད་དང་མ་འདྲེས་པར་གཏོང་ཐུབ་ན་བཟང་ཞིང་། གཏོང་སའི་ཡུལ་གཏོང་བའི་དུས་གཏོང་ལུགས་ཀྱི་ཐབས་སོགས་ལ་བཟང་ངན་གྱི་ཁྱད་པར་དང་དབྱེ་བ་ཡོད་ལ། མདོར་བསྡུས་ན་ཚོགས་བསག་ཁྱད་པར་ཅན་བྱེད་དགོས་པའི་སྐབས་སུ། ཡུལ་ཁྱད་པར་ཅན་གྱི་ཞིང་ས་ལ་དངོས་པོའི་འབྱོར་བ་ཆེ་ཆུང་ལ་མ་ལྟོས་པར་རྣམ་པར་དག་པས་ཕུལ་ཏེ་བསྔོ་བ་སྨོན་ལམ་དང་འབྲེལ་ན། རྒྱུ་གཅིག་གིས་ཚེ་འདི་ཕྱི་གཉིས་ཀའི་གོ་ཆོད་པར་མ་ཟད་རང་གཞན་གཉིས་ཀའི་དོན་ཆེན་ལ་ཆུད་མི་ཟ་བའི་དགེ་རྩ་ཞིག་བསྐྲུན་ཐུབ་བོ། །མཐོ་ན་ཁེངས་སེམས་སྐྱུངས་ལ་གཞན་ཕན་གཅེས། །ཤེས་པ་ནི་ཐོབ་གོ་ས་དང་མཐོན་པོའི་མིང་ཞིག་ལྷག་ཏུ་མེད་ཀྱང་ཉེས་ཁ་ཆེན་པོ་ལ་མ་བརྫིས། ཁ་ལས་རླུང་རྟ་དར། བྱ་བ་ལམ་ལ་འགྲོ་བཞིན་ཡོད་སྐབས་རྒུད་པ་ཅན་གྱི་དམའ་མོའི་ས་ལ་མ་ལྷུང་བ་ཡིན་ལ། རང་རང་གི་ཚོད་ཀྱི་མི་ཚེའི་ནང་གི་མཐོ་དུས་ཟེར་དགོས་ཤིང་དར་སྐབས་ཡིན་མོད། འོན་ཀྱང་དེ་ཉིད་ཚེ་གཅིག་ལ་མི་རྟག་པས། གང་མེད་ན་དོ་ཡོད་མདོག་གིས་ང་རྒྱལ་མ་བྱེད། དེ་ནི་ཚེ་སྔོན་གྱི་བསོད་ནམས་མ་ཞན། ལྷ་དང་བླ་མས་ཐུགས་རྗེས་སྐྱབས་ཏེ། རྡོག་མ་འཁྱོར་བ་ཡིན་ཞིང་། ལས་ཐུར་ལ་ལོག་དུས་ཡུང་རྡོག་སྒྱོ་ཁ་ཐུར་བསྟན་ལྟར། ཉམས་ཉེས་རྒུད་པ་ཞེ་ལ་མ་ཤར་བ་ཡོང་རྒྱུ་ཡོད། ལས་བྱ་བ་ཐུར་ལ་འགྲོ་ཚེ། །རྐྱེན་ངན་པ་མང་པོ་རང་འཁོར་ཡིན། །ཞེས་པ་ལྟར་ཡིན། ཡག་བཞིན་ཡོད་ཚེ་ཡག་ཚོད་ཟུང་དགོས་པ་རེད་མ་གཏོགས་ཚོད་མི་ཐིག་པར་ཕ་རྒྱབ་ཏུ་མཆོང་འགྲོ་བའི་ཉེན་ཁ་ཡོད་ཅེས་གསུངས་པ་རེད། རང་ལ་ཅི་དགོས་དེ་མི་ལའང་དགོས་པས་ཐམས་ཅད་དམའ་འབེབས་བྱ་མི་རུང་། ཁྱད་པར་དུ་ཉམ་ཆུང་ལ་དམའ་འབེབས་བྱ་མི་རུང་། དེས་ན་མཐོ་དུས་ཁེངས་སེམས་བསྐྱུངས་ཏེ་གཞན་ཕན་གྱིས་བྱ་བ་སྒྲུབས། དང་པོ་རང་ལ་གནོད་མེད་པའི་གཞན་ལ་ཕན་རེ་ཨེ་ཐོགས་དང་། སྐབས་ཤིག་ནས་རང་ལ་གནོད་ཆུང་ཆུང་རེ་ཡོད་རུང་གཞན་ལ་ཕན་ཆེན་པོ་ཐོགས་འདུག་སྙམ་ན་དེ་ཨེ་ཐོགས་ལྟ་བ་དང་། དེ་ནས་རང་གཞན་འདྲ་མཉམ་གྱིས་མཐར་རང་ལ་སྡུག་ཡོང་ན་ཡང་གཞན་ལ་ཕན་རེ་བཏགས་པའི་བསམ་པ་མ་གཏོགས་མེད་པ་ཞིག་མ་འགྱུར་ཀྱི་བར་དུ་གཞན་ཕན་བྱ་དགོས། གཞན་ལ་ཕན་པ་ཇི་ཙམ་བྱས་ན་རང་ལ་བདེ་བ་དེ་ཙམ་ཡོང་བ་ཡིན། ཡིན་ཡང་རང་དོན་མེད་པར་གཞན་དོན་སྒྲུབ་པ་མཆོག་ཡིན། གཞོན་ན་རྒྱགས་པ་མེད་པར་བག་ཡོད་བྱ། ཞེས་པ་ནི་ལོ་ཉུང་ཞིང་། ལུས་སྟོབས་རྒྱས་དུས་དེ་དང་མཉམ་པའི་སེམས་ཤེད་མ་ཉམས་གོང་ལ་འཇིག་རྟེན་འདི་ན་ང་བས་ཡན་ལ་སུ་གཅིག་མེད་མ་བསམ་ཀྱང་། ང་ཡང་སྐྱོན་མེད་ཅིག་ཡིན་སྣང་ཤར་ཏེ་སྣང་བ་མཐོ་མཐོ་བྱེད་སྲིད་མོད། དེ་དུས་ཕོ་སར་རྒྱགས་པས་ཕྱི་མཐའ་མི་རིག་པ་དང་། རྟ་སར་རྒྱགས་པས་རྔ་མཐའ་མི་རིག་པས་ཚོད་མི་ཟིན་པ་ཡོང་སྲིད། དེ་བས་བག་ཡོད་པར་གྱིས། གཞོན་ཡང་རྒན་པའི་ཉེ་བར་བྱེད་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །གསུངས་པ་ལྟར། ཐམས་ཅད་དང་འགྲོག་བདེ་མོ་ཀུན་དང་འདྲིས་བྱམས་པོ་ཞིག་བྱས་ཏེ། ང་རྒྱལ་དང་ཁེངས་སེམས་སྤངས་ནས་འདི་དང་ཕྱི་མ་རང་གཞན་ཕན་བདེའི་ཐབས་ཚུལ་ལ་བློ་ཁ་ཕྱོགས་ཏེ། ཐོས་བསམ་ཤེས་རབ་ཀྱི་མིག་བསྟེན་དགོས་པའི་དུས་ཚོད་ཡིན་པས། དེ་ལྟར་བྱས་ན་འདི་ལེགས་ཕྱི་མར་བདེ་གསུངས་ལ། ཕྱུག་ན་ཆོག་ཤེས་བརྟེན་ཏེ་ཆོས་ཀྱི་ཐབས་ཀྱིས་ནོར་ལས་ནོར་གྱི་སྙིང་པོ་ལོངས། མཐོ་ན་ཁེངས་སེམས་སྐྱུངས་ལ་དམན་ས་བཟུང་སྟེ་གཞན་ཕན་ལ་བརྩོན། ན་ཚོད་གཞོན་ཡང་ང་རྒྱལ་མེད་པར་བག་ཡོད་པར་གྱིས། ཚེ་འདིར་ལེགས་མི་ཚེ་ཆོས་ཀྱིས་བསྐྱལ་ནས་རང་ཕན་རོགས་ཕན་གྱི་ལས་ཀས། གསོན་ན་དོན་ཆེ་བ་ཕྱི་མར་བདེ་བ་ཐོབ་པ་དང་། ཚེ་འདིར་རྣམ་དཀར་བསོད་ནམས་ཀྱི་ས་བོན་ཞིག་བསགས་པའི་རྐྱེན་གྱིས་རྒྱུ་ཆུང་ཡང་འབྲས་བུ་ཆེན་པོ་གཏན་དུ་བདེ་བའི་ལམ་སྣ་ཞིག་ཟིན་པས། འདི་བདེ་ཕྱི་མར་བདེ་བའི་བདེ་སྐྱིད་རྒྱུ་འབྲས་དང་ལྡན་པའི་མི་ཚེ་ཞིག་སྐྱེལ་བསམ་ན་དེ་འདྲ་གྱིས་གསུངས་ཏེ་གདམས་ངག་གནང་བའོ། །ལོ་གཅིག་གི་ནང་ནས་ལན་རེ། དེ་ཡང་ན་ནིང་ད་ལོ་ད་གཟོད་རང་རེ་མཉམ་དུ་འཛོམས་ནས། རང་གཞན་གཉིས་ཀས་ཕྱི་མའི་དོན་ཆེན་ལ་གྲོས་མོལ་ཞིག་བྱེད་པའི་སྐལ་བ་ཞིག་ལྡན། མི་ལུས་ཞིག་བླང་། སྐེ་རགས་ཐད་ལ་བཅིང་། རྐང་པ་ས་ལ་བཙུགས་ནས་འགྲོ་བཞིན་ཡོད་པས། རང་རེའི་དེད་དེ་འགྲོ་བཞིན་ཡོད་པའི་དུད་འགྲོ་རྩྭ་ཟན་གཡག་རྒན་འབྲི་རྒན་རྣམས་ལས་ལྷག་ཅིག་གི་འདེང་རྒྱག་ཡོད་དགོས་པས། རང་རང་གི་དེ་སྔོན་གྱི་དུས་ཚོད་ལ་ཕྱི་ལྟས་རེ་བྱས་ཏེ། མི་ཚེའི་བྱ་བར་ཕྱོགས་སྡོམ་ཞིག་བརྒྱབ་ན། ཉིན་གཅིག་ལའང་མ་བསྡད་པར་བྲེལ་གྱིན་ཡོད་པ་འདིས་ཅི་ཞིག་བསྒྲུབས་ཀྱིན་ཡོད། གང་ཞིག་འགྲུབ་ཀྱིན་འདུག་པར་བལྟས་ན། ཚེ་འདིར་ཟ་གྱོན་ལོངས་སྤྱོད་དང་ཉེ་རིང་ཆགས་སྡང་ཙམ་དང་། ཡར་ལས་མར་ལས་ཡར་བཤད་མར་བཤད་རེ་བྱས་ནས་དབྱར་དགུན་སྟོན་དཔྱིད་ཀྱི་ཉི་མ་ནམ་ཟླ་ཕུད། ད་གཅིག་བལྟས་ཚེ་ལོ་ཡར་ཟད་ཐོད་པའི་སྟེང་ལ་རྒས་གཉེར་འབབ་སར་ཐོན་ཡོང་གི་ཡོད་པ་ཡིན། དེ་དང་མཉམ་དུ་རྟ་རྒན་ཟོག་རྒན་ཐམས་ཅད་བེའུ་ཡ་རུ་ཤད་ལེ་ཁ་ཡར་བསགས་ཚོ་སོ་ཆད་ལ་ལྷུང་རྒྱུའི་འགྲོ་སྟངས་དང་གཅིག་མཚུངས་ཡིན། དེ་རྣམས་ཀྱིས་ཀྱང་རྩྭ་ཟོས་ལྕི་བ་བཏང་དགུང་མོ་ཉལ་རྒྱུ་དེ་ང་ཚོ་དང་གཅིག་པ་ཡིན་པས། བཤད་ཀྱང་མ་བཤད་རུང་དེ་སྔོན་བྱ་བར་ཁྱི་ཞིག་མི་རི་ལ། སྒོའི་གནག་ཕྱུགས་རྣམས་དང་ཁྱིམ་གྱི་མི་ཐམས་ཅད་ལ་རང་དབང་ཡོད་མེད་ཅུང་ཟད་ཙམ་མ་གཏོགས་དམིགས་ཡུལ་འདུན་པ་མེད་ལུགས། ཟ་ཉལ་འགྲོ་འདུག་ཙམ་ཞིག་ཤེས་ལུགས། ཚེ་ཕྱི་མ་གཉིས་ཀས་མ་ཤེས་ལུགས་འདྲ་བ་མ་ཡིན་ནམ། ད་རེས་ཆོས་རའི་ནང་དུ་འདུས་པའི་དོན་དག་ཅི་ཞིག་ཡིན་ཞེ་ན། ཚེ་འདི་ཕྱིའི་དོན་ཆེན་ལ་གྲོས་ཀྱི་སྟེང་ནས་བློ་སྒོ་ཕྱེ་རྒྱུ་ཡོད་མིན་གྱི་དོན་དག་དེ་ཡིན་ལ། དེས་ན་ཚེ་འདི་ཕྱིའི་དོན་དག་ལ་ཞིབ་བཤེར་ཞིག་ཕུད་དགོས་ཚེ། འདས་མ་འོངས་གཉིས་ཀའི་བྱ་བའི་འགྲོ་ལམ་གྱི་སྟེང་དུ་འདེང་ཞིག་བརྒྱབ་ན། འདི་བྱས་ན་འདི་རེད་ཟེར་རྒྱུའི་ལམ་སྟོན་གསལ་བོར་ཞིག་མེད་པའི་ཚེ། ད་དུང་ཅི་བྱུང་ཅི་མཐའ་ཡི་འདེང་རྒྱག་མེད་པར་ལོང་འགྲོ་ཞིག་བྱེད་དགོས་ན་མི་འགྲིག་པས། དེ་སྔོན་སོང་སོང་གི་འགྲོ་ལམ་དོན་མེད་སྟོང་ལོག་བྱས་པའི་གྱོང་ཁ་དེ་འདྲ་ཕྱིན་ཆད་མི་ཡོང་ཐབས་ལ་བསམ་བློ་གཏོང་དགོས། འགོ་རྒྱ་གར་སྐད་ནས་སྔོན་ནས་ད་ཡི་བར་དུ་ལས་ལས་བརྒྱུགས་བརྒྱུགས་འདུར་འདུར་བྱས་པ་ཐམས་ཅད་ཀྱིས་གཡག་རྒན་སྣ་ལོ་ཞིག་གི་གོ་མ་གཏོགས་མ་ཆོད་པ་གསལ་བོ་ལྷང་ལ་ཕུད་ནས། དུད་འགྲོ་ཞིག་དང་བསྡུར་ན་རང་དབང་ཡོད་མེད་མི་ཡི་དྲག་ཟེར་མོད། དོན་ལ་རང་དབང་ཡང་མེད་སྟེ། མི་ན་བསམ་ན་རང་དབང་མེད། མི་འཆི་བསམ་ན་རང་དབང་མེད། ཆགས་སྡང་རྨོངས་གསུམ་གྱིས་ཁ་ལོ་ཞིག་སྒྱུར་ཚེ། སྡུག་བསྔལ་མྱོང་འདོད་སུ་ལའང་མེད་མོད། འོན་ཀྱང་མི་མྱོང་རང་དབང་མེད་པར་སྔོན་ལས་བཙན་པོས་དེད་ཚེ་དེ་རིང་འཆི་དགོས་ཀྱང་འཆི་སར་འགྲོ་བ་ལས་ཐབས་གཞན་མེད། ད་ལྟ་ཤི་རན་ནས་བསྡད་ཡོད་པ་ཨེ་ཡིན་ཡང་མི་ཤེས་པར་ཤི་སར་ཡིན་སྣང་མ་ཤར་ནས་འགྲོ་བ་རེད། དེས་ན་ད་སྔོན་ཚར་བ་རྣམས་ནི་འགྱོད་ཀྱང་ཕྱིར་འོངས་མེད་པས་ད་ནི་ཚེ་མཐའ་ཅུང་ཟད་ཅིག་ཡོད་ན་མ་འོངས་པའི་དུས་ཚོད་དེའི་ནང་ནས་རང་དབང་གི་རང་ལམ་ཞིག་རྙེད་དགོས། སྔ་དྲོ་མ་ཤེས་འཁྲུལ་བའི་དབང་དུ་སོང་ནའང། ཕྱི་དྲོ་བསམ་བློ་རིག་པས་གཏན་ལ་ཕབ་སྟེ་བློ་ཞིག་རྙེད་དགོས། དེ་རྙེད་པའི་བློ་སྒོ་དེ་རྒྱལ་བའི་བཀའ་རྗེས་འཇུག་གི་བསྟན་བཅོས་ཀྱིས་ཕྱེ་བཞིན་ཡོད་པའི་དུས་ཚོད་དེ་འདྲ་ཞིག་ལ་ཁེལ་ན། ད་ནི་རང་བསམ་རང་གིས་བཏང་སྟེ་བག་མེད་རྣམ་གཡེང་དོན་མེད་འཁྲུལ་བའི་བྱ་གཞག་ཚང་མ་བསྐྱུར་ནས། སྲོག་གཅོད་སར་བླ་མི་འཁོར་བར་འདི་ཕྱིའི་དོན་ཆེན་སྒྲུབ་རན་པ་ཡིན། དེ་རིང་ཁ་རྩང་འཛམ་གླིང་གི་མི་སྐྲ་སེར་པོ་དང་ནག་པོ་ཅན། མིག་སྔོན་པོ་དང་རག་རག་ཅན་ལ་མ་ལྟོས་པར་གནམ་འོག་གི་མི་མང་པོ་ཞིག་གིས། བོད་དུ་དར་བའི་ནང་ཆོས་འདི་ལ་རྩ་ཆེན་དོན་ཆེན་དུ་བརྩི་བཞིན་ཡོད་པ་འདི། བོད་གཅེས་པས་མ་ཡིན་ལ། བོད་ཡག་པས་དེ་བས་མིན། མི་ཞེས་པ་འདི་རང་འདོད་ཆེ་བ་དང་ལྷག་པར་དུ་མཐའ་མིའི་རིགས་འདི་འདོད་རྔམ་ཆེ་བས། གང་ན་སྣུམ་ཐིག་ཅིག་དང་སུས་ལག་ན་མཁོ་བྱེད་ཅིག་ཡོད་པ་མཐོང་ཚེ། འདི་ལེན་དགོས་བསམ་པས་སོ། །རྒྱུ་ནོར་འདི་ལ་རིགས་གཉིས་ཡོད་པ་ལས། རིན་ཐང་ཅན་གྱི་དངོས་པོ་གཟུགས་སུ་གྲུབ་པའི་གསེར་དངུལ་གཟི་བྱུར་ཕ་ལམ་ལ་སོགས་པ་དང་ད་དུང་གནའ་རྫས་དཀོན་པའི་རིགས་དང་། རིན་ཐང་ཅན་གྱི་དངོས་པོ་གཟུགས་སུ་མ་གྲུབ་པ་ན། རིན་ཐང་ཅན་དེ་གང་ཡིན་ཞེ་ན། གང་ཟག་གི་རྒྱུད་ན་ཡོད་པའི་ཡོན་ཏན་ཚེ་འདི་ཕྱི་གཉིས་ཀའི་བདེ་སྐྱིད་སྒྲུབ་བྱེད་ཀྱི་ལུང་རྟོགས་ཀྱི་བསྟན་པ་དེ་ཡིན། དེ་གང་ཟག་གི་རྒྱུད་ན་ཡོད་པས་བསད་ན་མ་གཏོགས་ལེན་ཐབས་མེད། ད་དུང་ཡང་ལྷག་ཡོད་པ་འདི་ལྟར་ཡིན། ད་དུང་དངོས་པོ་གཟུགས་སུ་གྲུབ་མ་གྲུབ་གཉིས་ཀ་ཡིན་པའི་རིན་ཐང་ཅན་ཞིག་ཡོད། དེ་ནི་གང་ཡིན་ཞེ་ན། རྟེན་གསུམ་ལི་གཏེར་ལ་སོགས་པ་བྱིན་རླབས་ཅན་སངས་རྒྱས་ཀྱི་རབ་གནས་འཐོར་བ་དང་། གཏེར་སྟོན་ཚད་ལྡན་གྱིས་གཏེར་ནས་བཞེས་པ་འདི་ཚོ་ཡིན། དེ་གསུམ་ལས་ཆེས་བཟང་བ་ནི་ལེགས་ཉེས་བླང་དོར་གྱི་གནས་འདོམས་པའི་ལམ་སྟོན་གྱི་སྒྲོན་མེ། གང་ཟག་གི་རྒྱུད་ན་ཡོད་པའི་ཤེས་རིག་ཡོན་ཏན་དངོས་པོ་གཟུགས་སུ་མ་གྲུབ་པ་འདི་ཡིན་ལ། དེང་སང་འཛམ་བུ་གླིང་ན་ཆ་ཚང་བ་རྒྱུད་པ་མ་ཆད་པ་ཚན་རིག་གིས་བརྟགས་དཔྱད་བྱས་པའི་རིག་གཞུང་དེ། མདོ་སྔགས་ཉིས་ལྡན་གྱི་རིང་ལུགས་བོད་ལ་དར་རྒྱུ་འདི་ལས་ལྷག་ཅིག་མེད། དེ་གཞན་ལ་མེད་པའི་ཁྱད་ནོར་ཞིག་ཡིན་པས། དེ་བདག་ཐུབ་དང་མི་ཐུབ་བོད་མི་རང་ཉིད་ལ་རག་ལས་ཤིང་། རང་ལ་ཡོད་པའི་རྒྱུ་བེད་སྤྱོད་གཏོང་ཤེས་མིན་རང་ལ་ཐུག་པ་ཡིན། ཧ་ལས་ཏེ་བལྟ་མི་འདུག་པར། ཆོས་ཉམས་ལེན་རང་གིས་གྱིས་དང་ངའི་དེ་ཁྱོས་ཁྱེར་ཐལ་མི་སྐུར་ཟེར་མཁན་མེད། ཆོས་དང་འཛམ་གླིང་གི་ཉི་མ་གཉིས་ལ་ང་དང་ཁྱོད་ཀྱི་ཁྱད་པར་མེད་དེ། རྫ་ཁྲ་ཡག་ནོར་གྱི་བང་མཛོད་ལ་སྙབ་ཀྱི་ལག་པ་སུ་རིང་དང་། གཅོད་ཀྱི་གྲི་ཆུང་སུ་རྣོ་སུས་བདག་བྱེད་ན་དེ་ལ་དབང་བ་རེད། གཅིག་གིས་ཁྱེར་སོང་ཚེ་གཅིག་ཤོས་ལ་མི་ལྷག་པ་དེ་འདྲ་མ་ཡིན་པས། དེའི་རིན་ཐང་ཅན་གྱི་ཆོས་དེ་ཅི་འདྲའི་སྒྲུབ་དགོས། གོ་མ་མྱོང་ཟེར་ན་གོ་ལོས་མྱོང་ཕ་ཚེ་བུ་རིང་བུ་ཚེ་བདག་རིང་ལ་ཕྲེང་བ་ལག་ལ་བཟུང་བ་དང་། བོད་གོང་བ་ཅན་དང་ཕྲེང་བ་ཅན་ཟེར་ནི་ཡིན་པ་གོ་མྱོང་བ་དེ་རེད། བློ་གཏད་ས་ཞིག་ཤེས་མེད་པས་གོ་རྩ་ཉན་བདེའི་ཐོག་ནས་གཅིག་ཤོད་དང་། དང་པོ་འགོ་ནས་གོམ་པ་གང་ལ་སྤོ་དགོས་པ་རེད་ཟེར་ན། དང་པོ་འཇིག་རྟེན་ཡང་དག་གི་ལྟ་བ་ཡོད་དགོས། འཇིག་རྟེན་ཡང་དག་གི་ལྟ་བ་གང་རེད་ཟེར་ན། མཐའ་མི་ཀླ་ཀློ་སྤྲ་རིགས་སྤྲེའུ་རིགས་ཐམས་ཅད་ལ་མེད་པའི་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་དགོས། ལས་རྒྱུ་འབྲས་ལ་ཡིད་ཆེས་མེད་ཕྱིན་ཕྱག་སྐོར་བ་བྱས་ཀྱང་ཕན་ཐོགས་ཆུང་བ་ཡིན། ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ་དེ་འཇིག་རྟེན་གྱི་བདེ་བའི་རྒྱུའི་རྩ་བ་ཡིན། དེ་ནས་གོམ་པ་གཉིས་པ་དེ་གང་ཡིན་ཞེ་ན་མཆོག་གསུམ་ལ་དད་པ་ཡོད་དགོས། དད་པ་མེད་ན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་ཐབས་མེད་ལ། དད་པ་འདི་ཡོད་ན་འདི་ཕྱིའི་ལེགས་ཚོགས་ཀྱི་གཏེར་མཛོད་ཀྱི་སྒོ་རྙེད་པ་ལྟ་བུ་ཞིག་ཡིན། འདི་གཉིས་ཀ་ཡོད་ན་སྲིད་པ་འདི་ན་འདི་གཉིས་ལས་ལྷག་པའི་ཡིད་རྟོན་ཁེལ་བའི་གྲོགས་དགོས་ན་ཡང་རྙེད་རྒྱུ་མེད། ཆོས་དེ་གཉིས་ཀ་གཅིག་པུ་བསྒྲུབས་ཏེ་མི་ཚེ་དེ་ཡིས་བསྐྱལ་ན་མི་ཆོག་པ་མེད་ལ། གལ་ཏེ་ཕྱི་མར་མི་བསམ་ཀྱང་། ལས་རྒྱུ་འབྲས་ལ་ཡང་མི་རྩི་ན་ཡང་ཚེ་འདི་ཁས་མི་ལེན་པ་མི་སྲིད་པས། ད་ལྟར་ཡ་རབས་ཀྱི་ཀུན་སྤྱོད་དུ་བཅོས་བྱེད་ལ་ཆོས་འདི་ལས་ལྷག་ཅིག་མེད། མིའི་སེམས་ཁམས་ཀྱི་ནང་གི་བདེ་སྐྱིད་སྐྲུན་ཐབས་ལ་འདིས་ཡན་ཞིག་མེད་པས། གོང་དུ་བཤད་པ་ལྟར་མཐའ་མི་ཡན་ཆད་ཀྱིས་འདི་ལ་ཧམ་སེམས་ལངས་ཏེ་ཧབ་ཐོབ་རྒྱག་གིན་ཡོད་པར་མ་ཟད་དེ་དོན་གཉེར་ཆེན་པོ་ཞིག་བྱེད་ཀྱིན་ཡོད་པ་ཡིན། གཅིག་བྱས་ན་དེ་རིང་ཁ་རྩང་རྒྱ་བླ་དང་ཕྱི་བླ་ཟེར་ནས་དེ་ལ་སྙིང་ཁྲེལ་འཇོག་རྒྱུ་མེད་པར་མགོ་སེར་ནག་ཐམས་ཅད་ཀྱི་མགོ་སྟེང་དུ་ལག་པ་ཞོག་མཁན་བླ་རྒན་རྣམས་ཡིན། སྟག་དམར་ཡག་གི་མགོ་མ་དགོས་འཕོངས་ལ་རེག་ས་སུ་གཅིག་གིས་མི་ལོན་པས། དེ་ལ་བསྟོད་སྒྲ་མེད་ན་སྨད་སྒྲ་ཅིའི་ཕྱིར་ཡོད། གཉིས་བྱས་ན་ཞགས་པའི་ཨ་ལོང་ཕར་ལ་སྐོན་གྱིན་ཡོད་དམ་ཚུར་ལ་སྐོན་གྱིན་ཡོད་ཤེས་ཀྱང་མི་ཤེས། ཡང་འགའ་རེའི་དེའི་བར་ནས་བླ་མ་མཚར་འདུག་སྙམ་ནས་བླ་རྫུན་བྱས་ནས་བླ་རྐུབ་བུད་དུས་འདི་རྐུབ་ཕྱི་རྐུབ་གཉིས་ཀ་བུད་པ་ཡིན། ཨ་ལ་རྩེད་མོ་ཡིན་དེ་ཚོ་དོན་མེད་ཀྱི་ཁ་བརྡ་ནང་དུ་བུད་སོང་བ་རེད། ཆོས་ཁྲིད་བཤད་པའི་སྐབས་ཡིན་པས། སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་མཁས་གྲུབ་རཱ་ག་ཨ་སྱས་མཛད་པ་འདི་ཉིད་འཆད་པའི་སྐབས་ལས་འགའ་ཞིག་གོང་དུ་སོང་ནས་།

རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།

རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། ཞིང་ཁམས་བདེ་བ་ཅན་ལ་ཐེག་པ་ཆེ་ཆུང་གི་རིགས་གཉིས་ཡོད་པའི་ནང་གི་ཐེག་ཆེན་གྱི་རིགས་ལ་སྐྱེ་བ་འཛིན་པའི་དབང་དུ་བཏང་སྟེ་གསུངས་ཀྱིན་ཡོད་ལ། བདེ་བ་ཅན་ལ་སྐྱེ་བའི་རྒྱུ་གཞན་པ་གསུམ་པོ་ཐུན་མོང་གི་དབང་དུ་བྱས་ཏེ་གསུངས་པ་ཞིག་དང་། ཡིན་ན་ཡང་རང་རེ་ཐེག་ཆེན་མདོ་སྔགས་ཟུང་འབྲེལ་གྱི་ལམ་ལ་ཞུགས་པར་མ་ཟད་འགྲོ་བ་སེམས་ཅན་ཐམས་ཅད་ཐར་ལམ་ལ་འདྲེན། འཁོར་བ་དོང་ནས་སྤྲུག་པའི་ཆེད་དུ་རྫོགས་བྱང་དོན་གཉེར་རེ་བྱེད་ཀྱིན་ཡོད་པའི་ཐེག་ཆེན་པ་ཡིན་པའི་དབང་གིས། སྨོན་ལམ་གཞུང་གི་བསྟན་དོན་ཡང་སྙིང་རྗེའི་དྲང་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐེག་ཆེན་མདོ་སྔགས་གཉིས་ཀའི་གཞུང་ལྟར་ཡིན་ན། དེ་དང་མི་འབྲལ་བའི་ཐོག་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་བསྟན་ལ། འདི་ནས་ས་བཅད་ཀྱི་དབང་དུ་བྱས་ཏེ་དེའི་དོན་རགས་བསྡུས་ཀྱི་ས་ཁུངས་འཛིན་བྱེད་ཙམ་ཞིག་ཞུས་ན། བྱང་ཆུབ་སེམས་བསྐྱེད་ཀྱི་ངོ་བོ་དེ་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ། །མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་རོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ལ་དབྱེ་ན་རྣམ་པ་གསུམ། དཔེའི་སྒོ་ནས་དབྱེ་བ། ས་མཚམས་ཀྱི་སྒོ་ནས་དབྱེ་བ། མཚན་ཉིད་ཀྱི་སྒོ་ནས་དབྱེ་བའོ། །དེའི་ནང་ནས་དང་པོ་དཔེའི་སྒོ་ནས་དབྱེ་ན་སོ་སོའི་སྐྱེ་བོ་ནས་སངས་རྒྱས་ཀྱི་སའི་བར་དུ། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །ལ་སོགས་པ་དཔེ་རྣམ་པ་ཉི་ཤུ་རྩ་གཉིས་ཀྱིས་དཔེ་གྲོགས་ཆོས་གསུམ་སྦྱར་ཏེ་བཤད་རྒྱུ་ཡོད། གཉིས་པ་ས་མཚམས་ཀྱི་སྒོ་ནས་དབྱེ་ན་རྣམ་པ་བཞི། མོས་པ་སྤྱོད་པའི་སེམས་བསྐྱེད་དང་། ལྷག་བསམ་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད་དང་གསུམ། སྒྲིབ་པ་སྤོང་བའི་སེམས་བསྐྱེད་དང་བཞི། མོས་པ་སྤྱོད་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་བསྡུས་པའོ། །གསུམ་པ་མཚན་ཉིད་ཀྱི་སྒོ་ནས་དབྱེ་ན་གཉིས་ཏེ། དོན་དམ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས། དོན་དམ་བྱང་ཆུབ་ཀྱི་སེམས་ཇི་ལྟར་ཡིན་ཞེ་ན། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གསལ་ལ་མི་གཡོ་སྤྲོས་པའི་མཐའ་དང་བྲལ་བ་ཞིག་གོ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་སྙིང་རྗེས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་དྲངས་ཏེ་ཤེས་རབ་ཀྱིས་རྫོགས་པའི་བྱང་ཆུབ་ལ་འགོད་འདོད་ཀྱི་བློའམ་དེ་ལ་དམ་བཅའ་བའོ། །དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཕྲ་བ་ཆོས་ཉིད་ལས་ཐོབ་པ་བསྒོམས་སྟོབས་ལས་བྱུང་བ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་རགས་པ་བརྡ་ལས་ཐོབ་པ་བསམ་སྦྱོར་ལ་ལྟོས་ཏེ་སྡོམ་པ་ལེན་རྒྱུ་ཅན་ཞིག་ཡིན། སྐབས་ཐོབ་ཀྱི་བཤད་བྱ་ངོ་མ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལ་དབྱེ་ན་སྨོན་པའི་སེམས་དང་འཇུག་པའི་སེམས་གཉིས་ཡོད། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །འདི་ལ་བཞེད་པ་མི་འདྲ་བ་ཡོད་ན་ཡང་གཞུང་འདི་དང་བསྟུན་ན། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་སོ། །སྨོན་པ་དེ་འགྲོ་བར་འདོད་པ་དང་འདྲ། རྫོགས་པའི་སངས་རྒྱས་ཐོབ་འདོད་ཀྱི་བསམ་པའོ། །འཇུག་པ་འགྲོ་བ་དངོས་དང་འདྲ། སངས་རྒྱས་སྒྲུབ་པའི་སྦྱོར་བ་བརྩམས་ཏེ་ལམ་ལ་ཞུགས་པ་ལྟ་བུའོ། །འཕགས་པ་འཇམ་དཔལ་ནས་སློབ་དཔོན་ཀླུ་སྒྲུབ་ལས་བརྒྱུད་པའི་སློབ་དཔོན་ཞི་བ་ལྷས་དེ་ལྟར་གསུངས། ཡང་འཕགས་པ་བྱམས་པ་ནས་སློབ་དཔོན་ཐོགས་མེད་ལས་བརྒྱུད་པའི་ཇོ་བོ་གསེར་གླིང་པས། སྨོན་པ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་བསམས་ཏེ་འབྲས་བུ་ལ་དམ་བཅའ་བ་དང་། འཇུག་པ་དེ་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་ཕར་ཕྱིན་དྲུག་སོགས་ལ་བསླབ་པར་བྱ་བསམ་ནས་རྒྱུ་ལ་དམ་བཅའ་བའོ། །གང་ལྟར་ཡང་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་ཀྱི་རྫོགས་བྱང་ལ་དམིགས་པ་སྟེ་ཟུར་གཉིས་སམ་དོན་གཉིས་དང་ལྡན་པའི་སེམས་བསྐྱེད་པའོ། །ཟབ་མོ་ལྟ་སྲོལ་དང་རྒྱ་ཆེན་སྤྱོད་སྲོལ་གང་ལྟར་ཡང་དངོས་གཞི་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་སྐབས་སུ། ལེན་ཡུལ་སློབ་དཔོན་མཚན་ཉིད་དང་ལྡན་པ། སྡོམ་པ་འབོག་པའི་ཆོ་ག་ལ་མཁས་པ། རང་ཉིད་སྡོམ་པ་ཐོབ་ལ་མ་ཉམས་པར་གནས་པ། ལུས་ངག་གི་རིག་བྱེད་ཀྱིས་བརྡ་སྤྲད་ནུས་པ། ཟང་ཟིང་ལ་མི་ལྟ་བར་སློབ་མ་བརྩེ་བས་སྐྱོང་བ་ཞིག་ཡིན་དགོས། དེ་ལྟ་བུ་མཚན་ཉིད་དང་ལྡན་པའི་བླ་མའི་མདུན་ནས་སྡོམ་པ་བླངས་ཏེ་དུས་རྒྱུན་དུ་རང་གིས་རྟེན་ནམ་ཚོགས་ཞིང་ཡིད་ལ་བྱས་པས་ཀྱང་ལེན་ཆོག་པའོ། །ཚད་མེད་རྣམ་བཞིའི་བློ་སྦྱོང་བ་སྔོན་དུ་སོང་སྟེ་ཟབ་མོ་ལྟ་སྲོལ་གྱི་ལུགས་ལྟར་བྱས་ན། སྦྱོར་བ་དངོས་གཞི་རྗེས་ལ་ཆོ་ག་དང་གསུམ་ཡོད་པ་ལས། དང་པོ་སྦྱོར་བ་ལ་ཕྱག་འཚལ་བ་མཆོད་པའི་ཁུངས་སུ་བསྡུས་ན་མཆོད་པ་འབུལ་བ་དང་སྡིག་པ་བཤགས་པ་ལ་སོགས་པ་དྲུག དེ་མ་བསྡུས་ན་ཡན་ལག་བདུན་ཁ་རྩང་གོང་དུ་བཤད་མ་ཐག་པ་ལྟར་སྔོན་དུ་སོང་ནས། དངོས་གཞི་དམ་བཅའ་བ་ལ་ཚོགས་ཞིང་མདུན་གྱི་ནམ་མཁར་སྤྱན་འདྲེན་པ་དེ། མགོན་པོ་འོད་དཔག་མེད་གཙོ་འཁོར་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་བདག་གིས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་འགོད་པའི་ཕྱིར་དུ་ཐེག་ཆེན་བྱང་ཆུབ་སེམས་ཀྱི་སྡོམ་པ་ཞུ་བ་ཡིན་སྙམ་སྟེ། དགོངས་སུ་གསོལ་བ་གསུམ་གྱིས་སད་པར་བྱས། སྐྱབས་སུ་འགྲོ་བ་གསུམ་གྱི་གཞིར་བཟུང་སྟེ། སྤྱོད་འཇུག་ལས་གསུངས་པ་ལྟར། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་སྐྱབས་སྡོམ་དང་བཅས་པ་ལན་གསུམ་དང་། དམ་བཅའ་བ་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་པའི་ཚིག་དངོས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་ཀྱི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་ཐོབ་མཚམས་བརྗོད་པ་གསུམ་གྱིས་ཐ་མའི་སྐབས་ལ་ཐོབ་ཀྱིན་ཡོད་པས་དེ་དུས་སྡོམ་པ་དངོས་སུ་ཐོབ་པར་བསམ་དགོས། དེའི་རྗེས་ཀྱི་ཆོ་ག་ལ་དཀོན་མཆོག་དང་ཆོས་སྐྱོང་བའི་སྲུང་མ་སོགས་དཀར་ཕྱོགས་སྐྱོང་བའི་ལྷ་ལ་གཏོར་མ་ཕུལ། དེང་དུས་བདག་ཚེ་འབྲས་བུ་ཡོད་སོགས་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་རང་གཞན་དགའ་བ་སྒོམ། དེའི་རྗེས་སུ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །ལ་སོགས་པས་སྨོན་ལམ་དང་བསྔོ་བས་མཐའ་བརྒྱན། དེ་ལྟར་རང་རང་སོ་སོའི་མཆོད་ཁང་གི་ནང་དུ་དང་། ཡང་ན་ཡུལ་གཞན་ཞིག་ཏུ་འགྲོ་དུས་སམ། ཡང་ན་ལ་ཁར་ཕྱུགས་རྫི་ལ་འགྲོ་ཞོར་ཡན་ཆད་དུ་ལེན་ཆོག ཉིན་རེ་རེ་བཞིན་དུ་མ་ཆགས་པར་སེམས་བསྐྱེད་རེ་བླངས་ན་སེམས་བསྐྱེད་སྐྱེ་བ་དང་གོང་འཕེལ་དུ་འགྲོ་བས་བསོད་ནམས་བསམ་ཀྱིས་མི་ཁྱབ་པ་སོགས་འགྲོ་བ་ཡིན། བྱང་ཆུབ་མཆོག་དུ་སེམས་བསྐྱེད་པའི་ཕན་ཡོན་ཅི་འདྲ་ཞིག་ཡོད་ཅེ་ན། སྨོན་སེམས་བསྐྱེད་པའི་ཕན་ཡོན་དོན་བརྒྱད་ཀྱིས་བཤད་ཡོད་དེ། ཐེག་ཆེན་གྱི་རིགས་སུ་ཚུད་པ། བྱང་སེམས་ཀྱི་བསླབ་པའི་རྟེན་བྱེད་པ། སྡིག་པ་ཐམས་ཅད་རྩད་ནས་འཇོམས་པ། བསོད་ནམས་དཔག་མེད་ཐོབ་པ། སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་བ་ལ་སོགས་པའོ། དེ་ཚོ་ཅི་འདྲ་ཡིན་ཞེ་ན། ཐེག་པ་ཆེན་པོའི་རིགས་སུ་ཚུད་པ་ཡིན། བྱང་ཆུབ་ཀྱི་སེམས་མ་སྐྱེས་ན་སྤྱོད་པ་ཕུན་སུམ་ཚོགས་པ་ཇི་ལྟར་ལྡན་ཀྱང་ཐེག་ཆེན་གྱི་ཁུངས་སུ་མི་ཚུད། དེར་མ་ཚུད་ན་རྫོགས་པའི་སངས་རྒྱས་མི་ཐོབ། གང་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡོད་པ་ནས་བཟུང་ཐེག་པ་ཆེན་པོའི་རིགས་སུ་སྐྱེས་པར་མ་ཟད་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཀྱི་རྟེན་ཡིན། སྨོན་སེམས་སངས་རྒྱས་ཐོབ་འདོད་ཀྱི་བློ་དེ་མེད་ན་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་པོ་གནས་དོན་ཞིག་ཡོད་པ་མ་རེད། དེ་ལྟ་བུའི་བློ་ཡོད་པ་ནི་བསླབ་པའི་རྟེན་ཡིན། སྡིག་པ་ཐམས་ཅད་རྩད་ནས་གཅོད་པར་བྱེད་པ་དང་། དེ་ཇི་ལྟར་ཡིན་ཞེ་ན། སྡིག་པའི་གཉེན་པོ་དགེ་བ་རེད། དགེ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས། གཉེན་པོ་སྟོབས་ཆེན་གྱིས་མི་མཐུན་ཕྱོགས་འཇོམས་པ་ཆོས་ཉིད་ཡིན། དཔེར་ན་མར་མེས་མུན་པ་དང་ཉི་མས་བ་མོ་ལྟ་བུའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བ་ཚུགས་པར་འགྱུར་བའང་ཡིན་ལ། ཇི་ལྟར་ཡིན་ཞེ་ན། སེམས་ཅན་གྱི་རྒྱུད་དེ་ས་གཞི་ལྟ་བུ་ཞིག་ཡིན་ལ་བྱམས་སྙིང་རྗེ་གཉིས་ཀའི་རླན་དང་འབྲེལ་ཏེ་བྱང་ཆུབ་སེམས་ཀྱི་རྩ་བ་ཚུགས་སོང་ན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཡལ་འདབ་རྒྱས་ཏེ་རྫོགས་པའི་སངས་རྒྱས་སྐུ་གཉིས་ཀྱི་བདག་ཉིད་ཅན་གྱི་འབྲས་བུ་སྨིན་ཏེ་སེམས་བསྐྱེད་ཀྱི་ཕན་བདེ་འབྱུང་བ་ཡིན། བསོད་ནམས་དཔག་མེད་ཀྱང་ཐོབ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་བའང་ཡིན་ཏེ། གལ་ཏེ་ཉན་ཐོས་དགྲ་བཅོམ་པ་ཞིག་ཤིང་རྟར་བཞུགས་ཡོད་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱག་ལྟ་ཅི་ཞབས་ཀྱིས་དེ་ལ་རེག་པ་ཙམ་ཡང་མི་འོས་མོད། གལ་ཏེ་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་ཞིག་ཤིང་རྟར་བཞུགས་ཡོད་ན་དེའི་ཤིང་རྟ་ནི་སྟོན་པས་དབུ་ཡིས་འདྲེན་ནའང་རུང་ངོ་ཞེས་གསུངས་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་རྒྱུ་ཡིན་པས་སོ། །བྱང་ཆུབ་ཀྱི་སེམས་སྐྱེས་ན་མྱུར་དུ་སངས་རྒྱས་ཐོབ། ཅིའི་ཕྱིར་སྙམ་ན། བྱང་ཆུབ་ཀྱི་སེམས་སྐྱེས་ན་མཐའ་གཉིས་ལ་མི་གནས་པ་ཡིན་པས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་ཚད་མེད་འབྱུང་བ་དེ་སྨོན་སེམས་བླངས་པའི་ཕན་ཡོན་ཡིན་ལ། འཇུག་སེམས་སྐྱེས་པའི་ཕན་ཡོན་དེ་རྣམས་ཀྱི་སྟེང་དུ་རང་དོན་རྒྱུན་ཆགས་སུ་འབྱུང་བ་དང་། གཞན་དོན་སྣ་ཚོགས་སུ་འབྱུང་བ་ཡིན། རང་དོན་རྒྱུན་ཆགས་སུ་ཅི་འདྲའི་འབྱུང་ཞེ་ན། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་དུ་འབྱུང་། །ཞེས་གསུངས་སོ། །འཇུག་སེམས་བླངས་ཚར་རྗེས་སྔར་དང་མི་འདྲ་བར་གཉིད་ལོག་པའི་སྐབས་དང་བརྒྱལ་བའི་སྐབས་བག་མེད་དུ་གྱུར་ཡོད་པ་ལ་སོགས་པའི་སྐབས་ཀྱང་བསོད་ནམས་ཀྱི་ཤུགས་རྒྱུན་མི་ཆད་པར་འབྱུང་བ་ཡིན་ཞེས་གསུངས་ཡོད། གཞན་དོན་སྣ་ཚོགས་ཇི་ལྟར་འབྱུང་ཞེ་ན། སེམས་ཅན་གྱི་སྡུག་བསྔལ་སེལ། བདེ་བ་སྒྲུབ། ཉོན་མོངས་པ་གཅོད་པར་བྱེད་པ་ལ་སོགས་པ། སྤྱོད་འཇུག་ལས། བདེ་བ་ཀུན་ཀྱིས་ཚིམས་པ་དང་། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང་། །གཏི་མུག་ཀྱང་ནི་སེལ་བྱེད་པ། །དེ་དང་དགེ་མཚུངས་ག་ལ་ཡོད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །བྱང་ཆུབ་ཀྱི་སེམས་བླངས་ཏེ་དོར་ན་ཡང་ཉེས་དམིགས་ཆེན་པོ་འབྱུང་སྟེ། ཉེས་པས་ངན་འགྲོར་འགྲོ་བ་དང་། དམ་བཅའ་བྱས་ཏེ་དེ་མ་བསྒྲུབ་ན་ཁས་བླངས་ཉམས་པས་སེམས་ཅན་བསླུས་པ་རེད། སེམས་ཅན་ཐམས་ཅད་མགྲོན་དུ་བོས་ཏེ་དེའི་སྤྱན་སྔར་ཁས་བླངས་པ་ཡིན་པས་སེམས་ཅན་བློས་བཏང་བ་དང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་མདུན་ནས་ཁས་བླངས་པ་ཡང་རྫུན་དུ་འགྱུར་བས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་དབུ་གཡོགས་པ་ཡིན་པས། དེའི་རྣམ་སྨིན་ངན་སོང་དུ་སྐྱེ་ཞིང་། ཡང་ཉེས་པ་དེས་གཞན་དོན་སྒྲུབ་པ་ལས་ཉམས་ཏེ། ས་ཐོབ་པ་ལ་ཡུན་རིང་འགོར། བྱང་ཆུབ་ཀྱི་སེམས་དེ་ཤོར་ཞིང་ཉམས་པའི་རྒྱུ་དེ་གང་ཡིན་ཞེ་ན། སྨོན་པ་སེམས་བསྐྱེད་ཉམས་བྱེད་སེམས་ཅན་བློས་བཏང་བ་དང་། ནག་པོའི་ཆོས་བཞི་བརྟེན་པ་དང་། སེམས་བསྐྱེད་དེ་དང་མི་མཐུན་པའི་སེམས་གཞན་དག་བསྐྱེད་ན་ཉམས་པར་འགྱུར། འཇུག་སེམས་ཉམས་བྱེད་ཀྱི་རྒྱུ་ཕམ་པའི་གནས་ལྟ་བུ་ཀུན་དཀྲིས་ཆེན་པོ་བསྐྱེད་ན་ཉམས་པར་གསུངས་ཡོད། སྨོན་པ་སེམས་བསྐྱེད་ཉམས་པ་ནི་འཇུག་སེམས་ཉམས་པའི་རྒྱུ་ཡིན་པས་བསླབ་བྱ་ཅི་ཞིག་སྲུང་དགོས་པ་ཡིན་ཞེ་ན། ཀུན་མཁྱེན་ཆེན་པོའི་སེམས་ཉིད་ངལ་གསོ་ལས། སྨོན་པའི་བསླབ་བྱ་ཚད་མེད་བཞི་པོ་བསྒོམས། །དེ་ཡི་མི་མཐུན་ཕྱོགས་སྤངས་སེམས་བསྲུང་བྱ། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱད། །དེ་ཡི་མི་མཐུན་ཕྱོགས་སྤངས་བརྩོན་པར་བྱ། །ཞེས་གསུངས་པ་ལྟར་རོ། །གཞན་ལ་ཕན་པར་གྱུར་ན་བྱང་ཆུབ་སེམས་དཔར་ལུས་ངག་གི་ལས་བདུན་གནང་བའི་སྐབས་ཀྱང་ཡོད་དེ། དཔེར་ན་སྲོག་གཅད་ངེས་ཀྱི་སེམས་ཅན་ཞིག་བསྐུངས་ཏེ་མ་མཐོང་ཞེས་སྨྲས་ན། དེ་སྲོག་བསྐྱབ་པ་དང་ཕ་རོལ་པོ་སྡིག་ལས་བསྐྱབ་པའི་ཕྱིར་ཡིན་པས་སྡིག་པ་མེད་པ་ལྟ་བུ་ཡིན། ཉམས་ན་ཕྱིར་བཅོས་ཚུལ་ལ་དབང་པོའི་ཁྱད་པར་ལས་དབང་འབྲིང་ལྷ་ཡི་རྣལ་འབྱོར་ལ་ནན་ཏན་དུ་བྱས་ཏེ་རང་གི་ཡི་དམ་གང་ཡིན་དང་། ཁྱད་པར་དུ་རིག་སྔགས་སྤྱིའི་ལྷ་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་བཤགས་དགོས་སོ། །དབང་པོ་དམན་པས་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་དགོས། དབང་རྣོན་གང་ཟག་རབ་ཅིག་ཡིན་ན་སྒྱུ་མ་རྨི་ལམ་གྱི་ཚུལ་གྱིས་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་ཚིག་གིས་བཤགས་པ་དང་། དམིགས་མེད་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་པས་ཉེས་ལྟུང་ལས་གྲོལ་བར་འགྱུར་པའོ། །འདིའི་སྐོར་ཞིབ་པར་གཞུང་ལས་ཤེས་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཉམས་པའི་རྒྱུའི་གཙོ་བོ་ཞེ་སྡང་དང་རང་འདོད་ཀྱི་ཁུངས་ནས་འབྱུང་བ་ཡིན་ལ། འདི་ནས་བྱང་ཆུབ་སེམས་དཔའི་བཟོད་པའི་སྟོབས་དང་དགེ་བཅུར་སྤྱོད་པའི་འབྲས་བུ་བསྟན་པའི་གཏམ་རྒྱུད་ཅིག་བཤད། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བོའི་ཁབ་བྱ་རྒོད་ཕུང་པོའི་རི་བོར་བཞུགས་པའི་དུས་ཤིག་ལ། ཀུན་དགའ་བོས་བཅོམ་ལྡན་འདས་ལ་དྲིས་པ། ལྷས་བྱིན་འདིས་ལས་སྣ་ཚོགས་པས་དེ་བཞིན་གཤེགས་པ་ཁྱེད་ལ་གནོད་པའི་བྱ་བ་ཤ་སྟག་རྩོམ་གྱིན་ཡོད་ན། དེ་བཞིན་གཤེགས་པས་ལྷས་བྱིན་དང་སྲས་དགྲ་གཅན་འཛིན་གཉིས་ཀ་ཁྱད་མེད་པར་ནམ་ཡང་ཐུགས་བརྩེ་བ་ཁོ་ནས་སྐྱོང་བ་འདི་ཇི་ལྟར་ཡིན་ཞེས་དྲིས་པས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། ལྷས་བྱིན་གྱིས་སྐྱེ་བ་འདིར་ང་ལ་གནོད་པ་བྱས་པར་མ་ཟད་སྐྱེ་བ་གཞན་དུའང་ང་ལ་གནོད་སེམས་བྱེད་མྱོང་བ་སྟེ། སྔོན་བསྐལ་བ་གྲངས་མེད་དཔག་མེད་འདས་པའི་སྔོན་རོལ་ཞིག་ཏུ། འཛམ་བུ་གླིང་འདིར་རྒྱལ་པོ་རིན་ཆེན་གོ་ཆ་ཞེས་བྱ་བ་རྒྱལ་ཕྲན་ལྔ་བརྒྱ་ལ་དབང་བྱེད་པ་ཞིག་ཡོད། དེ་ལ་སྲས་མེད་པས་མི་དགའ་བས། དེ་ལ་རྨི་ལམ་དུ་ལྷ་ཞིག་གིས། ཁྱོད་ཕྱི་རོལ་ནགས་ཚལ་གྱི་ནང་དུ་སོང་དང་དྲང་སྲོང་གཉིས་དང་འཕྲད་པར་འགྱུར་ཞིང་། དེའི་ནང་ནས་གཅིག་ནི་ལུས་གསེར་གྱི་མདོག་ལྟར་དྭངས་ཤིང་མི་འདྲ་བ་ཞིག་ཡོད། དེ་ལ་གསོལ་འདེབས་དང་སྐྱབས་འཇུག་ཞུས་དང་རྒྱལ་རྒྱུད་འཛིན་པའི་བུ་ཞིག་ཡོད་ཡོང་ཞེས་ལྷ་ཞིག་གིས་ལུང་བསྟན་པའི་རྨི་ལམ་ཞིག་རྨིས། ཕྱི་ཉིན་རྒྱལ་པོས་དྲང་སྲོང་བཙལ་དུ་སོང་བས་དྲང་སྲོང་རྙེད་པ་དང་། དེ་ནས་དྲང་སྲོང་གི་མདུན་དུ་བཅར་ཏེ་ཁོ་ལ་རྒྱལ་རྒྱུད་འཛིན་པའི་བུ་མེད་པས་ཁྱེད་ཁོ་བོའི་རིགས་སུ་སྐྱེ་བ་འཛིན་རོགས་ཞེས་ཞུས་ཚེ། དྲང་སྲོང་གིས་ཐུགས་བསམ་ཞིག་བཞེས་ཏེ་ཞལ་གྱིས་བཞེས། དེའི་རོགས་ལ་ཡོད་པའི་དྲང་སྲོང་གཅིག་པོ་དེས་ཀྱང་ཁོ་བོ་ཡང་ཁྱོད་ཀྱི་རིགས་སུ་སྐྱེ་བ་ལེན་པ་ཡིན་ཞེས་སྨྲས། དྲང་སྲོང་གིས་དེ་ལྟར་སྨྲས་ཚེ་རྒྱལ་པོ་དགའ་ནས་དེ་ལྟར་འགྱུར་བར་སྨོན་ལམ་བཏབ་པའོ། །དེ་ནས་དུས་ཚོད་ལོ་ཟླ་འགའ་ཞིག་སོང་རྗེས་སུ་དྲང་སྲོང་གསེར་མདོག་ཅན་ཚེ་འཕོས་དེ་རྒྱལ་པོ་ཚང་ལ་བུ་ཁྱེའུ་གསེར་གྱི་མདོག་ཅན་མཚན་དང་ལྡན་པ་ཞིག་ཏུ་སྐྱེས། བྲམ་ཟེ་མཚན་མཁན་གྱིས་བརྟགས་ཏེ་མིང་ལ་དགེ་དོན་ཞེས་བཏགས། དེའི་རྗེས་སུ་དྲང་སྲོང་གཞན་དེ་ཡང་ཚེ་འཕོས་ཏེ་རྒྱལ་པོ་ཚང་གི་བུ་རུ་སྐྱེས། དེའི་མིང་ལ་སྡིག་དོན་ཞེས་བཏགས། དེ་གཉིས་ཀ་མཉམ་དུ་ནར་སོན་ཞིང་དགེ་དོན་གཞུང་ལུགས་ཐམས་ཅད་ལ་མཁས་པར་གྱུར། འབྱོར་བ་རྒྱ་ཆེན་པོའི་ཡོ་ལང་དང་འཁོར་མང་པོས་བསྐོར་ཏེ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཉིན་ཞིག་ལ་སྐྱོ་སངས་ལ་ཕེབས། གྲོང་ཁྱེར་གྱི་ཕྱི་རོལ་དུ་ཐོན་པས་དབུལ་ཕོངས་དང་། ནད་པ་དང་། ཤན་པ་དང་། ཞིང་པ་དང་། བྱ་བཤོར་བ་དང་། ཉ་འཛིན་མཁན་སོགས་སྣ་ཚོགས་མཐོང་ཞིང་། དེ་དག་ལ་སྐད་ཆ་དྲིས་པས་རང་རང་གི་ལས་འདིས་རང་རང་འཚོ་ཐབས་བྱེད་ཀྱིན་ཡོད་པ་རེད་ཅེས་ཐོས་པས། རྒྱལ་བུ་དགེ་དོན་སེམས་ཅན་དབུལ་ཕོངས་སོགས་ཀྱི་སྡུག་བསྔལ་གྱིས་སེམས་ཤིན་ཏུ་སྐྱོ་བར་གྱུར་ནས། ཕྱིར་རྒྱལ་པོའི་ཕོ་བྲང་དུ་སོང་སྟེ་ཡབ་རྒྱལ་པོར་དཀོར་མཛོད་ཀྱི་ནོར་གྱི་སྦྱིན་པ་གཏོང་བའི་གནང་བ་ཞུས། རྒྱལ་པོས་གནང་བ་བྱིན་པས་དྲིལ་གྱིས་བསྒྲགས་ཏེ་སྦྱིན་པ་གཏོང་བ་ཡིན་ཞེས་དྲིལ་བསྒྲགས་པས་དཔག་ཚད་གཅིག་ནས་མང་པོའི་བར་གྱི་སྤྲང་པོ་ཐམས་ཅད་འདུས་པས། མཐའ་མེད་པའི་སྤྲང་པོ་མང་པོར་གང་ལ་ཅི་དགོས་ཡོ་བྱད་ཐམས་ཅད་བྱིན། སྐབས་ཤིག་ལ་རྒྱལ་པོའི་བང་མཛོད་ཀྱི་སུམ་ཆ་ཉིས་ཙམ་ཞིག་ཟད་སོང་། མཛོད་སྲུང་བ་རྣམས་ཀྱིས་རྒྱལ་པོར་ཞུས་ཏེ་དེ་ནས་ཐབས་ཀྱིས་མཛོད་སྒོ་བརྒྱབ་པས། རྒྱལ་བུ་དགེ་དོན་གྱིས་བསམ་པ་ལྟར་སྦྱིན་པའི་འཕྲོ་སྐྱོང་མ་ཐུབ། སྐབས་དེར་རྒྱ་གར་གྱི་རྒྱལ་པོའི་རིགས་དང་ཚོང་དཔོན་ཆེན་པོའི་རིགས་དེ་ཚོས་རྒྱུ་ནོར་སྒྲུབ་བྱེད་བཟང་ཤོས་དེ་གང་ཡིན་ཞེ་ན། རྒྱ་མཚོའི་ནང་དུ་ནོར་བུ་ལེན་སར་འགྲོ་བ་ཡིན་པས། རྒྱལ་བུ་དགེ་དོན་གྱིས་ཀྱང་རྒྱ་མཚོའི་ནང་དུ་ནོར་བུ་ལེན་དུ་འགྲོ་རྒྱུ་རྒྱལ་པོ་ལ་གནང་བ་ཞུས་ཚེ་རྒྱལ་པོ་ཡབ་ཡུམ་གཉིས་ཀྱིས་མ་གནང་། དེ་ནས་ཉི་མ་མང་པོ་ཞིག་ལ་ཟས་མ་བཞེས་པར་ནན་གྱིས་ཞུ་བ་ཕུལ་བས་མཐར་གནང་བ་བྱིན། དེའི་ཡུལ་ཁམས་དེ་ན་སྔོན་ཆད་རྒྱ་མཚོའི་ནང་དུ་ཐེངས་འགར་འགྲོ་མྱོང་བའི་དེད་དཔོན་རྒན་པ་ཞིག་ཡོད་པ་དེ་ཁྲིད་ནས་ཚོང་པ་ལྔ་བརྒྱ་དང་བཅས་པ་འགྲོ་བར་ཆས་པ་ན། རྒྱལ་བུ་སྡིག་དོན་གྱིས་ཁོ་ཡང་ཕུ་བོའི་གཡོག་ཏུ་འགྲོ་དགོས་པར་སྨྲས་པས། རྒྱལ་བོ་ཡབ་ཡུམ་གཉིས་ཀས་ཀྱང་གཞན་པ་ཞིག་འགྲོ་བ་ལས་ནུ་བོ་སོང་ན་དེས་དྲག་སྙམ་ནས་གནང་བ་བྱིན། དེ་ནས་རྒྱལ་བུ་དགེ་དོན་གྱིས་མཛོད་ཀྱི་ནང་ནས་གསེར་སྲང་སུམ་སྟོང་བླངས་ཏེ་གསེར་སྲང་སྟོང་གཅིག་གིས་གྲུ་གཟིངས་བྱས། དེའི་ཤུལ་གྱི་གསེར་སྲང་སྟོང་གཉིས་ཀྱིས་འཕྲལ་དགོས་ཀྱི་ཡོ་བྱད་ཚང་མ་གྲ་སྒྲིག་བྱས། དགོས་པའི་ཡོ་བྱད་ཚང་མ་ཚགས་སུ་ཚུད་པ་དང་རྒྱལ་བོ་དང་བཙུན་མོ་ལ་སོགས་པས་སྐྱེལ་མ་བྱས་ཏེ་ལམ་ལ་ཆས། དེ་ནས་རྒྱ་མཚོའི་འགྲམ་དུ་ཐོན་ཏེ་ཚང་མ་གྲུ་གཟིངས་ཀྱི་ནང་དུ་ཞུགས་ནས་གྲུ་གཟིངས་ཐག་པ་བདུན་གྱིས་བརྟོད་དེ་ཉིན་རེ་ཐག་པ་རེ་རེ་བཅད་ནས། རྒྱལ་བུ་དགེ་དོན་གྱིས་ཚོང་པ་ལྔ་བརྒྱ་ལ་སྨྲས་ཏེ་རྒྱ་མཚོའི་ནང་ན་བགེགས་བར་ཆད་སྣ་ཚོགས་ཡོད་པས། རྒྱ་མཚོར་ནོར་བུ་ལེན་སར་འགྲོ་བ་མང་ཡང་འགོ་ཐོན་ནས་ཕྱིར་ལ་འཁོར་ཐུབ་པ་ནི་ཉུང་ངོ་། །སེམས་ཐག་མི་ཆོད་པ་ཡོད་ན་ད་ནས་མ་འགྲོ་ན་ལེགས། གལ་ཏེ་རང་གི་ལུས་སྲོག་དང་ཕ་མ་སོགས་ཤུལ་མི་ལ་མི་ཆགས་ནས་འགྲོ་ཐུབ་ཅིང་། རིན་པོ་ཆེའི་གླིང་དུ་ཐོན་ནས་བདེ་མོར་ཕྱིར་འཁོར་ན་བུ་ཚ་བདུན་རྒྱུད་ཚུན་ཆད་ལ་ནོར་གྱིས་མི་དབུལ་བར་འགྱུར་རོ་ཞེས་ཉིན་རེ་བཞིན་དུ་སྨྲས་ཏེ་ཐག་པ་རེ་རེ་བཞིན་དུ་བཅད། ཉི་མ་བདུན་གྱི་ཉིན་པར་གཟིངས་རྟོད་བྱེད་ཀྱི་ཐག་པ་ཀུན་གྱི་རྗེས་མ་བཅད་དེ་རླུང་ཕྱོགས་སུ་བབ་དུས་གཡེར་ཤིང་བསྒྲེངས་ཏེ་མགྱོག་ཚད་མདའ་འཕངས་པ་ལྟར་སོང་། དེ་ནས་སོང་སོང་མཐར་རིན་པོ་ཆེའི་གླིང་དུ་ཐོན་ཞིང་རྒྱལ་བུ་དགེ་དོན་ནི་རིན་པོ་ཆེ་ལ་བརྟགས་མཁས་པ་ཞིག་ཡིན་པས་རིན་པོ་ཆེའི་བཟང་ངན་དང་ཁུར་མང་ཉུང་དང་། ཡང་ལྗིད་དང་བཅས་པ་བསྟན་ཞིང་ཚོང་པ་རྣམས་ལ་གདམ་དུ་བཅུག་ནས། རྒྱལ་བུ་དགེ་དོན་རང་གིས་དེད་དཔོན་ཁྲིད་ནས་གཉིས་ཀ་གྲུ་ཆུང་ཆུང་ཞིག་གི་ནང་དུ་བསྡད་དེ་ཡུན་རིང་དུ་སོང་ཚེ་རིམ་བཞིན་དང་པོ་དངུལ་གྱི་རི་དང་། བཻཌཱུརྱའི་རི་དང་། གསེར་གྱི་རི་ལ་ཐུག་སྟེ་གསེར་གྱི་བྱེ་མའི་ནང་དུ་གཉིས་ཀ་བསྡད་ནས་ངལ་གསོས། དེད་དཔོན་གྱིས་སྨྲས་པ། བདག་ནི་རྒས་ཏེ་ད་ནི་འགྲོ་མི་ནུས་སོ། །ཁོ་བོ་འདི་ཉིད་དུ་ཚེ་ཡི་དུས་བྱེད་པར་འགྱུར་གྱི། རྒྱལ་བུ་ཁྱེད་རང་འདི་ནས་སོང་ལ་རིན་པོ་ཆེ་སྣ་བདུན་གྱི་མཁར་ཞིག་ཡོད་ཀྱི་དེའི་མཁར་གྱི་སྒོ་བཅད་ཅིང་འདུག་ན། སྒོ་དྲུང་དུ་རྡོ་རྗེའི་གཏུན་བུ་ཞིག་ཡོད་པ་དེས་མཁར་སྒོ་རྡུངས་ཤིག་དང་། ནང་ནས་ལྷ་མོ་ལྔ་བརྒྱས་སོ་སོ་ནས་རིན་པོ་ཆེ་བཟུང་སྟེ་འབུལ་དུ་འོང་ངོ་། །དེའི་རྗེས་སུ་ལྷ་མོ་གཅིག་གིས་རིན་པོ་ཆེ་སྔོན་པོ་ཞིག་ཐོགས་ཤིང་མདུན་དུ་འོང་བས་དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན། ཐོབ་མ་ཐག་ཏུ་མ་ཤོར་བར་དམ་དུ་ཟུངས་ཤིག བུ་མོ་གཞན་དག་གི་ནོར་བུ་དེ་ཚོ་ཡང་ལོངས་ལ། དབང་པོ་བསྡམས་ནས་འདུག་དགོས་ཀྱི་དེ་དག་ལ་གཏམ་བཤད་མི་རུང་། གལ་ཏེ་ཁོ་བོ་འདི་ནས་ཤི་སོང་ན་ཁྱེད་ཀྱིས་དྲིན་དྲན་པར་གྱིས་ལ་ཁོ་བོའི་རུས་པ་འདིར་སྦས་ཏེ་སོང་ཤིག་ཅེས་སྨྲས། རྒྱལ་བུས་དེད་དཔོན་སྐྱུར་མ་ཐུབ་པར་བསྲུང་ཀྱང་ཡུན་རིང་མ་འགོར་བར་དེད་དཔོན་ཤི། ཁོ་རང་གིས་ཁ་ཆེམས་ལྟར་དུ་རུས་པ་གསེར་གྱི་བྱེ་མའི་ནང་དུ་སྦས་ཏེ་དེད་དཔོན་གྱི་དོན་དུ་སྨོན་ལམ་བཏབ་བོ། །དེ་ནས་རྒྱལ་བུ་དགེ་དོན་གཅིག་པུ་དེད་དཔོན་གྱི་སྨྲས་པ་ལྟར་སོང་བས་རིན་པོ་ཆེ་སྣ་བདུན་གྱིས་གྲུབ་པའི་མཁར་ཆེན་པོ་ཞིག་དང་འཕྲད། མཁར་སྒོ་བརྒྱབ་ཡོད་པས་སྒོ་འགྲམ་གྱི་རྡོ་རྗེའི་གཏུན་བུ་བླངས་ཏེ་སྒོ་བརྡུང་བས་དེད་དཔོན་གྱིས་བཤད་པ་ནང་བཞིན་ལྷ་མོ་ལྔ་བརྒྱའི་ནོར་བུ་དང་མཇུག་གི་ལྷ་མོ་གཅིག་གི་ནོར་བུ་མཐིང་ག་ཞིག་བྱིན་པ་ཐམས་ཅད་བླངས་ཏེ་གོས་གྱི་སྣེ་མོར་བསྡམས་ནས་གློ་བུར་དུ་ཁ་ཕྱིར་ལ་འཁོར་ཏེ་ཚོང་པ་རྣམས་ཡོད་སར་ཐོན་དུས་ཚང་མ་འཚགས་ཏེ་འགྲོ་རན་བཞིན་ཡོད་ལ། དེ་ནས་གྲུ་གཟིངས་ཀྱི་ཁ་ལོ་བསྒྱུར་ཏེ་ཁ་ཡུལ་ཕྱོགས་སུ་འཁོར་ནས་ལམ་ལ་ཆས། དེའི་སྔོན་དུ་སྡིག་དོན་གྱིས་ཚོང་པ་རྣམས་ལ་ངན་བསླབ་སྟེ་རིན་པོ་ཆེ་མང་པོ་ལོངས་སྨྲས་པས་གྲུ་ལྕི་ཆེ་བས་མི་རྒྱུ་དང་བཅས་པ་ཐམས་ཅད་མཚོའི་གཏིང་དུ་བྱིང་། དགེ་དོན་ལ་ནོར་བུ་རིན་པོ་ཆེ་ཡོད་པས་ནོར་བུའི་ཡོན་ཏན་གྱིས་རང་ཉིད་གཅིག་པུ་ཆུ་ནང་ལ་མ་ནུབ་ཅིང་སྡིག་དོན་ཡང་དེ་ལ་འཐམ་སྟེ་གཉིས་ཀ་ཐར་སོང། སྡིག་དོན་གྱིས་སྨྲས་པ་ངེད་སྤུན་གཉིས་ཀ་རིན་པོ་ཆེ་ལེན་སར་སོང་ཀྱང་ཕྱིར་ལག་སྟོངས་ལ་ཁྱིམ་དུ་ལོག་ན་ངོ་ཚའོ་ཞེས་སྨྲས་པས། དགེ་དོན་གྱིས་ཡིད་བཞིན་ནོར་བུ་དང་རིན་པོ་ཆེ་ཡོངས་རྫོགས་བསྟན་པས། སྡིག་དོན་ཕྲག་དོག་སྐྱེས་ཏེ་དགེ་དོན་གཉིད་ལོག་པའི་ཚེ་བསད་ནས་ནོར་བུ་ཁྱེར་ཞིང་། ཕ་མ་གཉིས་ཀར་ཕུ་བོ་ནི་རྒྱ་མཚོའི་ནང་དུ་ནུབ་སོང་ཞེས་སྨྲ་སྙམ་ནས། ཕུ་བོ་ལ་བདག་ཅག་སྤུན་གཉིས་ཀྱིས་ནོར་བུ་རིན་པོ་ཆེ་འདི་དག་རེས་མོས་སུ་སྲུང་དགོས་ཞེས་རེས་མོས་ཀྱིས་སྲུང་ཡོད་དུས། ཕུ་བོ་གཉིད་ཀྱི་གཏིང་ལ་ཟིན་ནས་བསྡད་ཡོད་དུས་ཤིག་ལ་སྨྱུག་མའི་ཚལ་དུ་སོང་སྟེ་དུག་གི་ཚེར་མ་རིང་པོ་གཉིས་བླངས་ནས་ཕུ་བོའི་མིག་གཉིས་ལ་རེ་རེ་བཞིན་བཙུགས་ཏེ། དེའི་མཚམས་ནས་སྐྲག་ནི་འཚབ་ནི་གཉིས་ཀས་རིན་པོ་ཆེ་ཁྱེར་ནས་བྲོས་སོ། །དགེ་དོན་གྱིས་ཇག་པ་ཐོན་ཐལ་ཟེར་ནས་ཡར་ལ་ཧར་ལང་ཞིག་བྱས་ཏེ་སྐད་ཆེན་གྱིས་བོས་ཚེ་གོ་རྒྱུ་ཚོར་རྒྱུ་གཉིས་ཀ་མེད་པས། ཤིང་གི་ལྷ་མོ་ཞིག་གིས་ཤིང་སྡོང་གིས་ཁ་གྲག་པའི་ཚུལ་བྱས་ཏེ་ཇག་པ་སྡིག་དོན་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་རྒྱལ་བུ་དགེ་དོན་མིག་གི་ན་ཚ་མ་བཟོད་པར་ནུད་ཞོར་དང་གོག་ཞོར་ལོང་སྙབ་བྱེད་ཞོར་དུ་ལྟོགས་ན་ཟས་མེད་སྐོམ་ན་ཆུ་མེད་འགྲོ་སའི་ཕྱོགས་མ་མཐོང་པར་སོང་བས། སྐབས་ཤིག་ལ་ཡུལ་ལི་ཤི་བར་ཟེར་བའི་ཐག་མི་རིང་ས་ཞིག་ལ་ཐོན། དེ་ན་བ་ལང་གི་རྫི་བོ་ཞིག་གིས་བ་ལང་ལྔ་བརྒྱ་གཟས་ལ་བཀྲམ་ནས་འཚོས་ནས་བསྡད་ཡོད་མཁན་ཞིག་གི་ཁྱུ་ལ་ཐོན་སོང་བ་དང་། དེ་ནས་མིག་གི་ན་ཚ་མ་བཟོད་པར་ཕྱིར་ལོང་བསྙབས་བྱས་ཏེ་ནུད་ཀྱིན་སོང་བས། བ་ལང་མང་པོའི་ནང་ན་ཁྱུ་མཆོག་གམ་བ་ལང་གི་ཁྱུ་དཔོན་ཅང་ཤེས་པ་ཟེར་པ་ཡོད་པ་ཞིག་གིས་རྒྱལ་བུའི་མིག་ལོང་ཡོད་པ་ཤེས་ཏེ། དེའི་མིག་ལ་ལྕེས་བལྡགས་པས་བ་ལང་ཐམས་ཅད་དེ་ལ་འདུས་པས། དེ་ནས་དེར་ཅི་ཞིག་ཡོད་བསྙམ་ནས་བ་ལང་གི་རྫི་བོ་ཡང་དེར་ཐོན་ནས། གཅིག་བལྟས་དུས་མི་ཞིག་ས་སྟེང་དུ་འགྲེས་ཏེ་བསྡད་ཡོད་པ་དང་མིག་ལ་དུག་སྨྱུག་གི་ཚེར་མ་ཟུག་ཡོད་པ་མཐོང་ནས་ཚེར་མ་གཉིས་ཀ་ག་ལེར་འདོན་སྟེ་ཁོ་རང་གི་ཁྱིམ་དུ་ཁྲིད། དེ་ནས་བ་ལང་རྫི་བོས་ཁོ་རང་གི་ཁྱིམ་ནས་ཟ་མ་ཞིམ་པོ་བྱིན། འོ་མ་དང་སྣུམ་གྱིས་རྨ་ཁ་ལ་བྱུགས་ཏེ་ངལ་གསོ་རུ་བཅུག་ནས་ནད་གཡོག་ལེགས་པོ་བྱས། དེ་ནས་རིམ་གྱིས་རིམ་གྱིས་རྨ་ཁ་ཇེ་དགའ་རུ་སོང་སྟེ་ཕལ་ཆེར་སོས་ཚར་དུས་ས་ཆ་དེའི་གྲོང་ཁྱེར་དང་ཐག་མི་རིང་ས་ཞིག་ཏུ་བསྐྱལ་བཞག་པ་དང་། རྒྱལ་བུ་དགེ་དོན་གྱིས་རྫི་བོ་ལ་སྨྲས་ཏེ་ཁྱོད་དྲིན་ཆེ་བས་དྲིན་ལེན་མི་བརྗེད། ད་དུང་ཁྱོད་ཀྱིས་ཁོ་བོ་ལ་སྒྲ་སྙན་ཉི་མ་ཞིག་ལོན་ཐབས་གྱིས་ཤེས་སྨྲས། བ་ལང་རྫི་བོས་རོལ་མོའི་རིགས་བྱད་ཞིག་ལ་སྒྲ་སྙན་ཉི་མ་ཟེར་བ་ཞིག་ཡོད་པ་དེ་ལོན་པས་དེ་དགེ་དོན་ལ་བྱིན། རྒྱལ་བུ་དགེ་དོན་སྤྱིར་རོལ་མོའི་སྒྱུ་རྩལ་ལ་ཧ་ཅང་མཁས་པ་ཞིག་ཡིན་ཞིང་དེ་ལས་ཀྱང་སྒྲ་སྙན་ཉི་མ་དཀྲོལ་བ་ལ་མཁས་པ་ཞིག་ཡིན་པས། མིག་ལོང་ཡོད་ཀྱང་རྒྱལ་བུས་སྒྲ་སྙན་ཉི་མའི་སྒྲ་དཀྲོལ་ཏེ་གླུ་ཚིག་སྙན་ངག་གི་ཚིག་སྙན་མོ་ཤ་སྟག་བླངས་པས། མི་ཡོད་ཚད་དེར་ཉན་དུ་འོང་ཞིང་ཟས་དང་སྐོམ་གྱི་ཆར་བབ་སྟེ། ཟ་བཏུང་ལ་བསམ་བློ་གཏོང་མི་དགོས་པར་གྱུར། སྤྲང་པོ་གཅིག་འཁྲི་གཉིས་འཁྲི་དེར་འཁྲི་ནས་མཐར་རྒྱལ་བུ་དགེ་དོན་ལ་སྤྲང་པོ་ལྔ་བརྒྱ་ཙམ་ཞིག་འཁྲི་པར་གྱུར། ཐམས་ཅད་ཀྱི་ཟ་བཏུང་ལོངས་སྤྱོད་ཐམས་ཅད་རྒྱལ་བུ་དགེ་དོན་གྱིས་སྒྲ་སྙན་དཀྲོལ་བ་དང་གླུ་བླངས་བ་ལས་བྱུང་། དེ་ལྟར་དུས་ཚོད་ཡུན་རིང་ཞིག་ལོན་པས། ཉིན་ཞིག་ལ་ཡུལ་དེའི་རྒྱལ་པོའི་སྐྱེད་ཚལ་སྲུང་བའི་མི་ཞིག་གིས་སྒྲ་སྙན་སྙན་མོ་གོ་ནས་དགའ་སྟེ། དེས་སྨྲས་པ་ཁྱོད་ཁོ་བོས་ཁྲིད་འགྲོ་དགོས། སྒྲ་སྙན་དཀྲོལ་ཞོར་དང་། སྐྱེད་ཚལ་སྲུང་ཞོར་བྱས་ན་ཅི་འདྲ་རེད་ཅེས་དྲིས་པས། རྒྱལ་བུ་དགེ་དོན་གྱིས་ང་མི་ལོང་བ་ཞིག་གིས་སྐྱེད་ཚལ་ཇི་ལྟར་སྲུང་ཞེས་སྨྲས། དེས་སྨྲས་པ་ཁྱོད་ཀྱིས་མིག་གིས་མ་མཐོང་ཀྱང་དྲག་སྟེ། ལྗོན་ཤིང་རྩེ་ནས་ཕར་ལ་ཐི་གུ་ཕྲ་མོ་ཞིག་འཐེན་ཞིང་དྲིལ་བུ་ཞིག་དེ་ལ་བཏགས་ཏེ། ཁྱོད་ཁོ་བོ་ལ་བརྡ་རྒྱག་དགོས་ཚེ་བྱ་ཡི་སྐད་གྲག་གྲག་བྱས་ཏེ་ཐི་གུ་འཐེན་རྒྱུ་བྱོས་དང་ཆོག་པ་རེད། དེ་མིན་གྱི་ལས་ཀ་གཞན་པ་ཁྱོད་ལ་ཅི་ཡང་མེད་པས། ཁོ་བོའི་སྐྱེད་ཚལ་གྱི་ནང་དུ་འགྲོ་ཞེས་ཁྲིད་དོ། །དེའི་དུས་སུ་སྡིག་དོན་ཕྱིར་རང་ཡུལ་དུ་ཐོན་ཏེ་ཕ་མ་དང་འཕྲད་པས། ཁྱོད་ཀྱི་ཕུ་བོ་གང་ན་ཡོད་ཅེས་དྲིས་པར། ཕུ་བོ་ཚོང་བ་ལྔ་བརྒྱ་རིན་པོ་ཆེ་མང་པོ་དང་བཅས་པ་མཚོ་ནང་དུ་ནུབ་སོང་། ཁོ་བོ་གཅིག་པུ་ཆུ་ལ་བརྐྱལ་ཏེ་ཐར་ཞེས་སྨྲས་པས། རྒྱལ་པོ་ཡབ་ཡུམ་གཉིས་ཀ་དྲན་མེད་དུ་བརྒྱལ་ཞིང་ཡུལ་མི་ཐམས་ཅད་ཀྱང་མྱ་ངན་སྡུག་བསྔལ་གྱིས་ནོན། ཡབ་ཡུམ་བརྒྱལ་སོས་ཚེ་སྡིག་དོན་ཁྱོད་ཀྱང་ཕུ་བོ་དང་མཉམ་དུ་ཤི་མ་ཐུབ་ཅེས་སྨྲས། དེ་ནས་ཡབ་རྒྱལ་པོས་དགེ་དོན་གཞན་དང་མི་འདྲ་བའི་སྐྱེས་བུ་ཁྱད་འཕགས་ཤིག་ཡིན། གཅིག་བྱས་ན་ག་ཤེད་ན་ཡོད་སྲིད་སྙམ་སྟེ། སྔོན་ཆད་དགེ་དོན་གྱིས་གསོས་པའི་བྱ་ངང་བ་ཞིག་ཡོད་པ་དེའི་སྐེ་ལ་རྒྱལ་པོས་ཡི་གེ་ཞིག་བཏགས་ཏེ། དགེ་དོན་འཚོལ་དུ་གཏོང་བ་དང་། བྱ་ངང་པ་གང་ཡིན་གྱི་ས་ཕྱོགས་སྟོད་སྨད་བར་གསུམ་དུ་འཕུར་ཏེ། ཉིན་ཞིག་ལ་རྒྱལ་བོ་ལི་ཤི་བའི་མེ་ཏོག་ལྡུམ་རའི་སྐྱེད་ཚལ་གྱི་ནང་དུ་དགེ་དོན་གྱི་གླུ་ལེན་བཞིན་ཡོད་པ་ཐོས་པས་སྐད་ངོ་ཤེས་ཏེ། དེར་བབ་ནས་རྒྱལ་བུ་དང་ངོ་འཕྲད། རྒྱལ་བུས་ཀྱང་ངང་བའི་སྐད་ཤེས་པས་མགུལ་ནས་ཡི་གེ་ཡོད་པ་བླངས་ཏེ་གཞན་དག་ལ་འདོན་བཅུག་པས་ཕ་མས་མངག་པ་ཡིན་པར་ཤེས་ཏེ། སྡིག་དོན་གྱིས་ང་ཡི་མིག་ལ་ཚེར་མ་བཙུགས་ཏེ། ནོར་བུ་འཕྲོག་ཅིང་བྲོས་ཤོར་བའི་ལོ་རྒྱུས་ཆ་ཚང་བརྡ་འཕྲོད་པའི་ཡི་གེའི་བཟོ་ལྟ་ལོང་བསྙབས་ཀྱིས་བྲིས་ཏེ། ཕྱིར་ངང་བའི་སྐེ་ལ་བཅིང་ནས་མངག དེའི་ཚེ་རྒྱལ་པོ་ལི་ཤི་བ་ཚང་ལ་ལྷའི་སྤྲུལ་བ་བུ་མོ་ངོ་མཚར་ཅན་ཞིག་ཡོད་ལ། དེ་སྐྱེད་ཚལ་གྱི་ལྡུམ་རའི་ནང་དུ་སོང་བས་དགེ་དོན་སྤྲང་པོར་གྱུར་ནས་སྐྲ་ཟིང་ཞིང་མིག་ལོང་སྟེ་རྨ་ཁ་ཡོད་པ་ངོ་མཆི་མས་གང་ནས་གོས་ངན་པ་ཧྲུལ་པོ་གྱོན་ཏེ། ཤིང་སྡོང་ཞིག་གི་རྩར་བསྡད་ཡོད་པ་མཐོང་བས། གམ་དུ་སོང་སྟེ་བལྟས་པས་བུ་མོ་དེ་ལ་སེམས་འཁྲེང་སྟེ། དེའི་གམ་ནས་བསྡད་དེ་རྒྱལ་པོའི་ཕོ་བྲང་ནང་དུ་ཕྱིར་འགྲོ་རོགས་མ་བྱས། རྒྱལ་པོ་ན་རེ་སྲས་མོ་འདི་རྒྱལ་པོ་རིན་ཆེན་གོ་ཆའི་བུས་རྒྱལ་སྲིད་བཟུང་བའི་བཙུན་མོར་སློང་ཡང་། དེ་ཚང་གི་རྒྱལ་བུ་རྒྱ་མཚོ་ནང་ནས་ཕྱིར་ལ་མ་འཁོར་པ་རེད། འདི་འདྲའི་སྤྲང་པོ་ཞིག་ཞེ་ལ་མ་ཤར་ཡང་། ད་ནི་བུ་མོ་རང་གི་ཅི་བསམ་རེད་ཅེས་ཟེར་ནས་རྒྱལ་པོས་གཉིས་ཀ་ཁྱོ་ཤུག་ཏུ་སྦྲེལ་ཏེ་རྒྱལ་པོའི་ཕོ་བྲང་ནང་དུ་བསུས། རྒྱལ་པོའི་སྲས་མོ་གཞན་དང་མི་འདྲ་བའི་མཚན་མ་བརྟགས་མཁས་པ་དང་། བདེན་ཚིག་གྲུབ་པ་ཞིག་ཡིན་པས་བདེན་པའི་ཚིག་བརྗོད་དེ་རྒྱལ་བུ་དགེ་དོན་གྱི་མིག་གཅིག་གིས་མཐོང་བར་གྱུར། དེ་ནས་གཏམ་ཞིབ་མོར་གླེང་བ་ན། རྒྱལ་བུ་ལ་ཁྱེད་ཀྱི་ཕ་མ་དང་ཡུལ་ཕྱོགས་གང་ནས་ཡིན་ཞེས་ཞིབ་པར་དྲིས་པ་ན། ཁྱོད་ཀྱིས་རྒྱལ་པོ་རིན་ཆེན་གོ་ཆ་ཞེས་པ་ཐོས་སམ་དེ་ནི་ངའི་ཕ་ཡིན་ཞེས་སྨྲས། ཁྱེད་ཀྱིས་རྒྱལ་བུ་དགེ་དོན་ཞེས་པ་ཐོས་སམ། དེ་ནི་བདག་ཡིན་ནོ་ཞེས་སྨྲས་པ་དང་། འོ་ན་ཅིའི་ཕྱིར་འདི་ལྟ་བུར་གྱུར་པ་ཡིན་དྲིས་པས། རྒྱལ་བུས་བྱུང་རབས་ལོ་རྒྱུས་ཆ་ཚང་ཞིབ་ཏུ་བཤད་པ་ན། སྲས་མོས་སྨྲས་ཏེ། རྒྱལ་བུ་སྡིག་དོན་གྱིས་ཁྱེད་ཀྱི་མིག་ཕྱུང་བ་འདི་ནི། འཇིག་རྟེན་སྟེང་ན་མི་སྲིད་པའི་བྱ་ངན་ཞིག་ཡིན་པས། ད་ཁྱོད་དེ་དང་འཕྲད་ན་ཅི་བྱེད་ཅེས་དྲིས་པས། རྒྱལ་བུས་སྨྲས་ཏེ། ང་ནི་དེ་ལ་མི་དགའ་བ་ཅུང་ཟད་ཙམ་ཞིག་དང་། འཁོན་འཛིན་གྱི་བསམ་པ་ཞིག་གཏན་ནས་མེད་ཅེས་སྨྲས། སྲས་མོས་སྨྲས་ཏེ་དེའི་ཚིག་དེ་ལ་བདག་ཡིད་ཆེས་པར་ཤིན་ཏུ་དཀའ་ཞེས་སྨྲས། རྒྱལ་བུས་སྨྲས་པ་གལ་ཏེ་ང་སྡིག་དོན་གྱི་སྟེང་དུ་མི་དགའ་བ་སྤུའི་རྩེ་མོ་ཙམ་ཞིག་མེད་ན། བདེན་པའི་ཚིག་འདིས་བདག་གི་མིག་ཡ་གཅིག་པོས་ཀྱང་མཐོང་བར་ཤོག་ཅིག་ཅེས་སྨོན་ལམ་བརྒྱབ་པས། དེ་མ་ཐག་ཏུ་མིག་ཡ་གཅིག་པོས་ཀྱང་གསལ་བར་མཐོང་བར་གྱུར། དེ་ནས་སྲས་མོ་ཤིན་ཏུ་དགའ་སྟེ་ཡབ་རྒྱལ་པོའི་མདུན་དུ་སོང་ནས་རྒྱལ་པོ་རིན་ཆེན་གོ་ཆའི་སྲས་དགེ་དོན་ཨེ་ཤེས་ཞེས་རྒྱལ་པོ་ལ་དྲིས། རྒྱལ་པོས་ཤེས་ཞེས་སྨྲས། འོ་ན་ཡབ་རྒྱལ་པོས་གཟིགས་སམ། ད་ལྟ་ང་དང་ཁྱིམ་ཐབས་བྱས་ནས་བསྡད་ཡོད་པ་འདི་རེད་ཅེས་སྨྲས། རྒྱལ་པོས་ཁྲེལ་རྒོད་ཅིག་བྱས་ཏེ་བུ་མོ་འདིས་ཅི་ཞིག་ཟེར་འདུག་ཁྱོད་སྨྱོས་པ་ཡིན་ནམ། རྒྱལ་བུ་དེ་རྒྱ་མཚོ་ནས་ཕྱིར་ལ་མ་འཁོར་བ་རེད། ད་དུང་སྤྲང་པོ་ཞིག་ལ་རྒྱལ་བུ་དགེ་དོན་རེད་ཅེས་གསུངས་ཏེ་བདེན་དུ་མ་བཟུང་། བུ་མོས་བདེན་ལ་མི་འཛིན་ན་གཅིག་གཟིགས་དང་ཞེས་ནན་གྱིས་ཞུས་ཚེ། དེར་རྒྱལ་པོ་བལྟ་རུ་ཕྱིན་པ་དང་རྒྱལ་བུ་དངོས་སུ་འདུག་པས། ངོ་ཤེས་དེ་རྒྱལ་པོས་ལྟོ་བ་ས་ལ་བླན། ཐོད་པ་ས་ལ་གཏུགས་ཏེ་ངོ་མ་ཤེས་ཞལ་མ་འཚོ་བ་རེད་ནོར་བ་ཐམས་ཅད་མཐོལ་ལོ་བཤགས་ཅེས་སྨྲས་པས། རྒྱལ་བུས་རྒྱལ་པོ་ཡར་ལ་བསླངས་ཏེ་ལོ་རྒྱུས་དང་བྱུང་རབས་རིམ་གྱིས་བཀའ་མོལ་བྱས། དེ་ནས་རྒྱལ་པོ་ལི་ཤི་བ་ཡིས་གནས་ཚུལ་ངོ་མ་གསང་སྟེ། རྒྱལ་བུ་དགེ་དོན་ལམ་གྱི་བཞི་མདོ་ཞིག་ཏུ་བསྐྱལ་ཏེ་རྒྱ་མཚོའི་ནང་ནས་ད་གཟོད་ཕྱིར་ལ་འཁོར་བའི་སྐད་ཆ་བསྒྲགས་ཏེ། བློན་པོ་རྣམས་དང་བཅས་པས་དགེ་དོན་བསུས་ནས་ཕོ་བྲང་དུ་ཐོན་གྱིན་ཡོད་པའི་ཚུལ་བསྟན། དེའི་དུས་ན་བྱ་ངང་པ་ཕྱིར་ལ་ཐོན་ཏེ། རྒྱལ་པོ་རིན་ཆེན་གོ་ཆས་ངང་པའི་སྐེ་ཡི་ཡི་གེ་བཤིག་ནས་བལྟས་ཚེ་ལོ་རྒྱུས་ཆ་ཚང་གི་དོན་རྟོགས་ཏེ། སྡིག་དོན་བཙོན་ཁང་ནང་དུ་བཅུག་ཅིང་རྒྱལ་པོ་ལི་ཤི་བ་སར་ཕོ་ཉ་བ་མངག་སྟེ། ངའི་བུ་དགེ་དོན་གྱིས་ཁྱོད་ཀྱི་ཡུལ་ན་དཀའ་ལས་མྱོང་ནས་ཡོད་ཀྱང་། ཁྱོད་ཀྱིས་ཡར་ཞུ་ཞིག་ཀྱང་མེད་པ་འདི་ཁྱོད་ཀྱི་ནག་ཉེས་རེད། ད་མི་འགྱང་བར་རྟ་དང་གླང་ཆེན་གྱི་ཚོགས་མང་པོ་བསྒྲིགས་ནས་སྐྱེལ་ལ་ཤོག མ་བསྐྱལ་ན་ང་ངོ་མ་ཡོང་དགོས་ཐུག་ཆས་རེད་ཅེས་བཀའ་འཕྲིན་བཙན་པོ་ཞིག་བསྐུར། དེའི་སྐབས་སུ་རྒྱལ་བུ་དགེ་དོན་གྱིས་ཕྱུགས་རྫིའི་དྲིན་དྲན་ཏེ། རྒྱལ་པོ་ལི་ཤི་བར་སྨྲས་པས། རྟ་དང་གླང་པོ་གོས་དང་ཁང་ཁྱིམ་ཞིང་དང་འབྲོག་པ་རིན་པོ་ཆེ་ལ་སོགས་པ་མང་པོ་ཞིག་བྱིན་ནས་རྫི་བོ་ཁོ་རང་ཚེ་གཅིག་ཏུ་མ་ཟད་བུ་ཚ་ཡང་རབས་དང་བཅས་པ་སྐྱིད་པ་ཞིག་བྱས། དེ་ནས་རྒྱལ་པོ་རིན་ཆེན་གོ་ཆའི་ཕོ་ཉ་དང་བསུ་མ་ཐོན། རྒྱལ་པོ་ལི་ཤི་བ་ཡིས་གླང་པོ་ཆེ་ལྔ་བརྒྱ་ལ་རིན་པོ་ཆེའི་བརྒྱན། རྒྱལ་བུ་ལ་མདུན་གཡོག་ལྔ་བརྒྱ། སྲས་མོ་ལ་ཞལ་ཏ་མ་ལྔ་བརྒྱ་དང་ཤིང་རྟ་ལྔ་བརྒྱ་རིན་པོ་ཆེའི་བཀང་ཞིང་། རྒྱལ་པོ་བློན་པོ་དང་བཅས་པ་འཁོར་བརྒྱ་སྟོང་མང་པོས་བསྐོར་ཏེ། རོལ་མོ་སྣ་ཚོགས་ཀྱིས་མདུན་བསུས། འཕན་གདུགས་རྒྱལ་མཚན་གྱིས་སྣ་དྲངས་ཏེ་སྐྱེལ་མ་བྱས། ཕོ་ཉ་བ་སྔ་འགྲོས་སུ་བཏང་སྟེ་རྒྱལ་པོ་རིན་ཆེན་གོ་ཆ་བཙུན་མོ་དང་བཅས་པས་རྒྱལ་བུ་བསུ་མ་བྱས། རྒྱལ་བུ་ས་ལ་བབ་པ་དང་མཉམ་དུ་ཕ་མ་གཉིས་ལ་ཕྱག་འཚལ་ནས་ཁམས་འདྲི་ཞུས། རྒྱལ་བུ་སྡིག་དོན་གང་ན་ཡོད་ཅེས་དྲིས་པས། ད་ལྟ་བཙོན་ཁང་ནང་དུ་བཟུང་ནས་ཡོད་ཅེས་སྨྲས། རྒྱལ་བུ་དགེ་དོན་གྱིས་སྡིག་དོན་བཙོན་ཁང་ནང་ནས་མྱུར་དུ་མངག་དགོས། གལ་ཏེ་མ་མངག་ན་ང་ཕོ་བྲང་ནང་དུ་མི་འགྲོ་ཞེས་ནན་གྱིས་བཤད་པས། སྡིག་དོན་བཙོན་ཁང་ནང་ནས་མངག དེས་ཀྱང་བསུས་ཏེ་སྤུན་གཉིས་ཀ་གཅིག་ལ་གཅིག་གིས་བཟུང་སྟེ། ནུ་བོ་ལ་སྔར་ལས་ཀྱང་ལྷག་པར་བྱམས་པ་ཞིག་བྱས་པས། མི་ཐམས་ཅད་ངོ་མཚར་དུ་གྱུར། དེ་ནས་ཕོ་བྲང་ནང་དུ་སོང་སྟེ་ནོར་བུ་རིན་པོ་ཆེ་གང་ན་ཡོད་ཅེས་དྲིས་པས། སྡིག་དོན་གྱིས་ལམ་གྱི་ས་འོག་ཅིག་ཏུ་བསྐུངས་ཡོད་ཅེས་སྨྲས། དེ་ལེན་སར་མངག་ཀྱང་མ་རྙེད། དགེ་དོན་དང་འགྲོག་ནས་གཉིས་ཀ་བསྐུངས་ཡོད་སར་སོང་བས་དགེ་དོན་གྱིས་རྙེད། དེ་ནས་ཕོ་བྲང་གི་ནང་དུ་ཡོང་ནས་རྒྱལ་ཕྲན་ལྔ་བརྒྱ་ལ་ནོར་བུ་རེ་རེ་བྱིན། གཅིག་བཞག་སྟེ་ལག་གིས་བཟུང་ནས་སྨོན་ལམ་བཏབ། སྨོན་ལམ་བཏབ་པ་བཞིན་དུ་ཕ་མ་གཉིས་ཀ་འདུག་སའི་རིན་པོ་ཆེའི་ཁྲི་དང་གདུགས་ཀྱང་བྱུང་ཞིང་། བང་མཛོད་སྟོངས་པ་ཐམས་ཅད་སྔར་བཞིན་དུ་གང་བར་གྱུར། དེ་ནས་ཕྱོགས་ཐམས་ཅད་ལ་དྲིལ་བསྒྲགས་བྱས་ཏེ། ད་ནས་བཟུང་སྟེ་དུས་ཚོད་འདི་འདྲ་ཞིག་གི་ཉིན་པར། རིན་པོ་ཆེ་སྣ་ཚོགས་པའི་ཆར་ཕབ་སྟེ་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་བའི་ཆེད་དུ། སྦྱིན་པ་གཏོང་བ་ཡིན་པས་ཐམས་ཅད་འདུས་ལ་ཤོག་ཅེས་སྨྲས། མི་ཁྲི་སྟོང་འབུམ་ཕྲག་མང་པོ་འདུས་ནས་དམར་ནག་ཁྲོམ་ལ་འཁྱིལ། དེ་ནས་ཉི་མ་ཚང་སྟེ་དུས་ཚོད་ཀྱི་སྟེང་ལ་སླེབ་དུས་རྒྱལ་བུ་དགེ་དོན་གྱིས་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ། ཕྱོགས་བཞིའི་ལྷ་ལ་ཕྱག་འཚལ། ལག་ཏུ་སྤོས་ཕོར་བཟུང་ནས། ནོར་བུ་འདི་ཡིད་བཞིན་གྱི་ནོར་བུ་དག་མ་ཞིག་ཡིན་ན་ས་སྟེང་གི་མི་ཐམས་ཅད་ཀྱིས་གང་ལ་ཅི་འདོད་གྱི་ཆར་ཡིད་བཞིན་དུ་ཕོབ་ཅིག་ཅེས་གསོལ་བ་བཏབ་པ་དང་། དང་པོ་རླུང་འཇམ་པོ་ཡོང་ནས་ས་གཞིའི་རྡུལ་ཕྱགས་ཏེ་གཙང་མར་བྱས། དེའི་སྟེང་དུ་ཆར་ཟིམ་ཟིམ་བབ་ནས་ས་ལ་ཆག་ཆག་བཏབ། དེ་ནས་ཟས་དང་གོས། འབྲུ་དང་ནོར། རིན་པོ་ཆེའི་རིགས་ལ་སོགས་པ་གང་ལ་ཅི་འདོད་ཅི་དགོས་ཀྱི་ཆར་བབ་ནས་ཡུལ་ཁམས་ཐམས་ཅད་རྒྱུ་ནོར་གྱིས་ཁེངས། ཚང་མ་སེམས་ཚིམ་ཞིང་དབུལ་ཕོངས་ཀྱི་སྡུག་བསྔལ་མེད་པར་གྱུར། དེ་ནས་རྒྱལ་བུས་མི་ཐམས་ཅད་ལ་ཁྲོམ་བསྒྲགས་བྱས་ཏེ། ད་ནི་ཐམས་ཅད་ལ་དབུལ་ཞིང་ཕོངས་བའི་སྡུག་བསྔལ་མེད་པས། ཐམས་ཅད་ཀྱིས་སྒོ་གསུམ་དགེ་བ་བཅུའི་ལམ་ལ་བརྩོན་པ་བསྐྱེད་ཅིག་གསུངས་ནས་བསྐུལ་མ་བྱས། དེ་ལྟར་ཐམས་ཅད་ཀྱིས་ནན་ཏན་གྱིས་བསྒྲུབས་ཏེ། དེའི་དུས་སུ་ཡུལ་དེའི་མི་ཚང་མ་ཚེ་འཕོས་དུས་མཐོ་རིས་ཀྱི་ལྷ་ཡུལ་དུ་སྐྱེས། བཅོམ་ལྡན་འདས་ཀྱིས་གཏམ་རྒྱུད་དེ་གསུངས་ནས། དེ་ལ་མཐུད་དེ་དེའི་དུས་གྱི་ཕ་མ་གཉིས་ཀ་ད་ལྟའི་རྒྱལ་པོ་ཟས་གཙང་མ་དང་ཡུམ་ལྷ་མཛེས་མ་གཉིས་ཀ་ཡིན། རྒྱལ་བུ་དགེ་དོན་ང་ཡིན། རྒྱལ་པོ་ལི་ཤི་བ་ཉན་ཐོས་འོད་སྲུང་དང་། དེའི་ཚེ་རྒྱལ་བུའི་ཆུང་མར་གྱུར་པ་དེ་ནི་སྐྱེ་རྒུའི་བདག་མོ་དང་། སྡིག་དོན་ལྷས་བྱིན་རེད། འཛམ་བུ་གླིང་གི་མི་ལ་ངའི་དྲིན་གྱིས་ཁྱབ་པ་དེ་རྣམས་ནི། ང་ཐོག་མར་སངས་རྒྱས་པའི་སྐབས་སུ་ལྷའི་སྲས་པོ་བརྒྱད་ཁྲི་འོང་བ་དེ་དག་དང་། ངའི་ཉེ་གནས་སུ་ལུང་བསྟན་པ་རྣམས་ཡིན། དེ་དུས་ཡང་ང་ལ་དེ་ལྟར་གནོད་པ་ཆེན་པོ་བྱས་ཀྱང་སྙིང་བརྩེ་བའི་སེམས་བསྐྱེད་པ་ཡིན་ན། མངོན་པར་རྫོགས་པར་སངས་རྒྱས་ཏེ་ཉོན་མོངས་པའི་སྒྲིབ་པ་ཟད། མ་རིག་པའི་གཉིད་ལས་སངས། ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་ཡོད་དུས་སུ་གནོད་པ་ཆུང་ཆུང་ཞིག་ལ་ཐུགས་བརྩེ་བ་ནི་ལྟ་ཅི་སྨོས་ཅེས་གསུངས་སོ། དེ་ལྟར་སེམས་ཅན་ཐམས་ཅད་ཕ་མ་ལྟ་བུར་སྙོམས་པར་བྱས་ཏེ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་དུས་རྒྱུན་དུ་མ་བྲལ་ན། ཚོགས་གཉིས་མཉམ་དུ་རྫོགས་ཏེ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པ་ཡིན། དེས་ན་སེམས་བསྐྱེད་ནི་བསམ་པ་བཟང་པོ་ལ་བློ་སྦྱོང་གྱིས་དང་། གལ་ཏེ་ལུས་ངན་སོང་དུ་ལས་ཀྱིས་སྐྱེ་དགོས་ཀྱང་སེམས་བསྐྱེད་པའི་དགེ་བའི་སྟོབས་ཀྱིས་ལོག་པར་མི་འགྱུར་ཏེ། ངན་འགྲོའི་རྟེན་གྱི་སྟེང་ནས་ཀྱང་ལམ་གྱི་འཕྲོ་སྦྱང་ནུས་པ་ཡིན། སྟོན་པ་ཐུགས་རྗེ་ཅན་དམྱལ་བའི་ནང་དུ་སྐྱེས་དུས་གྲོགས་ཀ་མ་རུས་པ་ལ་སྙིང་རྗེ་སྐྱེས་བ་ཙམ་གྱིས་ལྷ་ཡུལ་དུ་སྐྱེས་སོང་བ་ལྟ་བུ་ཡིན་ནོ། །དེ་ཡན་ཆད་ཀྱིས་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་དུ་སེམས་བསྐྱེད་པ་སེམས་བསྐྱེད་ཀྱི་སྡོམ་པ་ཇི་ལྟར་ལེན་ལུགས་ཀྱི་སྐོར་རགས་རིམ་དང་བཅས་པ་ཞུས་ནས་རྒྱུ་དང་པོ་གསུམ་སོང་པ་ཡིན།

རྒྱུ་བཞི་པ་དེ་ལྟར་དགེ་བའི་རྩ་བ་བསགས་པ་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ཞིང་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ།

དེ་ལ་གསུམ་སྟེ། ཚེ་འདིར་འོད་དཔག་མེད་མཇལ་བའི་དབང་དུ་བྱས་པའི་སྨོན་ལམ་དང་། ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བའི་དབང་དུ་བྱས་པའི་སྨོན་ལམ་དང་། ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱས་ནས་སྨོན་ལམ་འདེབས་པའོ། །ཚེ་འདིར་འོད་དཔག་མེད་མཇལ་བའི་དབང་དུ་བྱས་པའི་སྨོན་ལམ།

དང་པོ་ཚེ་འདིའམ་འཆི་ཁར་འོད་དཔག་མེད་མཇལ་བའི་དབང་དུ་བྱས་པའི་སྨོན་ལམ།

བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་བའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །ཅེས་གསུངས་ཏེ། བདག་སྨོན་ལམ་འདེབས་པ་པོ་དང་བཟང་པོ་ཆོས་དང་ཟང་ཟིང་གི་འབྲེལ་བ་ཅན་དང་། ངན་པ་དགྲ་ཇག་ངན་སེམས་ཀྱིས་འབྲེལ་བ་སྟེ། མདོར་ན་བཟང་ངན་ལས་ཀྱིས་འབྲེལ་ཐོགས་ཀྱི་ཕ་མར་གྱུར་བའི་སེམས་ཅན་ཀུན། འཇིག་རྟེན་འདིའི་སྣང་བ་ནུབ་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་ཉེ་བའི་དུས་ལ་བབ་སྟེ། ཚེ་ཞེས་བྱ་བའི་སྲོག་གི་རྒྱུན་ཐག་ཆད་དེ་རྣམ་སྨིན་གྱི་ལུས་རྟེན་གཞན་ལ་འཕོས་པར་གྱུར་མ་ཐག་ཏུ། སྐྱེ་བ་དང་འཆི་བ་ཁ་བརྒྱུད་དེ་ཡང་ནས་ཡང་དུ་འཁོར་གྱིན་འདུག་པ་འདི། སྲིད་པ་མངོན་པར་སྒྲུབ་པའི་ལས་དང་། དེའི་འབྲས་བུ་ལ་སྤྱོད་དེ་སྐྱེ་ཤི་ཁ་བརྒྱུད་པ་འདི་འཛད་མཐའ་མེད་པ་ཞིག་རེད། བཅོམ་ལྡན་འདས་ཀྱིས། སྲིད་པ་མངོན་པར་སྒྲུབ་པ་འདི་སྡུག་བསྔལ་ཡིན། སྲིད་པ་ཆེ་ཆུང་མཐོ་དམན་གང་སྒྲུབ་ཀྱང་སྡུག་བསྔལ་ཡིན། མི་གཙང་བ་མང་ཉུང་གང་ཡིན་ཡང་དྲི་ཞིམ་པོ་ཡོད་པ་མ་ཡིན་པ་དང་གཅིག་མཚུངས་ཡིན་ཞེས་གསུངས་སོ། །དེ་བཞིན་དུ་འགྲོ་བའི་གནས་རིས་སོ་སོ་ནས་ཚེ་འཕོས་དུས་ཇི་ལྟར་འཕོ་བ་རེད་ཅེས་གསུངས་ཅེ་ན། སེམས་ཅན་གང་ཡིན་རུང་གནས་རིས་དེ་ནས་ཤི་འཕོས་ཏེ་དེ་ལ་ཚུར་སྐྱེས་ཏེ་ལྷ་ཤི་ཚད་ལྷ་ལ་སྐྱེ། མི་ཤི་ཚད་མི་ལ་སྐྱེ། ཁྱི་ཤི་ཚད་ཁྱི་ལ་སྐྱེ་རྒྱུ་དེ་འདྲ་མིན་པར། དགེ་མི་དགེ་ལས་ཀྱི་དབང་གིས་མཐོ་རིས་དང་ངན་སོང་ཐ་དད་པར་སྐྱེ་བ་ཡིན། དཔེ་བཞག་ན་ས་བོན་གང་བཏབ་ན་མྱུ་གུ་དེ་འཁྲུངས་པ་ལྟ་བུ་ཡིན་གསུངས། ཡང་འཇིག་རྟེན་རྒྱང་འཕེན་པའི་འདོད་པ་ལྟར་ཚེ་ཕྱི་མ་མེད་པར་ཆུ་སྐམ་པ་དང་མར་མེ་ཤི་བ་ལྟ་བུ་མིན་པར། འོ་ན་ཤི་ཚར་དུས་རིག་རྒྱུ་ཐུག་རྒྱུ་མེད་པ་ཅིའི་ཕྱིར་ཞེ་ན། ཤི་བའི་སྐབས་སུ་གཟུགས་ཀྱི་ཕུང་པོ་ཤུལ་དུ་བསྐྱུར་སོང་བ་ཡིན་ལ། སེམས་ནི་ཤི་དུས་ལྟ་ཅི་གསོན་དུས་ཀྱང་མཐོང་ཐུབ་པ་ཅན་ཞིག་མ་ཡིན་ཞིང་། མ་མཐོང་ཕྱིར་ན་མེད་པ་ཁས་ལེན་རྒྱུ་མེད་དེ། མཐོང་བྱེད་ཀྱི་དབང་པོའི་ཁྱད་པར་གྱིས་རང་རེས་མ་མཐོང་བ་ནི་གཞན་འགའ་རེས་མཐོང་པ་དང་། དེ་ཚོས་མ་མཐོང་པ་ནི་དེ་བས་ལྷག་གི་དབང་པོ་ཅན་གྱིས་མཐོང་པ་ལ་སོགས་པ་མང་བས། མདོ་སྡེ་རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །ཞེས་གསུངས་པ་ལྟར་རོ། །འོ་ན་དེ་མཁྱེན་པ་པོ་སུ་ཡིན་ཞེ་ན། སངས་རྒྱས་ཡིན་ཏེ། དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་གསུངས་པས་སོ། །ཡང་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཡོད་པའི་དུས་སུ་ལྷས་བྱིན་ལ་སོགས་པ་འགའ་ཞིག་སངས་རྒྱས་ཀྱི་མཁྱེན་པ་ལ་ཡིད་མ་ཆེས་པར། མཁྱེན་དང་མི་མཁྱེན་ཚོད་བགམ་པའི་ཕྱིར་དུ་འཛམ་བུ་གླིང་གི་ཤིང་རིགས་སྣ་ཚོགས་མེ་ལ་བསྲེགས་ཏེ། ཐལ་བ་ཐམས་ཅད་སོ་སོར་མི་ནོར་བའི་རྟགས་བརྒྱབ་ནས། བཅོམ་ལྡན་འདས་ལ་ཁྱེད་ཀྱིས་མཁྱེན་ན་འདིའི་ཐལ་བ་ཐམས་ཅད་སོ་སོར་བྱས་ནས་སོལ་ཤིག་ཅེས་ཞུས་པས། བཅོམ་ལྡན་འདས་ཀྱིས་རེ་རེ་བཞིན་དུ་མ་འདྲེས་པར་གསུངས་བས་ལོག་ལྟ་ཅན་ལྷའི་བྱིན་ཡིན་ཡང་ཁས་ལེན་དགོས་ཐུག་པར་མ་ཟད། བཅོམ་ལྡན་འདས་ཀྱིས་གསུངས་པ་བདེན། །ཀུན་གཟིགས་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་བྱེད་ཁུལ་བྱས་པ་རེད། འཇིག་རྟེན་འདི་ནས་ཚེ་འཕོས་ཏེ་ཕ་རོལ་ཏུ་སྐྱེ་བ་ལེན་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུང་ཡོད་ཅེ་ན། སྐྱེ་བ་བརྒྱུད་ལེན་བྱེད་པ་འདི་རྟག་པ་འཕོས་སོང་བ་ཞིག་ཀྱང་མིན་པར། ཆད་པ་མེད་པར་འགག་སོང་བ་ཞིག་ཀྱང་མིན། རྒྱུ་མེད་ལས་བྱུང་བ་ཞིག་ཀྱང་མིན། བྱེད་པ་པོས་བྱས་ཡོང་བ་ཞིག་ཀྱང་མིན། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ཚོགས་ནས་སྐྱེས་ཡོང་བ་ཞིག་ཡིན་གསུངས། སྐྱེ་བ་རྗེ་བ་བརྒྱུད་རྒྱུ་འདི་དཔེ་བརྒྱད་ཀྱི་སྒོ་ནས་བསྟན་ཏེ། །ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲ། །ཞེས་གསུངས་ཏེ། བླ་མས་སློབ་མ་ལ་ཁ་ཏོན་འདོན་རྒྱུ་བསླབ་ན་བླ་སློབ་གཉིས་ཀ་ལ་ཡོད། སློབ་དཔོན་གྱི་རྒྱུད་ཀྱི་ཁ་ཏོན་མེད་པར་བྱས་ཏེ་དེ་སློབ་མས་ཁྱེར་སོང་བ་མ་རེད། སློབ་དཔོན་གྱིས་ཁ་ཏོན་འདོན་ཤེས་པ་དེ་སློབ་མ་དང་གཉིས་ཀར་བགོས་བཞག་པ་ཞིག་ཀྱང་མ་རེད། དེས་ན་སྔ་མ་ལས་ཕྱི་མ་འབྱུང་རྒྱུ་འདི་རྟག་པ་འཕོས་སོང་བ་ཞིག་མ་ཡིན་ཞིང་། ཆད་པ་རྒྱུ་མེད་ལས་བྱུང་བ་ཞིག་ཀྱང་མ་ཡིན། རྐྱེན་གསུམ་གསུམ་ཚོགས་པ་ལས་སྐྱེ་བ་བསྟན་པ་ཡིན། བླ་མ་ཚེ་འདིའི་དཔེ། སློབ་མ་ཚེ་ཕ་རོལ་གྱི་དཔེ། ཁ་ཏོན་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བའི་དཔེ་ཡིན། དཔེ་འདི་རྐྱང་པས་ད་ལྟའི་སྐྱེ་བ་འདིའི་རྣམ་ཤེས་མ་འགག་བཞིན་ཕ་རོལ་ཏུ་རྣམ་ཤེས་འཕོ་བའི་གོ་ནོར་མི་འགྲོ་བའི་ཆེད་དུ་དཔེ་གཞན་པ་རྣམས་བཞག་པ་ཡིན། མར་མེ་གཅིག་ལས་མང་པོ་མཆེད་པ་ཡང་དེ་ལྟར་དུ། མར་ཁུ་སྡོང་བུ་ཀོང་བུ་ཐམས་ཅད་འཛོམས་པ་ལས་མར་མེ་འབྱུང་། མར་མེ་སྔ་མ་ཚེ་འདིའི་དཔེ། རྗེས་མ་ཚེ་ཕྱི་མའི་དཔེ། མར་མེ་སྔ་མ་ལས་ཕྱི་མ་འབྱུང་དུས་སྔ་མ་ཡོད་པ་འདི་ཆད་པ་མ་ཡིན་པའི་དཔེ། ཕྱི་མ་ཡོད་པ་འདི་རྟག་པ་མ་ཡིན་པའི་དཔེ་བསྟན་པ་ཡིན། མར་མེའི་དཔེ་ཡིས་འདི་དང་ཕ་རོལ་གཉིས་ཀའི་ཕུང་པོ་དུས་གཅིག་ཏུ་ཡོད་པའི་གོ་ནོར་མི་འགྲོ་བའི་ཆེད་དུ་དཔེ་གཞན་པ་རྣམས་བསྟན་པ་ཡིན་ནོ། །ནམ་མཁའ་དང་མེ་ལོང་སྐྱེས་བུའི་ངོ་གསུམ་པོ་འཛོམས་དུས། མེ་ལོང་ངོར་བྱད་ཀྱི་གཟུགས་བརྙན་འཆར་བ་ཡང་སྐྱེ་བ་འཕོ་ལེན་གྱི་དཔེ་སྟེ། མེ་ལོང་ནི་ཚེ་འདི་ཡོད་པའི་སྒོ་ནས་ཕྱི་མའང་ཡོད། ཡོད་ཀྱང་དངོས་པོ་མི་འཕོ་བའི་སྟེང་ནས་ཕ་རོལ་ཀྱང་ཡོད་ངེས་པའི་དཔེར་བཞག འོན་ཀྱང་ཆག་པོ་ལས་ཆག་པོ་སྐྱེ་བ། མཁྲང་པོ་ལས་མཁྲང་པོ་སྐྱེ་བའི་ལོག་རྟོགས་ཟློག་པའི་ཆེད་དུ་དཔེ་གཞན་པ་ཚོ་བསྟན། རྒྱའམ་རྒྱ་འབུར་གསུངས་པ་འདི་བླུག་པའི་ནང་དུ་བླུག་རྒྱབ་བཞག་པ་ལྟ་བུ་ཞིག་ལ་གསུངས་པ་སྟེ། དཔེར་ན་ཚ་ཀོང་གི་ནང་དུ་སཙྪ་དཔར་དུས་ཚ་ཀོང་དང་འདམ་བག་དང་མིའི་ལག་པའི་རྩོལ་བ་ཐམས་ཅད་འཛོམས་པ་ལས་སཙྪ་འབྱུང་བའི་དཔེ་ཡིས། ཚེ་འདིར་ལས་ཅི་ཞིག་བསགས་ཡོད་ན་དེ་དང་མཐུན་པར་ཕ་རོལ་དུ་སྐྱེ་བ་ལེན་པའི་དཔེ་བསྟན། འོན་ཀྱང་ལྷ་འཕོས་པ་ལྷར་སྐྱེ། མི་འཕོས་པ་མི་ལ་སྐྱེ་བ་ལ་སོགས་པའི་ངེས་པ་ཅན་དུ་མི་འོས་པའི་ཆེད་དུ་ཡང་དཔེ་གཞན་པ་ཚོ་བསྟན། དེ་བཞིན་དུ་མེ་ཤེལ་ས་བོན་སྐྱུར་དང་སྒྲ་གསུངས་ཏེ། མེ་ཤེལ་ལས་མེ་འབྱུང་བ་དང་། ས་བོན་ལས་འབྲས་བུ་སྐྱེ་བ་དང་། སྐྱུར་ཞེས་པའི་སྒྲས་རྐྱེན་བྱས་ཏེ་སྐྱུར་མོ་ཞེ་ལ་ཤར་དུས་ལྕེ་རྩ་ཡང་སྐྱུར་ཏེ་འགྲམ་ཆུ་ལྡང་བ་དང་། བྲག་རྩ་དང་གྱང་རྩ་ནས་སྐད་སྒྲ་ཆེན་པོ་བརྒྱབ་ན་དེ་དང་འདྲ་བ་ཚུར་ལ་གྲག་པ་ལྟ་བུ་སྟེ། དཔེ་བརྒྱད་པོའི་དཔེ་རེའི་སྣེ་རེ་མཚོན་ཏེ། དེའི་དཔེ་བརྒྱད་པོ་བསྡམ་དུས་སྐྱེ་བ་གཅིག་ནས་གཅིག་ལ་འཕོ་བ་འདི། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བ་ཡིན་པ་གོ་ཐུབ་བོ། །འདི་དག་འདི་ནས་ཕྱོགས་མཚོན་ཙམ་ཞིག་བཤད་དགོས་པ་ཅིའི་ཕྱིར་ཞེ་ན། སྤྱིར་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་དང་། ཁྱད་པར་དུ་སྐྱེ་བ་སྔ་ཕྱིའི་སྐོར་ལ་ཐོས་བསམ་སྦྱོང་བ་མ་མྱོང་བ་རྣམས་ཀྱིས་གནད་དངོས་དེ་མ་གོ་ན་རྒྱུ་འབྲས་ཡིད་ཆེས་ཀྱི་བློ་བརྟན་པོ་ཞིག་ཡོང་མི་ཐུབ་ལ། གལ་ཏེ་དེ་མ་ཐུབ་ན་འཇིག་རྟེན་ཡང་དག་གི་ལྟ་བ་ལ་དད་པ་ཙམ་ཞིག་ཀྱང་མེད་པས་ཐར་བའི་ས་བོན་ཐེབ་ཏེ་བདེ་བ་ཅན་དུ་སྐྱེ་བ་ལྟ་ཅི་མཐོ་རིས་ལྷ་མིའི་ལུས་རྟེན་ཀྱང་ཐོབ་དཀའ་བས་བཤད་པ་ཡིན། རྒྱུ་འབྲས་ཀྱི་སྐོར་འདི་ལ་ཞིབ་དུ་བསམ་བློ་བཏང་ནས་གོ་བ་ངེས་ཤེས་ཡོད་དུ་ཆུག དུས་རྒྱུན་ཆོས་པ་ཞིག་ལ་གཅིག་ཐུག་ན་རྒྱུ་འབྲས་དང་རྟེན་འབྲེལ། ཐེག་པའི་རིམ་པ་ཆོས་ཀྱི་རྣམ་གྲངས་སྔོན་འགྲོ་དང་དངོས་གཞིའི་ཉམས་ལེན་སྐོར་གྱི་ཁ་བརྡ་རེ་གླེང་རེས་གྱིས་དང་མ་ཤེས་པ་རྣམས་ཤེས་བྱེད་དང་། ཤེས་པ་ངེས་བྱེད་ལ་འགྲོ་ནི་རེད། ཚང་མས་མ་གོ་བ་ཐམས་ཅད་བླ་སེར་རྣམས་ལ་དྲིས་དང་ཕན་ཐོགས་རང་ཉིད་ལ་འབྱུང་བ་ཡིན། ཆོས་ཕྱོགས་ཀྱི་འགྲོ་ངོ་འདུག་ངོའི་གོ་བ་མ་ཤེས་ཕྱིན་གནད་འདྲ་བོ་མི་ཤེས་པས་ཆོས་སྒྲུབ་ཟེར་ན་ལུས་ངག་གི་བྱ་བ་ཞིག་ལ་འབད་བརྩོན་བགྱི་བ་ལས་གཙོ་བོ་སེམས་ཀྱི་བསམ་བྱ་དང་གནད་ཆེ་ཆུང་གི་འགག་སྒོའི་མདུད་པ་འདྲ་བོ་མ་བཀྲོལ་དུས་དོན་སྟེང་དུ་ཁེལ་མོ་ཞིག་རེད་ཐུབ་ནི་མ་རེད། རྒན་དར་གཞོན་གསུམ་སུ་ཡིན་ནའང་བཤད་བཤད་ད་བར་དུ་བཤད་ཀྱང་། ངག་གི་མི་དགེ་བཞིའི་ནང་དུ་མ་འདུས་པ་ཞིག་ཕལ་ཆེར་མེད་པས་ད་ནི་བཤད་ནས་ཅི་བྱེད། ཡ་རབས་ཀྱི་སྐད་ཆ་ཆོས་དང་མཐུན་པའི་གཏམ་ཡོན་ཏན་ཅན་གྱི་མི་ལ་དཔེ་ལྟོས་དང་ཕན་ཐོགས་ཆེན་པོ་ཡོད་དོ། །དེ་རིང་གནམ་ངོ་ཡག་བཙོག་ཅི་ཡིན་ན་ཡིན། རྒད་པོ་རྒན་མོ་རྣམས་ཀྱིས་རྐང་ལག་ན་རབས་ཚིགས་གཟེར་རབས་ཇི་ལྟར་བཤད་ཀྱང་དགོས་པ་མེད། དེ་རིང་གི་གནམ་ངོ་ཡག་བཙོག་དང་། རྒད་པོ་རྒད་མོ་རྣམས་ཀྱིས་རྐང་ལག་ན་ཚུལ་ཚིགས་གཟེར་ཚུལ་དང་། བུ་རྒྱུད་ཀྱི་ལོ་རྒྱུས་བཤད་པས་དགོས་པ་མི་འདུག གསར་སྐྱེས་རྣམས་ཀྱིས་མི་གཞན་ལ་འཕྱ་ཁུལ་དགོད་ཁུལ་མ་བྱེད། དེས་ཅི་ཡང་མི་ཕན། གཞན་སྐྱོན་རྗེས་ཟློས་བྱེད་པ་ནི་རང་སྐྱོན་གཞན་ལ་ངོམས་པ་དང་གཅིག་མཚུངས་ཡིན་པ་རེད། ཆོས་དང་རིག་གཞུང་འདི་ཕྱིའི་དོན་ཆེན་དང་འབྲེལ་བའི་ཁ་བརྡ་གོ་ཆོད་ནི་ཤོད། འདི་ནས་ཚེ་འཕོས་གྱུར་མ་ཐག་པའམ་ཡང་ན་དབུགས་ཆད་མ་ཐག་པའི་སྔོན་རོལ་དུ། སྤྲུལ་བའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །ཅེས་གསུངས་ཏེ། ཚེ་འདིའི་སྣང་བ་མ་ནུབ་པར་སྲོག་གི་ལྷག་མ་ཅུང་ཟད་ཙམ་ཞིག་ཡོད་པའི་སྐབས་སུ། ད་ལྟ་མགོན་པོ་འོད་དཔག་མེད་ཡིད་ལ་བྱས། ཚོགས་བསགས་སེམས་བསྐྱེད་སྨོན་ལམ་བཏབ་པའི་སྟོབས་ཀྱིས་སྤྲུལ་བའི་སངས་རྒྱས་འོད་དཔག་མེད་པ་དགེ་སློང་དགེ་འདུན་གྱི་འཁོར་ཚོགས་མང་པོས་བསྐོར་ཏེ། མདུན་གྱི་ནམ་མཁར་མངོན་སུམ་མིག་གི་ལམ་དུ་མཇལ་དུ་ཡོད་པ་ཞིག་འབྱོན་པར་ཤོག འཆི་ལ་ཉེ་བའམ་འབྱུང་བ་བསྡུ་སར་ཐོན་དུས་ད་ལྟ་ནད་མེད་ཀྱི་སྐབས་ལྟ་བུའི་རང་ཁ་རང་དབང་ཅན་ཡིན་ནི་མ་རེད། ཤི་བྱེད་ཀྱི་ནད་ལའང་ཁྱད་པར་ཡོད་པ་རེད། གཟེར་ནད་དྲག་པོ་ཞིག་གིས་གད་ལ་ཉེ་བ་ཙམ་ཞིག་གཟེར་ཏེ། སྲོག་འདི་མགྱོག་པར་ཆད་རོགས་བྱས་ན་ཅི་མ་རུང་བསྙམ་པ་ལྟ་བུ་ཡང་ཡོད་ནི་རེད། གཟེར་ན་ཚའི་མནར་གཅོད་མེད་པར་ཤི་བ་ཡང་སྲིད་མོད། བསམ་ལོང་དྲན་ལོང་མང་པོ་ཡོད་ན་སེམས་ཆགས་སྡང་དང་འདྲེས་ཏེ་འཆི་ཁའི་ཉིང་མཚམས་ཆགས་སྡང་གིས་སྦྱར་ན་སྡུག་ནི་རེད། གང་ལྟར་ཡང་འབྱུང་བའི་ཐིམ་རིམ་གྱི་སྐབས་སུ་སྣང་བ་འགྱུར་མ་འགྱུར་ཞིག་ཏུ་གྱུར་ནས་སྡིག་ཅན་ལ་མ་དག་པའི་སྣང་བ་དང་། ལས་དག་པ་ལ་དག་པའི་སྣང་བ་འཆར་བས། དེ་དུས་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་མཇལ་ཐུབ་མིན་ནི་ད་ལྟའི་དད་པ་དང་བརྩོན་འགྲུས་ལ་རག་ལས། དད་པ་དང་བརྩོན་འགྲུས་ཀྱི་སྒོ་ནས་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་སྒྲུབ་པ་དང་། ཁྱད་པར་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་དང་འབྲེལ་ན་དགེ་རྩ་སྟོབས་ཆེན་དུ་འགྱུར་ཏེ་འབྲས་བུ་སྨིན་སྟོབས་ཆེ་བ་དང་ཚེ་འདི་ལ་མཇལ་ཐུབ་པའི་རྒྱུ་དངོས་ཡིན་ནོ། །དེས་ན་ཉིན་དཀར་མགོན་པོ་འོད་དཔག་མེད་གཙོ་འཁོར་ཡིད་ལ་བྱས་ན་མཚན་མོ་རྨི་ལམ་དུ་ཡོང་། དེར་ཡོང་ན་འཆི་ཁར་མིག་གི་ལམ་ལ་མངོན་སུམ་དུ་བྱོན་ནས་ལམ་སྣ་འདྲེན་པ་ལ་ཐེ་ཚོམ་མི་དགོས། སྐྱེ་བོ་གསོ་ཐིགས་ལས། ལུས་ཅན་རྣམས་ཀྱི་སྐྱོན་ཡོན་ནི། །ཐམས་ཅད་གོམས་པའི་རྩ་བ་ཅན། །གོམས་པའང་རང་ལ་རག་ལས་པས། །དེ་བས་ཡོན་ཏན་གོམས་པ་མཆོག །ཅེས་གསུངས་པས། སྐྱོན་ཡོན་གཉིས་ཀ་གང་ལ་གོམས་ཆ་ཆེ་ན་དེ་བྱ་ངེས་པས། སྐྱོན་ལ་གོམས་ན་སྐྱོན་ལ་འཇུག ད་སྔོན་གྱིས་བག་མེད་ཀྱི་ལས་ལ་གོམས་གོམས་ཀྱིས་ད་ལྟ་མི་གཉིས་ཐུག་ན་བཤད་རྒྱུ་མི་དགེ་བ་ཡིན་པ་བཞིན། དེ་བཞིན་ལས་རྒྱུ་ཡང་མི་དགེ་བ་ཡིན་པ་རེད། དེ་ལོས་ཡིན་བསམ་རྒྱུ་མི་དགེ་བ་ཡིན་པས་རེད། སྒོ་ལུས་ངག་ཡིད་གསུམ་ཆར་དེ་ལ་གོམས་པ་དང་། སྐྱེ་བ་འདི་ལ་གོམས་པར་མ་ཟད་སྐྱེ་བ་སྔོན་མ་ནས་གོམས་པའི་སྟོབས་ཀྱིས་མི་དགེ་བའི་ལས་དང་མ་དག་པའི་སྣང་བ་ཚེ་འདི་ལ་རང་ཤུགས་ཀྱིས་ཐོན་ཡོང་བ་རེད། དེ་མིན་པར་ཆུའི་རྐ་རྫོགས་པ་ལྟ་བུའི་ལུས་ངག་ཡིད་གསུམ་ད་གཟོད་དགེ་བའི་ལམ་ལ་འཇོག་དགོས་ན་དང་པོ་ཅུང་ཟད་དཀའ་ཡང་། ཐམས་ཅད་གོམས་པའི་རྩ་བ་ཅན་གསུངས་བས་གང་ཡིན་ཡང་གོམས་ན་མི་འགྲུབ་རྒྱུ་ཞིག་མེད་ལ་གོམས་ན་ཇེ་སླ་ལ་མི་འགྲོ་རྒྱུ་ཞིག་ཀྱང་མེད། དེས་ན་ལེགས་པའི་ཕྱོགས་ལ་གོམས་ཁ་བཞག་སྟེ་འདི་བདེ་ཕྱི་མར་སྐྱིད་པ་ཞིག་བྱེད་དམ། མི་ལེགས་པའི་ཕྱོགས་ལ་གོམས་ཁ་བཞག་ནས་འདི་མི་བདེ་ཕྱི་མ་མི་སྐྱིད་པ་ཞིག་བྱ་རྩ་བ་རང་ལ་རག་ལས་པ་རེད། གོམས་པ་གང་ལ་འཇོག་རང་ཉིད་ལ་རག་ལས་པ་ཡིན། དེ་བས་ཡོན་ཏན་གོམས་པ་མཆོག །ཅེས་གསུངས་པ་ལྟར། རང་ཉིད་ལ་བདེ་སྐྱིད་མི་འདོད་པ་སུ་ཡང་མེད་པས། ཡོན་ཏན་ལ་གོམས་པར་གྱིས་དང་ལེགས་ཚོགས་ཐམས་ཅད་དེའི་ཁུངས་ནས་བྱུང་བ་ཡིན་ཞེས་གསུངས། དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །ཤི་བའི་སྡུག་བསྔལ་མེད་པར་ཤོག །ཅེས་གསུངས་ཏེ། སྤྲུལ་བའི་སངས་རྒྱས་འོད་དཔག་མེད་དགེ་སློང་གི་དགེ་འདུན་གྱི་འཁོར་གྱིས་བསྐོར་བ་སྔར་རང་ཉིད་ཀྱིས་གསལ་སྣང་ལ་བསྒོམས་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་མིག་སྔར་བྱོན་པ་མཐོང་ཞིང་མཇལ་ཏེ་ཡིད་དགའ་བའི་དད་པའི་སྤུ་ལོང་གཡོ་བ་དང་ཆབས་ཅིག་ཏུ་སྣང་བ་དག་པར་མཐོང་ནས་སེམས་སྐྱིད་དེ། ངང་བ་པད་མཚོར་གཅིག་ནས་གཅིག་ཏུ་རྒྱུ་བ་བཞིན་དུ་སྡུག་ལྡན་གྱི་ཕུང་པོ་མི་གཙང་བའི་རང་བཞིན་སྡུག་བསྔལ་གྱི་གཞི་མ་འདི་བསྐྱུར་ཏེ། བདེ་ཆེན་དག་པའི་ཞིང་ཁམས་ལ་འགྲོ་བར་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་མངོན་སུམ་དུ་བྱོན་ནས་ཤི་བའི་སྡུག་བསྔལ་མེད་པའི་སྟེང་དུ་སྤྲོ་བ་དཔག་མེད་དང་ལྡན་པར་ཤོག་ཅིག་ཅེས་གསུངས་པ་རེད། བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ཞེས་གསུངས་ཏེ། མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་བྱང་ཆུབ་སེམས་དཔའ་ཆེན་པོ་འཕག་པ་སྤྱན་རས་གཟིགས་དང་། མཐུ་ཆེན་ཐོབ། འཇམ་དཔལ་དབྱངས་ལ་སོགས་པ་ཉེ་བའི་སྲས་ཆེན་བརྒྱད་པོ་དེ་དགསྐུ་རྫུ་འཕྲུལ་གྱི་སྟོབས་ཀྱིས་དབུགས་ཕྱི་ནང་གཉིས་ཀའི་མཚམས་ན་ཡོད་པའི་འཆི་ཁར་མདུན་གྱི་ནམ་མཁར་བྱོན་ཏེ། བུ་གཅིག་པུ་ན་བར་མ་ལྷག་པར་བརྩེ་ཞིང་བྱམས་པ་ལྟར། བྱང་ཆུབ་སེམས་དཔའ་དེ་དག་གིས་ཐུགས་བརྩེ་བ་ཆེན་པོས་མངོན་སུམ་མི་དང་མི་འཕྲད་པ་ལྟར་མིང་ནས་བཟུང་སྟེ་ཁྱོད་སྐྲག་མི་དགོས་འཇིགས་མི་དགོས། བར་དོའི་འཇིགས་སྐྲག་བརྒྱུད་མི་དགོས་གཤིན་རྗེའི་མདུན་སར་འགྲིམ་མི་དགོས། ཞིང་ཁམས་བདེ་བ་ཅན་ལ་ཁོང་རྣམ་པའི་ཞབས་རྗེས་དེད་ནས་ཤོག་ཅིག་ཅེས་གསུངས་ཏེ། ཞིང་ཁམས་བདེ་བ་ཅན་ལ་འགྲོ་བའི་ལམ་སྣ་འདྲེན་པར་ཤོག་ཅིག་གསུངས་པ་རེད། ཀུན་མཁྱེན་འཇིགས་གླིང་གིས། མདོར་ན་གང་གི་མཚན་དང་སྒྲ་དང་ནི། །ལྟ་བ་ཡིད་ལ་གོམས་པར་བྱས་པ་ཡང་། །ཞིང་ཁམས་བདེ་བ་ཅན་དུ་དབུགས་འབྱིན་པར། །ཐུགས་བསྐྱེད་དམ་བཅའ་བསླུ་བ་མེད་པའི་ཕྱིར། །ཞེས་གསུངས་པ་ལྟར། སངས་རྒྱས་འོད་དཔག་མེད་པའི་མཚན་གྱི་སྒྲ་ཙམ་རྣ་ལམ་དུ་ཐོས་པ་དང་། བདེ་བ་ཅན་གྱི་ཞིང་ཁམས་ཀྱི་རྟེན་བརྟེན་པ་དང་བཅས་པ་ཡིད་ལ་གོམས་པ་བྱས་པ་ཙམ་གྱིས། ཤི་བའི་གནས་སྐབས་ན་ཞིང་ཁམས་བདེ་བ་ཅན་དུ་དབུགས་འབྱིན་པ་ནི་སངས་རྒྱས་འོད་དཔག་མེད་པའི་ཐུགས་དང་པོ་བསྐྱེད་པའི་དམ་བཅའ་ཡིན་པས་བསླུ་བ་ཡོད་པ་མ་ཡིན་གསུངས། བྱང་ཆུབ་སེམས་དཔའ་མཆེད་བརྒྱད་དེ་གང་ཡིན་ཞེ་ན། ཉེ་བའི་སྲས་ཆེན་བརྒྱད་དེ། འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཞེས་པ་རྣམས་སོ། །དེ་ཡང་འཕགས་པ་འཇམ་དཔལ་དབྱངས་སྐུ་མདོག་དམར་སེར་རལ་གྲི་དང་གླེགས་བམ་བསྣམས་པ། ཕྱག་རྡོར་སྔོན་པོ་རྡོ་རྗེ་ཅན། སྤྱན་རས་གཟིགས་སྐུ་མདོགས་དཀར་པོ་ཕྲེང་བ་དང་པདྨ་དཀར་པོ་བསྣམས་པ། ས་སྙིང་སེར་པོ་མེ་ཏོག་སྔོན་པོའི་ཐོད་ཆིངས་ཅན་ཤིང་ཏོག་དང་པདྨ་ནོར་བུའི་མཚན་པ་བསྣམས་པ། སྒྲིབ་པ་རྣམ་སེལ་སྐུ་མདོག་དཀར་པོ་བུམ་པ་བཟང་པོ་དང་པད་དཀར་ཟླ་བའི་མཚན་པ་བསྣམས་པ། ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ཆོས་འཆད་ཀྱི་རྒྱ་ཡིས་ཨུཏྤལ་རལ་གྲིའི་མཚན་པའི་ཕྱག་མཚན་བསྣམས་པ། བྱམས་པ་དམར་སེར་ཀླུ་ཤིང་གི་སྡོང་པོ་བསྣམས་ཤིང་ཐོད་གཙུགས་ན་གསེར་གྱི་མཆོད་རྟེན་ཅན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྐུ་མདོག་དམར་པོ་བུམ་པ་དང་པད་དཀར་ཉི་མའི་མཚན་པ་བསྣམས་པ་སྟེ། དེ་རྣམས་ཉེ་བའི་སྲས་བརྒྱད་དོ། །འགྲོ་བའི་དོན་ལ་སྐྱོ་དུབ་མེད་པའི་བརྡར་བཞེངས་སྟབས་སུ་ཡོད་པ་གསལ་འདེབས་དགོས་སོ།།

གཉིས་པ་ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ།

དེ་ལ་གཉིས་ཏེ། ཁམས་གསུམ་འཁོར་བའི་ཞེན་ཆགས་གཅོད་པ་དང་། བདེ་བ་ཅན་ལ་སྐྱེ་ཚུལ་གྱི་དབང་དུ་བྱས་པའི་སྨོན་ལམ་མོ།།

དང་པོ་ཁམས་གསུམ་འཁོར་བའི་ཞེན་ཆགས་གཅོད་པ།

ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཅེས་གསུངས་ཏེ། ངན་སོང་གི་གནས་གསུམ་ནི་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་མོ། །དེ་ལས་དང་པོ་དམྱལ་བ་ནི་ཚ་དམྱལ་བརྒྱད་གྲང་དམྱལ་བརྒྱད་དང་བཅུ་དྲུག་དང་ཉི་ཚེ་ཉེ་འཁོར་གཉིས་དང་བཅོ་བརྒྱད་ཡོད་དོ། །དམྱལ་བའི་གནས་དེ་དག་གང་དུ་ཡོད་ཅེ་ན། འཛམ་བུ་གླིང་གི་འོག་ན་ཆགས་ཡོད་གསུངས་ཀྱང་། དོན་གྱི་གོ་བའི་ཐོག་ནས་རྣལ་འབྱོར་བ་གང་དུ་གྲོལ་བའི་ས་དེ་ལས་གཞན་དུ་མ་གྱུར་བ་འོག་མིན་དུ་ལྷུན་གྱི་གྲུབ་པ་ལྟར་སྡིག་ཅན་གང་དུ་ཤི་འཕོས་པའི་ས་དེ་ལས་གཞན་དུ་བགྲོད་མི་དགོས་པར་དམྱལ་བའི་སྣང་བ་ཤར་བ་ཡིན། འདིིར་དམྱལ་གནས་ཀྱི་ཆགས་རིམ་ནི། ཐམས་ཅད་ཀྱི་འོག་ན་མནར་མེད་པའི་དམྱལ་བ་ཡོད་ཅིང་། དེའི་སྟེང་དུ་རབ་ཏུ་ཚ་བ། ཚ་བ། ངུ་འབོད་ཆེན་པོ། ངུ་འབོད། བསྡུས་འཇོམས། ཐིག་ནག ཡང་སོས་རྣམས་རིམ་གྱིས་ཆགས་ཡོད་ཅིང་། དེའི་དམྱལ་ཁམས་རྣམས་སུ་སྡུག་བསྔལ་ཅི་འདྲ་མྱོང་གིན་ཡོད་ཅེ་ན། དམྱལ་ཁམས་སོ་སོའི་མིང་གི་སྒྲ་འཇུག་པའི་རྒྱུ་མཚན་དང་མཐུན་པར་ཡང་སོས་ལ་དམྱལ་བའི་སེམས་ཅན་དེ་རྣམས་ཀྱིས་གཅིག་གིས་གཅིག་ཤོས་མཐོང་ཚེ་དགྲ་མི་ཤ་བོ་མཐོང་བ་ལྟར་ཞེ་སྡང་སྐྱེས་ཏེ། མཚོན་ལག་ཏུ་རང་འགྲུབ་ཏུ་གྱུར་ཅིང་། མཚོན་ཆ་དེ་གིས་ཕན་ཚུན་ལ་རྡེག་པ་དང་གསོད་པར་བྱས་ཏེ་ཐེངས་མང་པོར་ཡང་ཤི་ཡང་སོས་ཁོ་ན་བྱེད་པ་དང་། ཚ་དམྱལ་སྤྱི་ཁྱབ་ཀྱི་སྡུག་བསྔལ་མདག་མེ་དང་མཚོན་ཆའི་གནོད་པ་ནི། ཐམས་ཅད་ལ་ཡོད་པས་སྤྱི་མཐུན་དུ་ཐམས་ཅད་ཀྱིས་མྱོང་གིན་ཡོད་ཅིང་། དམིགས་བསལ་བསྡུས་འཇོམས་པ་ལ་རི་བོའི་བར་དུ་གཅིར་བ་དང་གཏུན་གྱི་ནང་དུ་བརྡུང་བ་དང་། ངུ་འབོད་ཚང་གིས་མེས་ཚིག་ནས་ངུ་འབོད་བྱེད་པ་དང་། ངུ་འབོད་ཆེན་པོས་ལྷག་པར་དུ་མེས་ཚིག་ནས་ངུ་འབོད་ཀྱི་སྒྲ་ཆེན་པོ་མི་བཟོད་པར་སྒྲོགས་པ་དང་། ཚ་བ་ལྕགས་ཁང་སྒོ་མེད་མེ་འབར་བའི་ནང་ཚུད་པ་དང་། རབ་ཏུ་ཚ་བ་ལྕགས་ཁང་སྒོ་མེད་ཉིས་རིམ་མེ་འབར་བའི་ནང་དུ་ཚུད་དེ་ཁྲོ་ཆུ་ཁོལ་མས་ཁོག་པ་བསྲེག་པ་དང་། མཚོན་ཆ་རྩེ་གསུམ་གྱིས་ལུས་པོ་ཐལ་མར་དུ་ཕུག་པ་དང་། མནར་མེད་ཀྱི་དམྱལ་ཁམས་ན་ལྕགས་ཀྱི་ཁང་པ་མེ་འབར་བའི་ནང་དུ་ལྕགས་ཀྱི་ཟངས་ཆེན་ཁ་རྒྱ་ལ་དཔག་ཚད་སྟོང་ཕྲག་མང་པོ་ཡོད་པའི་ནང་དུ་ཁྲོ་ཆུ་ཁོལ་མས་དམྱལ་བའི་སེམས་ཅན་བཙོ་ཞིང་བསྲེགས་པ་དང་། ལྕགས་བསྲེགས་ཀྱི་རི་ལ་འཛེག་ཏུ་བཅུག་པ་དང་། ལྕགས་བསྲེགས་ཀྱི་ཐང་དུ་ལུས་ལྷུ་བཞི་ལྤགས་པ་བརྒྱངས་པ་ལྟར་བྱེད་པ་དང་། ལྕགས་ཀྱི་ཁང་པ་མེ་འབར་བཞིན་ཡོད་པའི་ནང་དུ་མེ་དང་ལུས་པོ་ཐ་དད་དུ་མཐོང་དུ་མེད་པར་བྱེད་པ་དང་། ངུ་འབོད་དང་ཨ་ཚ་ཨ་ནའི་སྒྲ་སྐད་གྲག་པས་དམྱལ་བའི་སེམས་ཅན་རེད་བསྙམ་པ་ལས་མེ་དང་དམྱལ་བའི་སེམས་ཅན་སོ་སོར་ཕྱེ་མི་ཤེས་པ་ལྟ་བུ་ཡིན་ཡང་། ད་དུང་ཤི་མི་ནུས་པར་དེ་འདྲའི་སྡུག་བསྔལ་ཆེན་པོ་ཚེ་ཚད་བར་བསྐལ་མང་པོར་མྱོང་དགོས་པ་ཡིན་ནོ། །དམྱལ་བར་སྐྱེ་བྱེད་གཙོ་བོ་ཞེ་སྡང་གི་ལས་བསགས་ཏེ་སྲོག་གཅོད་པ་དང་མཚམས་མེད་ཀྱི་ལས་བྱས་པ་དང་གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་སྐྱེ་ལ། ཁྱད་པར་དུ་དམྱལ་བ་མནར་མེད་ཀྱི་གནས་སུ་དམ་ཚིག་ཉམས་པ་རྣམས་སྐྱེ་བ་ཡིན། ཉེ་འཁོར་བའི་དམྱལ་བ་ནི་དམྱལ་བ་བརྒྱད་པོའི་ཕྱོགས་བཞི་ན་ཡོད་ཅིང་། དམྱལ་བ་ཚ་དམྱལ་བརྒྱད་ཀྱི་ལས་མྱོང་སྟོབས་ཀྱིས་ཟད་དེ་སྒོ་ལ་ཐར་སོང་བསམ་དུས། དང་པོ་མེ་མ་མུར་གྱི་འོབས་ལ་ལྷུང་ཞིང་མེ་མ་མུར་དུ་པུས་མོ་མན་ཆད་ནུབ་སྟེ་རྐང་པ་ས་ལ་བཞག་པ་དང་མཉམ་དུ་མེ་མ་མུར་གྱིས་ཚིག་ནས་ཤ་རུས་ཁ་ཁར་ཕྱེ་བ་དང་། ཡང་རྐང་པ་གཅིག་ཡར་ལ་བཀྱག་དུས་གཅིག་ཤོས་སོས་འགྲོ་བ་དང་། ཡང་མར་ལ་བཙུགས་དུས་དེ་ཚིག་སྟེ་སྡུག་བསྔལ་བའོ། །དེ་ལས་ཕྱི་ལ་བུད་ཐུབ་ནས་ཡང་ཐར་སོང་བསྙམ་ནས་འགྲོ་དུས། ཡང་རོ་མྱགས་ཀྱི་འདམ་ཟེར་བའི་མི་གཙང་བའི་འདམ་རྫབ་ཏུ་ཚུད་དེ་འབུ་མཆུ་རྣོན་པོ་ཅན་མང་པོས་ཤ་ཕུག་སྟེ་རུས་པ་ལ་གཏུག་པས་སྡུག་བསྔལ་བ་དང་། དེ་ལས་བུད་དུས་སྤུ་གྲིའི་ཚལ་ལ་ཐུག་ཅིང་ལམ་དེ་མ་བརྒྱུད་པར་འགྲོ་ས་མེད་པས། རལ་གྲི་ལོ་མའི་ནགས་ཚལ་གྱི་ནང་ནས་རྐང་ལག་ཐམས་ཅད་ཕུག་ཅིང་བཅད་འགྲོ་བ་དང་། བཞི་པ་ཐལ་ཚན་གྱི་ཆུ་བོ་རབ་མེད་ནི། ཐལ་ཚན་མེ་མ་མུར་དང་འདྲེས་པའི་ཆུ་བོ་རབ་མེད་ཀྱི་ནང་དུ་ནུབ། ཁ་ལ་འབུད་དུས་ཆུ་འགྲམ་ན་སྐྱེས་བུ་ལག་ན་མཚོན་ཆ་བཟུང་བ་མང་པོས་བཅད་གཏུབ་བྱེད་པ་དང་དམྱལ་བ་རེ་རེའི་ཕྱོགས་བཞི་ན་དེ་འདྲ་བཞི་བཞི་སྟེ་བཅུ་དྲུག་ཡོད་ཅིང་། མཚམས་བཞི་ན་ལྕགས་ཀྱི་ཤལ་མ་ལིའི་སྡོང་པོ་སྡོམ་ཉམས་ཁྲིམས་འཆལ་ཐམས་ཅད་ཀྱི་སྣང་བ་ལ་རྩེ་མོ་ན་དགའ་མཐུན་གྱི་གྲོགས་ཀྱིས་འབོད་ཀྱིན་ཡོད་པའི་སྣང་བ་ཤར་ཏེ་གྱེན་ལ་འཛེགས་ཚེ། ལོ་མ་ཐམས་ཅད་རལ་གྲིར་གྱུར་ནས་ཁ་ཐུར་དུ་འཁོར་ཏེ་ལུས་ཕུག་པ་དང་། རྩེ་མོར་ཐོན་དུས་བྱ་ཁྭ་ཏ་ལྕགས་ཀྱི་མཆུ་སྡེར་ཅན་གྱིས་ཀླད་པ་ཕུག་ཅིང་མིག་འབྲུ་བ་དང། ཡང་རྩ་བ་ནས་ཡིད་མཐུན་གྱི་གྲོགས་ཀྱིས་འབོད་པའི་སྣང་བ་ཤར་ཞིང་མར་ལ་བབ་དུས། ཡང་ལོ་མ་རལ་གྲི་ཅན་ཐམས་ཅད་ཀྱི་རྩེ་མོ་གྱེན་ལ་བསྟན་ཏེ་ལུས་པོ་ཕུག་ཅིང་། ཡང་སྡོང་པོའི་རྩར་ཐོན་ཚེ་དེ་ན་གྲོགས་དགའ་མཐུན་ཞིག་ཅི་ལ་ཡོད། དེ་ལས་ལྡོག་སྟེ་ཁྱི་བསེ་བོ་འཇིགས་སུ་རུང་བ་མང་པོས་གསོན་ཟ་བྱེད་པའི་སྡུག་བསྔལ་ཡུན་རིང་པོར་མྱོང་དགོས་པ་ཡིན་ནོ། །ཡང་གྲང་དམྱལ་བརྒྱད་ནི་ཆུ་བུར་ཅན་འཁྱག་ནས་ཆུ་བུར་བུད་པ་དང་། ཆུ་བུར་རྡོལ་བ་དེ་ལས་ཀྱང་འཁྱག་སྟེ་ཆུ་བུར་ཐེད་ཅིང་རྡོལ་བ་དང་། སོ་འཐམ་པ་འཁྱག་ནས་སོ་འཁྲུགས་པ་དང་། ཨ་ཆུ་ཟེར་བ་འཁྱག་ནས་མི་བཟོད་པར་ཨ་ཆུའི་སྒྲ་སྐད་འདོན་པ་དང་། ཀྱེ་ཧུད་ཟེར་བ་དེ་ལས་འཁྱག་སྟེ་སྐད་སྒྲ་ཆེན་པོས་སྡུག་བསྔལ་གྱི་སྨྲེ་སྔགས་འདོན་པ་དང་། ཨུཏྤལ་ལྟར་གས་པ་ལུས་པོ་འཁེངས་ཏེ་ལྤགས་པ་སྔོན་པོར་གྱུར་ནས་ཁག་ལྔ་དྲུག་ཏུ་གས་པ་དང་། པདྨ་ལྟར་གས་པ་འཁེང་པ་དེ་མདོག་དམར་པོར་གྱུར་ཏེ་བཅུ་རེ་ཙམ་གས་པ་དང་། པདྨ་ལྟར་ཆེར་གས་པ་མདོག་ཤིན་ཏུ་དམར་པོར་གྱུར་ཏེ་ཁ་བཞི་ལྷུ་བརྒྱད་དུ་གྱུར་ནས་ཁག་བརྒྱ་རེ་ཙམ་དུ་གས་པ་སྟེ་དེ་ལྟ་བུའི་གྲང་པའི་སྡུག་བསྔལ་མྱོང་བ་དང་། ལས་མ་ཟད་ཀྱི་བར་དུ་འཆི་རྒྱུ་མེད་ཅིང་། ཚེ་ཚད་བར་བསྐལ་དང་བསྐལ་ཆེན་མང་པོར་མྱོང་དགོས་པ་ཡིན་ནོ། ཉི་ཚེ་བའི་དམྱལ་བ་གནས་ལ་ངེས་པ་མེད་ཅིང་། ཆུ་དང་། རི་དང་། ཤིང་དང་། མྱ་ངམ་གྱི་ཐང་ལ་སོགས་པར་གནས་ཡོད་པ་དང་། སྒོ་དང་ཀ་བ་ཐབ་དང་ཐག་པ་ལ་སོགས་པར་རང་གི་ལུས་ཡིན་སྣང་ཤར་ཏེ། དེ་དག་བཀོལ་སྤྱོད་བྱེད་དུས་སྡུག་བསྔལ་མྱོང་བ་སྟེ། དཔེར་ན་ཐབ་ཀ་ལྟ་བུའི་ནང་དུ་མེ་འབར་དུས་ཁོག་པ་མེ་ལ་འབར་བའི་སྣང་བ་ལ་སོགས་པའི་སྡུག་ལ་མྱོང་བ་ཡིན་ནོ། །དེ་མིན་ཡང་མཁའ་རྒྱུའི་ཡི་དྭགས་ཀྱི་རིགས་རི་དང་ནགས་ཚལ་མཚོ་ལ་སོགས་པར་གནས་བཅའ་བ་རྣམས་ཁ་ཁ་རེད། དམྱལ་བའི་སེམས་ཅན་གྱི་སྡུག་བསྔལ་བཤད་ནས་ཚར་རྒྱུ་ཡོད་པ་མ་ཡིན་ཞིང་། དེ་འདྲའི་སྡུག་བསྔལ་སེམས་ཅན་དེ་རྣམས་ཀྱིས་མྱོང་དགོས་དོན་ནི། རྒྱལ་སྲས་ཞི་བ་ལྷས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པས། རང་ཉིད་ཀྱིས་ལས་མི་དགེ་བ་བསགས་པས་ཉེར་ལེན་བྱས་ཏེ་ཡོང་བ་ཞིག་ཡིན། ངན་སོང་གི་གནས་གཉིས་པ་ཡི་དྭགས་ལ། ཕྱིའི་སྒྲིབ་པ་ཅན་ཟས་སྐོམ་ཞིག་མཐོང་ཀྱང་རྣག་ཁྲག་ཏུ་མཐོང་བ་དང་། དེ་མིན་ཡང་མཚོན་ཆ་བཟུང་བ་ཤ་སྟག་གིས་བསྲུངས་ནས་བསྡད་ཡོད་པ་དང་། ནང་གི་སྒྲིབ་པ་ཅན་ཁ་ཁབ་མིག་ཙམ། ལྟོ་བ་ཡུལ་ལྗོངས་ཙམ། རྐང་ལག་རྩྭ་འཇག་ཙམ། ཟ་རྒྱུ་ཞིག་ལོན་ཡང་ཁ་ཁབ་མིག་འདྲ་བོའི་ནང་དུ་མི་འགྲོ། ལྟོ་བ་ཡུལ་ལྗོངས་ཙམ་པོ་མི་ཁེང་། རྐང་ལག་རྩྭ་འཇག་འདྲ་བོའི་མི་ཐེག་པའི་སྡུག་བསྔལ་དང་། ཟས་སྐོམ་གྱི་སྒྲིབ་པ་ཅན་ཞེས་པ་འདི་ལ་མེ་ལྕེའི་ཕྲེང་བ་ཅན་ཡང་ཟེར། གལ་ཏེ་ཟས་ཞིག་ལོན་ཡང་ཅི་ཟོས་ཅི་འཐུང་གིས་ཁོག་པ་བསྲེག་པ་དང་། ལྗན་ལྗིན་ཟ་བ་ཞེས་པ་མི་གཙང་བ་ཁོ་ན་ཟ་བར་བྱེད་པ་སྟེ་དེ་འདྲའི་ཡི་དྭགས་ཀྱི་ཚེ་ཚད་ཀྱང་ཡུན་རིང་པོ་ཡིན་ཞིང་། ཡི་དྭགས་ལ་སྐྱེ་བྱེད་ཀྱི་རྒྱུའི་གཙོ་བོ་འདོད་ཆགས་དང་སེར་སྣས་འཕང་བ་ཡིན། ངན་སོང་གི་གནས་གསུམ་པ་དུད་འགྲོ་ནི། དུད་འགྲོ་མང་ཆེ་བ་རྒྱ་མཚོའི་ནང་དུ་ཡོད་ཅིང་། རྐང་གཉིས་རྐང་མང་རྐང་བཞི་རྐང་མེད་དང་། གཅིག་གིས་གཅིག་ཟ་བ་དང་། ཆེ་བས་ཆུང་བ་གསོད་པ་དང་། ཆུང་བས་ཆེ་བ་ཕུག་པ་དང་། སྲོག་ཆགས་རེ་རེའི་ལུས་པོ་སྲོག་ཆགས་མང་པོས་ཟ་བ་དང་། ཡང་སྐམ་ལ་གནས་པའི་དུད་འགྲོ་རི་དྭགས་གཡུང་དྭགས་གང་ཡིན་ཡང་གཞན་གྱིས་ཤ་ལྤགས་ལ་སོགས་པའི་དོན་དུ་གསད་པ་དང་། ཚ་གྲང་གི་སྡུག་བསྔལ་དམྱལ་བ་ལྟ་བུ་མྱོང་བ་དང་། བཀྲེས་སྐོམ་གྱི་སྡུག་བསྔལ་ཡི་དྭགས་དང་འདྲ་བ་མྱོང་གིན་ཡོད་པ་མཐོང་གིན་འདུག་པ་འདི་ཚོ་ཡིན་ལ། དུད་འགྲོ་ཐམས་ཅད་ལ་སྤྱི་མཐུན་གྱིས་བླུན་ཞིང་གཏི་མུག་པའི་སྡུག་བསྔལ་ཡོད་ཅིང་། དུད་འགྲོ་ལ་སྐྱེ་བྱེད་གཙོ་བོ་གཏི་མུག་གི་དབང་གིས་ལས་བསགས་པས་ཡིན། དུད་འགྲོའི་ཚེ་ཚད་མ་ངེས་པ་ཡིན་ཏེ། འགའ་རེ་ཚེ་བསྐལ་བ་ཐུབ་པ་དང་། འགའ་རེ་ཉིན་རེ་ལན་མང་པོར་སྐྱེས་ཤིང་ལན་མང་པོར་ཤི་བ་དེ་འདྲ་ཡང་ཡོད་པ་ཡིན་པས་ངན་སོང་གི་སྡུག་བསྔལ་བཟོད་བླག་མེད་པ་ཡིན་ནོ། །ལྷའི་བདེ་སྐྱིད་ཀྱང་འགྱུར་བའི་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ་རགས་པ་མེད་ཀྱང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པ་ཡིན་ཞིང་། དམིགས་བསལ་འདོད་ཁམས་པའི་ལྷ་ནི་ལྷ་མིན་དང་འཐབ་པའི་སྡུག་བསྔལ་དང་། འཆི་འཕོ་ལྟུང་བའི་སྡུག་བསྔལ་ཡོད་པ་དང་། གཟུགས་གཟུགས་མེད་ན་འཆི་འཕོའི་སྡུག་བསྔལ་དང་གནས་ངན་ལེན་གྱི་སྡུག་བསྔལ་ཡོད་པ་ཡིན་ནོ། །མིའི་བདེ་སྡུག་ལ་བསམ་ན། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་སོགས་པ་རང་རེས་རང་ཐོག་ཏུ་མྱོང་བཞིན་པ་འདི་ཡིན་ཡང་། གནས་སྐབས་ལ་སྡུག་བསྔལ་ཆུང་བ་དང་། ངན་སོང་ལ་བསྡུར་ན་བདེ་བ་ཞིག་རེད་བསམ་ཁུལ་བྱེད་ཀྱང་དེ་ཡང་རྟག་པ་མ་ཡིན་ཏེ། འགྱུར་བའི་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་མནར་ཏེ་འགྱུར་བ་ཅན་ཡིན་ནོ། །ལར་ཚོར་བ་བདེ་བར་སྣང་བ་ཐམས་ཅད་འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་དུ་སྣང་བ་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ་དང་། བཏང་སྙོམས་སུ་སྣང་བ་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ནོ། །གོང་དུ་བཤད་པའི་ངན་སོང་གསུམ་དང་ལྷ་མི་གཉིས་ཏེ་ལྔ་བོ་ལ་ལམ་རྒྱུད་ལྔ་ཟེར་ཞིང་། དེ་ལྟ་བུ་འཁོར་བའི་སེམས་ཅན་གྱི་སྡུག་བསྔལ་ལ་སྐྲག་ཤེས་པའི་སེམས་སྐྱེ་བར་ཤོག་ཅིག ངན་སོང་གི་སྡུག་བསྔལ་ཚེ་འདིའི་ལུས་ཐོག་ཏུ་མྱོང་ན་སྐྲག་སེམས་སྐྱེས་ཀྱང་། དེ་སྔོན་བདེ་བ་མྱོང་མ་མྱོང་བས་ལྷ་མིའི་བདེ་སྐྱིད་ཅེས་པ་སྐྱིད་མ་སྡུག་འདི་སྡུག་བསྔལ་ཡིན་པའི་སྣང་བ་མི་ཤར་བས་སྐྲག་མི་ཤེས་པར། དམྱལ་བ་རང་ཡུལ་ལ་ཞེ་ཆགས་ཟེར་བ་ལྟར། ད་དུང་ཆགས་ཞེན་བྱེད་པ་འདི་ནི་བློ་ནོར་འཁྲུལ་ཆེན་པོ་ཞིག་དང་། སྐྱིད་སྡུག་གི་གོ་ཆེན་པོ་ཞིག་ནོར་ཡོད་པས། དེས་ན་འཁོར་བ་འདི་ལ་སྐྱོ་ཤེས་དང་ངེས་འབྱུང་སྐྱེ་བར་ཤོག་ཅེས་གསུངས་པ་ཡིན། ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ན་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །ཅེས་གསུངས་ཏེ། འཁོར་བའི་ཐོག་མ་འདི་ཡིན་ཟེར་རྒྱུ་ཞིག་མེད་པས། དེའི་ཚེ་ལ་འགྲོ་བ་ལམ་རྒྱུད་ལྔ་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་ལུས་འདྲ་དང་མི་འདྲ་ཅི་འདྲ་ཞིག་བླངས་མེད་དམ། ད་དུང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་ཚངས་དང་དབང་པོ་བརྒྱ་བྱིན་མན་ཆད་ནས་དམྱལ་བ་མནར་མེད་ཀྱི་སེམས་ཅན་སྲིན་འབུ་ཕྲ་མོ་ཡན་ཆད་ཀྱི་ལུས་འདྲ་མི་འདྲ་ཅི་འདྲ་བླངས་མེད་དམ། དེ་ཡང་ལན་རེ་ལན་གཉིས་བླངས་བས་ཅི་ལ་ཚད། ལུས་རེ་རེ་ཡང་གྲངས་མང་བླངས་བར་རྩི་གྲངས་ཐེབ་ཏུ་མེད་ཅིང་། གྲོག་སྦུར་ཕྲ་མོའི་ལུས་བླང་བའི་རྐང་ལག་ཕྱོགས་གཅིག་ཏུ་བརྩིག་བཞག་ན་རིའི་རྒྱལ་པོ་རི་རབ་བས་མི་ཚད་ལ། ངུས་པའི་མཆི་མ་རྒྱ་མཚོ་བས་ཀྱང་མང་བའི་ཚོད་དེ་འདྲ་ཡིན་གསུངས་ཡོད་ལ། དེ་ཡིན་ངེས་པ་རེད། ཐར་བ་ད་དུང་ཐོབ་ཡོད་པ་མ་ཡིན་པས། དེ་སྔོན་ཐར་བ་མ་ཐོབ་པ་ཞིག་ད་དུང་ཐར་བའི་ལམ་སྣེ་མ་ཟིན་པས་འཁོར་བ་མ་གཏོགས་འགྲོ་ས་ཡོད་པ་མ་ཡིན། དེས་ན་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་སྡུག་བསྔལ་མྱོང་བའི་ཡུན་དེ་འདྲ་ཞིག་རིང་སོང་བས། ད་ནི་དམུས་ནི་ཡིན་སྙམ་པའི་ངེས་ཤེས་ཀྱི་སྟེང་ནས་དེ་ལ་སྐྱོ་བ་སྐྱེ་བར་ཤོག་ཅེས་སྨོན་པའི་ཚུལ་གསུངས་སོ། །མི་ནས་མི་རུ་སྐྱེ་ཆོག་ཀྱང་། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང་། །དུས་ངན་སྙིགས་མར་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཅེས་གསུངས་ཏེ། གོང་དུ་བཤད་པ་ལྟ་བུའི་ངན་སོང་ལ་སྐྱེས་སོང་ན་ཅི་མ་རུང་བསམ་པ་མེད་ཀྱང་། མི་ཡུལ་དུ་ད་དུང་ཚུར་སྐྱེ་ན་ཅི་མ་རུང་བསམ་པ་ཡོད་སྲིད་པ་རེད། དེ་ནི་དུག་དང་འདྲེས་པའི་ཟས་ལ་དུག་གི་གནོད་པ་མི་ཤེས་པར་ཟས་ཀྱི་རོ་ལ་སྲེད་པ་བྱེད་པ་དང་འདྲ་བ་ཡིན། དེ་ཇི་ལྟར་ཡིན་ཞེ་ན། གལ་ཏེ་མི་ནས་མི་རུ་སྐྱེ་ཆོག་ཀྱང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མེད་ན་ཅུང་ཟད་དྲག་ཀྱང་། གཞོན་པའི་ལང་ཚོ་མི་འདུག་པར་རྒས་འགྲོ་བ་དང་། ནད་མེད་ལུས་ཀྱི་གཟི་མདངས་མི་རྟག་པར་ནད་ཀྱིས་འཇོམས་པ་དང་། གསོན་ནས་ཡུན་རིང་འདུག་པར་འདོད་ཀྱང་ཤི་འགྲོ་བ་སོགས་དུས་ངན་སྙིགས་མ་ལ་བར་ཆད་མང་བ་རེད། བར་ཆད་ལོས་མང་དུས་སྙིགས་མ་ཡིན་པས། ཉོན་མོངས་སྙིགས་མ་བདོ། དེའི་དབང་གིས་ལྟ་བའི་སྙིགས་མ་ཡིན་པས་ལྟ་ངན་གྱི་སྟོབས་རྒྱས། དེ་འདྲའི་གང་ཟག་དེ་ལ་ཚེའི་སྙིགས་མ་བདོ་བས་ཤི་མ་རན་གོང་ནས་ཤི་བ་དང་། ན་མི་དགོས་ས་ནས་ན་སྟེ་ཤི་བ་མང་ནི་རེད། དེས་ན་མི་དང་ལྷ་ཡི་བདེ་སྐྱིད་འདི་ཅི་འདྲ་ཞིག་རེད་ཅེ་ན། དུག་དང་འདྲེས་པའི་ཁ་ཟས་ཤིག་དང་འདྲ་བ་ཡིན། དེ་དང་འདྲ་བར་ཤེས་དུས་དེ་འདྲའི་ཁ་ཟས་དེ་སུས་ཀྱང་ཟ་མི་ཕོད་པ་བཞིན། ད་ལྟ་ལྷ་མིའི་གནས་འདི་ལ་ཚུར་ཨེ་སྐྱེས་ཀྱི་རེ་བ་དང་འདོད་པ་སྤུ་ཙམ་མེད་པར་ཤོག་ཅེས་སྨོན་དགོས་པའི་ཚུལ་ཇི་ལྟར་ཡིན་པ་དེ་བསྟན། ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མའི་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ཅེས་གསུངས་ཏེ། ཉེ་རིང་རྩ་གསུམ་ཞེས་པ་འདིའང་རྒྱང་ན་ཡོད་ན་ཟུར་ན་ཡོད་དགོས་པ་འདྲ་བ། ཟུར་ན་ཡོད་ན་མིག་གིས་མ་མཐོང་ན་སྙམ་པ་ལྟ་བུ་ཞིག་ཡིན་ལ། གྲོགས་ཡིན་ན་ཡང་མཐུན་པ་ཡུན་དུ་འགྲོགས་པ་དཀོན་གསུངས་པ་ཡིན། ཉེ་རིང་དང་མཐུན་གྲོགས་རྐྱང་བ་ངན་པས་མ་ཡིན་ཡང་རང་གཞན་གཉིས་ཀ་ཉོན་མོངས་ཀྱི་ནད་ཀྱིས་མནར་ཏེ་གནས་ཡོད་པ་དང་། རང་དབང་མེད་པའི་ནད་པ་སྡུག་བསྔལ་ཅན་གཉིས་དང་འདྲ་བ་ཡིན་པས། ཆང་བཟི་མ་འཁྲུལ་ཏེ་རྒྱག་རེས་བྱས་པ་ལྟ་བུ་ཡིན། མ་འཁྲུལ་བ་ཞིག་གིས་བལྟས་ན་འཁྲུལ་བའི་གཞན་དབང་ཅན་ཐམས་ཅད་སྨྱོན་པ་ཡིན་ཡང་། སྨྱོན་པ་དང་སྨྱོན་པ་ཐུག་དུས་བདེ་ཐབས་འགྲིག་ཐབས་སྐྱིད་ཐབས་ཤིག་ཡོད་པ་མ་ཡིན། དུག་སྦྲུལ་ཁོ་རང་གི་རང་བཞིན་གདུག་རྩུབ་ཅན་ཡིན་དུས་དར་འཇམ་པོ་ཞིག་གིས་ལྗིབས་ཀྱང་ཕན་ཐོགས་ཡོད་པ་མ་ཡིན། བྱིས་པ་སོ་སོའི་སྐྱེ་བོའི་གྲོགས་རང་གཞན་ཚང་མ་དེ་ཡིན་པས། དུག་སྦྲུལ་སྤྲོ་ལངས་སོང་ཟེར་ནས་ཁྱོད་དེའི་ལན་དུ་སྤྲོ་ལངས་པ་དང་། དུག་སྦྲུལ་གྱིས་ཕྲག་དོག་བྱས་བྱུང་ཟེར་ནས་དེའི་ལན་དུ་གནོད་སེམས་བྱེད་རྒྱུ་ཡོད་པ་མ་ཡིན་ཏེ། ཁོ་རང་གི་རང་གཤིས་དེ་ཡིན་པས་སོ། །དེའི་སྟེང་ཟས་ནོར་མཐུན་གྲོགས་འདི་ནི་སྐྱོན་མེད་ཅིག་ཡིན་བསམ་རྒྱུ་རེ་གནས་སྐབས་ཡོད་ན་ཡང་། འདི་དག་ལ་རྟག་བརྟན་མེད་པ་རྨི་ལམ་ནང་གི་ཁང་ཁྱིམ་དང་། མི་བདེན་སྒྱུ་མའི་སྤྲུལ་བ་ལྟར་མི་རྟག་སྟེ་ཅུང་ཟད་བཟང་གྲས་འདྲ་ཞིག་ཡོད་ཀྱང་ཤོར་ཐལ་ཟེར་རྒྱུ་ཅན་ཡིན་ནི་རེད། དེས་ན་འཁོར་བའི་གནས་སུ་མར་འཐེན་བྱེད་ཀྱི་གྲོགས་དེ་དག་ཐམས་ཅད་ལ་ཆགས་པ་དང་ཞེན་པ་སྤུ་ཙམ་ཡང་བྱེད་མི་རུང་བའི་དོན་ཏོ། །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཅེས་གསུངས་ཏེ། འདིའི་སྐབས་ཀྱི་བདེན་པར་མ་གྲུབ་ཤེས་པར་ཤོག་ཅེས་པ་འདི། རྟོག་པས་བཏགས་ནས་བཞག་པ་ཙམ་ཞིག་མ་གཏོགས་དོན་ལ་རང་བཞིན་གྱིས་གྲུབ་པ་མེད་ཅེས་པའི་གོ་བ་མ་རེད། དེ་འདིའི་སྐབས་ཐོབ་ཀྱི་བཤད་བྱ་མ་ཡིན། འདི་ནས་ཇི་ལྟ་བུ་ཞིག་ལ་གསུངས་པ་ཡིན་ཞེ་ན། དཔེར་ན་མི་དེའི་བཤད་པའི་གཏམ་དེ་བདེན་ནི་མ་རེད་ཅེས་པ་ལྟར་ཕུགས་མི་ཐུབ་པ་ཞིག་ལ་གོ་བ་ཡིན། དེ་ལྟར་དུ་ཚེ་འདིའི་ས་ཆ་ཡུལ་རིས་གནས་མལ་ནོར་རྫས་ཅི་འདྲ་ཞིག་ཡོད་ཀྱང་ཤི་དུས་རྗེས་སུ་མི་འབྲང་བའི་ཕྱིར་ན་དེ་རྣམས་ཀྱིས་མཐའ་ཐུབ་པ་མ་ཡིན་ཅེས་པའི་དོན་ཡིན། ས་ཆ་ཡུལ་རིས་ལ་ཞེན་ཆགས་བྱས་ན་ཡང་འཆང་བྱེད་ཀྱི་ཐག་པ་གཅིག་སྟེ། གང་ལ་ཆགས་ན་ཡང་འཁོར་བའི་གནས་ལ་ཕྱིར་ཁྲིད་བྱེད་ཡིན་ཞིང་། ས་ཆ་གང་ཡིན་ཡང་མི་རབས་རེ་ལ་བདག་པོ་རེ་འབུད་པས་ང་མ་གཏོགས་བདག་པོ་མེད་བསམ་ཁུལ་བྱེད་ཀྱང་། མི་རྟག་འཆི་བའི་རང་ལམ་ལ་སྙེགས་པའི་ཚེ། ས་ཆ་དང་ཁང་ཁྱིམ་དེད་ཅིང་ཁུར་ནས་འགྲོ་ས་མི་ལོན་པས་ཤུལ་དུ་སྐྱུར་རྒྱུ་རེད། ས་ཆ་སྐྱིད་པོ་སྔོ་སྤང་ལྗོངས་ནགས་ཚལ་ནེའུ་གསིང་ཡོད་ས་ཡང་མཚམས་མཚམས་ལ་བྱེ་ཐང་དུ་གྱུར་ཏེ། ཡ་ང་བ་འདྲེ་ཕུར་བས་བཏགས་ཀྱང་མི་གཟུང་སར་འགྲོ་རྒྱུ་ཡོད་ཅིང་། མཁར་ཁང་པ་རྒྱ་གྲོང་འདུ་འཛི་ཆེ་ས་དེ་ཚོ་མཚམས་རེ་ཐང་སྟོང་དུ་ལུས་རྒྱུ་ལ་སོགས་པ་འདྲ་མི་འདྲའི་འགྱུར་ལྡོག་ཅན་ཞིག་ཡིན་པས། ས་ཆ་ཡུལ་རིས་ཁང་ཁྱིམ་ཁོ་རང་ལ་རྟག་བརྟན་ཡོད་པ་ཞིག་མ་ཡིན་ཞིང་། དེ་བདག་འཛིན་བྱེད་པའི་མི་ལ་རྟག་འཛིན་བྱེད་རྒྱུ་དེ་བས་ཀྱང་མེད། ཞེ་ཆགས་ན་དེ་ཚོས་ཕན་མི་ཐོགས་པའི་སྟེང་དུ་གནོད་ཆེན་པོ་སྐྱེལ་བ་ཡིན། ས་ཆ་ལ་ཞེན་ཆགས་ཆེ་བ་རྣམས་ས་དེའི་འབུ་སྲིན་དང་ཨ་བྲ་ཡི་ལུས་ལེན་རྒྱུ་ཡོད་པས་ཁང་ཁྱིམ་ལ་ཆགས་ན་དེ་ལ་འཁྲི་བའི་སྲོག་ཆགས་ཙི་གུ་ལ་སོགས་པའི་ལུས་མི་ལེན་ཟེར་ཅི་ཤེས། རྨི་ལམ་གྱི་ནང་ནས་མཁར་ཁང་པ་དགུ་བརྩེགས་གྱི་ནང་ན་ཡོད་པར་མ་ཟད་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་བྱེད་ཀྱིན་ཡོད་པ་རྨིས་ཀྱང་། རྨི་ལམ་ནང་གི་ལོངས་སྤྱོད་ཀྱིས་དེ་རིང་བེད་མི་ཆོད་པར་ལྟར། ད་ལྟའི་ཁང་ཁྱིམ་ནོར་རྫས་ཀྱི་ཕྱི་མ་ལ་བེད་མི་ཆོད་དོ། །སྟབས་མ་ལེགས་ན་ཚེ་འདི་ལ་བེད་མི་ཆོད་པར་མ་ཟད་གནོད་བསྐྱལ་ཏེ། མི་ལ་རས་པའི་ཨ་ཁུས་སྟོན་མོ་བྱས་པ་ལྟར་ཁང་པ་བརྡིབས་ནས་སྲོག་གི་གཤེད་མ་སོང་བ་ཡང་མང་ངོ། །མདོར་ན་འཇིག་རྟེན་འདི་སྣང་གི་འདོད་ཡོན་བདེན་པར་མ་གྲུབ་པའི་རང་གཤིས་ཇི་བཞིན་དུ་མཐོང་བར་ཤོག་ཅིག་ཅེས་གསུངས། ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཅེས་གསུངས་ཏེ། ཐར་དཀའ་བའི་ཕྱིར་ཐར་མེད་ཅེས་གསུངས་ཏེ། ཐར་དཀའ་ཚུལ་ལ་བསམ་ན་ཐོག་མེད་ནས་ད་ལྟའི་བར་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ཆུ་བསྐྱལ་ཏེ་མཚོ་འགྲམ་གྱི་སྐམ་སར་གཏན་ནས་ཐོན་མ་མྱོང་བ་འདི་ལ་འདེང་བརྒྱབ་ན་ཐར་མེད་ཡིན་པ་རང་གིས་ཤེས་མོད་ཀྱང་། ཐར་མེད་པས་ཡང་དབང་མེད་དུ་ལས་ཤིག་གིས་རྗེས་ནས་དེད་དེ་འཁོར་ཆས་རེད། ད་ནི་ད་རེས་གཉིད་སད་པ་ལྟར་འཁྲུལ་བ་ཡིན་པར་ངོ་ཤེས། འཁྲུལ་སྣང་ལས་སད་རྒྱུ་ཡོད་པ་ཧ་གོ འཁོར་བའི་བཙོན་ཁང་གི་ནང་ནས་བྲོས་རྒྱུའི་ཐབས་རྙེད་པའི་སྐབས་འདིར་མ་བྲོས་ན་ཕྱིན་ཆད་འདི་འདྲའི་ལམ་རྙེད་དཀའ་བ་ཡིན་པས། ཕྱིར་འཁོར་བ་ལ་ཆགས་ཞེན་མི་བྱེད་པར་ཕྱིར་ལྟས་མེད་པར་འབྲོས་ན་བྲོས་ཐུབ་པར་ཤོག བྲོས་ནས་ཐར་པར་ཤོག་ཅེས་གསུངས་པའོ། །སྤྱིར་འཁོར་བའི་གནས་ལས་ཐར་བའི་ཐར་བ་མཆོག་ཏུ་གྱུར་པ་ཤེས་བྱ་ཐམས་ཅད་ཀྱི་ནང་ན་མི་མཉམ་ཞིང་མཚུངས་པ་མེད་པའི་ཡོན་ཏན་དང་ལྡན་པ་དེ་གང་ཡིན་ཞེ་ན། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ཐོབ་དགོས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པ་ཞིག་སྤྱད་དགོས། དེ་དགོས་ན་སེམས་ཅན་ལས་དང་ཉོན་མོངས་དྲག་པོས་ཟིལ་གྱིས་མནན་པ་ཞིག་ལ། ཤེས་རབ་ལ་སོགས་པ་ཕུལ་དུ་བྱུང་བ་དང་མི་ལྡན་པས་ཟབ་དང་རྒྱ་ཆེའི་ཆོས་ཉམས་འོག་ཏུ་ཚུད་ཐབས་ཤིག་མེད། དེ་མེད་པས་ཐར་པའི་སྐམ་སར་ཐོན་པའི་ཉི་མ་ཞིག་དེ་སྔོན་ཡང་ཡོད་མ་མྱོང་ལ། ད་དུང་ཡང་མེད་པའི་རྒྱུ་མཚན་དེ་ལ་གཟིགས་ཏེ། མགོན་པོ་འོད་དཔག་མེད་སློབ་ལམ་གྱི་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཡིན་པའི་སྐབས་སུ། མཐའ་ཡས་པའི་སེམས་ཅན་མ་རིག་པས་བསྒྲིབས་ཏེ་ཐར་ལམ་བཙལ་མི་ཤེས། བརྩོན་འགྲུས་ཀྱིས་མཐར་མི་ཕྱིན། དཀའ་སྤྱད་ཀྱིས་ལ་མི་ཕོག་པ་རྣམས་ཀྱི་དོན་དུ། ས་མ་ཐོབ་པའི་སེམས་ཅན་ཕལ་བ་དག་ཀྱང་དག་པའི་ཞིང་ཁམས་སུ་དྲང་ཐུབ་པའི་ཚོགས་བསགས་རླབས་ཆེན་ཞིག་མ་འགྲུབ་ཀྱི་བར་དུ་ཁོང་འཚང་མི་རྒྱ་བར་ཤོག་གསུངས་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་ཁམས་ཀྱི་རྒྱན་དང་བཀོད་པ་ཐམས་ཅད་རྫོགས་པའི་ཞིང་ཁམས་ཤིག་བཟུང་པའི་སྟོབས་དེ་ཡོངས་སུ་མ་རྫོགས་ཀྱི་བར་དུ། བསྐལ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་མང་པོའི་གྲངས་སུ་རྫོགས་སྨིན་སྦྱོང་གསུམ་ཁྱད་དུ་འཕགས་པར་མཛད་པས། དེའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་གྲུབ་སྟེ། རང་རེའི་བསྐལ་ཆེན་བཅུ་བདེ་བ་ཅན་རང་གི་ཞག་བཅུ་ཡིན། དེས་ན་རང་རེས་རང་གར་རང་འདོད་ཀྱིས་སྨོན་ལམ་བཏབ་ན་ཨེ་འགྲུབ་མི་ཤེས་མོད། འོན་ཀྱང་སྐབས་འདིར་དེ་དང་མི་འདྲ་བར། འོད་དཔག་མེད་པའི་ཐུགས་བསྐྱེད་སྨོན་ལམ་དང་རང་ཉིད་ཀྱི་དད་འདུན་གཉིས་ཀ་ཐོ་ཐུག་ཀྱང་འཁོར་བའི་གནས་ནས་བྲོས་ན་ཐར་མིན་མི་ཤེས། ཤེས་ནི་མ་རེད་ཟེར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། གཙོ་བོ་རང་ཉིད་ལ་ཞེན་ཆགས་ཡོད་མི་རུང་། དེ་སྔོན་ཞེན་ཆགས་ཀྱི་དབང་གིས་འདམ་གྱིས་རྫས་འཛིན། རྩྭ་ཡིས་མེ་འཛིན། རྙི་ཡིས་བྱ་བཟུང་བ་ལྟར་བཟུང་སོང་བས་རེད། དེས་ན་འཁོར་བར་བཅོས་མིན་གྱི་ངེས་འབྱུང་ཡོད་ཅིང་དད་པའི་ཤུགས་དྲག་ན་སྨོན་ལམ་འགྲུབ་པར་ཐེ་ཚོམ་དགོས་པ་མ་རེད། སྤྱིར་སྨོན་ལམ་འགྲུབ་བྱེད་ཀྱི་རྒྱུ་ཚོགས་བསགས་ཡིན་ཏེ། རང་རེས་དཔེ་ཞིག་བཞག་ན། རླངས་འཁོར་ཞིག་བསྐོར་ནས་ཡུལ་ག་ཤེད་ལ་འགྲོ་དགོས་ན། དང་པོ་སྐོར་རྒྱུ་རླངས་འཁོར་ཡིན་པས་རླངས་འཁོར་ཡོད་དགོས་ལ། རླངས་འཁོར་ཡོད་པ་གཅིག་པུས་མི་ཕན། རླངས་འཁོར་མེ་ཤུགས་ལ་བརྟེན་ཏེ་འགྲོ་དགོས་པས་མེ་འབར་བྱེད་ཀྱི་སྣུམ་ཡོད་དགོས། རླངས་འཁོར་སྣུམ་གཉིས་ཀས་ཀྱང་མི་ཕན། ད་དུང་ཁ་ལོ་པ་ཡོད་དགོས་པ་ལྟར། སྤྲུལ་པའི་སངས་རྒྱས་འོད་དཔག་མེད་འཁོར་ཞིང་ཁམས་དང་བཅས་པ་ཡིད་ལ་བྱེད་དགོས། བསམ་བྱ་དམིགས་པ་གཏད་ས་འདི་གཅིག་པུ་ཡིན་བསམ་རྒྱུ་གསལ་ལྷང་ངེར་ཡིད་ངོར་ནམ་ཉིན་མཚན་གཉིས་ཀར་སེམས་ནས་མི་འབྲལ་རྒྱུ་ཞིག་ཡོད་དགོས་པ་རེད་མ་གཏོགས། ཡིད་ཡུལ་དུ་ཡོད་མ་མྱོང་བ་ཞིག་ཤི་རན་ཁར་ཤར་ཡོང་རྒྱུ་ཡོད་དཀའ་བ་ཡིན། རྟེན་ཚོགས་ཞིང་གསལ་བཏབ་སྟེ་བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པ་ཡིད་ངོར་ཤར་བ་དེ། རླངས་འཁོར་རང་ལ་ཡོད་པ་ལྟ་བུ་ཡིན། དེ་བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་བཀོད་བསྐལ་བ་བྱེ་བ་གཅིག་ལ་ཐོས་བསམ་མཛད་པ་ལྟ་བུ་རེད། དེའི་སྟེང་དུ་རླངས་འཁོར་འགྲོ་བྱེད་ཀྱི་སྣུམ་ཡོད་དགོས་ཤིང་སྣུམ་རང་གིས་ལོན་དགོས་པ་ལྟ་བུ་ནི་རྒྱུ་ཚོགས་བསགས་སྒྲིབ་སྦྱོང་ཡིན་ཞིང་། རང་རེས་ཚོགས་བསགས་ཀྱི་སྒོ་ཐམས་ཅད་ཡན་ལག་བདུན་དུ་བསྡུས་ཏེ་བཤད་པ་རེད། འདི་མདོ་སྡོང་པོ་བཀོད་པའི་དགོངས་པ་ཡིན་པ་རེད། ཚོགས་བསག་གི་རིགས་ཐམས་ཅད་ཀྱིས་ཚོགས་བསག་དགོས་ཤིང་། དེ་ལ་ཚད་ཀྱིས་བཅད་དེ་དེ་མིན་མི་དགོས་པའི་དོན་མ་རེད། དགེ་སློང་ཆོས་ཀྱི་འབྱུང་གནས་རང་དོན་དུ་སངས་མ་རྒྱས་ཏེ། བསྐལ་ཆེན་མང་པོར་གཞན་དོན་གྱི་ཆེད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དབུ་དང་ཡན་ལག་གི་སྦྱིན་པ་གཏོང་རྒྱུ་ལ་སོགས་པ་བྱ་དཀའ་བ་མང་པོ་བྱས་པ་ལྟར་རེད། རླངས་འཁོར་ཡོད་སྣུམ་ཡོད་པས་མི་ཕན། ཁ་ལོ་པ་ཡོད་དགོས། ཁ་ལོ་པས་མ་བསྐོར་ན་རླངས་འཁོར་མི་འགྲོ་བ་ལྟར། གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། སེམས་བསྐྱེད་རྣམ་པར་དག་པ་ཞིག་ཡོད་ན་ཁ་ལོ་པ་ལག་རྩལ་ཕུལ་བྱུང་ཅན་ཞིག་ཡོད་པ་ལྟར་འགྲོ་དགོས་ས་དེར་བདེ་བླག་གི་ངང་ནས་ཐོན་ཐུབ་པ་རེད། བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་ནས་ཐུགས་བསྐྱེད་དེ་རླབས་ཆེན་གྱི་ཐུགས་བསྐྱེད་སྐད་ཅིག་ཀྱང་ཉམས་པར་མ་གྱུར་པ་རེད། རང་རེས་ཀྱང་དེའི་ཚུལ་བྱས་ནས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བདེ་བ་ཅན་ལ་སྐྱེ་བ་དང་། མགོན་པོ་འོད་དཔག་མེད་ཚེ་འདི་ལ་མཇལ་བའི་བསོད་ནམས་ཀྱི་སྟོབས་ཡོད་པ་ཞིག་བྱེད་དགོས། དེ་ལྟར་བྱས་ན་རླངས་འཁོར། སྣུམ། ཁ་ལོ་པ་ཐམས་ཅད་རང་ལག་ཏུ་ཡོད་པ་ལྟ་བུའི་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་གསུམ་པོ་ཚོགས་སོང་བ་རེད། ཆ་རྐྱེན་གསུམ་འཛོམས་སོང་བ་ཡིན་ཡང་དམིགས་ཡུལ་ངོ་མ་འགྲོ་དགོས་སའི་ས་དེ་ལ་ཐོན་པ་ལ། ཁ་ལོ་པས་རླངས་འཁོར་གྱི་འཕྲུལ་ཆ་བསྒུལ་ཏེ་དེའི་ཕྱོགས་སུ་འཁོར་ནས་སྐོར་དགོས་པ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཀྱི་འབྱུང་གནས་ཀྱིས་ཞིང་ཁམས་དེ་བཟུང་ནས་དེའི་མཚན་ཙམ་ཐོས་པའི་སེམས་ཅན་ཆོས་སྤོང་མཚམས་མེད་བྱས་པ་མ་གཏོགས་ཞིང་ཁམས་དེ་ལ་སྐྱེ་བར་ཤོགདེ་མ་འགྲུབ་བར་དུ་འཚང་མི་རྒྱ་བར་ཤོག་གསུངས་ནས་སྨོན་ལམ་བཏབ་ཅིང་དེ་འགྲུབ་ཡོད་པ་རེད། རང་རེས་རྒྱུ་ཚོགས་སྔོན་མ་གསུམ་པོ་ཚང་བའི་མཇུག་ཏུ་སྨོན་ལམ་རྒྱག་དགོས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་མ་འབྲལ་བའི་ཐོག་ནས་ཚོགས་ཞིང་ཡིད་ལ་བྱས་ཏེ་ཚོགས་བསགས་བྱས་པ་དེ་ཉིད། འགྲོ་བ་སེམས་ཅན་ཐམས་ཅད་ངན་སོང་གི་གནས་ནས་དྲང་པའི་ཆེད་དང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་འགྱུར་བའི་སྨོན་ལམ་རྒྱག་དགོས། སྨོན་ལམ་གང་ལ་བརྒྱབ་ན་དེ་ན་སྨིན་པ་རེད། རླངས་འཁོར་ཁ་ལོ་པས་རླངས་འཁོར་ཁ་ཡར་ལ་བསྐོར་ནས་སོང་ན་ཡ་གའི་ན་ཐོན་འགྲོ་བ་དང་། མར་ལ་བསྐོར་ནས་སོང་ན་མ་གི་ན་ཐོན་འགྲོ་བ་རེད། རླངས་འཁོར་འགྲོ་བྱེད་ལ་སྣུམ་དགོས་པ་ལྟར། སྨོན་ལམ་འགྲུབ་བྱེད་ལ་བསོད་ནམས་དགོས། རང་གར་སྨོན་ལམ་བཏབ་པས་འགྲུབ་ནི་མ་རེད། རྒད་མོ་ངན་པ་འགའ་རེས་མཐུ་བྱས་པ་དང་འདྲ་བར། རྒད་མོ་མིན་ཡང་རྒད་པོ་འགའ་རེ་འང་མཐུ་མནའ་སྐུག་ཁ་ལ་བབ་སོང་བ་ཡོད་པ་རེད། རོང་པ་རྣམས་ཀྱིས་ཁྱོད་མགོ་ཐུར་ལ་སྒོར་འགྲོ་བར་ཤོག འབྲོག་པ་རྣམས་ཀྱིས་དམྱལ་བར་སྐྱེ་རྒྱུ་ཟེར་ཡང་། ཁྱོས་སྒོར་ཟེར་བས་དེ་སྒོར་ཨེ་འགྲོ་ཤེས་ནི་མ་རེད། ཁྱོད་མ་དགའ་ཙམ་གྱིས་དེ་དམྱལ་བར་སྐྱེ་ཨེ་འགྲོ་མི་ཤེས་ཀྱང་། ཁྱོད་རང་གི་བསོད་ནམས་མར་ལ་ངན་སེམས་འཆང་བའི་དབང་གིས་བྲི་འགྲོ་ངེས་པར་ཡིན་པ་རེད། དེས་ན་སྨོན་ལམ་གྱི་མཚམས་སྦྱོར་ཡག་པོ་མ་བྱས་ན་ཕྱིན་ཅི་ལོག་ཏུ་འགྱུར་པ་ཡིན། འདྲེ་ངན་གདུག་པ་ཅན་འགའ་རེས་ཚོགས་ཆེན་པོ་བསགས། བསྐྱེད་རིམ་གྱི་ལམ་བསྒོམས། སྔགས་བསྙེན་པ་མང་པོ་བཟླས་ཀྱང་། རྫོགས་རིམ་སྟོང་ཉིད་སྙིང་རྗེས་རྩིས་མ་ཟིན་ཏེ་ཤི་ཁར་སྨོན་ལམ་ལོག་འདེབས་བྱས་ནས་འདྲེ་ངན་སྟོབས་ཤུགས་ཅན་རེད་སོང་རབས་བཤད་རྒྱུ་ཡོད། དེས་ན་རྒྱུ་ཚོགས་བསགས་ཡོད་ན་སྨོན་ལམ་དེ་ལྟར་སྟོབས་ཆེ་བ་ཡིན་ཞིང་། རང་རེ་འཇིག་རྟེན་པའི་དུས་རྒྱུན་གྱི་ཁ་སྐད་ལ། ཕ་མ་བཟང་པོ་དང་གྲོགས་བཟང་པོས་སྨོན་ལམ་འགྲུབ་ཟེར་བ་ཡང་། ཕ་མ་དང་གྲོགས་བཟང་པོས་རང་ལས་ཀྱང་གཅེས་པའི་བསམ་པ་དཀར་པོ་ལྷད་མེད་རྣམ་དག་ཅིག་འཚག་པ་ཡིན་ལ། དེའི་བདེན་པའི་སྟོབས་དེ་ཡིས་དེའི་ཚོད་ཀྱི་ནུས་པ་ཐོན་པ་རེད། དེ་ཚོ་རྒྱུ་མཚན་ཡོད་པའི་སྐད་ཆ་ཡིན་ནི་རེད། མདོར་ན་སྨོན་ལམ་འགྲུབ་པའི་རྒྱུ་དེ་ཚོགས་བསག་ཡིན་པས་རང་རེའི་སྤྱིར་ཡན་ལག་བདུན་པ་དང་འབྲེལ་བའི་ཚོགས་བསགས་སྒྲིབ་སྦྱོང་དགོས་ལ། ད་དུང་ཚོགས་བསག་པའི་སྒོ་ཁྱད་པར་ཅན་དད་པ་ཡིན་ཞིང་། དད་པའི་སྒོ་ནས་འདུན་ཞིང་སྨོན་པ་དེ་ལ་སྨོན་ལམ་ཟེར་བས། དད་པ་ཤུགས་དྲག་པོ་དང་ལྡན་ན་གཞན་ལ་རག་མ་ལས་པར་ཚོགས་རྒྱ་ཆེན་པོ་ཞིག་བསགས་འགྲོ་བ་ཡིན། དད་པ་ཡོད་ལ་མེད་དང་། རྒྱུ་མཚན་ཤེས་ལ་མི་ཤེས་ཀྱི་ཐོག་ནས་ལྟར་སྣང་གི་ཕྱག་མཆོད་པ་ཅི་འདྲའི་མང་པོ་ཞིག་བྱེད་པ་བས་དད་པ་སྐད་ཅིག་མ་གཅིག་ཞོག་ན་སྟོབས་ཆེ་བ་ཡིན། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས། དོན་དམ་པ་ནི་དད་པས་རྟོགས་པར་བྱའོ་ཞེས་གསུངས་པས། དད་པ་བརྒྱུད་དེ་རྟོགས་དགོས། སངས་རྒྱས་ཀྱི་ཐུགས་རྗེ་སེམས་ཅན་གྱི་རྒྱུད་དུ་འདྲེན་བྱེད་དང་། བླ་མའི་བྱིན་རླབས་སློབ་མར་འཕོ་བྱེད་དད་པ་དང་མོས་གུས་ཡིན། ལར་མ་གཞི་འོད་དཔག་མེད་དང་བདེ་བ་ཅན་གྱི་མཚན་ཐོས་པ་དེ་ཡང་རྒྱུ་ཚོགས་བསགས་སྔོན་ལ་སོང་བའི་འབྲས་བུ་ཡིན་པས། ང་བསོད་ཟད་རེད་མ་བསམ་དང་བསོད་ནམས་ཆེ་བས་ཆོས་དང་འཕྲད་པ་དང་། བསོད་ནམས་ཆེ་བས་བདེ་བ་ཅན་ལ་སང་འགྲོ་གནང་འགྲོ། འཁོར་བའི་སྡུག་བསྔལ་མི་མྱོང་བའི་གྲ་སྒྲིག་པར་མ་ཟད། མཐའ་ཡས་སེམས་ཅན་གྱི་འདྲེན་སྟོན་ཞིག་ཏུ་འགྱུར་བའི་མཐུན་རྐྱེན་བསྒྲུབས་ཏེ་ལམ་གདམ་བཞིན་ཡོད་པ་རེད། བསོད་ནམས་ཆེ་བའི་སྟེང་དུ་འདིའི་གོ་སྐབས་འདི་བཟུང་ནས་རང་གཞན་གྱི་དོན་གཉིས་སྒྲུབ་དགོས་བསམ་རྒྱུའི་སྤོབས་པ་ཞན་མི་རུང་། ཐེག་པ་ཆེན་པོའི་རིགས་ཅན་གྱི་མི་ལ་སྤོབས་པ་གནམ་སྔོན་པོ་ལྟ་བུ་ཞིག་ཡོད་དགོས་པ་ཡིན། དང་ནས་དམའ་ལྟས་བྱེད་ཀྱིན་མ་འདུག ལྟ་ས་བྱ་ལམ་གོང་མ་ལ་ལྟོས་དང་། ཐོན་ས་བྱ་ལམ་བར་མའི་མན་ལ་ཨེ་ལྷུང་ཅི་ཤེས། དང་ནས་ས་མིག་མ་གཏོགས་མ་བྱེད་དུས་མིག་གི་སྔུན་ལ་རྒྱང་རིང་གི་མདུན་ལྗོངས་ཤིག་ཤར་ཡོང་རྒྱུ་ཡོད་པ་མ་རེད། སངས་རྒྱས་འོད་དཔག་མེད་འཁོར་ཉེ་བའི་སྲས་བརྒྱད་ཉན་རང་དགྲ་བཅོམ་གྱིས་བསྐོར་བ་ལ་དད་པ་ཟློག་མེད་རྩེ་གཅིག་ཏུ་ཞོག་ལ་གསོལ་བ་སྨོན་ལམ་ཐོབ། འདུན་པ་ཞོར་ལ་དྲོངས་དང་། ཕྱི་མ་བདེ་བ་ཅན་ལ་སྐྱེ་འགྲོ་བའི་སྐྱེ་རྟགས་རང་གིས་རང་ལ་བཤད་ཀྱང་ཆོག་པ་རེད། བསགས་རྒྱུ་ལས་རྒྱུ་མི་དགེ་སྡིག་པའི་རྣམ་གྲངས་འདི་མ་བྱས་བསྙམ་པ་མེད་ཅིང་། ད་དུང་ཆོས་ཀྱི་བྱིན་རླབས་དང་དཀོན་མཆོག་གི་བདེན་མཐུ་ལ་ཡིད་གཉིས་ཐེ་ཚོམ་བྱེད་པ་དང་། ཡང་ཕྱོགས་གཅིག་ནས་སེམས་མི་བདེ་སྟེ་ང་གང་དུ་སྐྱེ་ས་འདུག་ཅེས་སྐྱེ་རྟགས་ཞུས་ཀྱང་མ་ཞུས་ཀྱང་སྐྱེ་ས་གཅིག་ལས་མེད་དེ། ས་བོན་ཅི་བཏབ་ཡོད་ན་འབྲས་བུ་དེ་སྨིན་པས། བླ་རྒན་ཞུ་ས་དེས་ངོ་མ་ཐེགས་ནས་ཡག་པོ་ཞིག་གསུངས་ཀྱང་། དོན་ལ་དེ་མིན་ན་བྱིས་པ་མགོ་གཡོགས་གཡོགས་ཡིན་པས་ཕུགས་ཐུབ་པ་མ་རེད། ལར་བླ་རྒན་ཁོང་རང་ཡང་ཚེ་ཕྱི་མ་ལྟ་ཅི་ལ་ཕར་རྒྱབ། དེར་མ་ཟད་ལག་པའི་ནང་དུ་ཅི་འདུག་ཅེས་དྲིས་ན་མི་ཤེས་མཁན་ཞིག་ཡིན་ན་དེ་བས་ཀྱང་ཡིད་རྟོན་ཅི་ཡོད། གནའ་སྔ་མོ་ཉག་སྐེད་མགོན་པོ་རྣམ་རྒྱལ་གྱིས་བླ་མ་མང་པོར་སྐྱེ་རྟགས་ཞུས་དུས། བླ་རྒན་རྣམས་སྐྲག་སྟེ་ཁྱོད་དག་ཞིང་ལ་སྐྱེ་འགྲོ་ས་འདུག་ཤ་སྟག་སྨྲས་ཀྱང་། ཁོ་རང་གི་ཞེ་ལ་མི་བླུན་པོ་ཡིན་ཀྱང་ཕྱི་མར་ལེགས་པོ་ཞིག་ཡོང་རྒྱུ་མེད་བསྙམ་སྟེ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཞུས་པས་ཁྱོད་ཤི་དུས་དམྱལ་བ་རྡོ་རྗེ་གདན་ལ་སྐྱེ་འགྲོ་སར་འདུག་ཅེས་གསུངས། བླ་མ་ཟེར་ན་བླ་མ་ཁྱོད་རེད་ཅེས་སྨྲས་པ་ལྟར། སྤྱིར་སྔོན་ལས་ཟློག་མེད་ཡིན་པས་ལས་བསགས་པ་བྱེད་པོ་རང་ཉིད་ཀྱིས་མྱོང་དགོས་ཀྱང་། སྒྱུར་བཀོད་གཏོང་རྒྱུ་མེད་པ་ཞིག་མ་ཡིན། གནམ་ལས་གཉིས་ཀས་བསྐོས་ཐང་རེད་ཅེས་བལྟས་མ་འདུག་དང་། ལས་འདུས་བྱས་རེད་དང་པོ་ལས་ཡོང་བ་རེད། སྡིག་པ་བཤགས་ནས་མེད་པར་གྱིས་ཤིག བསོད་ནམས་མེད་ན་གསོག་ནས་ཡོད་པར་གྱིས་ཤིག ཚོགས་བསག་སྒྲིབ་སྦྱོང་གི་བྱེད་ཐབས་བྱ་བ་གཅིག་གིས་ཆོག་པ་དེ་གང་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་ཡིན་ནི་རེད། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ལ་སྙིང་རྗེ་ཡོད་དགོས། དེ་ཡང་བསམ་པ་བཟང་པོ་ལ་རག་ལས་པ་ཡིན་པས། འཁོར་བ་སྡུག་བསྔལ་ཡིན་པར་ཤེས། དེ་ལས་ཐར་འདོད་ཀྱི་བསམ་པ་ཅན་གྱི་ངེས་འབྱུང་སྐྱེས། འཁོར་བའི་སེམས་ཅན་སྡུག་བསྔལ་ཅན་ལ་སྙིང་རྗེ། དེ་ཐམས་ཅད་ཐར་ལམ་ལ་འགོད་པའི་སེམས་བསྐྱེད་ཀྱིས་ཟིན་ན་ཅི་བྱས་བྱང་ཆུབ་ཀྱི་ལམ་ལ་འགྲོ། ཚོགས་བསག་ཐབས་སྒྲིབ་པ་སྦྱོང་ཐབས་དེའི་ཕན་ལ་མི་དགོས། མདོར་ན་གང་ནས་བཤད་ཀྱང་མདོར་བསྡུས་ཏེ་ཚིག་སྣ་ཐུག་ས་རྒྱུ་འབྲས་ཡིད་ཆེས་ཀྱི་འཇིག་རྟེན་ཡང་དག་གི་ལྟ་བ་དང་། སེམས་ཅན་ལ་སྙིང་རྗེ་དཀོན་མཆོག་ལ་དད་པ། སངས་རྒྱས་འོད་དཔག་མེད་ལ་དད་པ་བྱོས་དང་དེའི་ནང་དུ་ཕལ་ཆེར་འདུས་ཡོད་པ་རེད། མདོར་ན་ལམ་ཟབ་མོའི་ཉམས་ལེན་མི་ཤེས་པས། ཀུན་ཏུ་བཟང་པོའི་སྤྱོད་པ་ཐམས་ཅད་བདེ་བླག་ཏུ་དཀའ་བ་མེད་པར་རྫོགས་པའི་ཐབས་མཆོག་ཏུ་གྱུར་བ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས་པ་འདི་ཡིན། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བ་ལ་སངས་རྒྱས་ཀྱི་སྨོན་ལམ་དང་། ཡེ་ཤེས་ཀྱི་སྟོབས་ཀྱིས་དད་འདུན་ཙམ་ཞིག་གིས་ཆོག་པ་ཡིན། ཞིང་ཁམས་དེ་ལ་སྐྱེས་ནས་ཡོན་ཏན་ཕུལ་དུ་བྱུང་བ་མང་པོ་འབད་པ་མེད་པར་ཐོབ་སྟེ། ལམ་དེ་ལས་ཕྱིར་ཉམས་མི་སྲིད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་ཏེ། བཟང་སྤྱོད་སྨོན་ལམ་ལས། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །ཅེས་གསུངས་པ་ཡིན་པས། ཚུལ་འདི་སྒྲུབ་སླ་ལ་འགྲུབ་སླ་མོ་ཞིག་ཀྱང་ཡིན་ནོ། །འདི་ལ་ལག་ལེན་གྱི་གདམས་ངག་ཅི་ཞིག་ཡོད་ཅེ་ན། འདིའི་ཉམས་ལེན་གྱི་རྩལ་སྦྱོང་བྱེད་དུས་ཉིན་དང་མཚན་གྱི་ཉམས་ལེན་གཉིས་བྱེད་དགོས་པ་ཤེས་དགོས། ཉིན་དཀར་རྟེན་དང་བརྟེན་པའི་ཚོགས་ཞིང་ཡིད་ལ་བྱས། དེ་ལ་དགའ་ཞིང་དང་བ་དང་བའི་དད་པ་དང་། དེར་སྐྱེ་ན་སྙམ་པ་འདོད་པའི་དད་པ། རྒྱལ་བའི་རྣམ་འཕྲུལ་ཟབ་མོ་ལ་ཡིད་ཆེས་པ་ཡིད་ཆེས་ཀྱི་དད་པ་སྟེ་དད་པ་གསུམ་པོ་དང་མི་འབྲལ་བའི་ཐོག་ནས། བསགས་སྦྱོང་སྤེལ་གསུམ་གྱི་སྟེང་དུ་གནད་འདུས་པའི་ཡན་ལག་བདུན་པ་ལ་སོགས་པ་དགེ་བའི་ཚོགས་ཅི་ནུས་བསག འོད་དཔག་མེད་པའི་མཚན་ནས་བརྗོད། གཟུངས་སྔགས་བཟླ། ཐུགས་དམ་བསྐུལ། གསོལ་བ་གདབ། བསྔོ་བ་དང་སྨོན་ལམ་སོགས་ལ་བརྩོན་དགོས། དགོང་མོར་ཉལ་དུས་མགོན་པོ་འོད་དཔག་མེད་ལ་ཕྱག་གསུམ་ཡན་ཆད་འཚལ་ཏེ། རང་ཉིད་ཞིང་ཁམས་དེ་ན་ཡོད་པ་དང་། དེ་བཞིན་གཤེགས་པ་འཁོར་བཅས་ཀྱི་ཞལ་མཇལ་བཞིན་ཡོད་པའི་འདུན་པ་ཤུགས་དྲག་པོ་མ་ཉམས་པའི་ཐོག་ནས་ཉལ། བཀའ་གཏེར་གསར་རྙིང་གི་མཚན་མོའི་རྣལ་འབྱོར་གྱི་མན་ངག་འདྲ་ཡོད་ན་དེ་ཚོ་དང་བསྟུན། མདོར་ན་ཞིང་ཁམས་བདེ་བ་ཅན་ལ་སྐྱེ་བའི་ཡོན་ཏན་དང་། སྐྱེ་ཐུབ་པའི་གནད་དེ་ཚོ་ཤེས་པར་བྱས་ཏེ། ཉིན་མཚན་ཀུན་དུ་དད་པ་དང་བརྩོན་འགྲུས་རྒྱུན་ཆགས་སུ་བསྐྱེད་དགོས། དེ་ལྟར་བྱས་ན་རབ་ཡིན་ན་ཚེ་འདི་ལ་མགོན་པོ་འོད་དཔག་མེད་ཞལ་མཇལ་ཏེ་དབུགས་དབྱུང་ལུང་བསྟན་ཐོབ། འབྲིང་ཡིན་ན་ཉམས་སྣང་གི་ཚུལ་དུ་བྱིན་རླབས་ཐོབ། ཐ་མ་ཡིན་རུང་རྨི་ལམ་གྱི་ནང་དུ་ཞིང་ཁམས་དང་སྟོན་པ་རྨིས་ཡོང་བ་དེ་འདྲ་ཡིན་ནི་རེད། ཅི་ཡང་མིན་ནའང་བག་ཆགས་དགེ་བའི་ལྟས་བཟང་པོ་རེ་མི་ཡོང་བ་མི་སྲིད། ཡང་རྟགས་འདི་རེད་བསྙམ་པ་ཅི་ཡང་མེད་ནའང་སྐྱོན་མེད་དེ། ཚེ་འདི་ལ་དད་འདུན་གྱིས་གསོལ་བ་སྨོན་ལམ་བཏབ་པ་ལྟ་ཅི། འཆི་ཁར་ད་གཟོད་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་ཐོས་ནས། དེར་དད་པ་བྱས་ཏེ་དེར་སྐྱེ་བར་ཤོག་སྙམ་པའི་འདུན་པ་ཙམ་ཞིག་བྱས་ཀྱང་སྐྱེ་ངེས་པ་ཡིན་པ་རེད། གཅིག་ན་འཆི་ཁའི་སྨོན་ལམ་སྟོབས་དང་ལྡན། གཉིས་ན་དེའི་སྟེང་དུ་སངས་རྒྱས་འདིའི་སྨོན་ལམ་ཁྱད་པར་འཕགས་པས་དྲང་ཐུབ་ནི་རེད། ཡང་བར་དོའི་གནས་སྐབས་ལ་ཐོན་ན་སངས་རྒྱས་འོད་དཔག་མེད་པའི་མཚན་ཞིག་དྲན་ན་དེ་ཙམ་གྱིས་ཀྱང་བདེ་བ་ཅན་ལ་སྐྱེ་བ་རེད། ཅིའི་ཕྱིར་སྙམ་ན། བར་དོའི་གནས་སྐབས་སྒྱུར་སླ་བ་ཆུ་ནང་གི་གྲུ་ལྟ་བུ་གང་ན་འཐེན་ན་འཐེན་བླ་མོ་ཡིན་པས། ཞིང་ཁམས་བདེ་བ་ཅན་ལ་སྐྱེ་བའི་ཆོ་ག་དང་སྨོན་ལམ་འདི་ཚོ་ཉམས་ལེན་བྱས་ན་འཆི་ཁ་དང་བར་དོར་ལྷག་པར་ཕན་ཐོགས་པའི་གནད་ཀྱི་གདམས་པ་ཡིན། རྒྱལ་བ་བདེན་པར་སྨྲ་བའི་བཀའ་ལ་བསླུ་བ་ཡོད་པ་མ་ཡིན་ཏེ། མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པའི་གནས་སྟོངས་ཤིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང་། །ཞེས་གསུངས་པ་ལྟར་ཡིན་པས་དེ་བཞིན་གཤེགས་པའི་གསུངས་ལ་ཡིད་ཆེས་རྙེད་དགོས། དེ་བཞིན་གཤེགས་པའི་གསུང་ལ་ཡིད་ཆེས་ཀྱི་ངེས་པ་ཞིག་གཏིང་ནས་མ་རྙེད་ན་ཆོས་ཉན་བསམ་སྒོམ་སྒྲུབ་གང་བྱས་ཀྱང་གནད་ལ་ཁེལ་བ་ཞིག་མི་ཡོང་ལ་རྒྱལ་བ་དགྱེས་པའི་ལམ་མཆོག་ལའང་ཐོན་ཐུབ་པ་མ་ཡིན། དེས་ན་ངན་སོང་གི་གནས་སུ་སྐྱེ་བ་ལ་སྐྲག་ནི་ཞིག་ཡིན་ན་ངན་སོང་གི་སྒོ་གཅོད་ཐབས་དེ་གང་ཡིན་ཞེ་ན། ལས་རྒྱུ་འབྲས་དང་བདེན་པའི་བཀའ་ལ་ངེས་ཤེས་རྙེད་དེ། ཉིན་མཚན་ཐམས་ཅད་དུ་རང་གི་སྒོ་གསུམ་ལ་བརྟགས་མཁས་པ་ཞིག་བྱེད་པ་དེ་གནད་ཡིན། དེས་ན་ཚེགས་དཀའ་ལས་ཆུང་ཆུང་ཞིག་གིས་བྱང་ཆུབ་སེམས་དཔའི་ཡོན་ཏན་རྒྱ་ཆེན་པོ་རང་རྒྱུད་ལ་འདྲེན་པའི་ཐབས་དམ་པ་བདེ་བ་ཅན་ལ་སྐྱེ་བའི་རྒྱུའི་ཆོ་ག་དང་སྨོན་ལམ་ལ་བརྩོན་དགོས་པ་རེད། དེར་མ་བརྩོན་ན་ནོར་བུ་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་ཞིག་ལག་ལ་ལོན་ཡོད་ཀྱང་དེ་ལ་གསོལ་བ་མ་བཏབ། འདོད་དོན་མ་བསྒྲུབས་པར་ཕྱིར་ལ་འཕང་བཞག་པ་ལྟ་བུ་ཞིག་ཡིན་ནི་རེད། དེ་རིང་གི་ཆོས་མཚམས་ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཟེར་ས་འདི་ནས་འཇོག


previousཉིན་དྲུག་པའི་ཆོས་ཁྲིད། next