Nitartha Digital Library
Tibetan
 
previousཉིན་བདུན་པའི་ཆོས་ཁྲིད། next

ཉིན་བདུན་པའི་ཆོས་ཁྲིད།

མཚམས་སྦྱོར་གྱི་གདམས་ངག

ཇི་སྐད་དུ། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། ཚེ་འདི་ལ་ཚོགས་བསག་སྒྲིབ་སྦྱོང་བ། །རྟ་བཟང་པོར་སྒ་སྲབ་བྱས་པ་འདྲ། །དེ་བསྔོ་སྨོན་སྲབ་ཀྱིས་ཁ་བསྒྱུར་ནས། །རང་གང་འདོད་ཞིང་ཁམས་བགྲོད་པས་ཆོག །ཅེས་གསུངས་པ་ལྟར། ཚེ་འདི་ལ་ཚོགས་བསག་སྒྲིབ་པ་རང་གིས་སྦྱོང་ཐབས་བྱེད་རྒྱུ་འདི་ས་ཐག་རིང་གི་ལམ་ཐག་གཅད་དགོས་ན། རྟ་བཟང་པོར་སྒ་ཆས་གྲ་འགྲིག་ཅན་ཞིག་དགོས་པ་ལྟར། བདེ་བ་ཅན་གྱི་ཞིང་ཁམས་ལ་མིག་བཙུམ་པ་དང་ཐོན་ཡོད་པ་ཞིག་བྱེད་བསམ་ན། ཚེ་འདི་ལ་ཚོགས་བསག་སྒྲིབ་སྦྱོང་བྱེད་དགོས་པར་གསུངས་ཡོད། ཚེ་འདི་ལ་གསུངས་པ་འདིས་ཅི་ཞིག་བསྟན་ཞེ་ན། ཚེ་འདི་ལ་རང་གིས་མ་བསྒྲུབས་ན། རྗེས་སུ་འགའ་ཞིག་གིས་དགེ་བའི་ར་མདའ་བྱེད་ཅེས་པ་ནི། ཚེ་འདིར་རང་གིས་སྒྲུབ་པ་ལྟ་བུ་ཞིག་མི་ཡོང་ཞེས་པའི་དོན་དང་། ད་དུང་དལ་འབྱོར་ཚང་ཞིང་ཆོས་དང་འཕྲད་དེ་རང་ལ་རང་དབང་ཡོད་དུས་མ་བསྒྲུབས་ན་ལུས་འདི་འདྲ་ནམ་ཡིན་ཡང་ཐོབ་མིན་མི་ཤེས། ལོ་ཉུང་ཚེ། གཟུགས་འགོར་ཡོད་ཚེ། ཤེས་པ་གསལ་ཚེ་མ་བསྒྲུབས་ན། ཉིན་ཞིག་ལ་འགྱོད་པ་ཚད་མེད་ཞིག་ཡོང་ཞེས་པ་འདི་ཞོར་ལ་བསྟན་པ་རེད། ཚེ་འདི་ལ་ཚོགས་བསགས་སྒྲིབ་སྦྱང་བྱེད་པ་འདི་རྟ་བཟང་པོ་ཞིག་ལ་སྒ་སྲབ་བྱས་པ་ལྟ་བུ་ཞིག་ཡིན། རྟ་བཟང་པོ་ལ་བང་འགྲོས་ལྡན་ཞིང་། སྒ་སྲབ་ལ་སོགས་པ་ཆས་ཅ་ལག་ཐམས་ཅད་ཚང་ཡང་། མིས་སྲབ་ཀྱིས་ཁ་ལོ་བསྒྱུར་ཏེ་འགྲོ་འདོད་པའི་སར་འགྲོ་དགོས་པ་ལྟར། བསྔོ་བ་དང་སྨོན་ལམ་བཟང་པོས་ཐེབ་ན། གང་འདོད་ཀྱི་ཞིང་ཁམས་སུ་འགྲོ་ཆོག་པ་ཡིན་ཞིང་། ཞིང་ཁམས་གང་དགར་གདམ་པ་ལ་སྤྱིར་སངས་རྒྱས་རྣམས་ཀྱིས་དག་པའི་གཟིགས་སྣང་དང་། མ་དག་འགྲོ་དྲུག་གི་མ་དག་པ་འཁྲུལ་སྣང་གི་དབང་གིས་ཞིང་ལ་དག་མ་དག་གྲངས་མེད་པ་ཡོད་པར་གསུངས་ཀྱང་། གནས་འོག་མིན་ཆོས་དབྱིངས་ཀྱི་ཞིང་ཁམས་དེ་ནམ་མཁའི་གར་ཁྱབ་ཞིང་ཁམས་ཀྱིས་ཁྱབ་པ། ལས་དག་པའི་སྣང་ངོར་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཡི་དམ་གྱི་ལྷ་ཡིན་ཞིང་། འཁོར་བའི་སྡུག་བསྔལ་ཞེས་པའི་མིང་ཙམ་ཡང་མེད་པ། ནམ་མཁས་གར་ཁྱབ་ཀྱི་འཁོར་འདས་ཐམས་ཅད་ལ་རྒྱལ་བའི་སྐུ་གསུང་ཐུགས་ཀྱིས་ཁྱབ་པ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་ཡིན་པ་རེད། རྡུལ་གཅིག་གི་སྟེང་ན་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཇི་སྙེད་ཡོད་པའི་ཁར་གྲངས་རྫོགས་སོང་བ། དེ་རེ་རེའི་སྟེང་ན་དག་པའི་ཞིང་ཁམས་བརྗོད་ལས་འདས་པ་རྡུལ་སྙེད་ཀྱི་གྲངས་དང་མཉམ། དེ་ཐམས་ཅད་ལ་རྒྱལ་བ་སྲས་བཅས་ཀྱིས་ཆོས་འཁོར་སྐོར་གྱིན་ཡོད་པ་དང་། དེ་འདྲའི་ཞིང་ཁམས་མང་པོ་རྣམས་ཀྱང་གཅིག་གིས་གཅིག་ལ་མི་གནོད། དཔེར་ན་སྟོང་གསུམ་ཡུངས་འབྲུ་ཞིག་གི་ནང་དུ་བཙུད་ན་སྟོང་གསུམ་ཇེ་ཆུང་མ་སོང་། ཡུངས་འབྲུ་མ་ཇེ་ཆེར་མ་སོང་བ་དེ་སོ་སོའི་སྐྱེ་བོའི་བསམ་ཡུལ་ལས་འདས་པ་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དང་། །ཞིང་ཁམས་ནམ་མཁས་གར་ཁྱབ་ལ་རྒྱལ་བ་སྲས་བཅས་རྟག་ཏུ་བཞུགས་པ་དེ་ཡང་ཐམས་ཅད་མཁྱེན་པས་གཟིགས་ཚུལ་རེད། དེས་ན་རིགས་དྲུག་སེམས་ཅན་གྱི་སྣང་ངོར་གནས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སོ་སོར་སྣང་གི་ཡོད་པ་རེད། དཔེ་བཞག་ན་ངན་སོང་གསུམ་གྱི་སྡུག་བསྔལ་ལྟ་བུར་མཚོན་ན། རང་རེ་མིའི་འགྲོ་བ་ལ་མིའི་སྣང་བ་ཤར་བ་འདི་འདྲ་བར་རང་རང་ལ་རང་གི་སྣང་བ་ཤར་གྱིན་ཡོད། མདོར་ན་ལས་དག་དང་མ་དག་གི་ཁྱད་པར་གྱིས་བདེ་སྡུག་གི་མཐོང་སྣང་དང་མྱོང་སྣང་འདྲ་མི་འདྲ་རེད་སོང་བ་རེད། ཀརྨ་ཆགས་མེད་ཚང་ཁོང་རང་གིས་གསུངས་ན། དག་པའི་ཞིང་ཁམས་རྣམས་ལས་ཤར་ཕྱོགས་ན་མངོན་དགའི་ཞིང་ཁམས་ཡོད་ཅིང་། གནས་དེ་ན་རྒྱལ་བ་མི་འཁྲུག་པ་བཞུགས། ཤར་བཻཌཱུར་སྣང་བའི་ཞིང་ཁམས་ཞེས་བྱ་བ་ཡོད། བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་དེ་ན་བཞུགས། ལྷོ་ཕྱོགས་དཔལ་ལྡན་གྱི་ཞིང་ཁམས་དང་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་གཉིས་ཀ་ཡོད། དེ་གཉིས་ན་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་བཞུགས། ཞིང་དེ་དག་ནི་དག་པའི་སྣང་ངོར་སྣང་བའི་ས་ཐོབ་ཀྱི་སེམས་དཔའི་སྤྱོད་ཡུལ་ཡིན་པས་ས་དང་པོ་ཐོབ་པ་ཡན་ཆད་མ་གཏོགས་གནས་དེར་མི་སྐྱེ། ལོངས་སྐུའི་ཞིང་ཁམས་སྟུག་པོ་བཀོད་པ་ཡོད་ཀྱང་ས་བརྒྱད་པ་མན་ཆད་དེར་མི་སྐྱེ། ཡང་གནས་དུར་ཁྲོད་མེ་རི་འབར་བ་ལ་སོགས་པའི་ཞིང་ཁམས་ཡོད། གནས་དུར་ཁྲོད་མེ་རི་འབར་བའི་ཞིང་ཁམས་ལ་སོང་ན་བཅོམ་ལྡན་གཞོན་ནུ་དཔའ་བོ་སྟོབས་ལྡན་བཞུགས་ཀྱང་། དེ་ན་ཡང་རིག་འཛིན་གྱི་ས་མ་ཐོབ་པར་མི་སྐྱེ་འདུག དེ་ཚོ་ཚང་མ་ཞིང་དག་པ་ཡིན་པས་དེ་ལ་སྐྱེ་བའི་ཆ་རྐྱེན་ལྡན་དཀའ་འདུག ཡང་སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ཞེས་བྱ་བ་ཡོད། གནས་དེ་ན་རྒྱལ་ཚབ་བྱམས་པ་མགོན་པོ་བཞུགས། ཚེ་འདི་ལ་ཚུལ་ཁྲིམས་གཙང་མ་བསྲུང་། ཆོས་ཐོས་བསམ་ཁོ་ན་ལ་བརྩོན་འགྲུས་བྱས་ཏེ་ཞིང་ཁམས་དེ་ལ་སྨོན་ལམ་བཏབ་ན་སྐྱེ་ཐུབ་ཅིང་། གནས་དེ་ལ་སྨོན་ལམ་འདེབས་ནི་ཡང་མང་ལ། བྱམས་པ་མགོན་པོ་སྐུ་དངོས་ཀྱི་མདུན་ནས་ཆོས་ཉན་ཆོག་མོད། འོན་ཏེ་ལྷ་ཡུལ་གྱི་སྐྱིད་དགའ་དང་གླུ་གར་རྩེད་མོའི་ངང་ལ་གཡེང་སོང་ན་མ་འོངས་པར་རྗེ་བཙུན་བྱམས་མགོན་མི་ཡུལ་དུ་བྱོན་དུས། དེར་ཡོད་པ་དག་ཚེ་འཕོས་ཏེ་མི་ལུས་བླངས། རབ་ཏུ་བྱུང་སྟེ་དམ་ཆོས་ཉན། བྱམས་མགོན་གྱི་བསྟན་པའི་གནས་ཚད་མ་རྫོགས་ཀྱི་བར་དུ་མི་ནས་མི་རུ་སྐྱེས་ཏེ་བསྟན་པ་འཛིན་པ་དང་། དེ་བཞིན་དུ་བསྐལ་བཟང་སངས་རྒྱས་སྟོང་མ་རྫོགས་ཀྱི་བར་དུ་ཆོས་ཉན་ཞིང་བསྟན་པ་འཛིན། དེའི་བསྐལ་བ་རྗེས་མ་ཞིག་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་ལས་ཆོས་ཉན་བསྟན་པ་བཟུང་སྟེ་ད་གཟོད་སངས་རྒྱས་པ་དེ་འདྲ་ཡིན་པས། ཀརྨ་ཆགས་མེད་ཀྱིས་ལོ་བདུན་ལ་བྱམས་མགོན་གྱི་དྲུང་དུ་སྐྱེ་བའི་སྨོན་ལམ་བཏབ་ཀྱང་། འཁོར་བའི་སྐྱེ་འཆིའི་སྡུག་བསྔལ་འདི་ལ་ཤིན་ཏུ་འཚེར་བས། ཆོས་བྱམས་སྨོན་བཞག་ནས་བདེ་སྨོན་བཏོན་པ་ཡིན་གསུངས་ཡོད་པ་རེད། ཡང་ཁོང་གིས་གསུངས་ཏེ་གནས་འདི་ནས་ཉི་མ་ལྷོ་ནུབ་ཀྱི་མཚམས་སུ་སོང་ན། ལྷོ་འཛམ་བུ་གླིང་གི་གླིང་ཕྲན་སྲིན་པོའི་ཡུལ་ན་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ན་སློབ་དཔོན་པདྨ་འབྱུང་གནས་བཞུགས། གནས་དེ་ལ་སྨོན་ལམ་འདེབས་ནི་ཡང་མང་པོ་འདུག ཀརྨ་ཆགས་མེད་ཀྱང་སློབ་དཔོན་ཆེན་པོ་ལ་ཤིན་ཏུ་དད་པས། ཆུང་དུས་དེར་སྐྱེ་བའི་སྨོན་ལམ་བརྒྱབ། སྐྱེ་སླ་ཞིང་མི་སྐྱེ་བའི་དོག་པ་ཡང་མི་དགོས་མོད། བསམ་བློ་ཞིབ་ཏུ་བཏང་ན་དེ་ལ་སྐྱེ་ལུགས་བཟང་ངན་གཉིས་ཡོད་འདུག སྐྱེ་ལུགས་བཟང་ན་རིག་འཛིན་དཔའ་བོའི་ཚོགས་གྲལ་དུ་སྐྱེས་ཏེ། གསང་སྔགས་ཉམས་ལེན་བྱས་ཤིང་འཕྲལ་དུ་སྐྱིད་ལ་ཕུགས་སུ་སངས་རྒྱས་ཐུབ་པ་དེ་འདྲ་ཡིན་ཡང་། སྐྱེ་ལུགས་ངན་ནས་ཤ་ཟ་སྲིན་པོའི་བུ་རུ་སྐྱེས་ན་ཨོ་རྒྱན་ཆེན་པོའི་ཞལ་མཇལ་ཡང་རྒྱལ་པོ་ཡིན་པའི་འདེང་ཙམ་ལས་དད་པ་བཅོས་མིན་ཞིག་མི་ཞོག ལས་སྐལ་བ་ཅུང་ཟད་ཅིག་ལྡན་པ་ཡིན་ན་ཨོ་རྒྱན་ཆེན་པོས་བྱིན་རླབས་དབང་སྐུར་མཛད་དེ། ཁྱོད་འདི་ནས་མ་འདུག་བོད་ལ་སོང་། བོད་གངས་ལྡན་བསིལ་མོའི་ལྗོངས་ནས་འགྲོ་དོན་འདི་ལྟ་བུ་ཞིག་གྱིས་ཤིག་གསུངས་ན། ཆགས་མེད་ཚང་གིས་གསུངས་ཏེ། ཁོང་ནི་སྐྱེ་འཆི་འདི་ལ་འཚེར་བས་ཨོ་རྒྱན་པད་འབྱུང་ལ་དད་པ་ཆེ་ཞིང་། ཅི་གསུང་བཀའ་བཞིན་དུ་སྒྲུབ་ཐུབ་པ་ཡོད་ན་དེ་ལ་སྐྱེ་བའི་སྨོན་ལམ་ཐོབ་དང་ཆོག་འདུག ཁོང་ལྟ་བུ་ཡིན་ན་སྐྱེ་འཆི་འདི་ལ་ཧ་ཅང་འཚེར་བས་དེ་ལ་ཡང་སྨོན་ལམ་མ་བཏབ་པ་ཡིན་གསུངས་པ་རེད། ཁྱེད་རྣམས་ཀྱིས་དེ་འདྲ་ལ་སྨོན་ལམ་འདེབས་འདོད་པ་ཡོད་ན། བསྐལ་བ་འདིའི་ཡུན་ལྟ་བུ་ཞིག་ལ་གང་སར་སྐྱེ་སྲིད་བླངས་ཏེ། མཐར་བདེ་བ་ཅན་ལ་འགྲོ་རྒྱུ་རེད་འདུག བྱམས་མགོན་དང་གུ་རུ་རིན་པོ་ཆེ་བཞུགས་ས་གཉིས་ནི་སྤྲུལ་སྐུའི་ཞིང་ཁམས་ཆུང་ཆུང་རེ་རེད་ཡོད་འདུག ཡང་འགའ་རེས་གནས་པོ་ཊ་ལར་སྨོན་ལམ་འདེབས་ནིའང་ཡོད་འདུག པོ་ཊ་ལ་རྒྱ་གར་གྱི་སྐད་རེད། བོད་སྐད་དུ་རི་བོ་གྲུ་འཛིན་ཟེར་ནི་རེད། དེ་ཞིང་ཁམས་ཤིག་མ་རེད་གནས་རི་ཞིག་རེད། ལས་དག་པ་ལ་དག་པ་སྣང་ནི་རེད། མ་དག་ཀྱང་ཡི་གེ་དྲུག་མ་རང་བྱོན་དང་། ཁ་སརྤ་ཎི་རང་བྱོན་ཚོ་མཇལ་རྒྱུ་ཡོད་ནི་རེད། ནུབ་ཨོ་རྒྱན་གྱི་ཡུལ་ཡང་དེ་དང་འདྲ་བར། ལས་དག་པས་དུར་ཁྲོད་གཞལ་ཡས་ཁང་གི་དབུས་ན་ལྷ་བདེ་མཆོག་ཡབ་ཡུམ་དངོས་སུ་བཞུགས་པ་མཇལ་བྱུང་ཟེར་བ་ཡང་ཡོད་པ་རེད། ལས་མ་དག་ཀྱང་རང་བྱོན་རྡོ་ཡི་ལྷ་ཁང་ལ་སོགས་པ་མཇལ་ཐུབ་འདུག ཡང་ཤར་རྒྱ་ནག་རི་བོ་རྩེ་ལྔ་དང་། ལྷོའི་གནས་མཆོག་དཔལ་གྱི་ཙ་རི། ནུབ་གངས་དཀར་རྒྱལ་པོ་ཏེ་སེ་དེ་ཚོ་ལས་དག་པའི་སྣང་ངོར་གཞལ་ཡས་ཁང་དང་། མ་དག་པས་བལྟས་ན་གངས་རི་ནགས་ཚལ་ཞིག་རེད། ཁོང་ལ་དེ་ཚོར་ཨེ་སྐྱེ་ཡི་འདོད་པ་འདྲ་ཡོད་སོང་། བྱང་ཕྱོགས་ཤམ་བྷ་ལ་ཟེར་བའི་རིགས་ལྡན་སྤྲུལ་བའི་རྒྱལ་པོ་བྱོན་ས་ཆོས་དུས་ཀྱི་འཁོར་ལོ་དར་ས་ཡིན་ཡང་། ཚེ་རིང་ཐུང་སྐྱིད་སྡུག་མི་ཡུལ་འདི་ཚོ་དང་གཅིག་པ་འདྲ་རེད་འདུག ཡང་བོན་པོ་རྣམས་ཀྱིས་ཞང་ཞུང་དུ་སྐྱེ་བའི་སྨོན་ལམ་འདེབས་པ་རེད། དེ་ཡང་གངས་ཏེ་སེའི་རྒྱབ་ཕྱོགས་ཀྱི་བོད་ཡུལ་ཞིག་རེད། བོན་ལ་དེ་ལྟར་དར་ཡང་སྐྱིད་སྡུག་འདི་ཚོ་དང་འདྲ་མོ་རེད་འདུག དེས་ན་ཕྱི་རབས་པ་རྣམས་ཀྱིས་ཞིང་ཁམས་གདམ་ནོར་མ་བྱེད་ཅེས་ཆགས་མེད་ཚང་གིས་ཡང་ནས་ཡང་དུ་ནན་གྱིས་གསུངས་ཡོད་དོ། །དེས་ན་ས་འདི་ནས་ནུབ་ཀྱི་ཕྱོགས་རོལ་དུ་ནུབ་བདེ་བ་ཅན་གྱི་ཞིང་ཁམས་ཡོད་ཅིང་། བདེ་སྐྱིད་ངོ་མཚར་ཕུན་སུམ་ཚོགས་པ་དང་། སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན། །འཕགས་པ་མིན་པ་མི་བཞུགས་ཏེ། །རྒྱུ་དྲུག་འཁོར་བའི་མིང་ཡང་མེད། །ཅེས་གསུངས་པ་ལྟར་ཡིན་པས། མི་བདེ་སྡུག་བསྔལ་གྱི་མིང་ཡང་མི་གྲག་ལ། འོད་དཔག་མེད་པའི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཡིས་ཞིང་དེ་ལ་སུས་སྨོན་ལམ་བཏབ་ན་ཆོས་སྤོང་མཚམས་མེད་བྱས་པ་ལས་གཞན་སྐྱེ་ཐུབ་པར་མགོན་པོ་འོད་དཔག་མེད་ཁོང་རང་གིས་གསུངས་ཡོད་པ་རེད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགེ་བཅུའི་བསོད་ནམས་རྒྱ་ཆེན་ཞིག་བསགས། དེ་ཐམས་ཅད་བདེ་བ་ཅན་ལ་སྐྱེ་བའི་ཆེད་དུ་བསྔོས་ན། སེམས་མ་གཡེང་བར་དད་གུས་རྩེ་གཅིག་གི་ཐོག་ནས་ཞིང་དེ་ལ་སྐྱེ་བའི་སྨོན་ལམ་ཐེངས་མ་བཅུ་ལ་བཏབ་ན་ཨེ་སྐྱེ་མི་སྐྱེའི་ཐེ་ཚོམ་མི་དགོས། དེ་མི་དགོས་པ་མདོ་སྡེ་དཀོན་མཆོག་བརྩེགས་པ་དང་འོད་མདོ། བདེ་ཆེན་ཞིང་བཀོད་ཀྱི་མདོ། མདོ་སྡེ་པདྨ་དཀར་པོ། འཆི་མེད་རྔ་སྒྲ་དེ་ཚོའི་ནང་དུ་ལྟོས་དང་ཤེས་རྒྱུ་ཡོད་གསུངས་པ་རེད། རང་དབང་རང་ལག་ན་ཡོད་དུས་ཞིང་ཁམས་དེ་ཚོ་གདམ་སྟེ། འགྲོ་ཆས་ཀྱི་རྒྱགས་ཕྱེ་བསྒྲུབ་དང་ནོར་མེད་རེད། ཞིང་ཁམས་དེའི་བདེ་སྐྱིད་དང་ཡོན་ཏན་བརྗོད་དགོས་ན་སེམས་ཅན་ཐམས་ཅད་སངས་རྒྱས་ནས། དེ་ཐམས་ཅད་ཀྱི་རྡོ་རྗེའི་ལྗགས་ཀྱིས་བསྐལ་བ་ཆེན་པོ་ཞིག་གི་ཚེ་ལ་བརྗོད་ཀྱང་བདེ་བ་ཅན་གྱི་ཡོན་ཏན་བརྗོད་ནུས་པ་མ་རེད། དེར་སྐྱེས་ན་ཚེ་བསྐལ་བ་གྲངས་མེད་མང་པོར་ཐུབ་ནི་རེད། དེ་ལ་སྐྱེས་རྗེས་སྐྱེ་བ་གཞན་གྱིས་བར་མི་ཆོད་པར་སངས་རྒྱས་ཐོབ་རྒྱུ་ཅན་རེད། དེར་སྐྱེས་ན་རྫུ་འཕྲུལ་ལ་ཐོགས་པ་མེད། ཤར་མངོན་དགའ་དང་ལྷོ་དཔལ་དང་ལྡན་པའི་ཞིང་ཁམས། པོ་ཊ་ལ་དང་ཨོ་རྒྱན་གྱི་ཡུལ་ལ་སོགས་པ་མཁའ་སྤྱོད་དང་ས་སྤྱོད་ཀྱི་ཞིང་ཁམས་གང་ཡིན་ཡང་ཐོགས་མེད་ཀྱིས་ཐོན་པ་དང་། དེར་སོང་ནས་ཚོགས་བསག་མཆོད་འབུལ་བྱས། དབང་དང་གདམས་ངག་ཞུས་ཏེ་ཕྱིར་ལ་ཡང་དེ་མ་ཐག་ཏུ་ཡོང་ཆོག་ཅིང་། ཞིང་ཁམས་དེ་ཚོ་ཐམས་ཅད་ལ་སྐྱེས་པ་དང་ཁྱད་པར་མེད། ཕན་ཡོན་དེ་ཚོར་བསམ་བློ་བཏང་སྟེ་ཆོས་གཅིག་ཆོག་བདེ་སྨོན་ལ་ཐུགས་དམ་གྱིས། ལྷ་གཅིག་ཆོག་འོད་དཔག་མེད་ལ་གསོལ་བ་ཐོབ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་བཞུགས་གྲལ་ནས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པར་གསུངས་ཡོད། ཆགས་མེད་ཚང་ཁོང་རང་གི་མ་དང་ཉེ་གནས་དང་སྒོ་ཁྱི་ཡན་ཆོད་འབྲེལ་བ་ཐོགས་ཚད་བདེ་བ་ཅན་ལ་མཉམ་དུ་ཁྲིད་དེ་སྐྱེ་སོང་བའི་ལོ་རྒྱུས་ཀྱང་ཡོད་པ་ཡིན། དེ་ལྟ་བུ་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་འཆད་པའི་སྐབས་ལས།

གཉིས་པ་བདེ་བ་ཅན་ལ་སྐྱེ་ཚུལ་གྱི་དབང་དུ་བྱས་པའི་སྨོན་ལམ།

ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་རྒོད་རྙི་ལས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །ཅེས་གསུངས་ཏེ། རྒྱལ་བ་ཀློང་ཆེན་པས། ཡུལ་གྱི་བག་ཆགས་སྣོད་ཀྱི་འཇིག་རྟེན་དང་། །དེ་ལ་བརྟེན་པའི་ཡུལ་སོགས་གཟུགས་ལྔ་པོ། །དོན་གྱི་བག་ཆགས་རྣམས་ཤེས་ཚོགས་བརྒྱད་དང་། །དེ་ལ་བརྟེན་པའི་དགེ་སྡིག་ལས་རྣམས་སོ། །ལུས་ཀྱི་བག་ཆགས་འགྲོ་དྲུག་སོ་སོའི་གཟུགས། །དེ་ལ་བརྟེན་པའི་ཡན་ལག་ཉིང་ལག་གོ། ཞེས་གསུངས་པ་ལྟར། འཁོར་བའི་གནས་དོན་ལུས་གསུམ་པོ་ཆགས་སའི་ཡུལ་ཡིན་ལ། དེའི་ཆགས་ཞེན་གྱི་འཁྲི་བ་མ་ཆོད་ན་འཁོར་བའི་གནས་འདི་ལ་ཨ་འཁོར་ཡང་འཁོར་བྱས་ཏེ་འཁྱམ་པ་ཡིན་པས། དེའི་ཆགས་ཞེན་གྱི་འཁྲི་བ་ཐམས་ཅད་བཅད་ནས། བྱ་རྒོད་པོ་རྙི་ལས་ཤོར་ན་ཕྱིར་བལྟས་མེད་པར་གནམ་འཕང་གཅོད་འགྲོ་བ་ལྟར། འཇིག་རྟེན་འདིའི་སྣང་བ་མ་ནུབ་གོང་ནས་རྒྱལ་སྲས་བརྒྱད་ལ་སོགས་པ་བསུ་མར་བྱོན་ནས། འདིར་སྣང་ཡལ་བ་དང་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་ཕྱོགས་སུ་འཇའ་ལམ་དར་ཐག་གིས་སྣ་དྲངས། རྔ་སིལ་རོལ་གླིང་གིས་མདུན་བསུས་ཏེ་འཇིག་རྟེན་གྲངས་མེད་ཀྱི་ཕ་རོལ་དུ། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐར་མདའ་ནམ་མཁའ་ནས་བརྒྱུགས་པ་ལྟ་བུའི་མྱུར་ཁྱད་དང་། གྱད་རྩལ་ཆེན་གྱིས་མདའ་འཕང་པ་ལྟར་དུ་བདེ་བ་ཅན་དུ་བགྲོད་པར་ཤོག་ཅིག་ཅེས་པའོ།།

གསུམ་པ་བདེ་བ་ཅན་གྱི་ཞིང་ཁམས་ལ་སོང་སྟེ་ཡོན་ཏན་ཐོབ་ཚུལ་ལ་སྨོན་ལམ་འདེབས་པ།

དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །ཅེས་གསུངས་ཏེ། ད་ལྟའི་གནས་སྐབས་ལ་དེ་འདྲའི་སླ་མོ་ཞིག་གིས་བདེ་བ་ཅན་དུ་སྐྱེའམ། ས་ལམ་གཅིག་ཀྱང་སྦྱོང་བགྲོད་མི་དགོས་པར་དག་པའི་ཞིང་དུ་སྐྱེ་ཐུབ་བམ་སྙམ་ན། བདེ་བ་ཅན་དུ་སྐྱེས་ཀྱང་མེ་ཏོག་པདྨའི་སྦུབས་ནས་ཡུན་རིང་དུ་སངས་རྒྱས་ཀྱི་ཞལ་དངོས་སུ་མི་མཇལ་བ་དང་། གསུང་མི་ཐོས་པ་ཡོད་པ་ནི་དེ་འདྲའི་རྐྱེན་གྱིས་ཡིན་པར་གསུངས། དེ་ལྟར་མིན་པར་བདེ་བ་ཅན་གྱི་ཞིང་ཁམས་དེ་རུ་སྐྱེ་བ་དང་སངས་རྒྱས་འོད་དཔག་མེད་མངོན་སུམ་དུ་བཞུགས་པའི་ཞལ་མཐོང་ནས། སྒྲིབ་པ་ཐམས་ཅད་དུས་གཅིག་ཏུ་དག་པར་ཤོག་ཅིག་ཅེས་གསུངས་པ་རེད། འོད་མདོ་ལས། དེ་དག་འགུམ་པའི་དུས་ཀྱི་ཚེ་སངས་རྒྱས་འཁོར་བཅས་མཐོང་སྟེ་དེ་དག་གི་ལས་ཀྱི་སྒྲིབ་པ་མ་ལུས་པ་ལྡོག་པར་གྱུར་ཅིག་ཅེས་སྨོན་ལམ་མཛད་ཡོད་པས། དེའི་སྨོན་ལམ་གྱི་མཐུ་གྲུབ་སྟེ་འཆི་འཕོས་ནས་བདེ་བ་ཅན་དུ་སྐྱེས་ཏེ་སངས་རྒྱས་ཀྱི་ཞལ་མཇལ། གསུང་ཐོས་པ་དང་། དེ་དང་མཉམ་དུ་མཐོང་ལམ་རྒྱུད་ལ་སྐྱེས་པ་དེ་འདྲ་རེད། སྐྱེ་གནས་བཞི་ཡི་མཆོག་གྱུར་པ། །མེ་ཏོག་པདྨའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །ཅེས་གསུངས་ཏེ། སྐྱེ་གནས་རྣམ་བཞི་ཡི་ནང་ནས་མ་ལ་གནོད་པ་མེད་པ་དང་མངལ་གྱི་དྲི་མས་མ་གོས་པ་ལ་སོགས་པ་གང་ཐད་ནས་ཀྱང་། མཆོག་ཏུ་གྱུར་བ་རྫུས་སྐྱེས་ཡིན་ལ། རྫུས་སྐྱེས་ཀྱི་ནང་ནས་ཀྱང་མེ་ཏོག་པདྨའི་ནང་ནས་སྐྱེ་བ་འདི་མཆོག་ཡིན་པས་ན། རིན་པོ་ཆེའི་མེ་ཏོག་ནང་ཐ་གྲུ་ཡངས་ཤིང་རྒྱ་ཆེ་བ། གཞལ་མེད་ཁང་གི་རྣམ་པ་ལྟ་བུའི་པདྨའི་སྙིང་པོའི་ཟེའུ་འབྲུའི་དབུས་ནས་ཐོལ་བྱུང་དུ་འོད་ལུས་གཙང་མ་མཚན་བཟང་དང་ལྡན་པ་ཞིག་དུ་སྐྱེ་བ་ལེན་པར་ཤོག་ཅིག་ཅེས་གསུངས་པ་རེད། སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །ཅེས་གསུངས་ཏེ། ལུས་ཐོབ་པ་དེ་ཡང་གཞི་ནས་འཚར་ལོངས་བྱུང་དགོས་པ་དེ་འདྲ་མ་ཡིན་པར། ཐོག་མ་ཉིད་ནས་ལུས་ཀྱི་ཁོ་ལག་ཡོངས་སུ་རྫོགས་ཏེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱེད་བཟང་པོ་བརྒྱད་ཅུ་སྟོན་པ་ཉིད་དང་ཆ་འདྲ་བ་དེ་ཉིད་དུ་ཐོབ་པར་ཤོག་ཅིག་ཅེས་གསུངས་པ་རེད། མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང་། །མེ་ཏོག་ཁ་ནི་མི་བྱེ་བར། །སངས་རྒྱས་ཞལ་མཇལ་འཕྱི་བའི་སྐྱོན། །དེ་འདྲ་བདག་ལ་མི་འབྱུང་ཤོག །ཅེས་གསུངས་ཏེ། ཞིང་ཁམས་དེའི་བྱང་ཆུབ་སེམས་དཔའི་འཁོར་དུ་སྐྱེས་ཀྱང་། རེ་ཞིག་གི་ཚེ་ལ་སྔར་བཤད་པའི་ཕན་ཡོན་ཐམས་ཅད་ལས་ཉམས་བྱེད་ཀྱི་རྒྱུ་ཅི་ཞིག་ཡིན་ཞེ་ན། རྒྱུ་བཞི་བསྒྲུབས་ཀྱང་ཞིང་གི་ཡོན་ཏན་དང་དེའི་རྒྱུ་དེ་ལྟ་བུ་ཞིག་གིས་སྐྱེ་ཐུབ་བམ་སྙམ་པའི་བདེ་བར་གཤེགས་པའི་བཀའ་ལ་མི་སྐྱེ་བར་དོགས་པའི་ཐེ་ཚོམ་ཤོར་ན། ཐེ་ཚོམ་ཤོར་བའི་ཉེས་སྒྲིབ་ཀྱིས་ཞིང་ཁམས་དེའི་མེ་ཏོག་པདྨའི་སྦུབས་ནས་ལོ་གྲངས་ལྔ་བརྒྱའི་བར་དུ། མེ་ཏོག་པདྨའི་སྦུབས་སུ་ལུས་ཏེ་མེ་ཏོག་མྱུར་དུ་མི་ཕྱེ་བར་སངས་རྒྱས་ཀྱི་ཞལ་མཇལ་འཕྱི་བའི་སྐྱོན་དེ་འདྲ་མི་འབྱུང་བར་ཤོག་ཅིག་ཅེས་གསུངས། འདིར་སངས་རྒྱས་ཀྱི་སྐུའི་འོད་ཟེར་ཕོག་ཀྱང་སྐུ་དངོས་སུ་མི་མཇལ་བར་གསུང་ཐོས་པ་རེད་གསུངས་པ་འདི་དང་། མཐོང་བ་ལས་ཉམས་ན་ཆོས་ཐོས་པ་ལས་ཀྱང་ཉམས་པ་ཡིན་གསུངས་པའི་བཞེད་པ་འདྲ་མིན་ཅུང་ཟད་རེ་ཡོད་མོད། གསུང་ཙམ་ཐོས་ཀྱང་ཇི་བཞིན་པར་དམིགས་རྣམ་གྱི་བྱེ་བྲག་མ་ཕྱེ་བ་དང་། ད་དུང་སྒྲིབ་པ་མ་དག་པའི་མཐུ་དང་སྦྱར་ན། སྐུའི་འོད་ཟེར་ཕོག་པ་ལས་སྐུའི་རྣམ་པ་དངོས་སུ་མ་མཐོང་བ་དེ་དང་འདྲ་བར། གསུང་ལ་ཡང་དེ་བཞིན་དུ་སྦྱར་ན་དགོངས་པ་གོང་འོག་སྒྲིག་ཐུབ་པ་རེད། སྐྱེས་མ་ཐག་ཏུ་མེ་ཏོག་བྱེ། །འོད་དཔག་མེད་པའི་ཞལ་མཐོང་ཤོག །ཅེས་གསུངས་ཏེ། ཐེ་ཚོམ་གྱི་སྐྱོན་དང་ལོག་རྟོག་གི་དྲི་མ་དང་བྲལ་བའི་དབང་གིས་ཞིང་ཁམས་བདེ་བ་ཅན་ལ་བརྫུས་དེ་སྐྱེས་མ་ཐག་ཏུ། རིན་པོ་ཆེའི་མེ་ཏོག་པདྨ་ཁ་རང་ཕྱེར་གྱུར་ནས་སངས་རྒྱས་འོད་དཔག་མེད་པའི་སྐུ་མཚན་དཔེའི་ཞལ་མཐོང་། གསུང་ཚངས་དབྱངས་ཀྱི་ཆོས་སྒྲ་ཐོས་པར་ཤོག་ཅིག་ཅེས་གསུངས་སོ། །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །ཅེས་གསུངས་ཏེ། སྔར་བསོད་ནམས་བསགས་པའི་འབྲས་བུ་ལ། ད་ལྟ་སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས། དེ་ལ་དད་ཅིང་འདུན་པ་བསྐྱེད་པའི་སྐལ་བ་བཟང་པོ་ཐོབ། དེ་ཐོབ་པ་དེ་ཡང་བསྐལ་བ་བཟང་པོ་ཡིན་པ་དེ་ལ་བརྟེན་ནས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབས་ན། དེའི་འབྲས་བུ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་མ་ཐག་ཏུ་སྔར་བསགས་བསོད་ནམས་ཀྱི་དབང་དང་། རྫུ་འཕྲུལ་དང་མངོན་ཤེས་རང་ཆས་སུ་ཡོད་པའི་དབང་གིས་རང་གི་ལག་པའི་མཐིལ་ནས་གང་འདོད་མཆོད་པའི་སྤྲིན་གྱི་ཕུང་པོ། བསམ་གྱིས་མི་ཁྱབ་པ་ཟད་པ་མེད་པ་ཀུན་བཟང་མཆོད་པའི་སྤྲིན་དང་འདྲ་བ་མང་པོ་སྤྲོས་ཏེ་སངས་རྒྱས་འཁོར་དང་བཅས་པར་མཆོད་པར་ཤོག་ཅིག་ཅེས་གསུངས། དུས་རྒྱུན་དུ་དངོས་པོའི་འབྱོར་བ་ཆེ་ཆུང་ལ་མ་ལྟོས་པར་བསམ་པ་རྣམ་པར་དག་པས་མཆོད་པ་རྒྱུན་མི་ཆད་པར་འབུལ་རྒྱུ་དེ་གནད་ཆེ་བ་རེད། ད་ལྟའི་བསོད་ནམས་བསགས་སྟོབས་ཆེ་ཆུང་གིས་ལྷ་ཡུལ་དུ་སྐྱེས་ཀྱང་རྒྱན་དང་འབྱོར་བ་ལ་ཁྱད་པར་ཡོད་པ་ལྟར། སྤྱིར་བསོད་ནམས་ཀྱི་ཚོགས་མ་བསགས་ན་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞིའི་ནང་གི་གཙོ་བོ་གཅིག་མི་ཚང་ལ། བདེ་བ་ཅན་ལ་སྐྱེ་ཐུབ་པ་ཡང་མ་རེད། ཚོགས་ཁྱད་པར་ཅན་བསགས་ན་དེ་བས་ཀྱང་འབྱོར་བའི་ལོངས་སྤྱོད་དང་། མཆོད་པའི་རྣམ་གྲངས་རླབས་ཆེ་ཆུང་མི་འདྲ་ཞིང་། མཆོད་པ་རྣམ་པར་དག་མ་དག་ཟེར་བ་དེའང་གཅིག་སེར་སྣ་མེད་པ། གཉིས་དངོས་འཛིན་གྱི་རྣམ་རྟོག་དང་བྲལ་བ། གསུམ་ལྷག་བསམ་དག་པས་མཐའ་ཡས་སེམས་ཅན་གྱི་དོན་དུ་བསམ་པ། བཞི་རྡུལ་སྙེད་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་མཆོག་གསུམ་རྩ་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ། ཟད་པ་མེད་པའི་ཏིང་འཛིན་གྱི་མཐུ་ཡིས་གཙང་མར་སྦྱོང་། མང་པོར་སྤེལ། གང་འདོད་དུ་བསྒྱུར་བ་དེ་འདྲ་ཞིག་ལ་གསུངས་པ་རེད། མི་སྐྱ་ཕོ་མོ་རྣམས་ཀྱིས་ཁ་ལག་གཙང་མའི་ཐོག་ནས་མཆོད་རྫས་གཙང་མ་རེ་ལ་སེར་སྣ་མི་བྱེད་པར་འདི་མགོན་པོ་འོད་དཔག་མེད་པའི་གཙོ་བྱས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་འབུལ་བ་ཡིན། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་སྒྲིབ་པ་དག་པར་ཤོག་ཅེས་བསམ་དགོས། དེ་འདྲ་སོམས་དང་རེད་ནས་ཡོད། གཙང་མི་གཙང་ཞེས་པ་འདིའང་རང་སེམས་དག་ན་དག་པ་རེད། སྤྱིར་ན་སེམས་གུ་དོག་བློ་རྒྱ་ཆུང་བས་རེད་མ་གཏོགས་ཆོས་བསྒྲུབས་ནས་སྤྲང་པོར་གྱུར་བའི་དཔེ་མེད། ལོངས་སྤྱོད་གསོག་འདོད་ན་གཏོང་དགོས། ཁྲོན་པའི་ཆུ་ནི་སྤེལ་འདོད་ན། །བཅུ་བ་ཉིད་ནི་གདམས་ངག་ཡིན། །ཞེས་གསུངས་པ་རེད། །དེས་ན་མཆོད་པ་བཤམ་ཚེ་བདུན་ཚར་གྱི་རྒྱུ་བཟང་ཞིང་གཙང་མ་ཡིན་ན་ཚེ་རབས་ཐམས་ཅད་དུ་ལུས་རྟེན་བཟང་པོ་ཐོབ་སྟེ་དབང་པོ་སྒོ་ལྔ་ཚང་ཞིང་། སེམས་རྒྱུད་བཟང་ཞིང་ཚུལ་ཁྲིམས་གཙང་མར་འགྱུར་བར་གསུངས། བདུན་ཚར་བཤམ་ཚེ་ཡ་ཡོ་མེད་པ་དྲང་མོར་བསྒྲིགས་ཏེ་གཅིག་ལ་གཅིག་གཅར་ཆེ་བ་དང་། ཧ་ཅང་ཐར་ཐོར་བྱས་ཏེ་བཤམ་མི་རུང། བདུན་ཚར་འགྲིག་པོར་བཤམས་ན་སེམས་རྒྱུད་དྲང་ཞིང་ཅི་བྱེད་རང་དབང་ཐོབ་པའི་དགོས་པ་ཡོད་ཅེས་གསུངས། ཆུ་གཙང་མས་སྣོད་རན་པར་བཀང་ན་ཤེས་རྒྱུད་ཡོན་ཏན་དུ་མས་གང་ཞིང་། གང་ན་གནས་པའི་ས་ཕྱོགས་དེར་བཀྲ་ཤིས། སོ་ཐར་གྱི་སྡོམ་པ་དེ་སྣོད་གཙང་མ་ལྟ་བུ་ཞིག་ཡིན་ན་བྱང་སེམས་ཀྱི་སྡོམ་པ་དེ་ཆུ་གཙང་མ་ལྟ་བུར་ཆགས་ནས། དེ་ལ་སྔགས་ཀྱི་སྡོམ་པ་གཟུགས་བརྙན་ལྟ་བུ་དེ་ཤར་ནས་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་འགྱུར་བའི་རྟེན་འབྲེལ་ཡོད་ཅེས་གསུངས། གཞན་ཡང་དུས་རྒྱུན་དུ་དྭངས་ཤིང་བསིལ་བའི་ཡོན་ཆབ་གཙང་མ་ཕུལ་ན་ཤེས་རྒྱུད་ཀྱི་སྡིག་ལྟུང་བྱང་སྟེ་ས་ལམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཆེ། ཡོན་ཆབ་འདི་སྒྲུབ་སླ་ལ་སེར་སྣ་སོགས་ཀྱི་ཉེས་པ་མི་འབྱུང་བའི་མཆོད་པ་བཟང་པོ་ཡིན་པ་རེད། དབྱར་ཁ་ནམ་ཟླ་ཡག་དུས་ཆུ་གཙང་མ་ཡོད་སའི་ཆུ་ཁ་ཞིག་ཏུ་གུར་ཆུང་ཞིག་ཕུབ་ནས་ཡོན་ཆབ་འབུམ་ཐེར་ཞིག་གསོགས་དང་སེར་སྣ་མེད་པའི་བསོད་ནམས་ཆེན་པོ་བསགས་འགྲོ། ཡང་བླ་མ་འགའ་ཞིག་གིས་མཆོད་པ་བཤམ་དུས་བདུན་ཚར་དྲང་མོར་བསྒྲིགས་ནས་བཤམ་ན། རང་རྒྱུད་དྲང་བར་མ་ཟད་ཆོས་གང་བྱས་ལ་བར་ཆད་མེད་ཅིང་ལམ་ལ་འགྲོ། ཆུ་བླུག་དུས་བདུན་ཚར་ཁ་གང་ན་སྒྲུབ་པ་པོ་དང་སྦྱིན་པའི་བདག་པོ་ཁོ་རང་འཚོ་བ་འབྱོར་ཞིང་ལོངས་སྤྱོད་རྒྱས་པ་ལ་ཕན། ཡང་ཆུས་གང་ཆེ་མ་སོང་ན་རིག་པ་བརྟན། ཆུ་ཕྱིར་འབོ་མ་ཤོར་ན་ཚུལ་ཁྲིམས་གཙང་ཞིང་འཁོར་འདུས། ཆུ་དྭངས་ཤིང་བསིལ་བའི་གཙང་མ་ཕུལ་ན་རིག་པ་དྭངས་ཤིང་ཆོས་ལ་ངེས་ཤེས་སྐྱེ། དེ་ལ་སོགས་པའི་དགོས་པ་ཡོད་པར་གསུངས་སྲོལ་ཡོད། རང་རེ་བོད་ན་ཡོད་པའི་ཆུ་གཙང་འདི་འདྲ་རྒྱ་དཀར་ནག་སོགས་ཡུལ་གཞན་ལ་ཧ་ཅང་དཀོན། འདི་ཚོ་ཚོགས་བསག་པའི་དངོས་པོ་འབྱོར་བ་བཟང་པོ་ཡིན་པས། ཅི་སྡུག་རུང་མཐའ་ན་ཆུ་མཆོད་བཟང་པོ་རེ་གཡོ་མི་བྱེད་པར་འབུལ་དགོས། ཅི་འདྲའི་བྲེལ་བ་ཆེ་རུང་བདུན་ཚར་ཆ་གཅིག་འབུལ་ལོང་ཡོད། དཀོན་མཆོག་གི་རྟེན་དེ་ཚོ་མཐོ་ས་གཙང་སར་བཞུགས་སུ་གསོལ། དེའི་མདུན་དུ་མཆོད་ཁྲི་སྟེགས་བུ་ཅི་འདྲ་ཞིག་ཡོད་ཀྱང་གཙང་མར་བྱས། དེ་ནས་མཆོད་རྫས་དང་རྟེན་ལ་ཁ་རླངས་མི་མངག་ཁ་ལག་གཙང་མར་བྱས་ཏེ་མཆོད་སྤྲིན་གྱི་གཟུངས་དང་ཡན་ལག་བདུན་པ་ཚོར་སྦྲགས་ཏེ་མཆོད་པ་འབུལ་དགོས། དེ་ནས་ཕྱག་ཁ་ཤས་བཙལ་ནས་བྱང་སྡོམ་ཆགས་མེད་ཀྱིས་ལེན་དགོས་པ་རེད། ཁྱིམ་པ་ཕོ་མོ་དག་གིས་ཀྱང་ཁ་ཏོན་མཆོད་ཁང་ནས་ནངས་མོ་མཆོད་པ་བཤམས་ཚར་བའི་འཕྲོ་ནས་བཏོན་ན་བཟང་། དེ་མིན་ཡར་སྒྱེད་ཁུག་ནས་ཕྱོགས་ཅིག་ནས་ཁ་ཏོན་འདོན་ཞོར་ཕྱོགས་ཅིག་ནས་སྐད་ཆ་བཤད་ཞོར་དང་ཁ་ལན་ཚིག་ལན་སྨྲ་ཞོར། ཞེ་ནས་མི་དྲན་དགུ་དྲན་འདི་བཏོན་ཚར་དུས་འདི་ལས་དགོས་སྙམ་སྟེ་དེའི་སྐོར་རྐྱང་པ་ལ་འདེང་རྒྱག་གིན་བསྡད་ན་བཏོན་པ་དེ་རྣམ་པར་དག་པ་ཞིག་མི་ཡོང་། གནའ་དུས་ཞིག་ལ་ཅིག་གིས་ཐུན་སྡོམ་རྒྱུ་དེ་ངོ་མ་བཟང་གི་ཟེར། ཅི་རེད་ཅེས་དྲིས་དུས། ངས་ལོ་དུ་མའི་སྔོན་ལ་སྒྱོ་སྟོང་ཞིག་གཅིག་ལ་གཡར་བ་དེ། ཐུན་སྡོམ་དུས་དྲན་བཞག་ཐལ་ཟེར། དེ་འདྲ་དེས་ཅི་ཡང་མི་འོང་མེ་ཏོག་དང་མར་མེ་སྤོས་དག་རྒྱལ་བ་སྲས་བཅས་ལ་ཕུལ་ན་བསོད་ནམས་ཆེ་བར་མདོའི་ནང་དུ་མང་དུ་གསུངས། ཁྱད་པར་དུ་མར་མེ་ཕུལ་ན་བསོད་ནམས་ཆེ་བ། སྤྱན་རས་གཟིགས་ཀྱི་མདོ་ལས། བདེ་གཤེགས་མཆོད་དོན་མར་མེ་ཕུལ་བ་ན། །རྣམ་གྲོལ་མཆོག་མངའ་སྟོབས་བཅུ་རྣམ་ལྡན་ཞིང་། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན། །ཀུན་ནས་གཞན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་གསུངས། གནའ་དབུལ་མོ་བསྙེན་དགའ་མས་མར་མེ་ཞིག་ཕུལ་བའི་བསོད་ནམས་ཀྱིས་སངས་རྒྱས་མར་མེ་མཛད་དུ་སངས་རྒྱས་པའི་ལུང་བསྟན་ཐོབ་པ་ཡིན། མཆོད་སྦྱིན་གང་ལའང་དངོས་པོ་ཆུང་ཆུང་ཞིག་བཏང་ཡང་བསམ་པ་དག་ན་བསོད་ནམས་ཆེན་པོ་འཐོབ་རྒྱུ་ཡོད་པ་རེད། གནའ་རྫི་བོ་ཞིག་གིས་རང་གི་རྫི་བྲོ་ལྷག་མ་གྲོག་ཚང་ཞིག་གི་ནང་དུ་བཏབ་པས་འབྲས་བུར་ཡུལ་གྲུ་ཆེན་པོ་ཞིག་གི་རྒྱལ་པོར་སྐྱེས་སོང་བའི་ལོ་རྒྱུས་དང་། ཡང་བུད་མེད་ཅིག་གིས་ཁྱི་ལྟོགས་པ་ཤི་ལ་ཉེ་བ་ཅིག་ལ་ཟས་བསྩལ་བའི་འབྲས་བུར། བུད་མེད་དེ་ཤི་ནས་གཤིན་རྗེའི་ལས་མཁན་གླང་མགོ་ཅན་ཞིག་གིས་དམྱལ་བའི་ནང་དུ་མར་ཁྲིད་ཆས་བྱེད་དུས། ལས་མཁན་ཁྱི་མགོ་ཅན་ཞིག་ཐོན་ནས་གླང་མགོ་ཅན་དང་འཛིང་རེས་བྱས་པའི་བར་དེ་ནས། བུད་མེད་དེ་ལམ་དཀར་པོ་ཞིག་གི་ནང་དུ་ཡར་བྲོས་ནས་ཐར་སོང་རབས་ཡོད་པ་རེད། གཙོ་ཆེ་བ་དངོས་པོ་ཆེ་ཆུང་དང་དངོས་པོ་འབུལ་རྒྱུ་ཡོད་མེད་རྐྱང་པ་ཞིག་ལ་མཆོད་པ་རྣམ་པར་དག་མི་དག་མི་ཟེར། མཆོད་པ་རྣམ་པར་ཨེ་དག་བསམ་ན་བསམ་པ་རྣམ་པར་དག་དགོས། གནའ་སྤྲང་པོ་ཞིག་གིས་ལམ་ཁ་ཞིག་ནས་དགེ་འདུན་པ་མང་པོ་བྱོན་པ་མཐོང་སྟེ། དད་པའི་ཤུགས་ཀྱིས་འདི་རྣམ་པ་ལ་ལྷའི་བདུད་རྩི་ལ་སོགས་པ་མཆོད་རྒྱུ་ཞིག་ང་ལ་ཡོད་ན་ཅི་མ་རུང་བསམས་སྟེ། སྔ་དྲོ་དེ་སེམས་ལ་ཤར་བས་ཕྱི་དྲོ་དེས་བསོད་ནམས་ཐོབ་སྟེ་ཚོང་དཔོན་ཞིག་གི་གོ་ས་ཐོབ་ནས་ནོར་མང་པོ་ལག་ཏུ་ཐོབ། སྔོན་རང་གི་བསམས་པ་བཞིན་དུ་ལྷའི་བདུད་རྩི་འདྲ་བའི་བཟའ་བཏུང་དང་མཆོད་རྫས་ཀྱིས་དགེ་འདུན་ལ་མཆོད་པ་བྱས་སོ། །ལར་བྱ་བ་གང་བསྒྲུབ་ན་ཐབས་ཤེས་དགོས། ཐབས་དམ་པ་ཉམས་སུ་བླངས་ན་ཕན་ཐོགས་རང་ལ་འབྱུང་། གནའ་ཞིག་ལ་ཚོང་དཔོན་ཞིག་རྒྱ་གར་གྱི་མཐའ་མཚམས་ཀྱི་ཕྱོགས་ཤིག་ལ་ཚོང་རྒྱག་ཏུ་སོང་། འགྲོ་ཁར་ཁོ་རང་གི་ཁྱིམ་མི་ཚང་མ་ལ་མཁོ་བའི་ཅ་ལག་ཅི་ཞིག་ཁྱེར་དགོས་ཞེས་དྲིས། ཁྱིམ་མི་ཚང་མས་རང་རང་གི་མཁོ་ཆས་དག་དགོས་ཞེས་སྨྲས། ཁོ་རང་ཚང་གི་ཁྱིམ་ན་ནེ་ཙོ་སྨྲ་མཁན་མི་སྐད་བཤད་ཤེས་པ་འདེང་ཆེན་ཞིག་ཡོད་པ་དེར་ཁྱོད་ལ་ཅི་ཞིག་དགོས་ཞེས་དྲིས་ཚེ། ནེ་ཙོས་ང་ལ་གཞན་པ་ཅི་ཡང་ཁྱེར་ཡོང་མི་དགོས། སྐད་ཞིག་སྐུར་རྒྱུ་ཡོད། ཁྱོད་འགྲོ་སའི་ལམ་ནས་ནེ་ཙོའི་ཁྱུ་ཆེན་པོ་ཞིག་དང་འཕྲད་ན་ཐང་། འཕྲད་ན་དེའི་ཁྱུ་དེར་སོང་ལ་ནེ་ཙོ་སྨྲ་མཁན་གྱིས་ཆ་འདི་བསྐུར་སོང་ཞེས་ཤོད་ཅིག ཁྱེད་རྣམས་བདེ་འཚམས་ཀྱི་ཐོག་ནས་བཟའ་ཤིང་གི་ར་བ་ན་སྐྱིད་པོར་བྱས་ཏེ་བསྡད་ཡོད་པར་ང་དགའ་བཞིན་ཡོད། ང་ནི་མིའི་ལག་ལ་ལྷུང་སྟེ་གཟེབ་ཀྱི་ནང་དུ་བཙུད་སོང་། དེའི་ནང་ནས་ཐར་ཐབས་ཅི་བྱས་ན་བཟང་ཞེས་བཤད་རོགས་གྱིས་དང་། དེ་མིན་ཅི་ཡང་མི་དགོས་ཞེས་སྨྲས། ཚོང་དཔོན་གྱིས་དེ་ལྟར་ཁས་བླངས་ཤིང་ཞེ་ལ་བཞག་སྟེ་བུད་སོང་། ཚོང་དཔོན་ལམ་ལ་ཆས་ཏེ་ཟླ་ལམ་འགའ་ཞིག་ཏུ་སོང་དུས། ཉིན་ཞིག་ལ་ནེ་ཙོའི་ཁྱུ་ཆེན་པོ་ཞིག་དང་འཕྲད། དེའི་ཁྱུ་དེ་ལ་སོང་ནས་ནེ་ཙོ་སྨྲ་མཁན་གྱི་ཆ་དེ་ཆད་ལུས་མེད་པར་བཤད་དུས། དེ་མ་ཐག་ཏུ་ནེ་ཙོ་དེ་རྣམས་ཀྱི་ནང་ནས་གཅིག་སེམས་སྡུག་ནས་དྲན་མེད་དུ་བརྒྱལ་བ་ལྟ་བུའི་ཉམས་བསྟན་ཏེ། གཤོག་པ་ལྷེབ་ལྷེབ་བྱས་ཏེ་སྐད་ཅིག་དེའི་ཐོག་ནས་ལྗོན་ཤིང་གི་རྩེ་ནས་ས་ལ་ལྷུང་སྟེ་ཤི་བའི་ཚུལ་བསྟན། ཚོང་དཔོན་གྱི་སེམས་སུ་ཆ་དེ་བཤད་པས་ཡིན་ཐལ་སྡིག་པ་ཆེན་པོ་ཞིག་བསགས་བཞག་ཐལ་བསམས་ཏེ་འགྱོད་པ་ཆེན་པོ་སྐྱེས། དེ་ནས་ཚོང་དཔོན་ཚོང་རྒྱག་སའི་ས་ནས་ཚོང་ཐམས་ཅད་ཕོག་སྟེ་ཕྱིར་ཡུལ་དུ་འཁོར། ནེ་ཙོས་ངས་ཆ་སྐུར་བ་དེ་འཕྲོད་ཨེ་སོང་ཞེས་སྨྲས། ཚོང་དཔོན་གྱིས་ཆ་འཕྲོད་སོང་། ང་འདི་ནས་སོང་བའི་ཟླ་ལམ་གཉིས་ལྟ་བུ་ཞིག་གི་ས་ཆ་ནས་ནེ་ཙོའི་ཁྱུ་ཆེན་པོ་ཞིག་དང་འཕྲད། དེའི་དཀྱིལ་དུ་སོང་ནས་ཁྱོད་རང་གིས་ཆ་བསྐུར་བ་ལྟར་བཤད་པ་ཡིན། དེ་གོ་བ་དང་དེའི་ནང་གི་ནེ་ཙོ་གཅིག་སྐད་ཆ་དེས་རྐྱེན་ལྟ་བུ་བྱས་ཏེ་ཤི་ཐལ་ཞེས་སྨྲས། དེ་གོ་བ་དང་མཉམ་དུ་ནེ་ཙོ་སྨྲ་མཁན་སྡུག་བསྔལ་བའི་ཉམས་ལྟར་བྱས་ཏེ་ཚང་ནང་ནས་གློ་བུར་དུ་ཤི་སོང་བ་ལྟར་གྱུར། ཚོང་དཔོན་འགྱོད་པ་ཆེན་པོ་སྐྱེས་ཏེ་ངས་ཆ་དེ་ཕར་ཁུར་ཚུར་ཁུར་གྱིས་དོན་མེད་ཀྱི་ནེ་ཙོ་གཉིས་དེའི་རྐྱེན་གྱིས་ཤི་སོང་། ངས་ནེ་ཙོ་སྨྲ་མཁན་སྙིང་རྗེ་བ་དེ་ཡང་མེད་པར་བྱས་ཐལ་སྙམ་ནས། རོ་ཚང་གི་ནང་ནས་ཕྱིར་ཕུད་དེ་ཟུར་དུ་བཞག་ནས་སེམས་སྡུག་བྱས་ཏེ་ངུས་ནས་བསྡད། ནེ་ཙོ་ཤི་ཁུལ་ཡིན་པས་མཚམས་ཤིག་ལ་ཡར་ལངས་ནས་རྒྱ་གར་གྱི་ཕྱོགས་སུ་འཕུར་སོང་། དེ་ལ་བལྟས་དུས་ནེ་ཙོ་སྔུན་མ་དེས་ཀྱང་ཤི་ཁུལ་ཡིན་པ་དེ་ད་གཟོད་ཤེས། ནེ་ཙོ་སྔོན་མ་དེས་ཤི་ཁུལ་བྱས་ནས་འཕུར་ལ་ཤོག་ཟེར་བའི་བརྡ་བསྟན་དུས་རྗེས་མ་དེས་དེ་ལྟར་བྱས་ནས་ཐར། བླ་མ་དམ་པ་ཞིག་གིས་འཁོར་བ་ལས་ཐར་བའི་ཐབས་བསྟན་དུས། སློབ་མ་རྣམས་ཀྱིས་དམ་པའི་ཆོས་བླ་མས་ཇི་ལྟར་བསྟན་པ་བཞིན་དུ་ཉམས་སུ་བླངས་ན་འཁོར་བ་ལས་ཐར་ཏེ་བདེ་ཆེན་དག་པའི་ཞིང་ཁམས་སུ་འགྲོ་ཐུབ། ནེ་ཙོ་སྔོན་མས་བརྡ་བྱས་པར་ནེ་ཙོ་རྗེས་མས་དེ་ལྟར་བྱས་ནས་ཐར་བ་དེ་དང་གཅིག་མཚུངས་རེད། ཡང་གནའ་སྔོན་མ་ཁྱིམ་ཚང་ཞིག་ལ་མི་ལོང་བ་ཞིག་ཡོད། སྟོན་ཁ་ཞིང་ལས་བྲེལ་བ་ཆེ་དུས་ཁྱིམ་གྱི་མི་ཚང་མ་ཞིང་ནང་དུ་ལོ་བརྔ་སར་སོང་། དེ་ཚང་གིས་ལོང་བ་ཤུལ་སྲུང་དུ་བཞག ལོང་བ་ཉིན་མང་པོར་གཅིག་པུར་འདུག་ཚོད་མ་ཡོད་པར་ཉིན་ཞིག་གནམ་གཤིས་ཡག་དུས་ཤིག་ལ་ཁམས་གསེང་དུ་འགྲོ་དགོས་བསམས་ཏེ་སོང་། སོང་སོང་མཐར་ཐག་རིང་ཞིག་ལ་ཐོན། ད་ཕྱིར་ཡུལ་དུ་ལོག་བསམ་དུས་ཕྱོགས་ནོར་ནས་མགོ་འཐོམས་ཏེ་འགྲོ་སའི་ལམ་མ་རྙེད། ད་ཅི་བྱས་ན་དགའ་བསམ་ནས་བསྡད། ཁོ་རང་ལ་མིག་ཡོད་པ་མ་རེད་དེ་རྣ་བ་ཡོད། བར་སྐབས་ཤིག་ལ་ཐག་ཉེ་ས་ཞིག་ན་བ་ལང་གི་ཁྱུ་ཞིག་ཡོད་པར་གོ་ཐོས་བྱུང་སྟེ། དེའི་ཕྱོགས་སུ་གཏད་དེ་སོང་། གམ་ལ་འབྱོར་དུས་ཁོ་རང་ཚང་གི་བ་ལང་རྣམས་ཡིན་པར་ངོ་ཤེས། སྐབས་དེར་ཁོ་རང་གིས་ཐབས་ཤིག་དྲན། གླང་ངེད་ཚང་གི་གླང་རེད་འགྲོ་ས་ཁྱིམ་ལ་འགྲོ། གླང་ཞིག་གི་རྔ་མ་ལག་ཏུ་ཐེབ་ན་དེ་ལ་བཟུང་ནས་མ་མངགས་ན་ལམ་འཕྱུག་འགྲོ་ས་ཞིག་ཡོད་པ་མ་རེད་བསམས་ཏེ། གླང་ཞིག་གི་རྔ་མ་ཨེ་ཟིན་བལྟས་ཚེ་ཟིན། དེ་ནས་གླང་རྒན་གྱི་རྔ་མར་འབྱར་སྟེ་གཏན་ནས་མ་མངགས་པར་རྡོ་ཚེར་མ་ས་ཆ་འཇམ་རྩུབ་གང་ལ་སོང་ན་དེའི་རྗེས་དེད་ནས་བརྒྱུགས། དགོང་མོ་ཁྱིམ་ལ་ཏག་ཏག་ཐོན། དམ་པ་གོང་མའི་གསུང་གི་ནང་དུ་ལོང་བས་གླང་རྔ་ཟིན་པ་དང་འདྲ་བ་ཟིན་ནས་མ་ཤོར་བར་བྱེད་དགོས་གསུངས་པའི་དཔེ་དེ་ཡོང་བ་རེད། བླ་མ་དགེ་བའི་བཤེས་གཉེན་གྱིས་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གདམས་པ་ཚོགས་གསོག་ལུགས་སྒྲིབ་པ་སྦྱོང་ལུགས་བསྟན་པ་རྣམས་རྐྱེན་ངན་གང་བྱུང་ཡང་མངག་མི་གཏོང་པར་ཉམས་སུ་བླངས་ན། ནམ་ཞིག་སངས་རྒྱས་ཀྱི་སར་ཐོན་འགྲོ་རྒྱུ་ཡོད། གདམས་ངག་དམ་པའི་ལེགས་བཤད་ལས་ཉན་དགོས། དེ་བས་ཁྱེད་ཚོས་ཀུན་བཟང་ཞལ་ལུང་ཚར་མང་པོ་ལྟ་ཞེས་ཁས་ལེན་གྱིན་ཡོད་པ་རེད། འདིར་ལུང་མ་ཐོབ་པ་ཞིག་གིས་ཀུན་བཟང་ཞལ་ལུང་ལྟ་རུང་ངམ་སྙམ་ན། སྤྱིར་ཀུན་བཟང་ཞལ་ལུང་འདི་སྔོན་འགྲོའི་ཁྲིད་ཡིག་རེད། གསང་སྔགས་ཀྱི་དངོས་གཞིའི་ཁྲིད་དང་འདྲ་བར་ལྟ་རྒྱུ་ཉན་རྒྱུ་ཙམ་ཞིག་ལ་དེ་འདྲའི་བཀའ་རྒྱ་དམ་པོ་ཡོད་པ་མ་རེད། འདི་ནི་མདོ་ལུགས་སྔགས་དང་འབྲེལ་བ་དཔེར་ན་ཇོ་བོའི་ལམ་སྒྲོན་དང་རྗེའི་ལམ་རིམ་སོགས་དང་ཕྱོགས་འདྲ་བ་རེད། དེའི་ནང་གི་སེམས་ཉིད་ངལ་གསོའི་སྟོད་ཆ་འདི་འདིའི་ཁུངས་དང་ཕུགས་གཏུགས་ས་རེད། འདིའི་ཁྱད་ཆོས་ཐུན་མིན་གྱི་སྔོན་འགྲོ་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་བསྐྱེད་རྫོགས་དང་བསྟུན་ཏེ་གཙོ་བོ་བློ་སྦྱོང་གིས་བློ་སྦྱོང་རྒྱུ་དང་། སྔོན་འགྲོས་རྒྱུད་དག་པར་བྱེད་པའི་དེ་འདྲའི་རིམ་པ་ཅན་ཞིག་ཡིན། ཁྱད་པར་དུ་ལམ་ཟབ་བླ་མའི་རྣལ་འབྱོར་འདི་ནི་སྔོན་འགྲོ་དངོས་གཞི་གཉིས་ཀའི་སྐབས་ལ་མེད་དུ་མི་རུང་། དེས་ན་མདོ་སྔགས་ཀྱི་ཆོས་ཀྱི་སྙིང་བཅུད་ཅིག་རེད་འདུག་པས། ལུང་མ་ཐོབ་ན་ལྟ་རུང་ངམ་སྙམ་ན། འོ་ན་གཟུངས་མཆོག་ཡི་གེ་དྲུག་མ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་བཅུད་ཡིན་པས་དེའི་ནང་དུ་སྔོན་འགྲོ་ཕྱི་ནང་གི་གནད་དང་བསྐྱེད་རྫོགས་རྫོགས་ཆེན་གྱི་གནད་འདུས་མེད་ཟེར་བ་ཡིན་ནམ། དེས་ན་ལུང་མ་ཐོབ་ཀྱང་མ་ཎི་བཏོན་ན་ཕན་ཡོན་བྱིན་རླབས་ཡོད་ལ་བཀའ་རྒྱ་མེད། དེ་བཞིན་དུ་ཀུན་བཟང་བླ་མའི་ཞལ་ལུང་ལྟ་ཉན་སོགས་བྱས་ཀྱང་ཕན་ཡོན་དང་བྱིན་རླབས་ཡོད་པར་མ་ཟད་མཇལ་མི་རུང་བའི་བཀའ་རྒྱ་ཡང་མཛད་མེད། འདི་རྒན་གཞོན་སུ་ཡིན་ཡང་ཚར་མང་ཙམ་ལྟ་རྒྱུ་ཉན་རྒྱུ་ཚར་བའི་རྗེས་ལ་ཐུན་མོང་ཕྱིའི་སྔོན་འགྲོས་རང་རྒྱུད་ལས་སུ་རུང་། བློ་ནང་དུ་འཁོར། འཁོར་བའི་ཆོས་ལ་ངེས་འབྱུང་ཞིག་སྐྱེས་ཏེ། ཐུན་མིན་ནང་གི་སྔོན་འགྲོས་ཆོས་ལ་ངེས་ཤེས་དང་དུང་བ་ཞིག་སྐྱེ་ཡོང་དུས། དེ་དུས་ལྟ་རྒྱུ་ཉན་རྒྱུའི་མི་ཚད་ཉམས་ལེན་བྱེད་དགོས། ལུང་ཞིག་གིས་མི་ཆོག་ཁྲིད་ཞུ་དགོས། ཁྲིད་རྐྱང་བས་མི་ཆོག་པར་གདམས་པ་ཡོད་དགོས། ད་དུང་དེའི་མི་ཚད་སྙིང་ཐིག་རང་ལམ་གྱི་རྩ་གསུམ་གྱི་དབང་། མིན་ཡང་རྩ་གསུམ་ཀུན་འདུས་རིག་འཛིན་ཡབ་སྐུའི་དབང་ལྟ་བུ་ཞིག་ཞུས་ཏེ་འབུམ་ལྔའི་བསགས་སྦྱོང་གིས་འགོ་བཙུགས་ནས་ཉམས་ལེན་བྱེད་དགོས། མདོར་ན་གཙོ་བོ་བློ་སྦྱོང་གི་ཆེད་དང་ཆོས་ལ་ངེས་ཤེས་སྐྱེ་བྱེད་ཀྱི་བག་ཆགས་བཟང་པོ་འཇོག་པའི་ཆེད་དུ་ལུང་མ་ཐོབ་ཀྱང་ལྟ་ཆོག་ལ་ལྟ་དགོས། དང་པོ་ཐོས་པ་ཚོལ་བའི་ཆེད་དུ་བལྟས། དེ་ལ་བསྟེན་ནས་བསམ་སྒོམ་གཉིས་ཀའི་ཐར་བའི་ལམ་ཞིག་བཙལ་བའི་མོས་པ་བྱུང་ཚེ། དེ་དུས་སྨིན་བྱེད་ཀྱི་དབང་གྲོལ་བྱེད་ཀྱི་ཁྲིད་རྒྱབ་རྟེན་གྱི་ལུང་དང་བཅས་པ་ཡོད་དགོས་ཟེར་རྒྱུ་དེ་ངས་དགོངས་པ་བླངས་བ་རེད། འོ་ན་གནའ་སྔ་མོར་ཀུན་བཟང་ཞལ་ལུང་མི་སྐྱ་ཕོ་མོས་ལྟ་དགོས་ཤེས་པའི་སྲོལ་ཞིག་དར་སྲོལ་མེད་དོ་སྙམ་ན། ངས་ཁ་སང་སེར་རྒན་གོ་བོ་ལ་དཔེ་བླངས་ཏེ་བཤད་པ་ཡིན། དེ་དྲན་པར་གྱིས་དང་གདམས་ངག་ཡིན། གནའ་སྔོན་མ་འདྲ་ཞིག་ཡིན་ན་སྤྱིར་དུས་བཟང་པོ་དང་ཆོས་ཀྱི་ཕྱོགས་ནས་ཁྱད་པར་དུ་དུས་བཟང་པོར་ཆགས་ཡོད། དད་པ་དག་སྣང་ཅན་གྱི་མི་མང་ཟེར་ན་ཁྱད་པར་འཕགས་པའི་སྐྱེ་བུ་རེ་རེ་གཉིས་གཉིས་བྱོན་རྒྱུ་ཡོད་པ་རེད། དེང་སང་སྤྱིར་སྙིགས་མ་ལྔ་བདོ། ཁྱད་པར་དུ་ལྟ་བའི་སྙིགས་མ་ཤེས་རབ་འཆལ་བའི་སྦྱོར་སྐྱོན་ཅན་གྱིས་བསྟན་པ་རྙོག་མ་ཅན་བྱེད་པའི་དུས་ཚོད་ལ་ཁེལ། དེས་ན་མི་སྐྱ་ཕོ་མོའི་གཙོར་བྱས་པའི་ཐོས་པ་ཆུང་བའི་རིགས་བློ་ཁ་ངན་པའི་ཕྱོགས་སུ་སྒྱུར་སླ། དེ་ལྟར་སྦྱོང་བ་དམན་པ་ཚོའི་རིགས་ལ་ཀུན་བཟང་བླ་མའི་ཞལ་ལུང་འདི་གོ་སླ་ཉན་བདེ་བྱས་ཏེ་ཆེད་དུ་གསུངས་པ་རེད། སྔོན་འགྲོ་བློ་སྦྱོང་གི་ཆོས་ལ་བཀའ་རྒྱ་མི་བསྡམ་པ་དང་། དངོས་གཞི་རྫོགས་ཆེན་གྱི་ཁྲིད་སྣོད་མིན་ལ་མི་སྤེལ་བ། སྤྱིར་ཆོས་རྒྱུད་འདིའི་ཕྱག་སྲོལ་ཡིན་ལ་ཁྱད་པར་དུ་ངའི་ལུགས་ཡིན། ད་ལོར་འཛོམས་མ་ཐལ་མ་གཏོགས་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཟླ་ཁྲིད་ཅིག་ཁྲིད་སྦྱོང་དང་བཅས་པ་བྱས་ཏེ་མི་སྐྱ་ཕོ་མོ་སུ་ཞུགས་འདོད་ན་དེའི་ནང་དུ་ཞུགས་སུ་བཅུག་དགོས་བསམ། དེར་མ་ཟད་ཀློང་ཆེན་མཛོད་བདུན་གྱི་ནང་ནས་མན་ངག་མཛོད་བློ་སྦྱོང་ལྟར་དུ་བཀྲལ་ཏེ་ཚང་མར་ཐོབ་རྒྱུ་ཞིག་བྱེད་དགོས་བསམ་བཞིན་ཡོད། མདོར་བསྡུས་ན་ཀུན་བཟང་ཞལ་ལུང་འདི་མི་ཆེ་ཆུང་ཕོ་མོ་ཚང་མས་ཉན་ཆོགསྒྲ་ཙམ་ཁྱིམ་ནས་སྒྲགས་ཀྱང་བྱིན་རླབས་ཆེ། དེ་ལ་བསྟེན་ནས་ཆོས་རྣམ་དག་ཅིག་སྒྲུབ་དགོས་བསམ་སྐབས། དེ་དུས་དབང་ལུང་ཁྲིད་གསུམ་ཐོབ་དགོས། སྤྱིར་བཏང་གི་ས་འདི་ཀློང་ཆེན་སྙིང་ཐིག་གི་བསྟན་པ་དར་སའི་ས་ཆ་ཡིན། དམ་པ་གོང་མ་རྣམས་ཀྱི་ཐུགས་དམ་དགོངས་པའི་ཉམས་ལེན་གྱི་མཐིལ་ཡང་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་རེད། དེའི་སྐབས་ཀྱི་ཆོས་དད་སྡེ་འབངས་མང་ཆེ་བས་སྔོན་འགྲོའི་ངག་འདོན་རྒྱུནའདོན་བྱེད་ཀྱིན་ཡོད། ངག་འདོན་རྒྱུན་འདོན་བྱེད་རྒྱུ་ལ་ལུང་དགོས་པ་ཡིན་ཉམས་ལེན་གྱི་ཕྱོགས་སུ་གཏོགས། འདི་ན་ཡོད་པ་མང་ཆེ་བར་ལུང་ཐོབ་ཡོད་རྒྱུ་རེད་དེ་འདིའི་དབང་གི་ཉིན་ཡང་བསྐྱར་ལུང་ཐེངས་གཅིག་འདོན་ཆགས་ཡོད། སྔོན་འགྲོའི་ངག་འདོན་འདི་ཀུན་མཁྱེན་འཇིགས་གླིང་གི་དགོངས་གཏེར་ལ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་ཀྱིས་ཁ་བསྐངས་མཛད་པ་ཞིག་རེད། འདི་རྩ་བ་དང་ཀུན་བཟང་ཞལ་ལུང་དེའི་འགྲེལ་བ་དང་རྒྱབ་ཆོས་རེད་ཟེར་ན་ཆོག ཀུན་བཟང་བླ་མའི་ཞལ་ལུང་ནང་གི་ཆོས་སྐད་རྣམས་བརྡ་ཁྲོལ་དུས་མདོ་སྔགས་ཀྱི་ཆོས་གང་ཞུས་ཀྱང་ཆོས་སྐད་གོ་བ་ཞིག་ཕལ་ཆེར་གྱུར་ཡོད། ཆོས་སྐད་ཙམ་ཡང་མ་གོ་ན་དོན་ཅི་ཞིག་ཟེར་གྱིན་ཡོད་ཤེས་དཀའ། མི་སྐྱ་ཕོ་མོ་རིག་གནས་ལ་སྦྱོང་མ་མྱོང་བ་རྣམས་ཅི་ཁག དཔེ་ཆ་བ་གསར་བ་རྣམས་ཀྱིས་ཀྱང་དང་པོ་ཡིག་སྐད་དང་ཆོས་སྐད་ཀྱི་འགག་སྒོ་མི་ཁྲོལ་བར་དུས་རིང་པོར་ལུས་འགྲོ། སྙིང་སྟོབས་མེད་པ་རྣམས་འགག་སྒོ་དང་པོ་དེ་ལ་ཐུག་པ་དང་ཕྱིར་ནུད་བྱེད་འགྲོ། དེ་ཚེ་དེ་བཞིན་གཤེགས་པ་དེའི། །ཕྱག་གཡས་བརྐྱངས་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཅེས་གསུངས་ཏེ། བདེ་བ་ཅན་ལ་སྐྱེས་པ་དང་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཇལ། མཆོད་པའི་སྤྲིན་གྱིས་རྒྱལ་བ་མཆོད་པ་དེའི་ཚེ་ན། དེ་བཞིན་གཤེགས་པ་དེའི་ཐུགས་དགྱེས་བཞིན་དུ་འཛུམ་པའི་ཞལ་མདངས་བསྟན། བརྩེ་བའི་སྤྱན་གྱིས་གཟིགས་ཏེ་བསོད་ནམས་ཀྱི་ཕུང་པོ་བརྒྱ་ཕྲག་ལས་གྲུབ་པའི་ཕྱག་གཡས་པ་རང་ཉིད་ཀྱི་མགོ་ཐོག་ཏུ་བཞག་སྟེ། བྱང་ཆུབ་སེམས་དཔའ་ག་གེ་མོ་ཁྱོད་སྔར་ཚོགས་བསགས་ཏེ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས། ཁྱོད་ཀྱི་དད་པ་དང་མོས་པའི་ཡིད་ཀྱི་ནམ་མཁར་ཁོང་ཐུབ་པའི་དབང་པོའི་ཟླ་བ་དུས་རྟག་ཏུ་ཤར་ནས་ཡོད། སྐད་ཅིག་ཀྱང་འབྲལ་མ་མྱོང་། ད་དུང་ཁྱོད་ཀྱི་ཞུམ་པ་མེད་པའི་སེམས་བསྐྱེད་པ་དང་མི་འབྲལ་བར་བྱང་ཆུབ་ཀྱི་སྤྱོད་པ་རླབས་ཆེན་རྫོགས་སྨིན་སྦྱོང་གསུམ་གྱི་སྒོ་ནས་མཐར་ཕྱིན་པར་གྱིས་དང་མ་འོངས་པའི་དུས་ག་གེ་མོ་ཞིག་ཏུ་ཞིང་ཁམས་འདི་འདྲ་ཞིག་ལ་ཁྱོད་སངས་རྒྱས་ཀྱི་མཚན་དེ་དང་དེར་ཞེས་བྱ་བར་སངས་རྒྱས་པར་འགྱུར་རོ་ཞེས་དབུག་དབྱུང་ལུང་བསྟན་ཐོབ་པར་ཤོག་ཅིག་ཅེས་གསུངས་སོ། །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་རྒྱུད་སྨིན་ཞིང་གྲོལ་བར་ཤོག །ཅེས་གསུངས་ཏེ། ད་ལྟ་རང་རེ་སོ་སོའི་སྐྱེ་བོའི་ས་ནས་ཟབ་རྒྱས་ཀྱི་ཆོས་སྟོན་པས་གསུངས་པ་དེ་ཐོས་པ་རེད་མོད། གཅིག་ན་ཐ་མལ་མིའི་ཡི་གེའི་སྒྲ་ཚིག་ཙམ་གྱིས་ཟབ་མོའི་དོན་མཐར་ཕྱིན་པ་ཞིག་མཚོན་མི་ཐུབ་པ་དང་། གཉིས་ན་སོ་སྐྱེ་བྱིས་པའི་བློ་མིག་གི་ནང་དུ་རྒྱ་ཆེ་བའི་བརྗོད་བྱའི་དོན་ཟབ་མོ་མི་ཤོང་བ་དང་མི་འདྲ་བར། དེ་དུས་མགོན་པོ་འོད་དཔག་མེད་པའི་མདུན་ནས་ཟབ་པ་སྟོང་བ་ཉིད་དང་། རྒྱ་ཆེ་བ་ཕར་ཕྱིན་དྲུག་གིས་བསྡུས་པའི་ཆོས་ཐོས་པར་མ་ཟད་དོན་ཁོང་དུ་ཆུད་དེ་རང་རྒྱུད་མ་སྨིན་པ་སྨིན། མ་གྲོལ་བ་གྲོལ་ཏེ་ས་ལམ་སྐད་ཅིག་གཅིག་གིས་རྫོགས་ནས་ཡོན་ཏན་རྒྱ་ཆེན་པོ་ཐོབ་པར་ཤོག་ཅིག་ཅེས་གསུངས། ད་ལྟའི་སྐབས་ནས་ཀྱང་ཆོས་ཉན་པའི་བག་ཆགས་རང་རྒྱུད་ལ་ཞོག་དང་སྐྱེ་བ་རྗེས་མར་ཐོས་པས་རང་རྒྱུད་གྲོལ་བ་དང་ཁྱད་པར་དུ་བདེ་བ་ཅན་དུ་ཆོས་འཛིན་པའི་མཆོག་ཏུ་གྱུར་ནས་སངས་རྒྱས་འོད་དཔག་མེད་པའི་སྲས་ཀྱི་ཐུ་བོར་འགྱུར་པ་རེད། ཆོས་ཉན་པ་ཙམ་གྱིས་ངས་མི་གོ་བསམས་ཏེ་སྐྱུར་མི་རུང་། བརྩོན་འགྲུས་གྱིས་མོས་པ་མ་ཞན་ན་ནམ་ཞིག་གོ་ཡོང་། ཁྱད་པར་དུ་ལྷག་པའི་ལྷ་ལ་གསོལ་བ་བཏབ་ན་ཤེས་རབ་རང་གིས་བསྒྲུབས་ན་ཆོག འདི་ནས་པཎྜི་ཏ་ནག་མོའི་ཁོལ་ཞེས་པའི་གཏམ་རྒྱུད་ཞིག་བཤད། གནའ་སྔོན་མ་རྒྱལ་པོ་ཚངས་པའི་བྱིན་ཞེས་པ་བློ་དང་ལྡན་པ་ཞིག་ཡོད་མྱོང་བ་རེད། དེས་བྲམ་ཟེ་མཆོག་སྲེད་སོགས་མཁས་པ་མང་པོ་ཞིག་བསྡུས་ནས་མཁས་པ་རྣམས་རྩོད་དུ་བཅུག བྲམ་ཟེ་མཆོག་སྲེད་ལ་རྒྱལ་པོ་ཚངས་བྱིན་མགུ་སྟེ། རྒྱལ་པོའི་བསམ་པར་མཁས་པ་དེ་དག་གི་ནང་ནས་བྲམ་ཟེ་མཆོག་སྲེད་འདི་མཁས་སོ་སྙམ་ནས། རྒྱལ་པོ་རང་ཉིད་ཀྱི་སྲས་མོ་འདེང་ཆེན་གསེར་མདོག་ཅན་ཟེར་བ་ཞིག་ཡོད་པ་དེ་ལ་ཁྱིམ་ཐབས་སུ་བྱིན་པ་རེད། བུ་མོའི་བསམ་པར་འདི་བས་ང་མཁས། གལ་ཏེ་ང་རང་ཉིད་ལས་མཁས་ཤིག་ཡོད་ན་དེའི་ཁྱིམ་ཐབས་སུ་འགྲོ་ཡི་དེ་མིན་མི་འགྲོ་སྙམ་ནས། དེ་ལྟར་སྨྲས་པས་བྲམ་ཟེ་མཆོག་སྲེད་མ་དགའ་བར། ང་ལྟ་བུའི་མཁས་པ་ཞིག་ལ་ཡང་མི་མགུ་བར་འདུག་མོད། ད་ནམ་ཞིག་ལ་མགོ་ཞིག་སྐོར་ཐུབ་པ་བྱ་དགོས་བསམ་སྟེ་བསམ་བློ་བཏང་ནས་བསྡད། དེ་ནས་བྲམ་ཟེ་མཆོག་སྲེད་ཀྱིས་མི་གླེན་པ་ཞིག་འཚོལ་ཕྱིར་དུ། གྲོང་ཁྱེར་གྱི་མཐའ་ལ་སོང་པས་གླང་རྫི་གཟུགས་མཛེས་ལ་འདུ་ཤེས་གླེན་པ་ཞིག་རྙེད། དེས་གླེན་རྟགས་ཅི་ཞིག་སྟོན་བཞིན་ཡོད་པ་རེད་ཟེར་ན། ཤིང་སྡོང་པོ་ཞིག་གི་རྩེ་མོར་སོང་ནས་རྩ་བ་གཅོད་ཀྱིན་འདུག དེས་ལས་སྟངས་ལ་བལྟས་ཏེ་གླེན་པ་ཞིག་རེད་བསམ་ནས་ག་ལེར་ལྐོག་ནས་ཁྲིད་ཡོང་སྟེ་གླང་རྫི་གྲིབ་མའི་ནང་དུ་བཞག་ནས་འོ་མས་བསྐུ་མཉེ་བྱས། ཟས་བཟང་པོ་བྱིན། གོས་ཡག་པ་བསྐོན་ཏེ་ཨོཾ་སྭ་སྟི་ཟེར་བ་ཞིག་ཁ་ཏོན་དུ་བྱང་དུ་བཅུག དེ་ནས་བྲམ་ཟེ་མཆོག་སྲེད་ཀྱིས་རྒྱལ་པོ་ལ་སྨྲས་པ། ང་ལ་སློབ་དཔོན་ཞིག་ཡོད། ང་ལས་ལྡབ་མང་པོས་མཁས་པའི་ཆེས་ཤིན་ཏུ་མཁས་པ་ཞིག་ཡོད་པས་དེ་སྲས་མོའི་ཁྱིམ་ཐབས་དང་རྒྱལ་བོའི་མཆོད་གནས་སུ་འབུལ་བ་ཡིན་ཞེས་ཞུས། གླེན་པ་བ་ལང་རྫི་བོ་ལ་པཎྜི་ཏའི་ཆས་གོས་བསྐོན་ཏེ་ཁྱོད་དེའི་འཕྲོར་མི་མང་འཛོམས་སའི་དཀྱིལ་དུ་ཐོན་དུས་ཨོཾ་སྭ་སྟི་ཞེས་འདོན་བཞིན་རྒྱལ་བོའི་མགོ་ལ་མེ་ཏོག་ཞོག གཞན་པ་སུ་ལའང་སྐད་ཆ་བཤད་མི་དགོས། ཚུར་ལ་བཤད་ཀྱང་ཕར་ལ་ཚིག་ལན་སྤྲོད་མི་དགོས་ཞེས་སྨྲས་ནས་ཁྲིད་སོང་། མི་ཚང་མས་མཆོག་སྲེད་ལས་ཀྱང་མཁས་པ་མཆོག་སྲེད་ཀྱི་སློབ་དཔོན་ཡིན་པ་དེ་ཅི་འདྲ་ཞིག་ཡོད་དམ་སྙམ་སྟེ་བལྟས། དེ་ནས་མི་མང་གི་ཁྲོམ་དཀྱིལ་དུ་རྒྱལ་པོ་དང་སྲས་མོ་བློན་པོ་མཆོག་སྲེད་རྣམས་ལ་ཁྲི་སོ་སོ་བརྒྱབ། བླུན་པོ་བ་ལང་རྫི་པཎྜི་ཏའི་ཆ་བྱེད་ཅན་དེ་མི་ཚང་མའི་གོང་དུ་ཁྲི་བརྒྱབ་སྟེ་བཞག དེ་ནས་རྒྱལ་པོའི་མགོ་ལ་མེ་ཏོག་འཇོག་རན་དུས་བླུན་པོས་རྒྱལ་པོའི་མགོ་ལ་མེ་ཏོག་བཞག་སྟེ་སྔོན་དུ་བསླབ་པའི་ཨོཾ་སྭ་སྟི་ཟེར་དགོས་པ་རེད་མོད། ཨོཾ་སྭ་སྟི་མ་དག་པར་སྒྲ་ལོག་ཕྱིན་ཅི་ལོག་གི་ནང་དོན་ཅན་ནང་དོན་མི་ལེགས་པ་ཞིག་སྨྲས་པས། མི་ཚང་མས་ཁྲེལ་བགད་བྱས་ཏེ་བརྙས་བཅོས་ཀྱི་ཉམས་བསྟན། བྲམ་ཟེ་མཆོག་སྲེད་ཀྱིས་ཚིག་སྐྱོར་བྱས་ཏེ་མཁས་པའི་ཚིག་ཡིན་རབས་ཀྱི་ལོ་རྒྱུས་འགྲེལ་བཤད་དང་བཅས་པ་བྱས་ནས་ཐམས་ཅད་ཀྱི་སྤོབས་པ་བཅོམ་སྟེ་ཅི་ཡང་ཟེར་རྒྱུ་མེད་པར་བྱས། དེའི་མཚམས་ནས་རྒྱལ་པོའི་སྲས་མོས་སཾསྐྲྀཏའི་སྐད་ཀྱི་སྟེང་ནས་ཁྱད་དུ་འཕགས་པའི་སྙན་ངག་འགའ་ཞིག་ཡོད་དམ་ཟེར་ནས་མཁས་པའི་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་དྲི་བ་བྱས་ཚེ། ལན་ཅི་ཡང་མ་ཡོང་། ཡང་མཆོག་སྲེད་ཀྱིས་སྨྲས་ཏེ་ངའི་སློབ་དཔོན་མཁས་པ་ཆེན་པོ་ཡིན་པས་བུད་མེད་ཅིག་ལ་ལན་གང་ན་རྒྱག་རྒྱུ་རེད་ཅེས་ཚིག་གིས་རྒྱབ་སྐྱོར་བྱས་པས་སུས་ཀྱང་ཅིའང་ཟེར་རྒྱུ་མ་ལོན། དེ་ནས་རྒྱལ་པོའི་སྲས་མོས་གླེན་པ་དེ་ལྷ་ཁང་ནང་དུ་ཁྲིད་དེ་གཙུག་ལག་ཁང་མཇལ་ཁ་བསྟན་པས། གང་ན་བཤམས་པའི་བདེ་བར་གཤེགས་པའི་སྐུ་གཟུགས་ཚོ་ལ་མིག་གིས་ཤར་བལྟས་ཙམ་ཞིག་ཀྱང་མ་བྱས། མར་སྒོ་ཁའི་སྒོ་ཁང་དུ་ཐོན་དུས་སྲིད་པའི་འཁོར་ལོའི་ནང་གི་དུད་འགྲོ་བ་ལང་གི་གཟུགས་བྲིས་ཡོད་པ་མཐོང་ཚེ། སྔར་གྱི་བག་ཆགས་ཀྱིས་ཁོ་རང་གིས་འཚོ་འདུག་རྒྱུའི་བ་ལང་ཐམས་ཅད་དྲན་ཏེ་ཁ་ནས་མ་ཧེ་ཟེར་བ་སོགས་གཏམ་འདྲ་མིན་མང་པོ་ཤོར། དེ་ནས་རྒྱལ་པོའི་སྲས་མོས་བྲམ་ཟེ་མཆོག་སྲེད་ཀྱིས་མགོ་སྐོར་འདུག་པ་ཤེས་ཤིང་། མགོ་སྐོར་བཏང་ཡོད་ན་ཡང་འདི་བྲམ་ཟེ་མཆོག་སྲེད་ལས་མཁས་ཤིག་བྱེད་དགོས་སྙམ་ནས། བླུན་པོ་བ་ལང་རྫི་དེ་ལ་བློ་གྲོས་ཀྱི་རྩལ་སྦྱོང་དུ་བཅུག་ཀྱང་བློ་ནུས་ཤིག་གཏན་ནས་མེད་པས་ཅི་ཡང་མ་ཤེས། དེ་ལ་ཐབས་གཞན་མ་རྙེད་པར་ལྷ་མོ་དབྱངས་ཅན་མའི་སྐུ་གཟུགས་ཡོད་སའི་ལྷ་ཁང་ཞིག་གི་ནང་དུ་བཞག་ནས་ལྷ་མོ་དབྱངས་ཅན་མ་སྒྲུབ་ཏུ་བཅུག ཁོ་རང་གིས་ཀྱང་ཡུན་རིང་བསྒྲུབས་ཀྱང་འབྲས་བུ་ཅི་ཡང་མ་ཐོབ། རྒྱལ་པོའི་སྲས་མོས། ནག་མོ་ཟེར་བའི་གཡོག་མོ་ཞིག་ཡོད་པ་དབྱངས་ཅན་མའི་འདྲ་སྐུའི་རྒྱབ་ཏུ་གབ་ཏུ་བཅུག་སྟེ། དེ་ལ་ནམ་ཐོ་རེངས་ཀྱི་དུས་སུ་སྐུ་འདྲས་གསུང་འབྱོན་ཁུལ་གྱིས་མི་ཁྱོད་ཀྱིས་ཅི་འདོད་ཅེས་དྲིས་ཤིག གལ་ཏེ་ཁོས་དངོས་གྲུབ་འདོད་ཅེས་ལག་པ་བརྐྱངས་ན་ཁྱོད་རང་གི་ཁ་ནང་ནས་ལ་དུ་ཟ་འཕྲོ་ཞིག་དེའི་ཁ་ནང་དུ་ཆུག་ཅིག་ཅེས་སྨྲས། གཡོག་མོ་དེ་ལྟར་དབྱངས་ཅན་མའི་སྐུ་རྒྱབ་ཏུ་གབ་ནས་བསྡད། བར་སྐབས་ཅིག་ལ་མི་ཁྱོད་ཀྱིས་དངོས་གྲུབ་ཅི་འདོད་ཅེས་དྲིས། ཁོ་རང་གིས་འདི་དགོས་དེ་དགོས་ཅི་ཡང་ཟེར་མ་ཤེས་ཀྱང་ཅིག་སྦྱིན་ཆས་རེད་བསམ་ནས་ལག་པ་བཟེད། ལག་པ་བཟེད་ཡོང་དུས་གཡོག་མོས་ཁ་ནང་གི་ལ་དུ་ཟ་འཕྲོ་བླངས་ཏེ་ཁོ་ལ་བྱིན། རྫི་བོ་གླེན་པས་ལྷ་མོ་དབྱངས་ཅན་མས་མངོན་སུམ་དུ་དངོས་གྲུབ་གནང་བ་རེད་སྙམ་ནས་ཐེ་ཚོམ་མེད་པར་ཟོས་ནས་མིད་པ་དང་མཉམ་དུ་མགོ་བཏུམས་ཕུད་པ་ལྟར་གྱུར་ཏེ། དེ་མ་ཐག་ཏུ་མི་ཤེས་པ་ཐམས་ཅད་སངས་ཏེ་སྤྲིན་བྲལ་གྱི་མཁའ་ལ་ཉི་མ་ཤར་བ་ལྟ་བུ་ཞིག་ཏུ་གྱུར་ཀྱང་། བློ་གྲོས་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་ཏེ་ཤེས་བྱའི་གནས་ཐམས་ཅད་མཁྱེན་པ་བྲམ་ཟེ་མཆོག་སྲེད་བས་ཀྱང་མཁས་པ་ཞིག་ཏུ་གྱུར། དེ་ནས་སྲས་མོས་སྔར་དྲིས་པའི་ལན་མ་བྱུང་བ་ཐམས་ཅད་ལ་དེའི་ལན་དུ་སྡེབ་སྦྱོར་གྱི་བསྟན་བཅོས་གཞོན་ནུ་མ་འབྱུང་བ་ཆེ་ཆུང་གསུམ་མཛད། དེའི་སྐབས་ལ་པཎྜི་ཏ་ནག་མོའི་ཁོལ་ཟེར་བའི་མཚན་དེ་འཇིག་རྟེན་གྱི་ཁམས་སུ་གྲགས་སོང་། དེ་ནས་མཁས་པ་ཆེན་པོ་དེས་གཞན་གྱི་ངོ་ལ་བལྟས་པ་ཙམ་གྱིས་ལུས་ཡོངས་རྫོགས་ཀྱི་ཆགས་ཚུལ་ཤེས་འགྲོ། ཡིན་ན་ཡང་སྙན་གྲགས་ཆེན་པོ་དང་མཉམ་དུ་བར་ཆད་ཀྱང་ཡོད་པ་ཡིན་པས་དོན་གཞན་དང་གཞན་གྱི་དབང་གིས་རྒྱལ་པོར་རྟོག་ལོག་ཅིག་ཤར་ནས་པཎྜི་ཏ་ཉིན་ཅིག་ཕུད་བཞག་པ་རེད། དེ་ནས་ཡུན་རིང་སོང་རྗེས་སྔར་གྱི་པཎྜི་ཏ་ལས་མཁས་པ་མི་འདུག་སྙམ་ནས་བཙལ་ཀྱང་མ་རྙེད། དེ་ནས་རྒྱལ་པོས་ད་དུང་མཁས་པ་གཞན་དག་བརྙེད་རྒྱུ་ཡོད་ན་ཐང་བསམ་ནས་དེ་དང་ཀུན་བརྟགས་པའི་ཆེད་དུ། རྒྱལ་པོ་མཁས་པ་ཞིག་ཡིན་པས་སྙན་ངག་ཞིག་བྲིས་ཏེ། ཆུ་ཡི་ནང་གི་པད་མོ་ལ། །འདར་བར་བྱེད་པའི་རྒྱུ་ནི་གང་། །ཞེས་དྲི་བའི་ཚིག་རྐང་པ་གཉིས་ཤོ་ལོ་ཀ་ཕྱེད་ཅིག་བྲིས་ཏེ་དེ་དགེ་འདུན་གྱི་གནས། རྒྱལ་བོའི་ཁབ། ཆང་འཚོང་མའི་གནས་ལ་སོགས་པར་གང་དུའང་བཀྲམ། དེའི་རྒྱུ་མཚན་ཤེས་མཁན་ཡོད་ན་བྱ་དགའ་ཆེན་པོ་ཡོད་ཅེས་དྲིལ་བསྒྲགས་བྱས། བྱ་དགའ་ལེན་བསམ་མཁན་མང་པོས་ལན་འདྲ་མིན་མང་པོ་ཞིག་བརྒྱབས་ཀྱང་རྒྱལ་པོའི་ཐུགས་ལ་བབ་པའི་ལན་ཞིག་སུས་ཀྱང་མ་ཐེབས། སྐབས་ཤིག་ལ་པཎྜི་ཏ་ནག་མོའི་ཁོལ་ཆང་འཚོང་སའི་ཆང་ཁང་ཞིག་གི་ནང་དུ་བསྡད་ཡོད་པས་ཆང་ཉོ་བའི་མི་ཚང་མས་དེའི་སྐོར་གླེང་། དེའི་ཚེ་པཎྜི་ཏ་ནག་མོའི་ཁོལ་གྱིས་སྨྲས་པ། པད་མ་འདར་བའི་རྒྱུ་ནི། གལ་ཏེ་བུང་བ་པདྨའི་ནང་དུ་ཞུགས་ཏེ་སྦྲང་རྩིའི་བཅུད་ལེན་གྱིན་པའི་སྐབས་སུ། ཉི་མ་ནུབ་རི་ལ་གློ་བུར་དུ་ནུབ་སོང་ན་པདྨོ་ཁ་ཟུམ་དེ་བུང་བ་ནང་ནས་ལྷག་འགྲོ། དེ་དུས་བུང་བ་འཕུར་བར་འདོད་དེ་ནང་ནས་འཕུར་བར་བརྩམ་ན་པདྨོ་འདར་བ་རེད་ཅེས་སྨྲས། བུང་བ་ཞུགས་ཚེ་ཉི་མ་ནུབ། །འཕུར་བར་འདོད་པ་འདར་བའི་རྒྱུ། །ཞེས་གོང་གི་རྒྱལ་བོའི་ཤོ་ལོ་ཀ་ཕྱེད་ཀྱི་སྟེང་དུ་ཤོ་ལོ་ཀ་ཕྱེད་ཅིག་བསྣན་ཏེ་ཤོ་ལོ་ཀ་གསོན་པོ་ཞིག་བྱས། དེ་ནས་ཆང་འཚོང་མ་ཞིག་ཡོད་པ་དེས་བྱ་དགའ་ལེན་པར་འདོད་ནས་ཤོ་ལོ་ཀ་ཕྱེད་དེ་ཡི་གེར་ཕབས་ཤིང་པཎྜི་ཏ་ལྐོག་ནས་བཀྲོངས་ཏེ་རོ་ས་འོག་ཏུ་སྦས་ནས་སྙན་ངག་ཤོ་ལོ་ཀ་ཕྱེད་ཀ་ཁྱེར་ཏེ་རྒྱལ་པོའི་སྐུ་མདུན་དུ་སོང་། རྒྱལ་པོའི་ཐུགས་ལ་བབ་ནས་མཁས་པ་ཟེར་བ་འདི་རེད་འདུག འདི་སུས་ཤེས་ཡོང་བ་རེད་ཅེས་དྲིས། ཆང་འཚོང་མས་མོས་ཤེས་ཡོང་བ་རེད་ཅེས་ལན་སྨྲས། རྒྱལ་པོས་བརྟག་དཔྱད་ཅིག་བྱས་ནས་རྫུན་ཡིན་པར་ཤེས་སྟེ་ཡང་འདྲི་ཅིག་བྱས་དུས་ད་དུང་དྲང་བཤད་མ་བྱས། དེ་ནས་ཆང་འཚོང་མའི་ཁང་པ་ཐམས་ཅད་བཤིགས་ནས་ཞིབ་བཤེར་བྱས་དུས་པཎྜི་ཏའི་སྐུ་གདུང་ས་འོག་ཏུ་སྦས་ཡོད་པ་རྙེད། དེ་ནས་དབང་ཕྱུག་ཆེན་པོས་སླར་ཡང་གསོན་དུ་བཅུག་རབས་ཀྱི་ལོ་རྒྱུས་ཡོད་པ་རེད། བློ་ཐེ་ཚོམ་མེད་པའི་ཐོག་ནས་ལྷག་པའི་ལྷ་བསྒྲུབས་ན་དངོས་གྲུབ་དེ་འདྲ་ཐོབ། ཡང་གནའ་སྔོན་མར་རྒྱ་གར་གྱི་གཙུག་ལག་ཁང་ཞིག་ན་མཁན་པོ་རྒན་ཁོག་ཞིག་མིང་ལ་མཁན་པོ་ཐོགས་ཤིང་དོན་ལ་ཆེར་མི་མཁས་པ་ཞིག་ཡོད། དེས་བསམ་པར་ལོ་ཆེན་པོ་ཤེས་ཡོན་མེད་པ་འདིས་ཅི་ཡང་མི་འོང་པས། ད་ནི་ཐོས་པ་ཞིག་འཚོལ་དགོས་དགོངས་ཏེ་ཐོས་པ་ལ་བརྩོན་འགྲུས་བྱས། གནས་དེར་རྒྱལ་པོ་དྷརྨ་པཱ་ལ་ཞེས་པ་ཞིག་ཡོད་པ་དེས། ཁྱོད་མཁས་པ་ཞིག་ཏུ་གྱུར་ཚེ་ཤིང་སྡོང་འདི་ལ་འབྲས་བུ་ཞིག་སྨིན་ཡོང་ངེས་རེད་ཅེས་ཤིང་སྡོང་སྐམ་པོ་ཞིག་བསྟན། མཁན་པོས་དེ་གོ་བ་དང་མཉམ་དུ་རྟ་མགྱོག་པ་ལ་ལྕག་ཚ་མོས་བསྐུལ་བ་ལྟར་འཇམ་དཔལ་དབྱངས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་བསྒྲུབས་པས་ཞག་བདུན་གྱིས་མཁས་པའི་དབང་པོ་ཞིག་ཏུ་གྱུར། དེ་ནས་རྒྱལ་པོའི་ཐད་དུ་སོང་སྟེ་ཁྱོད་ཀྱིས་ཤིང་སྐམ་པོའི་འབྲས་བུ་ཁྱེར་ཤོག་ཅེས་སྨྲས། རྒྱལ་པོ་དྷརྨ་པཱ་ལ་ངོ་མཚར་ཏེ་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་བཀུར་སྟི་མཛད་པ་ལྟར་ཤེས་རབ་བསྒྲུབས་ན་འགྲུབ་རྒྱུ་ཡོད། བློ་གྲོས་དང་ལྡན་པར་རང་ཉིད་ཀྱིས་བྱས་ན་ཆོག ཡང་སྔོན་མ་ཞིག་ལ་མ་གྷ་དྷ་བཟང་མོས་སངས་རྒྱས་འཁོར་བཅས་སྤྱན་དྲངས་བའི་སྐབས་ལ་སྟོན་པས་དགེ་སློང་རྫུ་འཕྲུལ་དང་ལྡན་པ་ཐམས་ཅད་ཀྱིས་ཚུལ་ཤིང་ལོངས་དང་དེར་འགྲོ་ཞེས་གསུངས། དེའི་དུས་ན་དེར་མཁས་པ་ཆེན་པོ་རྫུ་འཕྲུལ་དང་མི་ལྡན་པ་ཞིག་ཡོད་པ་དེས་ཀྱང་ཚུལ་ཤིང་བླངས་ཏེ་འགྲོ་གྲབ་བྱས་ཚེ། གཞན་པས་ཁྱེད་ལ་རྫུ་འཕྲུལ་མེད་པས་ཇི་ལྟར་འགྲོ་བ་ཡིན་ཞེས་དྲིས་པས། དེས་གསུངས་པ་ཁོ་བོར་སྤོང་བར་བྱ་བ་སྤོང་ནུས་པ་དང་རྟོགས་པར་བྱ་བ་རྟོགས་ནུས་པའི་ཤེས་རབ་དང་ལྡན་པ་ཡིན་པས་རྫུ་འཕྲུལ་ད་ལྟ་ཉིད་དུ་བསྒྲུབས་ཆོག་ཁྱེད་རྣམས་ཀྱིས་ཅུང་ཟད་སྒུགས་ཤིག་ཅེས་གསུངས་ནས་དེ་ཉིད་དུ་བསྒོམ་པས་དེ་མ་ཐག་ཏུ་རྫུ་འཕྲུལ་ཐོབ་སྟེ་ཐམས་ཅད་ཀྱིས་དད་པའི་གནས་སུ་གྱུར། དེ་ནས་སྟོན་པ་འཁོར་དང་བཅས་པ་རྫུ་འཕྲུལ་ཅན་ཁོ་ན་ནམ་མཁའ་རུ་རྫུ་འཕྲུལ་སྣ་ཚོགས་ཀྱིས་ཕེབས་སོ། །བླ་མ་མཁས་པ་ལ་བསྟེན་ཞིང་ལྷག་པའི་ལྷ་ལ་གསོལ་བ་བཏབ་ནས་ཐོས་པ་བཙལ་ན་བླུན་པོ་བ་ལང་རྫི་ལྟ་བུ་ཡིན་ཀྱང་མཁས་པར་འགྱུར་ཐུབ། མཁས་པས་བསྒོམ་ན་ཉམས་རྟོགས་ཀྱང་སྐྱེ་སླ་ལ། དེས་ན་རང་རེས་ཀྱང་བླ་མ་མཁས་པར་བསྟེན་ཏེ་དམ་པའི་ཆོས་ཡང་ནས་ཡང་དུ་ཉན་ཞིང་ཐོས་པ་བཙལ་ནས་སྒོམ་ལ་སྦྱོར་ཐུབ་ན་འབྲས་བུ་ཐོབ་རྒྱུ་ཡོད་ལུགས་དེ་འདྲ་རེད། དེས་ན་ཚང་མས་ཐོས་པ་རང་གིས་བཙལ་དགོས་པ་རེད་མ་གཏོགས་ངས་ཅང་ཤེས་པ་མ་རེད་སྙམ་ནས་རྒྱུད་ལུག་བདག་ཉིད་བརྙས་པའི་ལེ་ལོ་བྱེད་མི་རུང་ངོ། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས། །བྱིན་གྱིས་བརླབས་ནས་རྗེས་བཟུང་ཤོག །ཅེས་གསུངས་ཏེ། གཞན་ཡང་འཕགས་མཆོག་སྙིང་རྗེའི་མངའ་བདག་སྤྱན་རས་གཟིགས་མགོན་དང་། རྒྱལ་སྲས་གསང་བའི་མཛོད་འཛིན་མཐུ་ཆེན་ཐོབ་པ་སྟེ་སངས་རྒྱས་འོད་དཔག་མེད་པའི་ཞིང་ཁམས་ཀྱི་རྒྱལ་སྲས་ཐུ་བོའམ་གཙོ་བོ་རྣམ་པ་གཉིས་ཀྱིས་ཀྱང་། བདག་རྒྱུད་བྱིན་གྱིས་བརླབས་པ་དང་ཆབས་ཅིག་ཏུ་བརྩེ་བས་དགྱེས་བཞིན་དུ་རྗེས་སུ་བཟུང་བར་ཤོག་ཅིག་ཅེས་གསུངས་པ་རེད། ཞིང་ཁམས་བདེ་བ་ཅན་ལ་གནས་ནས་ཞིང་ཁམས་གཞན་དག་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་མཇལ་ཏེ་ཆོས་ཐོབ་པར་སྨོན་ལམ་འདེབས་པ་ནི། ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དཔག་མེད་པ། །འོད་དཔག་མེད་པ་མཆོད་པ་དང་། །ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ། །དེ་དག་ཀུན་ལ་བསྙེན་བཀུར་ཞིང་། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །ཅེས་གསུངས་ཏེ། བདེ་བ་ཅན་གྱི་ཞིང་ཁམས་ལ་ཉིན་དང་མཚན་མོའི་དབྱེ་བ་མེད་ཀྱང་། རང་རེའི་བག་ཆགས་ཀྱི་གོམས་པ་འདི་དང་བསྟུན་ཏེ་ཉིན་རེ་བཞིན་དུ་གསུངས་པའོ། །དོན་ལ་དུས་དང་དུས་སུ་གསུངས་པའི་གོ་བ་རེད། ཉིན་རེ་བཞིན་ནམ་སྐབས་དང་སྐབས་སུ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་པ་སྲས་དང་བཅས་པ། འོད་དཔག་མེད་པ་མཆོད་པའི་ཆེད་དང་། ཞིང་ཁམས་བདེ་བ་ཅན་ལ་ཞིང་སྦྱོང་སྟེ་བྱོན་པའི་ཚེ་ན། རང་ཉིད་ཀྱིས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་ཆེན་རྫོགས་པའི་ཕྱིར་དུ་མཆོད་པའི་སྤྲིན་རྒྱ་མཚོ་ལྟ་བུ་སྤྲོས་ཏེ་སངས་རྒྱས་དང་བྱང་སེམས་དེ་དག་ལ་མཆོད་པ་དང་བསྙེན་བཀུར་བྱེད་པ་དང་། དེ་དག་གི་མདུན་ནས་སྔར་ཐོས་པའམ་མ་ཐོས་པའི་ཆོས་ཀྱི་བདུད་རྩི་དཔག་ཏུ་མེད་པ་ཐོབ་པར་ཤོག་ཅིག་ཅེས་གསུངས་སོ། །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་དང་སྟུག་པོ་བཀོད། །སྔ་དྲོ་དེ་དག་རྣམས་སུ་འགྲོ། །མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ། །རྣམ་སྣང་ལ་སོགས་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུས། །མཆོད་པ་དུ་མས་མཆོད་བྱས་ནས། །དགོང་མོ་བདེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབ་པར་ཤོག །ཅེས་གསུངས་ཏེ། བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེས་ཏེ་སངས་རྒྱས་འོད་དཔག་མེད་པའི་ཞལ་མཇལ་བ་དང་མཉམ་དུ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཡིན་པས། ས་དང་པོ་ཐོབ་པའི་བྱང་སེམས་ལ་ཞིང་ཁམས་བརྒྱ་ཉུལ་ཞིང་སངས་རྒྱས་བརྒྱ་མཇལ་ནུས་པའི་རྫུ་འཕྲུལ་མངའ་བ་ཡིན་པས་རྫུ་འཕྲུལ་ཐོགས་མེད་ཀྱིས། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས། དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་དེ་དག་ལ། གོང་དུ་བཤད་པ་ལྟར་བདེ་བ་ཅན་གྱི་ཞིང་ཁམས་ལ་ཉི་མ་འཆར་ནུབ་ཀྱི་སྔ་དྲོ་ཕྱི་དྲོའི་དབྱེ་བ་མེད་ཀྱང་། འུ་ཚོས་བྱ་བ་བརྩམ་པའི་ཚུལ་དང་བསྟུན་ནས་སྔ་ཕྱིའི་རིམ་པ་དང་སྦྱར་ཏེ་སྔ་དྲོ་ཞིང་ཁམས་དེ་ཚོར་སོང་ནས། ཤར་ཕྱོགས་མངོན་དགའི་ཞིང་ཁམས་ན་བཞུགས་པའི་སངས་རྒྱས་མི་བསྐྱོད་པ་དང་། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ན་བཞུགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ན་བཞུགས་པའི་སངས་རྒྱས་དོན་ཡོད་གྲུབ་པ། དབུས་ཕྱོགས་སྟུག་པོ་བཀོད་པ་ན་བཞུགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པ་མཇལ་ཏེ་ཐུན་མོང་མ་ཡིན་པ་གསང་སྔགས་ནང་བ་དང་གསང་བའི་དབང་དང་གདམས་ཟབ་ཁྱད་པར་ཅན་མང་པོ་ཞུས་ཏེ། རྗེ་རིན་པོ་ཆེས། ཡེ་ཤེས་རྒྱ་མཚོ་སེམས་ཅན་རྒྱ་མཚོའི་ཕྱིར། །རྒྱལ་བ་རྒྱ་མཚོའི་དྲུང་དུ་ཐུགས་བསྐྱེད་ནས། །ཐོས་པ་རྒྱ་མཚོ་འཚོལ་ལ་ངོམ་མེད་ཤོག །ཅེས་གསུངས་པ་ལྟར། ཆོས་ཞུས་ཏེ། མཆོད་པའི་སྤྲིན་རྒྱ་མཚོ་དཔག་དུ་མེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་རྗེས་སུ་འགྲོ་བའི་མཆོད་པ་དུ་མས་མཆོད་པར་བྱས་ནས། དགོང་མོའམ་བྱ་བ་དེ་དག་རྫོགས་པའི་སྐབས་སུ་སླར་ཡང་བདེ་བ་ཅན་གྱི་ཞིང་ཁམས་དེ་ཉིད་དུ། འུ་ཚོ་ཐག་རིང་ལ་སོང་ནས་ཕྱིར་ཐོན་པ་ལྟར་མ་ཡིན་པར་དཀའ་ཚེགས་དང་ངལ་དུབ་མེད་པར་རྫུ་འཕྲུལ་གྱི་སྟོབས་ཀྱིས་སླེབ་པར་ཤོག་ཅིག་ཅེས་གསུངས་པ་རེད། སྤྱིར་བདེ་སྨོན་འདི་གོ་བདེ་བ་འུ་ཚོ་ཐ་མལ་བའི་ཁ་སྐད་དང་བྱ་བྱེད་འགྲོ་འདུག་དང་མཐུན་པར་སྦྱར་ཏེ་ལས་དང་པོ་བའི་རྒྱུད་ལ་ཕན་པའི་ཆེད་དུ་ཕྱི་ལྟར་མདོ་དང་སྦྱར་ཏེ་གསུངས། ནང་ལྟར་དང་གསང་བ་ལྟར་དུ་འགྲེལ་ན་ཕྱོགས་དང་དུས་ཀྱི་མཐའ་དབུས་སྔ་ཕྱི་རྒྱ་ཆད་ཕྱོགས་སུ་ལྷུང་བ་མ་ཡིན་པ། གནས་ཚུལ་སངས་རྒྱས་ངོ་མའི་མངོན་རྟོགས་དང་སྦྱར་ན་རང་སྣང་ཡེ་ཤེས་ཀྱི་ཐིག་ལེ་ཕྱི་གསལ་གདངས་ཀྱི་རྣམ་པར་སྣང་བ་ཞིག་ཡིན་པས། འདི་ལ་ཕྱོགས་དང་ཆ་ཡི་གཞལ་ཐབས་བྲལ་བའི་དགོངས་དོན་མངོན་དུ་ཕྱུང་རྒྱུ་ཡང་ཡོད་པ་རེད། པོ་ཊ་ལ་དང་ལྕང་ལོ་ཅན། །རྔ་ཡབ་གླིང་དང་ཨུ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱ། །སྤྱན་རས་གཟིགས་དང་སྒྲོལ་མ་དང་། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུས། །མྱུར་དུ་རང་གནས་བདེ་ཆེན་ཞིང་། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཅེས་གསུངས་ཏེ། པོ་ཊ་ལ་ནི་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་གནས་རི་དང་འབྲེལ་བའི་མཚན་ཞིག་རེད། པོ་ཊ་ལའམ་རི་བོ་ཏ་ལ་ཞེས་པའི་ཐ་སྙད་འདི་ཤར་གྱི་རི་བོའི་མིང་ཡིན་ཟེར་ས་ཡང་ཡོད། ད་ལྟ་ང་ཚོས་མཇལ་བའི་ལྷོ་ཕྱོགས་ཀྱི་རི་བོ་གྲུ་འཛིན་འདི་ནི་དམ་ཆོས་ཐོག་མར་དར་བའི་ཡུལ་དབུས་རྒྱ་གར་ནས་གཞལ་ན་ཤར་ཕྱོགས་ཡིན་རྒྱུ་རེད། དེ་བཞིན་དུ་ཕྱག་ན་རྡོ་རྗེའི་ཞིང་ཁམས་ལྕང་ལོ་ཅན། ཟངས་མདོག་དཔལ་གྱི་རི་བོ་པད་མ་འོད་ཀྱི་ཞིང་ཁམས་ནི་རྔ་ཡབ་གླིང་ཨོ་རྒྱན་མཁའ་འགྲོ་འདུ་བའི་ཡུལ་དེའི་མིང་གིས་མཚོན་པའི་དག་པའི་ཞིང་ཁམས། ཡང་ན་དག་དང་མ་དག་སྣ་ཚོགས་སུ་སྣང་བའི་ཞིང་ཁམས་སྤྲུལ་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་འམ་བསམ་ཡུལ་ལས་འདས་པ་ནམ་མཁས་གར་ཁྱབ་རྣམས་སུ། འཕགས་པ་སྤྱན་རས་གཟིགས། རྗེ་བཙུན་འཕགས་མ་སྒྲོལ་མ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པད་མ་འབྱུང་གནས་དེ་དག་གི་སྤྲུལ་དང་ཡང་སྤྲུལ་བྱེ་བ་ཕྲག་བརྒྱ་དང་བཅས་པ། དེ་ལས་མང་བ་ཐམས་ཅད་མཇལ་ཞིང་མཆོད་པ་སྣ་ཚོགས་མང་ཞིང་བཟང་བ་རྒྱ་མཚོ་ལྟ་བུས་མཆོད་དེ། དབང་དང་ཁྲིད་ལུང་མན་ངག་གནད་ཀྱི་གདམས་ངག་ཟབ་མོ་ཞུས་ནས། དེ་མ་ཐག་ཏུ་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས་སླར་ཡང་མྱུར་དུ་རང་གནས་བདེ་ཆེན་གྱི་ཞིང་ཁམས་སུ་ཐོགས་པ་མེད་པར་ཕྱིན་ཐུབ་པར་ཤོག་ཅིག་ཅེས་གསུངས་སོ། །དེ་ཡན་ཆད་ཀྱིས་རྗེ་ཙོང་ཁ་པས། གློག་བཞིན་འཁྱུག་པའི་ཐོགས་མེད་རྫུ་འཕྲུལ་གྱིས། །ཞིང་མང་བགྲོད་ནས་རྒྱལ་བའི་སྤྱན་སྔ་རུ། །རབ་འབྱམས་ཚོགས་གཉིས་བསྐྲུན་ནས་སླར་ཡང་ནི། །རང་གི་ཞིང་དུ་དགའ་བདེས་རོལ་བར་མཛོད། །ཅེས་པའི་དོན་བཤད་པ་རེད།

བཞི་བ་མ་དག་པའི་ཞིང་གི་གདུལ་བྱའི་སེམས་ཅན་གདུལ་བར་སྨོན་པ།

ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་རློབ་བྱེད་ཅིང་། །འཆི་དུས་ཞིང་དེར་འཁྲིད་པར་ཤོག །ཅེས་གསུངས་ཏེ། རང་ཉིད་ཀྱིས་སྔར་བསོད་ནམས་བསགས་སྟོབས་ཀྱིས་འོད་དཔག་མེད་པར་དད་པ་དང་། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བསྒྲུབས་ཏེ་གནས་དེར་སྐྱེས་ན། ཤུལ་ན་ཡོད་པའི་ཡུལ་སྡེ་གྲྭ་མང་ཆོས་ཀྱིས་འབྲེལ་བའི་སློབ་མ། ཟང་ཟིང་གིས་འབྲེལ་བའི་སྦྱིན་བདག དམ་ཚིག་ལ་སེལ་སྒོ་ང་ལ་གས་ཆག་མ་སོང་བའི་གྲྭ་སློབ་ལ་སོགས་པ་ཐམས་ཅད། བདེ་བ་ཅན་ལ་སྐྱེས་པའི་མངོན་ཤེས་ཅན་དེས་ལྷའི་མིག་གི་མངོན་ཤེས་ཀྱིས་འདི་ནས་ཅི་བྱས་ཅི་བསམ་ཐམས་ཅད་གསལ་བོར་མཐོང་། བླ་མ་འདས་ཚར་དུས་དག་སྣང་ཇེ་ཆེར་འགྲོ་རྒྱུ་དེ་ཆོས་ཉིད་རེད། གང་ལྟར་བྱས་ན་ཡང་ཤི་བའི་མི་དང་བོར་བའི་རྟ་བཟང་ཟེར་ཞིང་། མི་ཤི་ཚར་དུས་དེ་བཟང་ཟེར་རྒྱུ་དེ་ཕྲག་དོག་དང་འགྲན་སེམས་གོང་དུ་ཤོར་དོག་མེད་པས་རེད་འདུག་སྙམ། ངོ་མ་བཟང་པོ་ཞིག་ཡིན་ན་དག་པའི་ཞིང་ནས་ཕྱིར་ལ་གཟིགས་ངེས་རེད། དེ་དུས་ཤུལ་གྱི་དེ་ཐམས་ཅད་རིག་ཡོང་དུས་ཅི་འདྲའི་མི་སྐྱོ་ན། མངོན་ཤེས་ཅན་ཞིག་གིས་ད་ལྟ་འུ་ཚོའི་ཟུར་ནས་བལྟས་ནས་ཡོད་པ་ལྟར། ལས་ལུགས་འགའ་རེ་ཅི་འདྲའི་དགོད་བྲོ་ཞིག་བྱེད་ཀྱིན་མེད། གནའ་དཀོར་བདག་མི་མ་ཡིན་པ་ཞིག་དང་མིག་མཐོང་ཅན་གྱི་མི་གཉིས་ཁ་བརྡ་བྱེད་སྐབས། མིག་མཐོང་ཅན་དེ་ལ་དཀོར་བདག་མི་མ་ཡིན་དེས། དེ་རིང་ཅིག་ཚང་གི་སྒར་ཁ་ནས་མི་ཞིག་གིས་ཕུར་བ་རྡེབ་ཀྱིན་འདུག་མོད། འོན་ཀྱང་ས་འོག་ན་རྡོ་ཞིག་འདུག་པས་ཕུར་བ་དེ་གཏན་ནས་ས་འོག་ཏུ་འགྲོ་ཐུབ་ཀྱིན་མི་འདུག་ཅེས་སྨྲས། དེ་ལྟར་དོན་ཆེ་ཆུང་གཉིས་ཀའི་ཐད་ནས་ཕྱི་མཐའ་མི་མཐོང་བའི་ལས་དང་། ཉེན་ཁ་ཅན་རིག་རིག་ཁར་གཡང་ལ་ལྕེབས་པ་ལྟ་བུ་ཅི་འདྲ་རེད་ཀྱིན་མེད། དེ་དུས་དེའི་རིགས་ཀྱི་མི་མཐུན་ཕྱོགས་དང་ནད་གདོན་བགེགས་ལ་སོགས་པའི་གནོད་པ་ལས་བསྲུངས་ཏེ་མཐུན་ཕྱོགས་ཀྱི་སྐྱབས་ཀྱི་ར་བ་ལས་ནམ་ཡང་མི་འདའ་བར་སྐྱོབ་པར་བྱེད་ཅིང་། དེ་དག་འཆི་བའི་གནས་སྐབས་ན་གྲོགས་བྱང་ཆུབ་སེམས་དཔའི་དགེ་སློང་གི་དགེ་འདུན་དང་འགྲོགས་ཏེ་དེ་རྣམས་མ་ཤི་གོང་ནས་མིག་སྔར་དུ་བྱོན་ནས་ཁྱོད་འཇིགས་མི་དགོས། ང་ལ་སོགས་པའི་བདེ་བ་ཅན་གྱི་ཞིང་ཁམས་ན་ཡོད་པའི་འཕགས་པ་མང་པོ་ཁྱོད་བསུ་རུ་ཐོན་ཡོད་ཅེས་དབུགས་ཆད་མ་ཐག་ཏུ་བདེ་བ་ཅན་གྱི་ཞིང་ཁམས་ལ་ཁྲིད་ཐུབ་པའི་ནུས་པ་ཡོད་པར་ཤོག་ཅིག་ཅེས་གསུངས། རང་གི་ཤུལ་ཡུལ་གྱི་ཉེ་དུ་གྲྭ་འཁོར་གྱི་མི་ཚད། བཟང་སྤྱོད་ལས། སྤྲུལ་བ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །ཞེས་གསུངས་པ་ལྟར། སེམས་ཅན་འདུལ་བའི་ལས་འཕྲོ་ཅན་ཡོད་ཚད་ལ་བལྟས་ཏེ་བདེ་བ་ཅན་གྱི་ཞིང་ཁམས་ལ་ཁྲིད་ཐུབ་པར་ཤོག་གཅིག་ཅེས་གསུངས། བསྐལ་བཟང་འདི་ཡི་བསྐལ་བའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །བསྐལ་བ་གྲངས་མེད་འཆི་བ་མེད། །རྟག་ཏུ་ཞིང་དེར་འཛིན་པར་ཤོག །ཅེས་གསུངས་ཏེ། མི་མཇེད་ཀྱི་འཇིག་རྟེན་འདིའི་ད་ལྟའི་བསྐལ་བ་འདིའི་མིང་ལ་བསྐལ་བ་བཟང་པོ་ཞེས་བྱ། འདིའི་ཆགས་གནས་འཇིག་སྟོང་གི་བསྐལ་ཆེན་གཅིག་གི་ཡུན་དེ་བདེ་བ་ཅན་གྱི་ཞག་གཅིག་གི་ཚོད་ཙམ་ཞིག་ཡིན་གསུངས་ནས་གོ་བདེ་བའི་ཆེད་དུ་དེ་ལྟར་གསུངས་པ་རེད། བདེ་བ་ཅན་གྱི་ཉི་མ་དེ་འདྲ་རིང་ན་མཚན་ཡང་དེ་འདྲ་ཞིག་ལོས་རིང་བསམ་མི་དགོས། འུ་ཚོའི་རྒན་ཁོག་རྣམས་ཀྱིས་དཔྱིད་ཀའི་ཉི་མ་མ་ཆོད་པར་བསྡད་ཡོད་པ་ལྟ་བུ་མ་ཡིན་པར། ཟག་མེད་ཀྱི་བདེ་བ་ཁོ་ནའི་དུས་འདའ་བ་ཡིན། སྐུ་ཚེའི་ཚད་དཔག་ཏུ་མེད་པ་རྒྱལ་བ་འོད་དཔག་མེད་ཉིད་དང་འདྲ་བར། ཚེ་དང་ཡེ་ཤེས་བསོད་ནམས་གཟི་བརྗིད་འོད་དང་འོད་ཟེར་ཐམས་ཅད་ཚད་མེད་པ་ཡིན་པར་མ་ཟད། ཟག་མེད་ཀྱི་བདེ་བ་ལ་རྟག་ཏུ་སྤྱོད་པས་ན་བདེ་ཞིང་། ཏིང་འཛིན་གསལ་བའི་སྒོ་འཕར་བརྒྱ་ཕྲག་ལ་ཚིམ་ཞིང་ངོམ་པ་མེད་པར་སླར་ཡང་འཇུག་ཅིང་འཇིག་རྟེན་འདིས་གཞལ་བའི་བསྐལ་བ་གྲངས་མེད་མང་པོའི་ཡུན་ལ་མི་འདའ་ཞིང་རྟག་ཏུ་ཞིང་ཁམས་དེ་ཉིད་འཛིན་པར་ཤོག་ཅིག་ཅེས་གསུངས་པ་རེད། དོན་དུ་གཉིས་འཛིན་འཁྲུལ་བ་ཅན་གྱི་དུས་ལས་རིང་དུ་འདས་པའི་གཉིས་མེད་དག་མཉམ་ཆེན་པོའི་བདེ་ཆེན་དག་པའི་དུས་ལ་མཉམ་པར་བཞག་པ་ལས་མ་འདས་པ་ཞིག་ལ་གོ་དགོས། བྱམས་པ་ནས་བཟུང་མོས་པའི་བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ན་ནམ་བྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག །ཅེས་གསུངས་ཏེ། བསྐལ་བ་བཟང་པོ་ཞེས་བྱ་བ་འདི་ལ་སངས་རྒྱས་སྟོང་བྱོན་པ་ཡིན་ཞིང་། དེ་སྔོན་བཞི་བྱོན་ཟིན་པ་རེད། འཁོར་བ་འཇིག གསེར་ཐུབ། འོད་སྲུང་རྣམ་པ་གསུམ་དང་། རྣམ་འདྲེན་བཞི་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་དང་བཞི། འདིའི་འཕྲོར་མ་འོངས་པའི་སངས་རྒྱས་བྱམས་པ་རེད། འདས་པའི་སངས་རྒྱས་མར་མེ་མཛད། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ། མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོ་དང་གསུམ་ལ་དུས་གསུམ་སངས་རྒྱས་ཞེས་བྱའོ། །སངས་རྒྱས་ཤཱཀྱ་ཐུབ་པ་ཡན་ཀྱི་བྱོན་ཟིན་པའི་སངས་རྒྱས་བཞི་པོའི་སྟེང་དུ་རྣམ་གཟིགས་དང་། རིན་ཆེན་གཙུག་ཏོར་ཅན། ཐམས་ཅད་སྐྱོབས་གསུམ་པོ་བསྣན་ན་སངས་རྒྱས་རབ་བདུན་ཞེས་ཀྱང་བྱ། བསྐལ་བ་འདི་རྐྱང་བའི་དབང་དུ་བྱས་ན་རྣམ་འདྲེན་བཞི་བརྩི་ཞིང་། བྱམས་པ་མགོན་པོ་ནས་མཐར་བསྐལ་བཟང་སངས་རྒྱས་སྟོང་གི་རྗེས་མ་སངས་རྒྱས་མོས་པ་མ་བྱོན་གྱི་བར་དུ་བསྐལ་བཟང་འདིའི་སངས་རྒྱས་ཐམས་ཅད་འཇིག་རྟེན་གྱི་ཁམས་སུ་བྱོན་ཏེ་མཛད་པ་བཅུ་གཉིས་ཀྱི་མཛད་ཆེན་བསྐྱང་དུས། རྫུ་འཕྲུལ་གྱི་སྟོབས་ཀྱིས་བདེ་བ་ཅན་ནས་ཞིང་ཁམས་འདི་རུ་འོངས་ཏེ་སངས་རྒྱས་དེ་དག་ལ་མཆོད་པ་རྒྱ་ཆེན་པོ་རབ་འབྱམས་ཞིང་གི་ལྷ་མིའི་ལོངས་སྤྱོད་རྣམ་པར་སྤྲུལ་བས་མཆོད་ཅིང་སངས་རྒྱས་དེ་དག་གིས་ཆོས་འཁོར་བསྐོར་བ་དེ་ཚོར་ཉན་ཏེ། སླར་ཡང་བདེ་བ་ཅན་གྱི་ཞིང་ཁམས་སུ་ཐོགས་པ་མེད་པར་རྫུ་འཕྲུལ་གྱི་སྟོབས་ཀྱིས་འགྲོ་བར་ཤོག་ཅིག་ཅེས་གསུངས། དེའི་ཡན་ཆད་ཀྱིས་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་པ་རྐྱེན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བའི་སྐབས་ཀྱི་ཚེ་འདིར་འོད་དཔག་མེད་མཇལ་བའི་དབང་དུ་བྱས་པའི་སྨོན་ལམ་དང་། ཤི་འཕོས་ནས་བདེ་བ་ཅན་ལ་སྐྱེ་བའི་དབང་དུ་བྱས་པའི་སྨོན་ལམ་གཉིས་ཀ་སོང་ནས།

གསུམ་པ་ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱས་ནས་སྨོན་ལམ་འདེབས་པ།

དེ་ལ་བདུན་ཏེ། ཞིང་ཁམས་སྤྱིའི་ཡོན་ཏན་དང་། ས་གཞིའི་ཡོན་ཏན། ཤིང་གི་ཡོན་ཏན། ཆུ་དང་པདྨོའི་ཡོན་ཏན། བཅུད་ཀྱི་ཡོན་ཏན་ལ་སོགས་པ། རེ་རེ་བཞིན་འོག་ནས་རིམ་པ་བཞིན་དུ་འབྱུང་ངོ་། །སྤྱིར་ཞིང་ཁམས་བདེ་བ་ཅན་གྱི་སྣོད་བཅུད་ཀྱི་བཀོད་པ་རྟེན་དང་བརྟེན་པ་ཇི་ལྟར་ཡིན་པའི་ཞིང་བཀོད་འདི། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པའི་སྐབས་ནས་རྒྱས་བཤད་དགོས་པ་ཞིག་རེད། ཁྱད་པར་དུ་སྨོན་ལམ་འདེབས་པའི་ཐོག་མར་ཞིང་གི་ཡོན་ཏན་ཐམས་ཅད་དྲན་ཏེ་རྒྱལ་བ་འོད་དཔག་མེད་འཁོར་དང་བཅས་པ་ལ་དམིགས་པའི་དད་པ་བརྟན་པོ་ཞིག་དང་། ཞིང་གི་ཡོན་ཏན་དང་བཀོད་པ་ཕུལ་དུ་བྱུང་བ་ལ་དམིགས་ཏེ་དེར་སྐྱེ་བའི་འདུན་པ་དྲག་པོ་ཞིགསྨོན་པ་བདེ་བླག་ཏུ་འགྲུབ་པའི་མཐུན་འགྱུར་མཛད་ན་ཅི་མ་རུང་སྙམ་པའི་བསམ་པ་ཤུགས་དྲག་པོ་རྣམས་ཡོད་རྒྱུ་དེ་གནད་ཆེ། ཁྱད་པར་དུ་ཞིང་ཁམས་དེ་ལ་སྐྱེ་ཐུབ་པའི་འདུན་པ་ཤུགས་དྲག་པོ་ནི་ཞིང་དེ་ལ་སྐྱེ་བའི་རྒྱུའི་གཙོ་བོ་རེད། དེ་ཡང་གཙོ་བོ་ཞིང་གི་ཡོན་ཏན་ཤེས་རྒྱུ་གལ་ཆེ་བས་འདི་དང་པོ་ནས་བཤད་དགོས། ཡིན་ནའང་རང་རེས་རྒྱུ་དང་པོའི་སྐབས་ནས་རགས་རིམ་ས་བཅད་མ་སྟོངས་པ་ཙམ་ཞིག་བཤད་ནས། ཞིབ་པར་བདེ་སྨོན་འདིའི་ནང་དུ་གཙོ་ཆེར་སྨོན་ལམ་དང་སྦྲེལ་ཏེ་གསུངས་པས། འདི་ལྟར་དུ་སྨོན་པ་དང་སྨོན་ཡུལ་སྟབས་གཅིག་ཏུ་སྦྲེལ་བ་དེ་ཡང་འཇུག་པ་བདེ་བའི་དགོས་པ་གཞན་ཞིག་ཡོད་ངེས།

བཞི་བ་ཞིང་བཀོད་ཡིད་ལ་བྱས་པའི་སྨོན་ལམ་བདུན།

དང་པོ་ཞིང་ཁམས་སྤྱིའི་ཡོན་ཏན་ཡིད་ལ་བྱེད་པའི་སྨོན་ལམ།

སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་ཀྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་ཏེ། སྔོན་བསྐལ་བ་དཔག་ཏུ་མེད་པའི་གོང་རོལ་ནས་བདེ་བར་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་མདུན་ནས་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། སངས་རྒྱས་ཀྱི་ཞིང་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་བཀོད་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཚང་ཞིང་། ད་དུང་དེ་ལས་ཀྱང་ཆེས་ཁྱད་པར་འཕགས་པའི་ཞིང་ཁམས་ཤིག་བཟུང་སྟེ་སེམས་ཅན་ཕལ་བ་ཡིན་ཡང་དེར་སྐྱེ་བའི་སྨོན་ལམ་བཏབ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་སྐྱེ་བ་བཞེས་པ་ལ་སོགས་པ་ཚུན་ཆད་དུ། བྱང་ཆུབ་སེམས་དཔས་མཛད་དཀའི་སྤྱོད་པ་དཔག་དུ་མེད་པ་ལ་བསླབས་པ་དེ་ཉིད་མཐར་ཕྱིན་ནས། སྔོན་གྱི་སྨོན་ལམ་ཡོངས་སུ་གྲུབ་པའི་ཞིང་ཁམས་བདེ་བ་ཅན། ཞིང་ཁམས་ཀུན་ལས་ཁྱད་དུ་འཕགས་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་བདེ་བ་ཅན་གྱི་ཞིང་ཁམས་དེར་སྐྱེ་བར་ཤོག་ཅེས་གསུངས་སོ།།

གཉིས་པ་ས་གཞིའི་ཡོན་ཏན་ཡིད་ལ་བྱེད་པའི་སྨོན་ལམ།

རིན་ཆེན་ས་གཞི་ཁོད་སྙོམ་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་ཏེ། ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་གང་བ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་གསེར་གྱི་དྲྭ་བས་ཁེབ་པ། གཤའ་གཤོང་དང་འབའ་འབུར་ཁོད་མི་སྙོམ་པ་མ་ཡིན་པར་ཁོད་སྙོམ་པ་གཞོན་ནུའི་ལག་མཐིལ་ལྟ་བུ། ཀུན་མཁྱེན་འཇིགས་གླིང་གིས། གཞོན་ཤ་ཤིན་ཏུ་ཆགས་པའི་ལག་མཐིལ་དང་། །མཉམ་པའི་དཔེ་གྱུར་འོས་པའི་འགལ་ཟླ་ནི། །ཆུ་ཞེང་སྲིད་དུ་མི་མངོན་ཐ་གྲུའི་ཁྱོན། །རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ་པར་བྱས། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་པ་ལྟར། ཐ་གྲུ་ཁྱོན་ཡངས་ཤིང་རྒྱ་ཆེ་བ་འཇིག་རྟེན་འདིར་མེད་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ། གསལ་ལ་བཀྲ་ཞིང་འོད་ཟེར་མཛེས་པ་འབར་བའི་རི་མོ་ཅན། རྐང་པས་བརྫིས་ན་སྲ་མོ་མིན་པར་ནེམ་ལ་རྐང་པ་ཡར་ལ་བཏེགས་ན་སོར་བཞི་གྱེན་ལ་འཕར་བ། བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བ་འཛིན་ནུས་པར་ཤོག་ཅིག་ཅེས་གསུངས། དེ་ནི་ཐང་གི་ཡོན་ཏན་ཡིན་ཞིང་། ས་གཞི་དེ་ལ་རྟག་ཏུ་གནས་པའི་རིའི་རྒྱན་ནི། རི་ཐམས་ཅད་རིན་པོ་ཆེ་ལས་གྲུབ་པ་ཤ་སྟག་ཡིན་པ། རི་ཐམས་ཅད་ཀྱི་རྩེ་མོ་དབྱིབས་མི་འདྲ་བ་སྣ་ཚོགས་པ་ཅན། རི་དེ་དག་གི་ངོས་ཡངས་ཤིང་མཐོ་དམའ་མང་པོ་ཡོད་པ་རིམ་པ་བསྒྲིགས་པ་ལྟ་བུ་དང་། རི་མོ་བ་མཁས་པས་བྲིས་པ་ལྟ་བུ། ནོར་བུའི་བྲག་ཕུག་དང་ཟླ་བ་མཛེས་པའི་རྡོ་ལེབ། ཤེལ་བྲག་ཁ་ཏོག་སྣ་ཚོགས་ཀྱི་རི་མོ་ཅན། རིན་པོ་ཆེ་སྣ་ཚོགས་འཛད་མེད་དུ་འབྱུང་བའི་གཏེར་གྱི་མཛོད་མང་པོས་བརྒྱན་ཡོད་པ་ལ་སོགས་པ་ས་གཞིའི་ཡོན་ཏན་ཡོད་དོ། །གསུམ་པ་ཤིང་གི་ཡོན་ཏན་ཡིད་ལ་བྱེད་པའི་སྨོན་ལམ།

གསུམ་པ་ཤིང་གི་ཡོན་ཏན་ཡིད་ལ་བྱེད་པའི་སྨོན་ལམ།

རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང་། །ལོ་མ་དར་ཟབ་འབྲས་བུ་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་བའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོག །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་ཏེ། རིན་པོ་ཆེའི་ཤིང་འགའ་རེ་རྩ་བ་སྡོང་བོ་ཡལ་ག་ལོ་མ་འདབ་མ་མེ་ཏོག་འབྲས་བུ་ཐམས་ཅད་རིན་པོ་ཆེ་ཡིན་པ། རིན་པོ་ཆེ་གསེར་དངུལ་མན་ཤེལ་བེེཌཱུརྱ་མུ་ཏིག་དམར་པོ་སྤུག་དང་མར་གད་ལ་སོགས་པས་ཐ་དད་དུ་གྲུབ་ཡོད་པ། རྩ་བ་གསེར་ཡིན་ན་སྡོང་པོ་དངུལ་ལས་གྲུབ་པ་ལ་སོགས་པ། རིན་པོ་ཆེ་དུ་མས་ཤིང་གཅིག་གྲུབ་པ། ཤིང་ལྗོན་པ་དེ་དག་རེག་ན་འཇམ་ཞིང་བསྣམ་ན་དྲི་ཞིམ་པ། ཤིང་སོ་སོ་ཁ་དོག་སྣ་ཚོགས་ཡོད་པ། ཤིང་གཅིག་ལ་ཁ་དོག་མང་པོ་ཅན། ཤིང་ལྗོན་པ་དེ་ཚོ་གསེར་གྱི་དྲ་བ་དང་དྲ་ཕྱེད་ཀྱིས་བརྒྱན་ཡོད་པ། ཡང་མུ་ཏིག་དང་མར་གད་ཀྱི་དྲ་བ་ཅན། མཚམས་མཚམས་སུ་དྲིལ་བུ་དང་གཡེར་ཁ་སྒྲ་སྙན་མོ་ཅན་བཏགས་ཡོད་པ། ཤིང་ཏོག་དང་འབྲས་བུ་རོ་བརྒྱ་དང་ལྡན་པས་ཡལ་ག་མར་དུད་ཡོད་པའི་ལྗོན་ཤིང་དང་། ལོ་མ་དར་ཟབ་དང་འབྲས་བུ་རིན་ཆེན་གྱི་རྒྱན་གྱིས་བརྒྱན་ཡོད་པའི་ལྗོན་ཤིང་གི་རྩེ་ན་སྤྲུལ་བའི་བྱ་སྐད་སྙན་མོ་ཅན་མང་པོས་སྙན་གླུ་འགྱུར་ཁུག་གིས་ལེན་གྱིན་ཡོད་པ། རིན་ཆེན་སྣ་བདུན་ལས་གྲུབ་ལྗོན་པ་ནི། །དཔག་ཚད་སྟོང་དང་དྲུག་བརྒྱའི་འཕངས་སུ་སྙེགས། །གསུངས་པ་ལྟར། ངོ་མཚར་ཡ་མཚན་ཆེན་པོ་དང་ལྡན་པའི་ཞིང་དེར་སྐྱེ་བར་ཤོག་ཅིག་ཅེས་གསུངས་སོ།།

བཞི་བ་ཆུ་དང་པདྨོའི་ཡོན་ཏན་ཡིད་ལ་བྱེད་པའི་སྨོན་ལམ།

སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་། །དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་བུ་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་བའི་སངས་རྒྱས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་ཏེ། ཆུའི་རྒྱན་དེ་ལ་འབབ་ཆུའི་རྒྱན་དང་འཁྱིལ་ཆུའི་རྒྱན་གཉིས་ཡོད་པས། དེའི་ནང་གི་འབབ་ཆུའི་རྒྱན་ནི། སྤོས་ཀྱི་ནང་ནས་མཆོག་ཏུ་གྱུར་བའི་སྤོས་ཀྱིས་བགོས་པའི་ཆུ་ཀླུང་ཡངས་ཤིང་དྭངས་པ་བསིལ་ཞིང་འཇམ་པ་ལ་སོགས་པ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ། ཡན་ལག་བརྒྱད་ནི། བསིལ་བ། འཇམ་པ། རོ་ཞིམ་པ། ཡང་བ། དྭངས་པ། དྲི་མ་མེད་པ། འཐུང་ན་ལྟོ་ལ་བདེ་བ། མགྲིན་པ་ལ་མི་གནོད་པ་བཅས་སོ། །འབབ་ཆུའི་ཁ་ཞེང་དཔག་ཚད་གཅིག་པ་ནས་བརྒྱ་སྟོང་གི་བར་དུ་ཡོད་པ། ཆུའི་ནང་དུ་རོལ་རྩེད་ལ་ཞུགས་པའི་སྐྱེ་བོའི་བསམ་པ་ལྟར་དུ། ཆུ་སྲབ་དགོས་ཚེ་རྐང་པའི་ལོང་བུ་ནུབ་ཙམ་དང་དེ་ལས་ཅུང་གཏིང་ཟབ་དགོས་ཚེ་སྐེད་པ་མན་ཆད་ནུབ་པ། ཡང་མགྲིན་པའི་བར་དུ་ནུབ་པ། གནོད་པ་མེད་ཅིང་དྲི་ཞིམ་པ། འབབ་སྟེགས་བདེ་ཞིང་འདམ་རྫབ་མེད་པ། གསེར་གྱི་བྱེ་མ་བརྡལ་བ། ལྷའི་མེ་ཏོག་སྣ་ཚོགས་གྱིས་ཆུའི་ཁ་རུ་ཁེབས་ཡོད་པ། རྗེ་རིན་པོ་ཆེས། དག་པའི་སེམས་ཅན་རྣམས་ཀྱི་ཉེར་འཚོའི་གཞི། །ཡིད་འཛིན་ཏ་མ་ལ་དང་ཨ་ག་རུ། །རྒྱ་སྤོས་ཙན་དན་སྦྲུལ་སྙིང་གིས་བགོས་པ། །ཉལ་འགྲོའི་རྒྱུན་རྣམས་སྒྲ་སྙན་སྒྲོག་ཅིང་འབབ། །ཅེས་དང་། །ཀུན་མཁྱེན་འཇིགས་གླིང་གིས། འབབ་སྟེགས་མཆོག་ཏུ་བདེ་བའི་སྤོས་ཆུའི་ཀླུང་། །ཅ་ཅོའི་གཞན་དབང་མ་ཡིན་ཡིད་ལ་འབབ། །རྣམ་པར་བདེ་དང་སྙན་པས་ཆོག་མི་ཤེས། །མི་རྟག་ཞི་དང་བདག་མེད་དོན་ལ་རྟོན། །ཞེས་དང་། འདམ་རྫབ་སྤངས་བའི་གསེར་གྱི་བྱེ་མ་ལ། །བཞད་དང་ཁྲུང་ཁྲུང་ངང་ངུར་ཀ་རཎ་ད། །ནེ་ཙོ་རི་སྐེགས་རྨ་བྱ་ཀི་ལ་ན། ཀ་ལ་པིང་ཀའི་རྒྱུད་མང་ལ་བསྙེན་པ། །ཞེས་གསུངས་པ་ལྟར། ཆུ་ཀླུང་དེ་ཚོ་གང་ལ་གང་འདོད་ཀྱི་དྲོ་གྲང་གི་རེག་བྱ་ཅན། ཆུ་འགྲམ་ཕར་ཚུར་གཉིས་ཀ་ན་རིན་པོ་ཆེ་སྤོས་ཀྱི་ལྗོན་ཤིང་གིས་གང་ནས་ཡོད་པ་དང་། རྫིང་བུའི་རྒྱན་ནི། བདུད་རྩི་འདྲ་མིན་ལྷའི་བདུད་རྩི་རོ་ཞིམ་པ་དང་མངར་བའི་བཅུད་དང་ལྡན་པའི་རྫིང་བུ་དེ་ཚོ་ནད་སེལ་གྱི་སྨན་ཡིན་པ། རྫིང་བུའི་གཞི་རིན་པོ་ཆེ་སྣ་བདུན་ལས་གྲུབ་ཅིང་རིན་པོ་ཆེ་པདྨས་ཁེབས་ཡོད་པ། ཕྱོགས་བཞིར་རིན་པོ་ཆེའི་ཐེམ་སྐས་ཡོད་པ། ཕྱི་རོལ་དུ་རིན་པོ་ཆེའི་ལྗོན་ཤིང་གི་ཕྲེང་བས་བརྒྱན་པ། རིན་པོ་ཆེ་སྣ་བདུན་ནི། གསེར། དངུལ། ཤེལ། མུ་ཏིག་དམར་པོ། བེེཌཱུརྱ། སྤུག་དང་རྡོའི་སྙིང་པོ་དག་རེད། དེ་ནས་པདྨའི་རྒྱན་གྱི་ནི། མེ་ཏོག་པད་མ་རིན་པོ་ཆེ་སྣ་བདུན་གྱིས་གྲུབ་པ་རང་བྱུང་གི་དྲི་ཞིམ་པོ་ཅན། འབྲས་བུ་ཞིམ་མངར་ཅན། པདྨ་རེ་རེའི་རྒྱ་ཁྱོན་ལ་དཔག་ཚད་ཕྱེད་རེ་ཙམ་དང་། ཡང་འགའ་རེ་དཔག་ཚད་གཅིག་ནས་བཅུའི་བར་དུ་ཡོད་པ། དེ་ཐམས་ཅད་འོད་ཟེར་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་འབྱུང་བ་ཅན། འོད་ཟེར་རེ་རེའི་རྩེ་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་དཔལ་དང་གཟི་བརྗིད་འབར་བ་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་འབྱུང་བ། དེ་ཐམས་ཅད་ཀྱིས་ཕྱོགས་བཅུའི་ཇིག་རྟེན་གྱི་ཁམས་བགྲང་ལས་འདས་པ་ལ་ཆོས་སྟོན་པ། དེ་དག་ནི་ཆུ་དང་པདྨོའི་ཡོན་ཏན་རེད། འདིར་མེ་ཏོག་པདྨ་ཞེས་པ་འདི་ཟློས་སྐྱོན་མ་ཡིན་ནམ། མེ་ཏོག་ཅེས་པས་ཆོག་གི་པདྨ་ཟེར་མི་དགོས་སོ་སྙམ་ན། སྐྱོན་མེད་དེ་མེ་ཏོག་ཡིན་ན་པདྨ་ཡིན་པས་མ་ཁྱབ་པ་ཀུ་མུད་ལ་སོགས་པ་ཡང་ཡོད་པས་སོ།།

ལྔ་བ་བཅུད་ཀྱི་ཡོན་ཏན་ཡིད་ལ་བྱེད་པའི་སྨོན་ལམ།

མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲགས། །ཉོན་མོངས་དུག་ལྔ་དུག་གསུམ་ནད་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང་། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་ཏེ། བདེ་བ་ཆེན་པོའི་ཞིང་ཁམས་དེར་ལོག་ལྟ་ཅན་དང་ཀླ་ཀློ་ལ་སོགས་པ་མི་ཁོམ་པའི་རིགས་སུ་སྐྱེས་པའི་སེམས་ཅན་དང་། ངན་སོང་གི་སེམས་ཅན་ཡོད་པ་ལྟ་ཅི་མི་ཁོམ་དང་ངན་སོང་ངན་འགྲོའི་སྒྲ་ཙམ་ཡང་མི་གྲག་ཅིང་། ཉོན་མོངས་དུག་ལྔ་དང་དུག་གསུམ་གང་ཟག་གི་རྒྱུད་ལ་གཏན་ནས་མེད་པས། སྲོག་གཅོད་རྐུ་འཕྲོག་ལ་སོགས་པའི་ལས་མི་གསོག དེས་ན་ལས་ངན་གྱིས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་གྱི་བྱེ་བྲག་དགྲས་གསོད་བཅོམ་འཕྲོག་གསུམ། ལྐོག་ནས་བླ་བཙག་པ། ངོས་ནས་མཚང་འབྲུ་བ། དེ་ལ་བརྟེན་པའི་ལུས་ངག་གི་འཐབ་རྩོད། རྒྱུ་ནོར་མེད་པས་དབུལ་བའི་སྡུག་བསྔལ། ཟས་གོས་མེད་པས་ཕོངས་པའི་སྡུག་བསྔལ། ནང་འཁྲུག་དམེ་མཁོན་ནད་རིགས་སྣ་ཚོགས་གདོན་བགེགས་ལ་སོགས་པ་མདོར་ན་སྡུག་བསྔལ་གྱི་རིགས་ཐམས་ཅད་དངོས་སུ་མྱོང་བ་ལྟ་ཅི་སྒྲ་ཙམ་ཡང་ཐོས་མ་མྱོང་བ། དེ་ལྟ་བུའི་བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག་ཅིག་ཅེས་གསུངས་སོ། །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེས་བརྒྱན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་ཏེ། སྤྱིར་བདེ་བ་ཅན་གྱི་ཞིང་ན་ལྷ་དང་མིའི་རྣམ་པ་ཅན་མ་གཏོགས་འགྲོ་བ་གཞན་མེད། དེ་གཉིས་ཀ་ཡང་མིང་གིས་ཁྱད་པར་ཕྱེ་བ་ཙམ་མིན། སྐྱེ་དམན་བུད་མེད་ཀྱི་ལུས་ཅན་མེད་ཅིང་སྐྱེ་བ་རྣམ་བཞིའི་ནང་གི་རྫུས་སྐྱེས་མ་གཏོགས་མངལ་སྐྱེས་ལ་སོགས་པ་མེད་པ། ཀུན་ཀྱང་མེ་ཏོག་པདྨའི་སྦུབས་རིན་པོ་ཆེའི་པདྨ་ཡངས་ཤིང་ཁ་དོག་གི་ཚོན་སྣ་ཚོགས་ཅན། རེག་ན་བདེ་ཞིང་དྲི་ཞིམ་པོའི་བསུང་དང་ལྡན་པའི་ནང་ནས་རྫུས་སྐྱེས་ཐོལ་བྱུང་གིས་སྐྱེ། ཐམས་ཅད་ཀྱི་སྐུ་ལུས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་བཟང་ངན་དང་མཛེས་མི་མཛེས་མེད་པ་གསེར་གྱི་མདོག་ཅན། དྭངས་ཤིང་འཚེར་བའི་གཟུགས་ཅན། ལུས་མི་གཙང་བའི་རྫས་དང་བྲལ་བ། རྡོ་རྗེ་ལྟར་དུ་མཁྲེགས་པའི་ལུས་ཅན། སྲེད་མེད་བུའི་སྟོབས་དང་ལྡན་པ། དམིགས་བསལ་གྱིས་པདྨའི་སྦུབས་ནས་ཡུན་རིང་འདུག་དགོས་པ་དག་མ་གཏོགས་ཐམས་ཅད་མངོན་པར་ཤེས་པ་ལྔ་དང་། སྤྱན་ལྔ་མངའ་བ་དེ་འདྲའི་ཤེས་རབ་དང་སྤོབས་པ་མཐའ་ཡས་པ། སྨོན་ལམ་གྱི་དབང་གིས་མ་གཏོགས་ཚེའི་ཚད་མཐའ་མི་མངོན་པ། འདི་ནས་མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ་གསུངས་པ་འདིར་གོ་བ་ཞིབ་ཕྲ་ལེན་རྒྱུ་ཡོད། མངོན་ཤེས་ཟེར་བ་འདིའི་ཐད་ནས་བསམ་བློ་ཞིག་བཏང་ན། སྤྱིར་མངོན་ཤེས་ཟེར་བ་དེ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་མངོན་སུམ་གྱི་བློ་མ་འཁྲུལ་བ་ཞིག་ལ་གསུང་ཀྱིན་ཡོད། འདི་ནས་གཙོ་ཆེ་བའི་དབང་དུ་བྱས་ཏེ་ལྔ་གསུངས་ཀྱི་དྲུག་ཏུ་དབྱེ་བ་བྱས་ཀྱང་ཆོག་གོ། །གང་གང་རེད་ཅེ་ན། རྫུ་འཕྲུལ་གྱི་མངོན་ཤེས། ལྷའི་མིག་གི་མངོན་ཤེས། རྣ་བའི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས། ཟག་ཟད་ཀྱི་མངོན་ཤེས་དང་དྲུག ནམ་མཁར་འགྲོ་ནུས་པ་དང་རི་བྲག་ལ་ཟང་ཐལ་དུ་བགྲོད་ནུས་པ་ལ་སོགས་པ་རྫུ་འཕྲུལ་གྱི་མངོན་ཤེས། འཇིག་རྟེན་ཁམས་ཀྱི་གཟུགས་ཉེ་རིང་ཐམས་ཅད་མཐོང་བ་དང་སེམས་ཅན་གྱི་འཆི་འཕོ་སྐྱེ་བ་ཤེས་པ་ལྷའི་མིག་གི་མངོན་ཤེས། ཐག་རིང་ཐུང་གི་སྒྲ་ཆེ་ཆུང་ཐམས་ཅད་ཤེས་པ་ལྷའི་རྣ་བའི་མངོན་ཤེས། ཚེ་རབས་སྐྱེ་བ་སྔོན་མ་དྲན་པ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས། གཞན་གྱི་སེམས་ཤེས་པ་གཞན་སེམས་ཤེས་པའི་མངོན་ཤེས། ཟག་ཟད་ཀྱི་མངོན་ཤེས་ནི་རང་གཞན་གྱི་རྒྱུད་ཟག་པ་ཉོན་མོངས་དང་བྲལ་ཡོད་མེད་ཤེས་པ་ལ་ཟེར་ཞིང་། དཔེ་ནམ་མཁར་འགྲོ་བ་ཞིག་ལ་མཚོན་ན། ནམ་མཁར་འགྲོ་བ་ཁོ་རང་རྫུ་འཕྲུལ་གྱི་མངོན་ཤེས་མིན། ནམ་མཁར་འགྲོ་ནུས་པའི་བློ་ཁྱད་པར་ཅན་དེ་རྫུ་འཕྲུལ་གྱི་མངོན་ཤེས། ཐག་རིང་གི་གཟུགས་མཐོང་བ་དེ་ལྷའི་མིག་གི་མངོན་ཤེས་མིན་ཞིང་། དེ་མཐོང་བར་ནུས་པའི་བློ་ཁྱད་པར་ཅན་དེ་ལྷའི་མིག་གི་མངོན་ཤེས། ཚང་མ་ལ་དེ་ལྟར་དུ་གོ་བ་རིགས་འདྲ། སྤྱན་ལྔ་ལ་མཚོན་ན། ཤའི་སྤྱན། ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། ཡེ་ཤེས་ཀྱི་སྤྱན་ཏེ་ལྔ། གཟུགས་ཕྲ་རགས་མང་པོ་ཤེས་པ་ཤའི་སྤྱན། འཆི་འཕོ་དང་སྐྱེ་བ་ཤེས་པ་ལྷའི་སྤྱན། བདག་མེད་མངོན་སུམ་དུ་རྟོགས་པ་ཤེས་རབ་ཀྱི་སྤྱན། རང་གཞན་དབང་པོ་རྣོ་རྟུལ་ཤེས་པ་ཆོས་ཀྱི་སྤྱན། རྣམ་མཁྱེན་གྱི་ཡེ་ཤེས་མངའ་བ་ཡེ་ཤེས་ཀྱི་སྤྱན་ནོ། །གཞན་ཡང་། མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ། །ཞེས་གསུངས་པ་འདི་ལ་དཔྱད་པ་ཞིབ་མོ་བྱེད་རྒྱུ་ཡོད། མངོན་ཤེས་ལྔའམ་དྲུག་པོ་བདེ་བ་ཅན་པ་ཚང་མ་ལ་ཡོད་དགོས་པ་རེད། ཀུན་ཤེས་པའི་དབང་པོ་མཐོང་བའམ་མ་ཐོབ་པ་མེད་པའི་ཕྱིར་ན་མངོན་ཤེས་ལྔའམ་དྲུག་པོ་ཡོད་རིགས། འདི་ནས་དངོས་བསྟན་ཡང་དེ་ཡིན། འོན་ཀྱང་སྤྱན་ལྔ་ཡོངས་སུ་རྫོགས་པ་དེ་བཞིན་གཤེགས་པ་ཁོ་ན་ཡིན་དགོས། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་འཕགས་པ་ཁྱད་པར་དུ་ཕྱེ་བའི་འབྱེད་ཆོས་ཐུན་མོང་མ་ཡིན་པ་དེ་སངས་རྒྱས་ཀྱི་སྤྱན་རེད། དེ་ཡོད་པ་སངས་རྒྱས་འཕགས་པ་ཁོ་ན་ཡིན། དེ་ཡིན་ན་བདེ་བ་ཅན་དུ་བྱང་སེམས་འཕགས་པ་ཡོད་མི་རིགས་པ་མིན། འོད་མདོའི་ལུང་དང་བསྟུན་ན་ཡང་། སངས་རྒྱས་ཀྱི་སྤྱན་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དེ་འདྲ་ཤ་སྟག་ཡིན་གསུངས། འོ་ན་མཁས་གྲུབ་རཱ་ག་ཨ་སྱས་གསུང་ནོར་ཡིན་ནམ་སྙམ་ན་ཅི་ལ་ཡིན། དེའི་དགོངས་པ་ཇེ་ལྟར་ལེན་དགོས་ཤེ་ན། དཔེར་ན་རྒྱལ་པོ་ཆེན་པོ་ཞིག་གིས་རྒྱུ་ཆེན་པོ་ཞིག་སྦྱིན་རྒྱུ་བཀའ་ཡིས་བཅད་དེ་བཀའ་ཐག་ཆོད་ཚར་དུས་དེའི་རྒྱུ་ནོར་དེ་དེའི་བདག་པོ་དེའི་ལག་ཏུ་འབྱོར་ངེས་པས་ང་ལ་རྒྱལ་པོས་དེ་གནང་སོང་ཟེར་ཆོག་པ་རེད། ཐོབ་པ་དངོས་མ་ཡིན་ཀྱང་རྙེད་པ་ལས་མི་ཟློག་པ་ཡིན་པས་ན་ཐོབ་པ་དང་འདྲ་བའི་ཆ་ནས་དེ་འདྲ་བཤད་ཆོག དེ་དང་འདྲ་བ་ཞིང་ཁམས་དེའི་བྱང་ཆུབ་སེམས་དཔའ་ཐམས་ཅད་རྫོགས་པའི་བྱང་ཆུབ་ལས་སླར་མི་ཟློག་པ་ཐོབ་ངེས་པས། བྱང་ཆུབ་ཆེན་པོ་ཐོབ་མ་རག་པ་ལ་དགོངས་ཏེ་ཐོབ་པ་དང་ཆ་འདྲ་བའི་ཆ་ནས་གསུངས་པ་ཞིག་ལ་གོ་བ་ལེན་དགོས། ཚིག་གི་ཐོག་ནས་མངོན་ཤེས་ལྔ་དང་སྤྱན་ལྔ་མངའ་གསུངས་ཡོད་པ་རེད་མ་གཏོགས་ཡོངས་སུ་རྫོགས་པ་མངའ་གསུངས་མེད། འདིར་ཅུང་ཟད་ཞིབ་ཚགས་ལྟ་བུ་བྱས་ན་དེ་འདྲ་ཞིག་རེད། བདེ་བ་ཅན་དུ་ཡོད་པའི་རྒྱལ་བའི་འཁོར་དེ་ཉན་ཐོས་ཀྱི་འཁོར་དང་བྱང་ཆུབ་སེམས་དཔའི་འཁོར་ཏེ་རིགས་གཉིས་སུ་འདུས། ཉན་ཐོས་ཀྱི་འཁོར་འདུས་པ་དང་པོའི་མང་ཉུང་ནི། རྫུ་འཕྲུལ་དཔག་ཏུ་མེད་པ་དང་ལྡན་པའི་འཕགས་པ་མོའུ་འགལ་གྱི་བུ་ལྟ་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་བརྩིས་ན་རྩིས་གྲངས་མི་ཐུབ་པ་དེ་འདྲ་ཡོད། འདུས་པ་གཉིས་པ་དང་གསུམ་པ་དེ་བས་ཀྱང་ལྡབ་མང་པོའི་མང་ཞིང་། དེ་དག་ཐམས་ཅད་ཀྱང་འོད་འདོམ་པ་གང་གིས་བརྒྱན་པ་ཤ་སྟག་ཡིན། བྱང་ཆུབ་སེམས་དཔའི་འཁོར་ལ་ནི། གྲངས་མེད་དཔག་ཏུ་མེད་ཅིང་རེ་རེ་བཞིན་དུ་ཡོན་ཏན་མཐའ་ཡས་མུ་མེད་པ། སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་ཕན་སེམས་དང་བྱམས་པའི་སེམས་དང་ལྡན་པ། ཤེར་རབ་རྒྱ་ཆེན་པོ་དང་མཉམ་པ། བློ་རི་རབ་དང་མཚུངས་པ། ཆོས་ཀྱི་རྔ་ཆེན་པོ་བརྡུང་། ཆོས་ཀྱི་དུང་ཆེན་པོ་འབུད། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེངས། ཆོས་ཀྱི་བ་དན་ཆེན་པོ་འཛིན་པའི་རྒྱལ་བའི་གདུང་འཚོབ་པ། འཇིག་རྟེན་ན་འབྱུང་བར་དཀོན་པ་མེ་ཏོག་ཨུ་དམ་ཝ་ར་དང་འདྲ་བ་ཤ་སྟག་ཡིན། དེས་ན་ཀུན་མཁྱེན་འཇིགས་གླིང་གིས། ཉན་རང་བྱང་སེམས་ལྷ་མིའི་རྣམ་པ་ཅན། །ཀུན་ཀྱང་དབང་རྣོན་བཟོད་པ་ཐོབ་པ་སྟེ། །བར་སྣང་ལ་འགྲོ་ལོག་པར་མི་ལྟུང་ཞིང་། །སངས་རྒྱས་མཐོང་དང་མི་འབྲལ་དམ་ཆོས་ཉན། །ཞེས་གསུངས། དེ་ལྟ་བུའི་ཡོན་ཏན་དཔག་མེད་ཀུན་འབྱུང་བའི་ཞིང་ཁམས་དེར་སྐྱེ་བར་ཤོག་ཅིག་ཅེས་གསུངས་སོ།།

དྲུག་པ་རྟེན་གཞལ་ཡས་ཁང་གི་ཡོན་ཏན་ཡིད་ལ་བྱེད་པའི་སྨོན་ལམ།

རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་། །རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ། །ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཆོད་སྤྲིན་ལག་པའི་མཐིལ་ནས་འབྱུང་། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད། །བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་ཏེ། མིས་དཀའ་ཚེགས་ངལ་དུབ་ཀྱི་སྒོ་ནས་བཟོ་བསྐྲུན་བྱས་པ་ང་ཚོའི་ཁང་བརྩེགས་ལྟ་བུ་མ་ཡིན་པར། བསོད་ནམས་དང་ཐུགས་བསྐྱེད་ཀྱི་སྟོབས་ཀྱིས་རང་གྲུབ་རང་བྱུང་གིས་སྣང་བའི་གཞལ་མེད་ཁང་། གཞལ་མེད་ཁང་དེ་ཡང་རྟ་བབས་དང་འཕྱང་འཕྲུལ་ལ་སོགས་པ་རིན་པོ་ཆེས་བརྒྱན་པ། བྱུ་རུའི་རབ་གསལ་དང་ཤེལ་གྱི་ཐེམ་སྐས་ནོར་བུའི་རང་འོད་དང་ལྡན་པའི་མཛེས་རྒྱན་སྣ་ཚོགས་པས་བརྒྱན་པ། ཁང་བུ་བརྩེགས་པ་སྟོང་ཕྲག་གིས་མཛེས་པའི་མཁར་དང་ཕོ་བྲང་། སྐྱེད་མོའི་ཚལ་དང་། ཁྲུས་ཀྱི་རྫིང་བུ། མེ་ཏོག་གི་ལྡུམ་ར། ལྗོན་པའི་ཚལ་ཡིད་དུ་འོང་བ་ཕྲེང་ལྟར་བསྒྲིགས་པ། རོལ་མོའི་རིགས་སྣ་ཚོགས་པས་སྒྲ་སྙན་ཁོ་ན་སྒྲོགས་ཀྱིན་ཡོད་པ། མདོར་ན་གཞན་འཕྲུལ་དབང་བྱེད་ཀྱིས་ཀྱང་འགྲན་དུ་མེད་པའི་ལོངས་སྤྱོད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པས། བར་སྣང་ལ་སྤྲུལ་གཞལ་མེད་ཁང་ལ་སོགས། །གཞན་འཕྲུལ་དབང་བྱེད་ཀྱིས་ཀྱང་དོ་ཟླ་མིན། །ཞེས་གསུངས་པ་ལྟར། སྤྱིར་བདེ་བ་ཅན་གྱི་ཞིང་ཁམས་ལ་གནས་པ་ཐམས་ཅད་ལྷ་མིའི་རྣམ་པ་ཅན་ཡིན་པ་གོང་དུ་བཤད་པ་ལྟར། གནས་རིས་ནི་དེ་དང་མཐུན་པ་ལྷ་མིའི་གནས་རིས་གཉིས་མ་གཏོགས་གཞན་མེད། ལྷ་གནས་ལ་མཚོན་ན་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་ལ་སོགས་པའི་གནས་རིས་ཀྱི་ཐ་སྙད་ཙམ་རེ་སོ་སོར་ཡོད་ན་ཡང་རི་རབ་ལ་བརྟེན་པའི་ལྷ་གནས་མིན། རི་རབ་དང་རྒྱ་མཚོ་ཆེན་པོ་མེད་པར་གསུངས། དེས་ན་ཐམས་ཅད་ནམ་མཁའ་ལ་ཆགས་ཡོད་པ་ཁོ་ན་ཡིན། ཅི་དང་གང་འདོད་པའི་ལོངས་སྤྱོད་ཐམས་ཅད་ཡིད་ལ་དྲན་པ་ཙམ་གྱིས་དེ་དང་དེ་འབྱུང་བ། རྩོལ་བས་སྒྲུབ་པའི་ངལ་བ་བྱེད་མི་དགོས་པར་དགོས་འདོད་ལྷུན་གྱིས་གྲུབ་ཅིང་། ཞིང་ཁམས་དེ་ན་ལོངས་སྤྱོད་རྣམས་ངའི་འདི། ཁྱོད་ཀྱི་དེ། ཁོང་གི་དེ་ཟེར་བ་དང་གསོག་འཇོག་དང་ཞེན་འཛིན་གཏན་ནས་མེད་པར། གང་ལ་གང་འདོད་པའི་མཆོད་པའི་ཡོ་བྱད་ཅི་དང་ཅི་དགོས་པ་ཐམས་ཅད་ཞེ་ལ་དྲན་མ་ཐག་ཏུ་ལག་པའི་མཐིལ་ནས་འབྱུང་བ། ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ཚད་གནས་དང་ཡོ་བྱད་ཡོངས་སུ་འཛིན་པའི་འདུ་ཤེས་བྲལ་བ། འདོད་པའི་རྗེས་སུ་འབྲང་བའི་འབྱོར་བ་ལ་རང་དགར་རྩེ་བའི་ཚོད་ཀྱི་ཉམས་དགའ་བ་ཙམ་མ་གཏོགས་ཞེན་པ་མེད་པ། མ་དག་པའི་ཞིང་གི་ལྷའི་བདེ་བ་ལས་འདས་པའི་བདེ་བ་གྱ་ནོམ་པ་རྒྱ་ཆེ་བ་སྣ་ཚོགས་པ་དང་ལྡན་པ། བདེ་བ་ཅན་གྱི་ཞིང་གི་རྒྱན་དང་འབྱོར་བ་འདི་དག་ཞིང་བཀོད་ཀྱི་མདོ་དང་འོད་མདོའི་ནང་དུ་གསུངས་ཡོད་པ་དག་ཕལ་ཆེར་ཕྱོགས་མཚོན་གོ་བརྡ་འཕྲོད་བྱེད་ཙམ་ཞིག་གསུངས་པ་རེད་མ་གཏོགས་ཇི་མ་ཇི་བཞིན་ནི་མིའི་ཚིག་དང་ཡི་གེའི་ལམ་ནས་སོ་སོ་སྐྱེ་བོ་ཞིག་ལ་གོ་བརྡ་འཕྲོད་མི་ཐུབ། གཞན་པ་ལྟ་ཅི་རྒྱལ་བའི་ལྗགས་ཀྱིས་གསུངས་ན་ཡང་དུས་ཐུང་ཐུང་ཞིག་གིས་གསུངས་མི་ཚར། ཞིང་དེ་ན་ཡོད་པ་ཐམས་ཅད་ཀྱིས་བླ་ན་མེད་པ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ཀྱིན་ཡོད། འོ་ན་ཉན་ཐོས་དང་རང་རྒྱལ་རྩིས་གྲངས་མི་ཐེབ་པ་ཞིག་ཡོད་པ་དེ་རྣམས་ཅི་རེད་ཅེ་ན། འོད་མདོ་དང་པདྨ་དཀར་པོའི་མདོའི་ནང་དུ་ཉན་ཐོས་དག་པ་ཞེས་གསུངས་ཡོད། ཀུན་མཁྱེན་གོ་རམས་པས། ཚངས་པའི་དབྱངས་ཀྱིས་འདུས་པའི་ཚོགས་རྣམས་ལ། །ཐེག་མཆོག་སྟོན་ཚེ་ཏིང་འཛིན་གྱིས་མྱོས་པའི། །དགྲ་བཅོམ་རྣམས་ཀྱང་དམན་པའི་སེམས་སྤངས་ནས། །བྱང་ཆུབ་མཆོག་ཏུ་སྦྱོར་མཛད་ལ་ཕྱག་འཚལ། །ཞེས་གསུངས་པ་དང་། དེ་དང་མཐུན་པར་ཀུན་མཁྱེན་འཇིགས་གླིང་གིས། ཀུན་འབྱུང་རྒྱུ་འབྲས་སྤངས་པའི་ལམ་བདེན་གྱིས། །འགོག་པ་མངོན་དུ་བྱས་པའི་དགྲ་བཅོམ་ཡང་། །རྣམ་ཐར་གསུམ་གྱི་དབྱིངས་ལ་དབུགས་ཕྱུང་ནས། །འོད་ཟེར་ཆེན་པོའི་དབང་བསྐུར་ལ་སྦྱོར་བ། །ཞེས་གསུངས། །རྣམ་པར་ཐར་བའི་སྒོ་སྟོང་ཉིད་མཚན་མེད་སྨོན་མེད་ཀྱི་དབྱིངས་མཐར་ཐུག་ཐེག་གཅིག་གི་ཐེག་པ་ཆེན་པོའི་ལྟ་སྒོམ་སྤྱོད་པ་དང་འབྲེལ་བའི་འོད་ཟེར་ཆེན་པོའི་དབང་བསྐུར་གྱིས་བྱང་ཆུབ་ཆེན་པོར་འགྱུར་བའི་ཉན་ཐོས་དགྲ་བཅོམ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔས་གང་བས། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་སོགས་མེད་པས་བདེ་སྐྱིད་ཀུན་འབྱུང་གི་ཞིང་དེར་སྐྱེ་བར་ཤོག་ཅིག་ཅེས་གསུངས། འདི་ནས་བཅུད་དང་འབྲེལ་བའི་བཀོད་པ་གཞན་གོང་དུ་ཞིང་གི་ཕུན་ཚོགས་བཤད་པའི་སྐབས་ནས་ས་གཞི་དང་ནམ་མཁའི་རྒྱན་གཉིས་ཡོད་ཅེས་པའི་ནམ་མཁའ་ལ་འབྱུང་བའི་རྒྱན་གྱི་ནང་གི་རླུང་གི་སྦྱོར་བ་གསུང་གི་ཡོད་པ་རེད། དྲི་ཞིམ་རླུང་གིས་མེ་ཏོག་ཆར་ཆེན་འབེབས། །ཤིང་དང་པདྨོ་ཆུ་ཀླུང་ཐམས་ཅད་ལས། །ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང་། །ཞེས་གསུངས་ཏེ། བདེ་བ་ཅན་གྱི་ཞིང་ཁམས་དེ་ན་སྔ་དྲོའི་དུས་སུ་ཕྱོགས་བཞི་ནས་རླུང་ལང་སྟེ་རླུང་གིས་རིན་པོ་ཆེའི་ལྗོན་ཤིང་གི་ཡལ་ག་བསྒུལ་ཡོང་བས། ལྗོན་ཤིང་གི་ཡལ་གའི་མེ་ཏོག་དྲི་ཞིམ་ཅན་ཡིད་དུ་འོང་བའི་ཆར་ས་སྟེང་དུ་བབ་སྟེ་མེ་ཏོག་གིས་མི་འགྲེང་བདུན་སྲིད་ཙམ་དུ་མཉམ་པར་ཁེབས་འགྲོ་བར་གསུངས། ཀུན་མཁྱེན་འཇིགས་གླིང་གིས། དྲི་བསུང་ལྷག་པར་རྒྱས་པའི་མེ་ཏོག་གིས། །ཀུན་ནས་ཀུན་ཏུ་བཀྲམ་བའི་བསྟི་སྟང་ནི། །མི་འགྲེང་བདུན་དུ་བསྙེགས་པས་མི་ངོམས་པར། །ཞེས་པ་ལྟ་བུ། དེས་སྤོས་དྲི་ངད་ལྡན་གྱིས་བགོས་པའི་རླུང་དེ་ཚོ་སྣ་ལ་ཕོག་ན་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་དང་ལྡན་པར་འགྱུར་བར་གསུངས། སྔ་དྲོ་འདས་མ་ཐག་ཏུ་མེ་ཏོག་རྙིང་བ་རྣམས་མེད་པར་གྱུར་ཏེ། དེ་ནས་ཞིང་ཁམས་དེ་དབེན་ཞིང་ཉམས་དགའ་བ་དག་ཅིང་གཙང་བར་གྱུར། ཡང་མཚམས་དང་མཚམས་སྐབས་དང་སྐབས་སུ་མེ་ཏོག་འདྲེན་པའི་རླུང་གསར་བ་ཡོང་བ་དང་། དུས་དང་དུས་སུ་ལྷའི་སྤོས་ཆུའི་སྤྲིན་གྱི་ཆར་དང་ལྷའི་མེ་ཏོག་ཁ་ཏོག་སྣ་ཚོགས་ཅན། དེ་མིན་ལྷའི་རིན་པོ་ཆེ་སྣ་བདུན་གདུགས་དང་ཕྱེ་མ་འཕན་ཕུར་བ་དན་བླ་བྲེ་རྒྱལ་མཚན་དག་ཆར་བཞིན་དུ་འབབ་པ་དང་། ལྷ་རྣམས་ཀྱིས་རིན་པོ་ཆེའི་གདུགས་དང་རྔ་ཡབ་ནམ་མཁའ་ནས་བཟུང་སྟེ་ལྷའི་རོལ་མོའི་སྒྲ་དབྱངས་སྒྲོགས་བཞིན་དུ། ལྷའི་བུ་དང་བུ་མོ་དག་གིས་གར་བྱེད་པ་དེ། འུ་ཚོའི་དུས་རྒྱུན་གྱི་ཆར་དང་གློག་དང་འབྲུག་སྒྲ་སྤྲིན་ལྟ་བུ་རེད། སྟེང་གི་བར་སྣང་ལ་ཀུན་དགའ་ར་བ་ཉམས་དགའ་བ་དང་ནགས་ཚལ་རྫིང་བུ་ཆུ་ཀླུང་སྐྱེད་མོའི་ཚལ་ཡོད་པ། འོག་མིན་གྱི་བར་གྱི་ནམ་མཁའི་ངོས་ན་རིན་པོ་ཆེའི་མེ་ཏོག་བཀྲམ་པའི་སྦྱོར་བ་དེ་འདྲ་ཡོད་པར་གསུངས། ད་དུང་ཞིང་ཁམས་དེའི་ནང་དུ་སྐྱེས་པ་ཚང་མ་གཞལ་མེད་ཁང་དཔག་ཚད་བརྒྱ་སྟོང་ཡོད་པ་དེ་འདྲའི་ནང་དུ་ཞུགས་ཏེ་བར་སྣང་ལ་འགྲོ་བཞིན་ཡོད་པ། ནམ་མཁའ་ལ་འབྱུང་བའི་ཁང་བཟང་ལ་སོགས་པ་ཡོད་པ་དང་། ས་གཞིའི་ཁང་བཟང་དུ་འགྲོ་འདོད་ན་ནམ་མཁའ་ལ་འགྲོ་ཐུབ་པ། ལྷ་མི་གཉིས་ཀའི་ཐུན་མོང་དུ་སྣང་བ་དེ་འདྲ་ཡིན་པ་རེད། གོང་དུ་བཤད་པ་ལྟ་བུའི་མཛེས་པའི་གཟུགས། སྙན་པའི་སྒྲ། ཞིམ་པའི་དྲི། རོ་བརྒྱའི་ཞལ་ཟས། རེག་ན་འཇམ་པ་ལྷའི་གོས་རིན་ཐང་གཞལ་མེད་ལ་སོགས་པ་ལོངས་སྤྱོད་དང་མཆོད་པའི་སྤྲིན་ཕུང་དུས་རྟག་ཏུ་རྒྱུན་ཆད་མེད་པ། འབད་པ་མེད་པ་གང་འདོད་ན་དེ་འབྱུང་བ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་འབྱོར་བ་དང་འདྲ་བར་མ་ཟད། དེ་ལས་ཀྱང་ལྡབ་མང་པོས་ལྷག་ཅིང་ཟག་མེད་ཏིང་འཛིན་གྱི་བདེ་བས་དུས་འདའ་བ་ཡིན། །བུད་མེད་མེད་ཀྱང་སྤྲུལ་བའི་ལྷ་མོའི་ཚོགས། །མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད། །ཅེས་གསུངས་ཏེ། ཞིང་ཁམས་བདེ་བ་ཅན་དུ་ཐ་མལ་མ་དག་པའི་བུད་མེད་མེད་ཀྱང་སངས་རྒྱས་ཀྱི་སྤྲུལ་བའི་ལྷའི་བུ་དང་བུ་མོའི་ཚོགས་དང་མཆོད་པའི་ལྷ་མོ་དུ་མ་གསུངས་པ་ནི། མཆོད་པའི་ལྷ་མོ་བཅུ་དྲུག་དང་མཆོད་པ་སྟོབ་པའི་ལྷ་མོ་སྟོང་ཕྲག་བདུན་ལ་སོགས་པས་དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་རེ་རེ་ལ་ཡང་མཆོད་པ་སྟོབ་པར་བྱེད་པ་ཡིན་པར་གསུངས་སོ། །འདུག་པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང་། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །ཞེས་གསུངས་ཏེ། འདུག་པར་འདོད་ཚེ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་གཞལ་མེད་ཁང་། བ་གམ་བརྒྱ་སྟོང་ཅན་གྱི་ནང་དུ་རིན་པོ་ཆེའི་ཁྲི་དང་ཁྲིའུ་མུ་ཏིག་དར་ཟབ་ཀྱི་འབོལ་བརྩེགས་ཅན། སྔས་ཁྲ་བོ་དང་རྐང་སྟེགས་བླ་བྲེ་ཡོལ་བ་ལ་སོགས་པས་བརྒྱན་ཡོད་པ་ལ་ལོངས་སུ་སྤྱོད་ཆོག་པ། ལྷའི་བུ་མོ་དག་གིས་གཡོས་ལེགས་པའི་ཞལ་ཟས་སྟོབ་ཅིང་དྲི་བསུང་ལྡན་པའི་ཡིད་འོང་གི་སྤོས་དྲི་ཐུལ་ནས། དེ་ན་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རགས་པའི་ཟས་ཁམ་གྱི་ཟས་མི་གསོལ་ཡང་གང་འདོད་ཀྱི་མཆོད་པའི་ཟས་རིགས་ཅི་དང་ཅི་འདོད་པ་དྲན་པ་ཙམ་གྱིས་འབྱུང་བའོ། །གོས་རྒྱན་ནི། གོས་སྣ་ཚོགས་པ་ལྷའི་གོས་དེ་དག་ནི་འུ་ཚོའི་གོས་ཧྲུལ་འཐུག་པོ་ལྗིད་ཏིག་གི་རང་བཞིན་ཅན་དེ་འདྲ་མ་ཡིན་པར། ལྷ་རྫས་སྲབ་འཇམ་ཡང་ཞིང་དྲོ་དང་བསིལ་བའི་རེག་བྱ་གང་དགོས་ན་དེ་ལྟར་དུ་འབྱུང་བ། མདོར་ན་གོས་ཅི་འདྲ་དང་རྒྱན་ཅི་འདྲ་འདོད་ན་པ་ཐམས་ཅད་དེའི་མོད་ལ་རང་ཤུགས་ཀྱིས་འབྱུང་བ་དང་། དཔག་བསམ་གྱི་ལྗོན་ཤིང་ལས་ལེན་ཆོག་པའོ། །ཉལ་བར་འདོད་པའི་ཚེ་ཡང་དར་ཟབ་དང་ལྷའི་གོས་ཀྱི་སྔས་དང་མལ་ཆས་ལ་སོགས་པ་ཁ་ཏོག་སྣ་ཚོགས་པ་སྲབ་འཇམ་ཡང་བ་རེག་ན་ལུས་ལ་བདེ་བ་སྟེར་བ། དེ་ལྟར་ཡོད་པས་ཉམས་དགའ་བའོ། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་སྒྲོགས། །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲག །བདུད་རྩིའི་རྫིང་བུ་ཆུ་ཀླུང་དེ་རྣམས་ཀྱང་། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་ཏེ། །བྱ་དང་ལྗོན་ཤིང་ཆུང་ཀླུང་རོལ་མོ་སོགས། །ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་སྒྲོགས། །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲག །ཅེས་གསུངས་པ་ནི། ཀུན་མཁྱེན་འཇིགས་གླིང་གིས། འདམ་རྫབ་སྤངས་བའི་གསེར་གྱི་བྱེ་མ་ལ། །བཞད་དང་ཁྲུང་ཁྲུང་ངང་ངུར་ཀ་རཎ་ཌ། །ནེ་ཙོ་རི་སྐེགས་རྨ་བྱ་ཀི་ལ་ན། །ཀ་ལ་པིང་ཀའི་རྒྱུད་མང་ལ་བསྙེན་པ། །ཞེས་གསུངས་པ་ལྟར། སྤྲུལ་བའི་བྱ་སྐད་སྙན་པའི་འགྱུར་ཁུག་ཅན་དང་ལྗོན་ཤིང་རླུང་གིས་བསྐུལ་བའི་སྒྲ་དབྱངས་སྙན་པ། ཆུ་ཀླུང་དལ་འབབ་ཀྱི་སྒྲ། བྲག་དཀར་ཤེལ་གྱི་བ་གམ་ཅན་དང་། བྲག་དམར་བྱུ་རུའི་མགུར་ཆིངས་ཅན་དེ་དག་གི་བང་རིམ་ནས་སམ་བ་གམ་དེ་ནས་འབབ་ཆུའི་སྒྲ། ལྷའི་རྔ་ལྟ་བུ། དྲི་ཟའི་རྒྱུད་མང་ལྟ་བུ། གླིང་བུ་ལྟ་བུ། ཟངས་དུང་ལྟ་བུ། རྫ་རྔ་ལྟ་བུ་ལ་སོགས་པ་ལྷའི་སྙན་པའི་དབྱངས་ཀྱི་འགྱུར་ཁུག་ཅན་དེ་དག་འདོད་པའི་ཚེ་ན། སྙན་པའི་སྒྲ་དབྱངས་ཟབ་དོན་གྱི་ཆོས་སུ་སྒྲོགས་པ་དང་། ཐོས་པར་མི་འདོད་པའི་ཚེ་ན་དབེན་ཞིང་འཇམ་ཐེང་ངེར་འདུག་པའོ། །བདུད་རྩིའི་རྫིང་བུ་ཆུ་ཀླུང་དེ་རྣམས་ཀྱང་། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་། །ཞེས་གསུངས་ནི། ནད་བརྒྱ་སེལ་བའི་བདུད་རྩིའི་རྫིང་བུ་དང་ཆུ་ཀླུང་འབབ་སྟེགས་ཀྱི་བདེ་བ་དེ་དག་ཁ་དོག་སྣ་ཚོགས་པའི་དྲི་ཞིམ་དང་ལྡན་པ། རེག་བྱ་དྲོ་ན་འདོད་པའི་ཚེ་དྲོ་ཞིང་བསིལ་བར་འདོད་པའི་ཚེ་བསིལ་བ། ལྷའི་མེ་ཏོག་དག་གིས་ཁེབས་ཤིང་མདོག་སྣ་ཚོགས་སུ་གྱུར་བ། རྫིང་བུ་དང་ཆུ་ཀླུང་གི་འགྲམ་ཐམས་ཅད་ན་སྤོས་དྲི་ལྡན་པའི་ཤིང་ལྗོན་པ་ལྟ་ན་སྡུག་པ་མེ་ཏོག་གིས་བརྒྱན་པ་དག་ཕྲེང་ལྟར་བསྒྲིགས་པ། གོས་དང་ཟས་ལ་སོགས་པ་དང་རོལ་རྩེད་ཀྱི་ཆས་ལ་སོགས་པ་གང་ཅི་འདོད་ཐམས་ཅད་དེ་ནས་ལེན་ཆོག་པ། ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་ནི། ཡིད་ལ་ཅི་བསམ་པ་དེ་བཞིན་དུ་འགྲུབ་པའི་ཞིང་ཁམས་དེར་སྐྱེ་བར་ཤོག་ཅིག་ཅེས་གསུངས་པའོ།།

བདུན་པ་ཞིང་གི་གཙོ་བོའི་ཡོན་ཏན་ཡིད་ལ་བྱས་ནས་སྨོན་ལམ་འདེབས་པ།

ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་བ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག །ཅེས་གསུངས་ཏེ། ཞིང་ཁམས་དེའི་ས་གཞིའི་དཀྱིལ་འཁོར་གྱི་དབུས་ན་སྟོན་པ་འོད་དཔག་མེད་པའི་བྱང་ཆུབ་ཀྱི་ལྗོན་ཤིང་ཡོད་པ། བྱང་ཆུབ་ཀྱི་ལྗོན་ཤིང་དེའི་མཚན་ལ་རིན་པོ་ཆེ་པདྨོ་རྣམ་པར་སྣང་བ་ཞེས་ཟེར་ཞིང་། དེའི་དྲུང་དུ་པདྨའི་གདན་ཡོད་ཅིང་། དེའི་མཚན་ལ་དག་ཅིང་བཟང་ལ་བཀྲ་བའི་འོད་ཟེར་ཅན་ཞེས་འཆི་མེད་རྔ་སྒྲའི་ནང་དུ་གསུངས་ཡོད། བྱང་ཆུབ་ལྗོན་ཤིང་དེའི་ཚད་སྔར་བཤད་པ་ལྟར་རྒྱ་ཁྱོན་གྱི་ཚད་ལ་དཔག་ཚད་སྟོང་ཕྲག་དྲུག་བརྒྱ་དང་མཉམ་པ། རྩ་བའི་སྦོམ་ཕྲ་ལ་དཔག་ཚད་ལྔ་བརྒྱ་ཡོད་པའོ། །ཞེས་དཀོན་བརྩེགས་ཀྱི་ནང་དུ་དེ་སྐད་ཅེས་གསུངས་ཤིང་། སྙིང་རྗེ་པད་དཀར་ལས། དཔག་ཚད་ཁྲི་གསུངས་ས་ཡང་ཡོད་ལ། པདྨའི་གདན་ཡང་དེ་དང་མཚུངས་པར་གསུངས་ཀྱང་། འོན་ཏེ་དེ་གཉིས་ཀ་མི་མཐུན་པས་ཅི་ཡིན་སྙམ་སྟེ་དོགས་པ་བྱེད་མི་དགོས། དཀོན་བརྩེགས་ཀྱི་ནང་ནས་གསུངས་པ་དེ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཆུང་ཤོས་ཡན་ཆད་ཀྱི་མཐོང་ཚོད་ཐུན་མོང་བའི་དབང་དུ་མཛད་པ་ལས་དེ་ཙམ་གྱིས་ཁྱབ་མཐའ་བཟུང་བ་མིན་པར་མདོ་རང་གི་ནང་ནས་ཀྱང་འབྱུང་ལ། དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་སྨོན་ལམ་བཏབ་པའི་ནང་ནས་ཀྱང་ཤེས་ཐུབ་པ་རེད། དེ་ལྟ་བུའི་ཤིང་གི་རྒྱལ་པོ་དེའི་ལོ་མ་དང་འབྲས་བུ་མེ་ཏོག་སྣ་ཚོགས་ཐ་དད་པ་དུས་རྟག་ཏུ་འབྱུང་བ། འཇིག་རྟེན་ན་མཆོག་ཏུ་བྱ་བའི་ནོར་བུ་རིན་ཐང་ཅན་དང་འཇིག་རྟེན་གྱི་ཁམས་ཕལ་བ་ན་མེད་པའི་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། གསེར་དང་ནོར་བུའི་དྲ་བ་དང་དྲ་ཕྱེད། དོ་ཤལ་དང་སེ་མོ་དོ་སྣ་ཚོགས་པ་ཕྱང་འཕྲུལ་ལ་དཔྱངས་པ། དྲིལ་བུ་དང་གཡེར་ཁས་བརྒྱན་པ། དེ་ཐམས་ཅད་རླུང་གིས་བསྐྱོད་པའི་སྒྲ་དབྱངས་སྙན་མོ་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལ་གོ་བར་བྱེད་ཅིང་། བྱང་ཆུབ་ལྗོན་པའི་ཤིང་དེའི་དྲི་ཞིམ་པོ་ཕྱོགས་བཅུའི་འཇིག་རྟེན་དུ་ཁྱབ་པ་དང་། བྱང་ཆུབ་ཀྱི་ལྗོན་ཤིང་དེའི་དབྱིབས་གཟུགས་མཐོང་མཁན་དང་། དེའི་དྲི་ཚོར་མཁན། འབྲས་བུའི་རོ་མྱོང་ཚད། འོད་ལུས་ལ་ཕོག་ཚད་དང་། དེ་ལས་གཞན་ཤིང་དེ་ཡིད་ལ་སེམས་པ་དེ་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དབང་པོ་རྣམ་ལྔ་གསལ་ཞིང་ལུས་ལ་ནད་ཀྱིས་མི་ཐེབ། སེམས་ཏིང་ངེ་འཛིན་ལས་མི་གཡེང་པར་གསུངས་པ་དང་། རྒྱལ་བ་འོད་དཔག་མེད་ཀྱི་ཆོས་སྟོན་པའི་གནས་ཀྱི་གཞལ་ཡས་ཁང་དེ་ལ་ཆོས་ཡང་དག་པར་སྡུད་པའི་ཁང་བཟང་ཞེས་དང་། འོད་དཔག་མེད་ཀྱིས་གཞལ་མེད་ཁང་ན་ཆོས་སྟོན་པའི་བཀོད་པ་དེ་དག་གཙུག་ཏོར་རྣམ་རྒྱལ་གྱི་རྟོགས་པ་བརྗོད་པ་དང་དོན་ཞགས་སོགས་ཀྱི་ནང་དུ་རྒྱས་པར་གསུངས་ཤིང་། དེ་ན་བཞུགས་པའི་བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་པའི་མཚན་དང་དཔེ་བྱད་ལ་སོགས་པ་སྔར་ཚོགས་ཞིང་གསལ་གདབ་ཀྱི་སྐབས་ནས་ཞིབ་ཏུ་བཤད་ཀྱང་། ད་དུང་ཡིད་ལ་གོམས་པའི་ཆེད་དུ་གསལ་འདེབས་ཤིག་བྱེད་ན། སྐུ་མདོག་པདྨ་ར་གའི་ཕུང་པོ་ལ་ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པ་ལྟ་བུའི་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ཕ་རོལ་ཏུ་ཕྱིན་པས་ཁྱད་པར་བྱས་པ། སྐར་ཚོགས་བྱེ་བའི་དབུས་སུ་ཉི་མ་བཞིན་དུ་གཟི་བརྗིད་འབར་ཞིང་ལྟ་ན་སྡུག་པ། ཞལ་མཇལ་ན་ལྟ་བས་མི་ངོམས་ཤིང་ཡིད་ཚིམ་ནས་བདེ་བར་བྱེད་པ། རྒྱལ་བ་འོད་དཔག་མེད་ཀྱི་འོད་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་མང་པོ་ལ་དུས་རྟག་ཏུ་ཁྱབ་པ། འོད་དེ་དྲི་མ་མེད་ཅིང་གསལ་བ། སྒྲིབ་ཐོགས་ཀྱི་དངོས་པོ་ཐམས་ཅད་ལ་མི་ཐོགས་པ། འོད་དེས་ཕོག་ཚད་ལུས་སེམས་བདེ་བ་དང་དགའ་བའི་རོས་ཚིམ་པ། སངས་རྒྱས་འོད་དཔག་མེད་དེ་འཇིག་རྟེན་གྱི་ཁམས་འདི་ནས་དཔེར་བཞག་ན། རིའི་རྒྱལ་པོ་རི་རབ་ལྟར་དུ་སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལས་མངོན་པར་འཕགས་ཏེ་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པ། དེ་ལྟར་ལྷམ་མེར་ལྷན་ནེ་ལྷང་ངེར་མཛེས་པ་དང་། སྐུའི་ན་བཟའ་ལ་སོགས་པ་ཡང་སྔར་བཤད་པ་ལྟར་རོ། །སངས་རྒྱས་འོད་དཔག་མེད་པའི་མཛད་པ་གཙོ་བོའི་འཇུག་ཚུལ་ནི། སྤྱིར་ན་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དེ་སེམས་ཅན་རྒུད་པ་ལས་སྐྱོབས་པའི་ཆེད་དང་། རང་གི་བརྙེས་པའི་ཆོས་ཀྱི་བདུད་རྩི་དེ་ཉིད་གདུལ་བྱའི་སྐལ་བ་དང་འཚམ་པར་བགོ་སྐལ་མཛད་པའི་དོན་དུ་ཡིན་པས། དེ་ལྟར་མཛད་པ་ཕྲིན་ལས་གདུལ་བྱའི་ཡུལ་ལ་འཇུག་པ་དེ་ལུང་གི་ཆོས་སྟོན་པ་ལ་ངེས་པར་རག་ལས་པ་ཞིག་ཡིན་པས་ན། སྟོན་པ་འོད་དཔག་མེད་ཀྱིས་གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ཀྱིས་དུས་རྟག་ཏུ་གསུང་གི་བདུད་རྩིས་གདུལ་བྱའི་རྒྱུད་ཚིམ་པར་མཛད་པ་ཡིན་ཏེ། གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྣམས་ལ་ཐོབ་བྱ་ཐར་བ་ཙམ་དང་། ཐོབ་བྱེད་རྟེན་གཞི་ངེས་འབྱུང་གི་བསམ་པའི་སྟེང་དུ་བརྟེན་པ་བསླབ་གསུམ་གྱི་ཉམས་ལེན་བསྡུས་ཡོད་པ་དེ་ལས་བརྩམས་ཏེ་ཐེག་ཆེན་གྱི་ཆོས་རིམ་གྱིས་བསྟན་པ་དང་། །ཐེག་པ་མཆོག་གི་རིགས་ཅན་རྣམས་ལ་ཐོག་མ་ཉིད་ནས་ཐོབ་བྱ་བླ་ན་མེད་པའི་བྱང་ཆུབ། ཐོབ་བྱེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྙིང་རྗེ་ཆེན་པོའི་རྩ་བ་ཅན་གྱི་བསམ་པ་དང་། དེའི་དྲང་བའི་སྦྱོར་བ་ཐུན་མིན་དང་ཐུན་མོང་ལས་བརྩམས་ཏེ་ཤིན་ཏུ་རྒྱས་པའི་ཆོས་བསྟན་པར་མཛད་པའོ། །དེ་ལྟ་བུའི་ཚུལ་གྱིས་གདུལ་བྱ་གྲངས་མེད་པ་ཞིག་མ་སྨིན་པ་རྣམས་སྨིན་པ་དང་། སྨིན་པ་རྣམས་གྲོལ་བ་དང་། གྲོལ་བ་རྣམས་མཐར་ཕྱིན་པར་མཛད་པ་དེ་ལྟར་མཛད་པ་ཕྲིན་ལས་སྐྱོང་བཞིན་ཡོད་པ་དང་། སྟོན་པས་ཆོས་གཅིག་གསུང་ཀྱང་གདུལ་བྱ་རང་རང་གིས་ཆོས་ཀྱི་རྣམ་གྲངས་ཇི་ལྟར་ཉན་འདོད་པ་དེ་ལྟར་དུ་འགྱུར་བ་དང་། །ཞིང་ཁམས་དེ་ན་བསྟན་པ་རྙོག་པ་མེད་པ་ཡིན་པས་བསླབ་པའི་གཞི་མ་རྫོགས་པར་ཉེས་པ་འབྱུང་བ་མེད་ལ། ལྟུང་བའི་རྣམ་གཞག་དང་བསླབ་པའི་གཞི། དམ་ཚིག་གི་བཅས་མཚམས་སོགས་ཀྱི་དགོས་པ་མེད་པའོ། །ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་བ་གྲངས་མེད་མྱ་ངན་མི་འདའ་བཞུགས། །ཞེས་གསུངས་ཏེ། ཞིང་ཁམས་བདེ་བ་ཅན་དུ་ད་ལྟ་དངོས་སུ་བཞུགས་ཏེ་ཆོས་གསུངས་བཞིན་ཡོད་པའི་མགོན་པོ་འོད་དཔག་མེད་པའི་སྐུ་ཚེའི་ཚད་དཔག་ཏུ་མེད་པ་ཡིན་པས། དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག །ཅེས་གསུངས་ཏེ། སངས་རྒྱས་འོད་དཔག་མེད་བདེ་བ་ཅན་གྱི་ཞིང་གི་མགོན་ལ་ཇི་སྲིད་བཞུགས་པ་དེ་སྲིད་དུ་བདག་གིས་སངས་རྒྱས་དེའི་མདུན་ནས་ཆོས་ཉན་ཞོར་དུ་ཞབས་འབྲིང་བྱེད་པ་དང་དེ་ལ་བསྙེན་བཀུར་བྱེད་པར་ཤོག་ཅིག་ཅེས་གསུངས་པ་དང་། ནམ་ཞིག་འོད་དཔག་མེད་དེ་ཞི་བར་གཤེགས། །བསྐལ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ། །རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་། །དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །ཅེས་གསུངས་ཏེ། སྤྱིར་སངས་རྒྱས་ཆོས་ཀྱི་སྐུ་རྟག་ཁྱབ་ལྷུན་གྲུབ་ཀྱི་བདག་ཉིད་ཅན་ཡིན་པས་སྐྱེ་འཆི་བགྲེས་རྒུད་ཀྱི་མཚན་མ་མི་སྲིད་ཀྱང་། ཞིང་ཁམས་བདེ་བ་ཅན་དེ་ལས་དག་པའི་སེམས་ཅན་མ་གཏོགས་མི་སྣང་བ་མ་ཡིན་པའི་མཆོག་གི་སྤྲུལ་སྐུའི་ཞིང་ཁམས་ཡིན་པས་ན། ནམ་ཞིག་སངས་རྒྱས་འོད་དཔག་མེད་སྐུ་མྱ་ངན་ལས་འདས་ཏེ་ནང་གསལ་ཆོས་སྐུའི་གཞི་དབྱིངས་སུ་ཐིམ་སྟེ་ཞི་བར་གཤེགས་པའི་སྐབས་ལ། བསྟན་པ་འཕེལ་འགྲིབ་མེད་པར་སངས་རྒྱས་བཞུགས་པ་དང་ཁྱད་མེད་པར་བསྐལ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་ཀྱི་བར་དུ། རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་། །ཞེས་གསུང་ཏེ། སྟོན་པ་འོད་དཔག་མེད་ཀྱི་མདུན་ནས་རྒྱལ་ཚབ་གྱི་ཅོད་པན་བླངས་པ་རྒྱལ་སྲས་ཐུ་བོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མཐུ་ཆེན་ཐོབ་རྣམ་པ་གཉིས་སོ། །འོ་ན་དེ་གཉིས་ཅི་འདྲ་ཞིག་ཡིན་ནམ་སྙམ་ན། འཕགས་པ་སྤྱན་རས་གཟིགས་ནི་སེམས་ཅན་ཐམས་ཅད་ལ་ཐུགས་སྙིང་རྗེ་ཆེན་པོའི་སྦྱང་བ་སྔོན་ལ་སོང་བ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་སྟོབས་མངའ་ཞིང་རྒྱལ་བ་ཀུན་ཀྱི་མཐུ་སྟོབས་ནུས་པའི་མངའ་བདག་ཡིན་པས། དེ་གཉིས་ཀྱི་མཚན་ལ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གསུངས་ཏེ་དེ་བཞིན་གཤེགས་པ་རིན་པོ་ཆེ་སྙིང་པོས་བཏགས་མཛད་པའོ། །དེ་རྣམ་པ་གཉིས་ཀའི་སྐུའི་འོད་ཟེར་གྱིས་ཞིང་ཁམས་བདེ་བ་ཅན་མ་ལུས་པ་ཡོངས་སུ་ཁྱབ་ཅིང་། བྱང་སེམས་ཀྱི་འཁོར་ཞིག་གིས་དེ་རྣམ་པ་གཉིས་ཀའི་མདུན་ནས་དྲི་བ་ལན་བདུན་ཉན་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མ་ཐོབ་པ་ཞིག་མེད་པར་གསུངས་པས། དེ་ལྟར་ཏིང་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔས་ཞིང་ཁམས་དེ་ཡོངས་སུ་གང་ཡོད་པ་དང་། སངས་རྒྱས་འོད་དཔག་མེད་ཀྱི་རྒྱལ་ཚབ་སྤྱན་རས་གཟིགས་ཡིན་པས་རྒྱལ་ཚབ་སྤྱན་རས་གཟིགས་དེ་དང་མི་འབྲལ་ཞིང་། དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །ཅེས་གསུངས་ཏེ། འོད་དཔག་མེད་དེ་ཡི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག་ཅེས་གསུངས་པ་དང་། སྲོད་ལ་དམ་ཆོས་ནུབ་པའི་ཐོ་རངས་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས། །སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་གྱུར་བའི་ཚེ། །ཞལ་ལྟ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །ཅེས་གསུངས་སྟེ། མགོན་པོ་འོད་དཔག་མེད་སྐུ་དངོས་དང་དེའི་རྗེས་ཀྱི་བསྟན་པའི་གནས་ཚད་རྫོགས་པའི་སྐབས་ལ། སྲོད་ལ་དམ་ཆོས་ནུབ་པའི་ཐོ་རངས་ལ། །ཞེས་གསུངས་ནི། སྲོད་ལ་བསྟན་པ་དམ་པའི་ཆོས་ནུབ་པ་དེ་མ་ཐག་པའི་ཐོ་རངས་རྒྱལ་རྔ་གསར་བ་རྡུང་བའི་གནས་སྐབས་སུ། འཕགས་པ་རྒྱལ་སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མཚན་ལ་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ་གྱུར་བའི་གནས་སྐབས་སུ། དེའི་ཞལ་ལ་ལྟ་ཞིང་མཆོད་པ་སྣ་ཚོགས་ཀྱིས་མཆོད་དེ་ཆོས་འཁོར་སྐོར་བར་སྐུལ་ཞིང་། དེས་གསུངས་བའི་ཆོས་ཉན་ཞིང་འཛིན་ནུས་པར་ཤོག་གཅིག་ཅེས་སུངས་པ་དང་། །འདིའི་ཐོ་རངས་རྒྱལ་རྔ་རྡུང་བ་ལ་སོགས་པ་འདི་དག་ནི་བདག་ཅག་གི་སྟོན་པས་བྱང་ཆུབ་བརྙེས་པའི་ཚུལ་དང་སྦྱར་ཏེ། རང་རེའི་གོ་བདེ་ཞིང་ཡིད་ལ་ངེས་སླ་བའི་མོས་པ་དང་བསྟུན་ཏེ་གསུངས་པའོ། །སྐུ་ཚེ་བསྐལ་བ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དགུ་བཅུ་རྩ་དྲུག་བཞུགས་པའི་ཚེ། །རྟག་ཏུ་ཞབས་འབྲིང་བསྙེན་བཀུར་བྱེད་པ་དང་། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །ཅེས་གསུངས་ཏེ། འཕགས་པ་སྤྱན་རས་གཟིགས་སངས་རྒྱས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་པོའི་སྐུ་ཚེའི་ཚད་ཀྱང་བསྐལ་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དྲུག་བཞུགས་པ་དེའི་རིང་ལ། སངས་རྒྱས་དེའི་ཞབས་འབྲིང་བྱེད་པ་དང་མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱིས་བསྙེན་ཅིང་བཀུར་སྟི་བྱས་ཏེ་མི་བརྗེད་པའི་གཟུངས་ལ་དབང་ཐོབ་སྟེ་སངས་རྒྱས་དེས་གསུང་པའི་དམ་ཆོས་གཅིག་ཀྱང་མ་ལུས་པར་འཛིན་ནུས་པར་ཤོག་ཅིག་ཅེས་གསུངས་བ་དང་། འུ་ཚོའི་ད་ལྟའང་བདེ་བར་གཤེགས་པའི་གསུང་དྲི་མ་མེད་པ་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་གསུང་པས་ང་ཚོ་རང་གི་སྒྲ་སྐད་དང་མཐུན་པ་ཐོས་ཐུབ་ཀྱིན་ཡོད་ཀྱང་། མི་བརྗེད་པའི་གཟུངས་ལྟ་ཅི་མི་བརྗེད་བྱེད་ཀྱི་བློ་རིག་པ་བརྟན་པོ་ཞིག་ཀྱང་མེད་པའི་རྐྱེན་གྱིས། རྣ་སྒོ་ལ་རླུང་བརྒྱབ་པ་ལྟར་སོང་བ་དང་མེད་པ་གོ་བ་བརྗེད་པ་བཅས་དུས་མཉམ་པ་རེད་འགྲོ་བ་འདི་ཙམ་མིན་ཞིང་། རིག་ཚད་ཐོས་ཚད་ཐམས་ཅད་ཡིད་ལ་འཛིན་ཐུབ་ཙ་ན། རྒྱལ་བའི་ཆོས་མཛོད་མཐའ་དག་ད་ལྟ་ནས་བདག་གིར་བྱ་ཆོག་མོད། དེའི་བསོད་ནམས་དང་མ་ལྡན་རུང་། འོན་ཏེ་ཉི་མ་རེ་ལ་ཚིག་རེ་ཟིན་ན་རིང་བོར་མི་ཐོགས་པར་ཡོན་ཏན་གྱི་འབྱོར་བ་རྒྱས་རྒྱུ་ཡོད་ལ། དེ་ཡང་རྒྱས་མི་རྒྱས་རང་ལ་ཐུག་ཕྱིན་བདེ་སྨོན་གྱི་ཞིང་ཁྲིད་འདིའི་སྐབས་ལ་ཚིག་རེ་དང་དོན་རེ་རེ་ཡིན་ཡང་བློ་ལ་ཨེ་ཟིན་ལྟོས་དང་མ་འོངས་པར་མི་བརྗེད་པའི་གཟུངས་ཐོབ་པ་ལ་ཕན་ཐོགས་ཆེན་པོ་དང་ལྡན་ལ། སྤྱིར་ཐོས་པའི་ཡོན་ཏན་མེད་ན་སྐྱོན་ཆེན་པོ་དང་ལྡན་པ་ཡིན་ཏེ། བདག་བློ་ཤེས་བྱའི་གནས་ལ་མ་སྦྱོང་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །ཞེས་གསུང་བ་ལྟ་བུ་ཡིན་ཏེ། །གནའ་སྔོན་མ་ཞིག་ལ་འབྲི་གུང་བའི་བླ་ཆེན་ཞིག་ཞིང་ལ་གཤེགས་སོང་བས་གྲྭ་བ་འགའ་ཞིག་ས་སྐྱ་པཎྜི་ཏའི་སྐུ་མདུན་དུ་མཆོད་བསྔོ་འབུལ་སར་སོང་བས། ས་པཎ་གྱིས་གྲྭ་པ་རྣམས་ལ་ཧ་ཅང་ཡག་ཡག་མཛད་ནས་བླ་མ་རིན་པོ་ཆེ་འོག་མིན་དུ་གཤེགས་སོང་བར་མ་བཟང་ཞེ་གསུངས་པས། གྲྭ་བ་རྣམས་ཀྱིས་ནང་དོན་ཆེན་པོ་ཞིག་མ་གོ་བར་དེ་ཡག་པ་ཞིག་གསུངས་མ་སོང་སྙམ་སྟེ། འོག་མིན་ལ་གཤེགས་མ་ཐལ་ཐོག་མིན་ལ་གཤེགས་ཐལ་ཞུས་པ་དང་། དེ་རྣམས་ཀྱི་སེམས་ལ་འོག་ཟེར་དུས་ངན་པ་ཞིག་རེད་ཐོག་མིན་ཟེར་དགོས་བསམ་ནས་ཐོག་མིན་སྨྲས་མོད། འོན་ཀྱང་ཐོག་མིན་ལས་གཞན་འོག་རེད་སོང་བས་དེའི་མན་ནམ་དེའི་སྡུག་མེད་ས་ལ་བྱོན་ཐལ་ཟེར་བ་ལྟ་བུས་ཁོང་ཚོས་ཚིག་སྐྱོན་གྱིས་བརྫབས་བཞག་པས། ས་པཎ་གྱིས་གྲྭ་པ་གླེན་པ་འདི་རྣམས་ཀྱིས་དེ་འདྲ་ཞིག་ཀྱང་ཤེས་མི་འདུག་དགོངས་ཏེ། དེའི་མཚམས་ནས་ས་པཎ་གྱིས་བླ་མའི་གདུང་བཞུ་དུས་རྐང་གི་ནང་ན་འདྲེན་པའི་སྐུ་འདྲ་འདྲ་མེད་དམ་ཞེས་གསུངས་པ་དང་། རྐང་འདྲེན་རྣམས་གསུངས་རྒྱུའི་བརྡ་ཡིན་ཡང་དོན་མ་གོ་བར་ངན་ཟེར་ཡིན་པ་མ་ཤེས་ཏེ་ཡོད་ཁུ་མང་པོ་ཡོད་ཁི་ཞུས་པས། དེ་ནས་ས་པཎ་ཐུགས་ལྷག་པར་སྐྱོ་སྟེ་བླ་མའི་མན་ངག་གི་སྟེང་དུ་རྒྱལ་བའི་བཀའ་མདོ་རྒྱུད་ལ་ཐོས་བསམ་རེ་བྱེད་རྒྱུའི་ཆེད་དམ་དེ་འདྲ་ལ་དགོངས་ནས། སྡོམ་གསུམ་རབ་དབྱེ་དང་ཐུབ་པའི་དགོངས་གསལ་སོགས་དེའི་རྐྱེན་གྱིས་བརྩམས་པ་ཡིན་ཚུལ་སོགས་གསུངས་ཡོད་པས། གདན་ས་ཆེན་པོ་འདི་ཚོ་འདྲ་ཡིན་ན་བཤད་སྒྲུབ་འཆད་ཉན་དར་སའི་ཆུ་འགོ་རེད་མ་གཏོགས། ཟ་ཆོག་འདོན་ཆོག་སྔས་མགོ་དང་འབྲལ་མེད། བཀའ་འགྱུར་བསྟན་འགྱུར་ཕྱུག་པོའི་ཁྱིམ་རྟེན། གཞུང་བཀའ་པོད་ལྔ་བོ་བེད་མེད་ཀྱི་ཡིག་ཉོབ་རེད་རྒྱུ་བྱུང་དུས་བསྟན་པ་ཉམས་པའི་སྔ་ལྟས་ཚང་ཡོང་བ་རེད། ཡང་སྟོད་ཀྱི་སེ་ལེ་རྒོད་ཚང་དུ་མི་ལོ་བཅོ་བརྒྱད་ལ་མཚམས་ལ་བསྡད་པའི་སྒོམ་ཆེན་ཞིག་ཡོད་པ་གསན་ཏེ། རྗེ་རིན་པོ་ཆེ་དེ་དུས་གྲྭ་བ་གྲྭ་རྐྱང་ཡིན་པས་ར་སྒྲེང་ལ་ཕེབས་ཞོར་དུ་སྒོམ་ཆེན་དེ་མཇལ་དུ་ཕྱིན། དེར་ཕེབས་ནས་སྒོམ་ཆེན་ལ་ཁྱེད་ལོ་བཅོ་བརྒྱད་དུ་མཚམས་ལ་བཞུགས་པ་ངོ་མཚར་ཆེ། དེའི་རིང་ལ་ཁྱེད་ཀྱིས་ཉམས་ལེན་ཅི་ཞིག་ལ་མཛད་པ་ཡིན་ཞེས་དྲིས་པས། སྒོམ་ཆེན་པས་ཁོ་བོས་ཐོས་བསམ་བྱེད་མ་མྱོང་བས་ཤེས་མཁན་ཞིག་མིན་པས་མ་ཎི་འདོན་ནས་བསྡད་པ་ཡིན་ཞེས་སྨྲས་པ་དང་། རྗེ་རིན་པོ་ཆེས་འདིས་མི་ཤེས་ཁུལ་རེད་དགོངས་ཏེ། ཞི་ལྷག་གི་སྐོར་འགའ་རེ་དྲིས་ཀྱང་དེ་ཚོ་མི་ཤེས་གསུངས། དེས་ན་མ་ཎི་འདོན་དུས་སྐྱབས་འགྲོ་སེམས་བསྐྱེད་རེ་འགོ་ནས་བྱེད་ཀྱིན་ལོས་ཡོད། དེ་ཚོའི་དམིགས་རིམ་ཇི་ལྟར་རེད་ཅེས་དྲིས་དུས་དེ་ཡང་མི་ཤེས་སྨྲས། དེ་མ་ཤེས་ན་འོ་ན་སྤང་བྱ་དང་བླང་བྱ་གང་ཡིན་ཞེས་དྲིས་པས། ཁོས་བསམ་བློ་ཞིག་བཏང་སྟེ་དེ་ལ་ལན་ཞིག་ཕོག་པར་འདུག་བསམས་ཏེ་སྤང་བྱ་གོང་མོ་དང་བླང་བྱ་འཇོལ་མོ་ཨེ་ཡིན་ན་གལ་ཏེ་དེ་མ་ཡིན་ན་མི་ཤེས་ཞེས་སྨྲས་པ་དང་། རྗེ་རིན་པོ་ཆེའི་ཐུགས་དགོངས་ལ་ཐོག་མར་ཐོས་བསམ་རེ་མ་བྱས་ན་སྐྱོན་འདི་འདྲ་ཆེ་བ་འདུག་དགོངས་ཏེ། ཕྱི་རབས་ཀྱི་སྒོམ་ཆེན་རྣམས་ཀྱིས་རང་རང་གི་བླ་མས་མན་ངག་གི་ཁུངས་གཏུག་ས། གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཐོས་བསམ་རེ་བྱེད་རྒྱུའི་ཆེད་དུ་དྲི་བ་སྙན་བསྐུལ་ལྷག་བསམ་རབ་དཀར་མཛད་ཅེས་ཟེར་སྲོལ་ཡོད་པ་དེས་ན་དང་པོ་ཆོས་ཐོས་དགོས་ཤིང་ཐོས་པ་དེ་ཞེ་ལ་འཇོག་རྒྱུ་དེ་བས་ཀྱང་གནད་ཆེ་བ་དང་། ཆོས་ཐོས་པ་ཡིད་ནས་མི་བརྗེད་པ་ལ་མི་བརྗེད་པའི་གཟུངས་ཐོབ་དགོས་པས་མི་བརྗེད་པའི་གཟུངས་ཀྱི་དམ་ཆོས་འཛིན་པར་ཤོག་ཅེས་གསུངས་ཏེ་འདི་ནས་སྨོན་ལམ་བཏབ་པ་རེད། མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་བ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང་། །མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག །ཅེས་གསུངས་ཏེ། མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི། །ཞེས་པ་ནི། སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་པོ་དེ་ཡང་སྐུ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་ཏེ་རྒྱལ་བ་མཐུ་ཆེན་ཐོབ་དེ་ཉིད་རྒྱལ་ཚབ་ཏུ་བསྐོས་ཤིང་། དེའི་བསྟན་པ་མི་ཉམས་པར་བསྐལ་བ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག་འབུམ་ཕྲག་གསུམ་ལ་གནས་པ་དེའི་ཚེ་ལ་ཡང་བདག་གིས་དམ་པའི་ཆོས་འཛིན་ཅིང་རྒྱལ་སྲས་ཐུ་བོ་སེམས་དཔའ་མཐུ་ཆེན་ཐོབ་དང་མི་འབྲལ་བར་རྟག་ཏུ་དམ་ཆོས་འཛིན་ནུས་པར་ཤོག་ཅིག་ཅེས་གསུངས། དེ་ནས་མཐུ་ཆེན་ཐོབ་དེ་སངས་རྒྱས་ནས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་གྱུར། །སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ། །སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །ཅེས་གསུངས་ཏེ། དེ་ནས་ནམ་ཞིག་གི་ཚེ་ན་རྒྱལ་བའི་སྲས་ཀྱི་ཐུ་བོ་མཐུ་ཆེན་ཐོབ་དེ་ཉིད་ཀྱང་སངས་རྒྱས་ཏེ། མཚན་ལ་དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་རུ་འགྱུར་གསུངས་པས། དེའི་སྐུ་ཚེ་བརྟན་པའི་ཚད་དང་མཛད་པ་ཕྲིན་ལས་ཀྱི་ཚད་སྤྱན་རས་གཟིགས་དང་མཉམ་པ་ཡིན་པས། སངས་རྒྱས་དེའི་སྐུ་ཚེའི་ཡུན་ལ་ཡང་བདག་གིས་དུས་རྟག་ཏུ་ཞབས་འབྲིང་དང་བསྙེན་བཀུར་བྱེད་པ་དང་། དེས་བསྟན་པ་དམ་པའི་ཆོས་ཐམས་ཅད་ཀྱང་མི་བརྗེད་པའི་གཟུངས་ཀྱིས་འཛིན་ནུས་པར་ཤོག་ཅིག་ཅེས་གསུངས་སོ།།

ལྔ་བ་མཐར་ཐུག་རང་ཉིད་ཀྱང་སེམས་ཅན་མཐའ་ཡས་པ་མ་བསྒྲལ་བ་རྣམས་བསྒྲལ་བ་དང་མ་གྲོལ་བ་རྣམས་གྲོལ་བར་བྱེད་པའི་ཆེད་དུ་སངས་རྒྱས་པར་སྨོན་ལམ་འདེབས་པ།

དེ་ནས་བདག་གི་ཚེ་དེ་བརྗེས་མ་ཐག །ཞིང་ཁམས་དེའམ་དག་པའི་ཞིང་གཞན་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་གསུངས་ཏེ། བདག་ཉིད་ཀྱང་ཞིང་ཁམས་བདེ་བ་ཅན་དེར་སངས་རྒྱས་གསུམ་གྱི་སྐུ་ཚེ་མཛད་པ་མཐར་མ་ཕྱིན་གྱི་བར་དུ་བསྐལ་བ་འབུམ་ཕྲག་མང་པོར་རྫོགས་སྨིན་སྦྱང་བ་རྒྱ་མཚོ་ལྟ་བུར་བྱས་ཤིང་། དེ་ན་གནས་པའི་ཚད་རྫོགས་ཏེ་ཚོགས་གཉིས་རླབས་ཆེན་རྫོགས་པར་བྱས་པ་དེའི་མཐུས། ཞིང་ཁམས་བདེ་བ་ཅན་དེ་ཉིད་དུ་སངས་རྒྱས་པའམ་ཡང་ན་དག་པའི་ཞིང་ཁམས་གཞན་ཞིག་ཏུ་མགོན་པོ་འོད་དཔག་མེད་པས་ཐུགས་བསྐྱེད་པ་ལྟར། དེ་བས་ཀྱང་མི་དམན་པའི་ཞིང་ཁམས་ཤིག་བཟུང་སྟེ་མཐའ་ཡས་པའི་སེམས་ཅན་སྡུག་བསྔལ་གྱི་ཁུར་གྱིས་ནོན་པ། ས་ལམ་ལ་སྦྱང་བ་མ་བྱས་ཀྱང་སྨིན་ཅིང་གྲོལ་ནུས་པའི་ཞིང་ཁམས་ཤིག་ལ་སངས་རྒྱས་པར་ཤོག་ཅིག་ཅེས་གསུངས་སོ། །རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ། །སྤྲུལ་བ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག །ཅེས་གསུངས་ཏེ། བདག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཡང་མགོན་པོ་རྒྱལ་བ་ཚེ་དཔག་མེད་པ་ལྟར་དུ་སངས་མ་རྒྱས་པའི་སྔོན་དུ་ཐུན་མོང་མ་ཡིན་པ་རླབས་ཆེན་གྱི་མཛད་པ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་བསྐྱེད་ཕྱོགས་གཅིག་ཏུ་བསྡམ་པ་ལྟ་བུར་བྱས་ཏེ། དེའི་སྨོན་ལམ་གྱི་མཐུ་གྲུབ་སྟེ་གཞི་ནས་སངས་རྒྱས་ཏེ་མཚན་ཐོས་པ་ཙམ་གྱིས། མདོར་ན་གང་གི་མཚན་དང་སྒྲ་དང་ནི། །ལྟ་བ་ཡིད་ལ་གོམས་པར་བྱས་པ་ཡང་། །ཞིང་ཁམས་བདེ་བ་ཅན་དུ་དབུགས་འབྱིན་པའི། །ཐུགས་བསྐྱེད་དམ་བཅའ་བསླུ་བ་མེད་པའི་ཕྱིར། །ཞེས་གསུངས་པ་ལྟར། ཞལ་མཇལ་བ། གསུང་ཐོས་པ། མངོན་རྟོགས་ཡིད་ལ་གོམས་པ་ལྟ་ཅི། མཚན་གྱི་ཆ་ཟེགས་མའམ་ཆ་ཤས་ཙམ་ཞིག་རྣ་བར་ཐོས་ཚད་ཀྱི་འགྲོ་བ་སྡུག་བསྔལ་ལས་བསྒྲལ་འགྲོ་བ། སྤྲུལ་བ་འདྲ་དང་མི་འདྲས་གདུལ་བྱའི་བློ་དང་འཚམ་པ་གྲངས་མེད་སྤྲུལ་ཏེ། ཕྱོགས་བཅུ་དུས་གསུམ་གྱི་སེམས་ཅན་མཐའ་ཡས་པ་དག་པའི་ཞིང་དུ་འདྲེན་ནུས་པ་ལ་སོགས་པ། མདོར་ན་འགྲོ་བ་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཡིད་བཞིན་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་དུ་གཞན་དོན་དཔག་ཏུ་མེད་པ་འབྱུང་བར་ཤོག་ཅིག་ཅེས་གསུངས། འདིའི་ཡན་ཆད་ཀྱིས་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་གྱི་བར་དུ་དགེ་བ་གཞུང་གི་དོན་ཆ་ཚང་ཞིབ་རྒྱས་སོང་ཟིན་པ་དང་། འདིའི་བཤད་བྱའི་གཙོ་བོ་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞི་ཡིན་པས། དེའི་ནང་ནས་དང་པོ་མགོན་པོ་འོད་དཔག་མེད་ཡང་ཡང་ཡིད་ལ་བྱེད་པ་གསུངས་པ་ནི་གཙོ་བོའི་ཆ་ནས་སྨོས་ཏེ་གསུངས་ཤིང་། ཞིང་ཁམས་དེའི་སྣོད་བཅུད་ཡོད་ཚད་ཡིད་ལ་བྱས་ཏེ་དེའི་སྣོད་བཅུད་གཉིས་ཀའི་ཡོན་ཏན་ཐམས་ཅད་ཐོབ་པར་སྨོན་ལམ་འདེབས་རྒྱུ་གལ་ཆེ། དེས་ན་སྨོན་ལམ་འདི་ཉིད་ཚར་གྲངས་མང་པོ་བཏོན། ཆགས་མེད་བྱས་ཏེ་འདོན་དགོས་ལ། མང་པོ་བཏོན་ན་ཡིད་ལ་ངེས་པ་དང་སྨོན་ལམ་གྱི་མཐུ་གྲུབ་པ་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཐོབ་པ་དང་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་ཐམས་ཅད་མགོན་པོ་འོད་དཔག་མེད་དང་དེའི་ཞིང་ཁམས་ཡོངས་སུ་དག་པའི་ཡོན་ཏན་ཐོབ་པ་དག་ལས་བྱུང་བ་ཡིན་པས། རྒྱལ་བའི་དབང་པོ་དེའི་མཚན་ཙམ་བསྒྲག་ན་སེམས་ཅན་གཞན་ཞིག་ལ་ལྷའི་རྒྱལ་པོའི་རྒྱལ་སྲིད་བྱིན་པ་བས་ཀྱང་ཕན་གདགས་ཡོད་ཅིང་། གྲངས་མེད་རྒྱལ་བའི་ཕྲིན་ལས་ཀྱི་གྲོགས་དང་། འོད་དཔག་མེད་ལ་གདུལ་བྱ་སྤྱིའི་ཕུལ་བའི་མཆོད་པ་ལ་འགྱུར་བ་ལ་སོགས་པར་བསམ་སྟེ་རང་གི་ཉམས་སུ་བླངས་ཤིང་གཞན་ལ་འཆད་པར་བྱས་ན་དུས་གསུམ་རྒྱལ་བའི་དགོངས་པ་རྫོགས་པར་འགྱུར་བའི་གཞན་ཕན་གྱི་འགྲོ་དོན་རྒྱ་ཆེན་པོ་ཡིན་པས། འདི་ཁྱིམ་པ་ཕོ་མོའི་ཆོས་སྐལ་ཞིག་རེད། ང་ལྟ་བུའི་རྣལ་འབྱོར་པའམ་མཁས་པ་ཞིག་གིས་འདི་ལྟ་བུ་ལ་མི་རེ་བསམ་པར་མི་བྱའོ། དེ་འདྲའི་རིགས་དེ་དམ་པའི་མདུན་ས་ལ་ཐོན་ན་རང་ཉིད་ཀྱི་ནང་མཚང་ཕྱིར་ངོམས་ཀྱིན་ཡོད་པ་ལྟ་བུ་ཞིག་ཡིན་པས་ན། ལས་དང་པོ་བ་དང་ཐོས་བསམ་སྦྱང་བ་རྒྱ་ཆེར་མཛད་མ་མྱོང་མཁན་ཚོས་བདེ་བ་ཅན་གྱི་ཞིང་བཀོད་དང་སྣོད་བཅུད་ཀྱི་འབྱོར་བ་དེ་ཚོ་ཡིག་ཐོག་ཏུ་ཞིབ་ཀྱིས་ལྟ། ཞལ་ཐང་རེ་མཇལ་ནས་ཚིག་རེ་དང་དོན་རེའི་སྟེང་ནས་རེ་རེ་བཞིན་དུ་ཤེས་ཤིང་ཞེ་ལ་ངེས་པ་གལ་ཆེ། བདེ་བ་ཅན་གྱི་ཞིང་ཁམས་ཀྱི་མེ་ཏོག་རྐང་གཅིག་གི་ཡོན་ཏན་ཤེས་ཏེ་དེ་ཁོ་ན་ཡིད་ལ་དྲན་པས་ཀྱང་སྒྲིབ་པ་ཆེན་པོ་དག་སྟེ་བསོད་ནམས་ཆེན་པོ་སོགས་པ་ཡིན་པས་ན། མེ་ཏོག་གཅིག་གསེར་གྱི་བྱེ་མ་འབྲུ་གཅིག་ཡིན་ཡང་དེ་ཉིད་སངས་རྒྱས་ཀྱི་སྨོན་ལམ་གྱིས་སྟོབས་དང་བསོད་ནམས་ཀྱི་དབང་གིས་བྱུང་བ་ཡིན་པས་སངས་རྒྱས་དངོས་ཀྱི་ཡོན་ཏན་དྲན་པ་དང་འདྲ་བ་ཡིན་ཞེས་གསུངས་སོ།།

གཉིས་པ་མཚན་བཟུང་བའི་བྱིན་བརླབ་ཚེ་འདིར་འབྱུང་བར་གསོལ་བ་འདེབས་པ།

དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཞེས་གསུངས་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོའི་ནང་དུ། དེའི་སྐུ་ཚེའི་ཚད་ཀྱི་མཐའ་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་དཔྱད་ཀྱང་རྟོགས་པར་སླ་བ་མ་ཡིན་ཞེས་གསུངས་པས་ན། སྐུ་ཚེའི་ཚད་བསྟན་ཡོད་པ་འདི་དག་གྲངས་ངོ་མ་མིན་ཞིང་། སྐུ་ཚེའི་ཚད་རིང་པོ་ཡིན་པའི་ཚད་ཀྱི་སྒོ་ནས་རང་ག་བའི་གཞལ་བྱའི་དོན་ཙམ་ཞིག་གསུངས་པ་ཡིན་ནོ། །མདོར་ན་སྐུ་ཚེའི་ཚད་དཔག་ཏུ་མེད་པ་ཡིན་པའི་ཕྱིར་ན། དེ་བཞིན་གཤེགས་པའི་མཚན་ལ་ཡང་ཚེ་དཔག་མེད་པ་ཞུ་བ་དང་། དེ་ལྟར་སྐུ་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་ཆེན་པོ་བསགས་པས། རྒྱུ་ཚོགས་གཉིས་རྒྱ་མཚོ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་འབྲས་བུ་སྤང་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་པ། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་གདུལ་བྱའི་དཔལ་དུ་ཤར་བ་གང་ལ། སྐུ་བསོད་ནམས་ཆེན་པོའི་གཟི་བརྗིད་ཚད་མེད་པ་ལ་སོགས་པ་དྲན་ཏེ་མཚན་ནས་བཟུང་སྟེ་གསོལ་བ་འདེབས་དགོས་སོ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །ཞེས་གསུངས་ཏེ། མཚན་ནས་བརྗོད་དེ་གསོལ་བ་འདེབས་པའི་གནས་སྐབས་ན་ཆོས་སྐུ་སྣང་བ་མཐའ་ཡས་སམ་ཚེ་དཔག་མེད་མགོན་གང་ཞུས་ཏེ་གསོལ་བ་བཏབ་ན་ཡང་། སྐུ་ལྔ་ལྷུན་གྲུབ་ཀྱི་བདག་ཉིད་རྒྱལ་བ་འོད་སྣང་མཐའ་ཡས་ཚེ་དཔག་མེད་མགོན་དེ་ཉིད་ལས་གཞན་མ་ཡིན་ནོ། །གང་ཞིག་ཁྱེད་ཀྱི་མཚན་ནི་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །ཞེས་གསུངས་ཏེ། །གང་ཞིག་ཁྱེད་ཀྱི་མཚན་ནི་སུས་འཛིན་པ། །ཞེས་པ་ནི། སྐྱེས་པ་དང་བུད་མེད་ཁྱེའུ་དང་བུ་མོ་ལ་སོགས་པ་གང་ཟག་གང་ཞིག་གིས། བདེ་བར་གཤེགས་པ་མགོན་པོ་འོད་དཔག་མེད་ཁྱེད་ཀྱི་མཚན་ཙམ་ཞིག་དད་དང་གུས་པས་སྒོ་ནས་སུ་ཞིག་གིས་འཛིན་པར་བྱེད་ན། སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །ཞེས་པ་ནི། དེའི་མཚན་འཛིན་པ་པོ་དེའི་སྔོན་གྱི་ལས་ཀྱི་རྣམ་སྨིན། མགོན་པོ་ཀླུ་སྒྲུབ་ཀྱི་མགུལ་རྩྭ་ཀུ་ཤས་བཅད་པ་ལྟ་བུ་དང་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚེར་མ་ཟུག་སྟེ་ལས་ཐོག་ཏུ་བབ་པ་དང་དུ་བཞེས་ཚུལ་བསྟན་པས་མཚོན་པ་ལྟ་བུ་ཡིན་ན་མ་གཏོགས་དེ་མིན་གཞན་ཐམས་ཅད། མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །ཞེས་གསུངས་ཏེ། སྔོན་གྱི་ལས་ཀྱི་རྣམ་སྨིན་ལས་གཞན་འཕྲལ་རྐྱེན་གྱི་གནོད་པ་མེའི་དགྲ་དང་ཆུའི་འཇིགས་པ། དུག་དང་མཚོན་ཆ་གནོད་སྦྱིན་སྲིན་པོ་སོགས་མི་མ་ཡིན་པས་འཇིགས་པའམ་ཤ་ཟས་འཇིགས་པ། དེ་དག་ལས་སྐྱོབ་ཅིང་དེ་དག་གིས་མི་གནོད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་པ་ལྟར། དེ་ལ་ཡིད་ཆེས་ཀྱི་ཐོག་ནས་གསོལ་བ་འདེབས་དགོས་ཀྱི། ཁྱད་པར་དུ་དེ་རིང་ཁར་རྩང་ཤི་འདྲེ་རྒྱལ་འགོང་མི་གསོན་པོའི་ཁོག་ལ་ཞུགས་པའི་དུས་སུ་རང་གིས་རང་ལ་ཡིད་མི་ཆེས་པའི་སྐབས་ཡིན་པས། མགོན་པོ་འོད་དཔག་མེད་ལ་གསོལ་བ་བཏབ་མཆོད་པ་ཕུལ་སྨོན་ལམ་ཐོབ་དང་ལོ་སྲུང་ཞབས་བརྟན་སྐུ་རིམ་རིམ་གྲོ་ལྷ་ཁ་འདྲེ་ཁ་ཅི་ཞིག་གཙེ་བ་ལས་ཀྱང་དེའི་དགའ་ཞིག་ཡོད་པ་མིན། དེ་ནི་རྒྱལ་བ་བདེན་པར་སྨྲ་བའི་གསུང་ཡིན་པས་སླུ་བ་མ་མཆིས། དེ་མིན་ཕྲེང་མོ་ཤོ་མོ་རེ་འདེབས་ཁུལ་བྱས་ནས་འདི་སྒྲུབས་ལ་འདི་མ་སྒྲུབས་ཞེས་ཟེར་འཇོག་ཁུལ་བྱེད་མོད། གསོལ་འདེབས་བདེན་པ་བརྡར་ན་དཀོན་མཆོག་གི་བདེན་པས་ཐིག་མོད། འོན་ཀྱང་བརྡར་མཁན་ཁོ་རང་ལ་བདེན་ཚིག་གི་མཐུ་དང་བསོད་ནམས་ཀྱི་སྟོབས་མེད་ན་ཕྲེང་རྡོག་མཛུབ་མོས་གཅད་དེ་རང་གིས་རང་ལ་ཡང་ཡིད་མི་ཆེས་བཞིན་དུ། ཁ་ཕོ་ཞིག་སྡོམ་གྱིན་རྣོ་རྟགས་ཤིག་གཞག་ཡོད་མདོག་བྱས་ན་ཡང། མི་མ་ཤི་པ་ལ་ཞེ་དགུ་བཟུང་བཅུག་པ་དང་། ཤི་ཚར་བ་དག་སང་ཐོན་གནངས་ཐོན་རེད་ཅེས་སྨྲས་ན་སྐབས་ཤིག་ལ་ཁང་སྟོངས་ནང་ནས་ཁེར་དགོད་ཤོར་བ་དེ་འདྲ་ཡོང་སྲིད། དེ་དག་ནི་ཁ་རང་ལ་བསྐོར་ནས་བཤད་པ་ཡིན། འཇང་གི་མོ་མ་ཀུན་ཤེས་གཅིག་སྡུག་ཟེར་བ་དང་འདྲ་བར། ཀུན་ཤེས་མོ་མ་ང་རང་སྐྱིད། གཅིག་སྡུག་ནམ་ཤི་མི་ཤེས་སྡུག་ཟེར་བ་ལྟ་བུ། མངོན་ཤེས་གསལ་འགྲིབ་ཅན་གྱིས་ཅི་ཡང་མི་ཕན། དེས་ན་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ། འཆི་མེད་རྔ་སྒྲ་དང་འོད་མདོ་ལས་གསུངས་ཡོད་པ་ལ་ཡིད་ཆེས་གྱིས་དང་འདིས་བསླུ་ཡོང་ངམ་སྙམ་པའི་ཐེ་ཚོམ་མི་དགོས་མོད། འོན་ཀྱང་དེ་རིང་ཁ་རྩང་བདེ་བར་གཤེགས་པའི་བཀའ་བསླུ་བ་མེད་པ་ལས་མདང་གི་རྨི་ལམ་རྩ་ཆེན་བརྩི་བའི་དུས་ཚོད་ཡིན་པས། སྨྲས་ཚད་པོའི་ཐོག་ཏུ་མི་འགྲོ་ཞིང་དེ་ཨེ་འགྲོ་བསམ་པར་ཡང་མི་བྱའོ། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །ཞེས་གསུངས་ཏེ། བདག་དད་པ་དང་མོས་གུས་ཅན་གྱི་གང་ཟག་གིས། ཁྱེད་མགོན་པོ་འོད་དཔག་མེད་ཀྱི་མཚན་ནས་བཟུང་སྟེ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་མཐའ་དག་སེལ་པའི་ཆེད་དུ་གསོལ་བ་བཏབ་ཅིང་ཕྱག་འཚལ་བ་ཡིན་པས་ན་གནས་སྐབས་ཚེ་འདིའི་འཇིགས་པ་མཐར་ཐུག་ངན་སོང་གི་གཙོས་པའི་འཁོར་བའི་སྡུག་བསྔལ་ཀུན་ལས་ཁྱེད་ཀྱིས་སྐྱབས་པར་མཛད་དུ་གསོལ་ཞེས་དང། བཀྲ་ཤིས་པ་འདི་ཉིད་ལེགས་སྦྱར་གྱི་སྐད་དོད་ལས་སྭ་སྟི་ཞེས་པའི་སྒྲ་ལས་དྲངས་ན་ལེགས་པའམ་དགེ་བའི་དོན་ལ་འཇུག་པ་ཡིན་པས། གནས་སྐབས་ཚེ་འདིའི་བགེགས་དང་བར་ཆད་ཞི་ཞིང་བསམ་དོན་ཆོས་བཞིན་དུ་འགྲུབ། མཐར་ཐུག་ལུས་འདི་བརྗེས་པ་དང་བདེ་བ་ཅན་གྱི་ཞིང་ཁམས་བྱང་སེམས་འཕགས་པའི་བཞུགས་གྲལ་ནས་དམ་པའི་ཆོས་ཀྱི་མཛོད་འཛིན་ཞིང་། མཐའ་ཡས་མར་གྱུར་གྱི་སེམས་ཅན་ལ་ཕན་འདོགས་པའི་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཕུན་སུམ་ཚོགས་ཏེ། རང་གི་ལག་ན་མཆིས་པ་བཞིན་དུ་སྨོན་པ་ཇི་བཞིན་དུ་འགྲུབ་པའི་བྱིན་རླབས་མགོན་པོ་ཁྱེད་ཀྱིས་མཛོད་ཅིག་ཅེས་སྨོན་ལམ་བཏབ་པའོ།།

གསུམ་པ་སྨོན་ལམ་འགྲུབ་པའི་རྒྱུ་བདེན་ཚིག་དང་གཟུངས་སྔགས་བརྗོད་པ།

རྩ་བའི་ས་བཅད་གསུམ་པ་སྨོན་ལམ་འགྲུབ་པའི་རྒྱུ་བདེན་ཚིག་དང་གཟུངས་སྔགས་བརྗོད་པ་གཉིས་ལས།

དང་པོ་བདེན་ཚིག་བརྗོད་པ།

སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །ཅེས་གསུངས་ཏེ། མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱ་ལ་མཁྱེན་པའི་བློ་གྲོས་རྒྱས་པས་ན་སངས་རྒྱས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པད་མོ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ། །ཞེས་གསུངས་པ་ལྟར། །སངས་རྒྱས་དེ་ཉིད་སྐུ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་ཞིག་ཡིན་པས། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པ་དྲི་མ་མཐའ་དག་དང་བྲལ་བའི་རྣམ་བྱང་ཆེན་པོའི་ཁམས་ནམ་མཁའ་ལྟ་བུ་དེ་ཆོས་ཀྱི་སྐུ་དང་། དེ་ལ་དབྱེ་ན་ངོ་བོ་ཉིད་སྐུ་དང་རྟོགས་པ་ཡེ་ཤེས་ཆོས་སྐུ་གཉིས། ངོ་བོ་ཉིད་སྐུ་ནི། མགོན་པོ་བྱམས་པས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་འགྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་པ་ལྟར། དབྱིངས་དག་མཉམ་ཆེན་པོ་སྟེ། ནམ་མཁའ་བཞིན་དུ་རྣམ་པར་མི་རྟོག་པ་ཡིན་ཡང་དེའི་སྐུ་རྣམས་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་སྐུ་དང་། ཡེ་ཤེས་སྤང་རྟོགས་མཐར་ཕྱིན་པ་རིག་པའི་ངོ་བོ། རྒྱལ་བའི་ཡེ་ཤེས་དབྱིངས་རིགས་མཐར་ཐུག་པ་མངོན་དུ་གྱུར་བའི་དུས་ན། རྟོགས་པ་ཡེ་ཤེས་ཆོས་སྐུ་དེ་ངོ་བོ་ཉིད་ཀྱི་དབྱིངས་དེ་ནམ་མཁའ་ལྟར་གདངས་བྱེད་པའི་ངང་ནས་ཉི་མ་ལྟར་དུ་གློ་བུར་གྱི་སྒྲིབ་པའི་སྤྲིན་དྭངས་པ་ལྟར་སྣང་བའི་ཚུལ་དེ་དང་། ལོངས་སྐུ་དེ་འཁོར་བའི་ཆ་འདུས་བྱས་རྣམ་པར་ཤེས་པ་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་དབྱིངས་སུ་ནུབ་པའི་སྟོབས་ཀྱི་ཆ་ནས་བཞག་པའི་གཞིའི་གནས་ལུགས་ཀྱི་སྣང་ཆའི་ཡོན་ཏན་རྫོགས་པའི་ངེས་པ་ལྔ་ལྡན་ཞིག་ལ་གསུངས་ཤིང་། ངེས་པ་ལྔ་པོ་གང་ཡིན་ཞེ་ན། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ། ཆོས་ངེས་པ་ཐེག་པ་ཆེན་པོ། སྟོན་པ་ངེས་པ་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་སངས་རྒྱས། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པ་དེ་ལྟ་བུ་དང་། སྤྲུལ་སྐུ་དེ་ཉིད་ཇི་ལྟར་ཡིན་ན། ཆོས་སྐུའི་གདངས་ལོངས་སྐུ། ལོངས་སྐུའི་རྣམ་རོལ་ལས་གདུལ་བྱའི་ངོར་གང་ལ་གང་འདུལ་དུ་སྣང་བ། ཆུ་སྣོད་ཡོད་ན་ཟླ་གཟུགས་ཡོད་པ་ལྟར་གདུལ་བྱ་ཡོད་ན་འདུལ་བྱེད་ཡོད་པ་ཡིན་ཏེ། མགོན་པོ་བྱམས་པས། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ། །ཞེས་གསུངས་པ་ལྟར། གདུལ་བྱའི་ཆུ་སྣོད་མེད་ན་སྤྲུལ་སྐུའི་ཟླ་གཟུགས་མི་འཆར་བ་བཞིན་དུ། ཟླ་བ་ནམ་མཁའ་ན་ཡོད་ཀྱང་ཟླ་གཟུགས་འཆར་སའི་ཆུ་སྣོད་ས་གཞི་ལ་མེད་ན་གཟུགས་བརྙན་རང་འགག་ཏུ་འགྱུར་བ་བཞིན་དུ་སངས་རྒྱས་ཡོད་ཀྱང་དེ་ཉིད་སྐྲུན་པའི་དགེ་བ་མེད་ན། རྒྱུ་མེད་ན་འབྲས་བུ་མི་འབྱུང་བའམ་ས་བོན་རུལ་བ་འཕེལ་དུ་མི་རུང་བ་ལྟར་སྐལ་བ་མེད་པས་བཟང་མྱོང་བ་མ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་སོ། །སྤྲུལ་སྐུ་ལའང་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུའི་དབྱེ་བ་ཡོད་པས་དེ་ལྟར་སངས་རྒྱས་སྐུ་གསུམ་འདུས་པའི་བདག་ཉིད་དམ་པ་མཆོག་གི་གོ་འཕང་བརྙེས་པའི་བྱིན་རླབས་དང་། ཚིག་རྐང་དང་པོ་སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་ཞེས་པས་སངས་རྒྱས་དཀོན་མཆོག་བསྟན་ལ། ཚིག་རྐང་གཉིས་པ་ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་ཞེས་པས་ཆོས་དཀོན་མཆོག་བསྟན་ཏེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡེ་ནས་འགྱུར་བ་མེད་པ་མི་འགྱུར་བའི་རང་བཞིན་ཆོས་དཀོན་མཆོག་འགོག་ལམ་གྱིས་བསྡུས་པ། བརྗོད་བྱེད་ཀྱི་ཚིག་ལ་ལྟོས་པ་ལུང་གི་ཆོས་དང་། བརྗོད་བྱའི་དོན་ལ་ལྟོས་པ་རྟོགས་པའི་ཆོས་ཏེ་ལུང་རྟོགས་ཀྱི་བསྟན་པ་གཉིས་སུ་བཞག་པ་ཞིག་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས། འདི་ལ་བརྗོད་བྱའི་སྒོ་ནས་བདེན་པ་གཉིས། རྗོད་བྱེད་ཀྱི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས་སམ། བརྗོད་བྱའི་སྒོ་ནས་བསླབ་པ་གསུམ། རྗོད་བྱེད་ཀྱི་སྒོ་ནས་སྡེ་སྣོད་གསུམ་ལ་ཕྱེས་ཀྱང་ཆོག་པ་དེ་འདྲ་ཞིག་དང་། ཚིག་རྐང་གསུམ་པ་དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས་ཞེས་པས་དགེ་འདུན་དཀོན་མཆོག་བསྟན་ལ། རིག་གྲོལ་ཡོན་ཏན་བརྒྱད་ལྡན་དགེ་འདུན་དཀོན་མཆོག་གི་མཚན་ཉིད། རིག་པའི་ཡོན་ཏན་གསུམ་དང་གྲོལ་བའི་ཡོན་ཏན་གསུམ། དབྱེ་གཞི་རིག་གྲོལ་གཉིས་བསྣན་པས་རིག་དང་གྲོལ་བའི་ཡོན་ཏན་བརྒྱད་ལྡན་ཡིན་ཞིང་། དེ་ཉིད་ཡང་བརྗོད་ཞིག་བྱས་ན། ཇི་ལྟ་བ་རིག་པའི་ཡོན་ཏན་དང་། ཇི་སྙེད་པ་རིག་པའི་ཡོན་ཏན། ནང་ཡེ་ཤེས་གཟིགས་པ་རིག་པའི་ཡོན་ཏན་དང་གསུམ། སྤང་བྱ་ཆགས་སྒྲིབ་ལས་གྲོལ་བའི་ཡོན་ཏན་དང་། ཐོགས་སྒྲིབ་ལས་གྲོལ་བའི་ཡོན་ཏན། དམན་སྒྲིབ་ལས་གྲོལ་བའི་ཡོན་ཏན་ཏེ་གསུམ་དང་དྲུག དེའི་སྟེང་དུ་རིག་གྲོལ་དབྱེ་གཞི་གཉིས་དང་བརྒྱད་ཀྱི་ཐ་སྙད་གསུངས་པ་དེ་བྱང་སེམས་འཕགས་པ་ཕྱིར་མི་ཟློག་པའི་དགེ་འདུན་གྱི་ངོ་བོ་ལ་གསུངས་ཀྱང་། མཐར་ཐུག་གི་སྐྱབས་ཆོས་སྐུ་ཉག་གཅིག་ལ་འདོད་དེ། རྒྱུད་བླ་མ་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཉིད། །ཅེས་གསུངས་པས། །རང་སྣང་དོན་གྱི་འོག་མིན་ན་ཆོས་ཉིད་དང་ཐ་དད་མེད་པར་བཞུགས་པའི་སངས་རྒྱས་དེའི། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཆོས་ཀྱི་སྐུ་རུ་གནས་པས་ན། སྐུ་གསུམ་དཀོན་མཆོག་ཀུན་འདུས་ཀྱི་རང་བཞིན་ཅན་ངོ་བོ་གཅིག་ལ་འདོད་པ་དང་། ཚིག་རྐང་རྗེས་མ་ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག་ཅེས་གསུངས་པ་ནི། དེས་ན་དེ་ལྟ་བུ་བསླུ་མེད་མཆོག་གསུམ་དམ་པའི་བྱིན་རླབས་སམ་ཆོས་ཉིད་ཆོས་ཅན་བསླུ་མེད་ཀྱི་སྟོབས་གང་གིས། ཇི་ལྟར་སྨོན་ལམ་བཏབ་པའི་དོན་ཐམས་ཅད་དེ་བཞིན་དུ་འགྲུབ་པར་ཤོག་ཅིག་ཅེས་གསུངས་སོ།།

གཉིས་པ་བདེན་ཚིག་ཇི་བཞིན་འགྲུབ་པའི་གཟུངས་སྔགས།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་མཆོག་གསུམ་ལ་ཕྱག་འཚལ་བའི་ཚིག་གིས་སྣ་དྲངས་ཏེ། ཏདྱཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། ཞེས་གསུངས་པ་འདིའི་ཞོར་དུ་ཕྱག་གི་འགྱུར་སྔགས་འདི་འབྱུང་སྟེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ། ན་མོ་སུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས་པ་དང་། དེས་ན་རབ་བརྒྱ་ཕྲག འབྲིང་ཅི་ནུས། ཐ་མ་ཕྱག་བདུན་ཡན་འཚལ། རབ་འདི་མ་ཆག་པ། འབྲིང་ལོ་ཟླ་ཙམ་མ་ཆག ཐ་མ་ནམ་སྐབས་སུ་ཁ་ནུབ་ཏུ་ཕྱོགས་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཞིང་འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན། ཚེ་འདིར་ཚེ་ཡི་བར་ཆད་སེལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད། འོད་མདོ་དང་ཞིང་བཀོད་ཀྱི་མདོ་པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན། ཞེས་གསུངས་ཏེ་བདེ་སྨོན་འདི་ཉིད་འགྱུར་སྔགས་དང་བཅས་པ་བཏོན་པའི་ཕན་ཡོན་དང་ཕྱག་དང་སྦྲགས་ནས་བཏོན་ན་ཕན་ཡོན་ཆེ་ཚུལ་ནས་བཟུང་སྟེ་དོན་བསྡུས་ཏེ་བསྟན་པའོ། །གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་དང་སྦྲགས་ན་ཡང་དེ་ལྟར་དུ་ཕན་ཡོན་ཆེ་བར་མ་ཟད། མཚན་ལན་གཅིག་དད་པས་བརྗོད་ན་ངན་འགྲོའི་སྡུག་བསྔལ་སེལ་བར་མ་ཟད་བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེ་བར་ལན་གཅིག་མིན་པར་ལན་གྲངས་དུ་མར་གསུངས་པས། ཤིན་ཏུ་ལྐོག་གྱུར་གཞལ་བ་ལ་ལུང་ཚད་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལ་གཏུགས། ལྐོག་གྱུར་རྗེས་སུ་དཔག་པའི་གཏན་ཚིགས་ཚད་མ་སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་ཁམས་ཀྱི་ཡོན་ཏན་དང་བཀོད་པ་ཐམས་ཅད་གཅིག་ཏུ་བསྡམ་པའི་ཞིང་ཁམས་བཟུང་བའི་སྟོབས་མ་རྫོགས་ཀྱི་བར་དུ་ཁོང་འཚང་རྒྱ་བར་མ་གྱུར་ཅིག ཅེས་གསུངས་ཏེ་བསྐལ་བ་རྒྱ་མཚོར་ཚོགས་གཉིས་རླབས་ཆེན་བསགས་ཏེ་སྨོན་ལམ་ཀྱི་མཐུ་གྲུབ་པའི་སྟོབས་དེ་ལ་བཟུང་། དེའི་སྟེང་དུ་མངོན་སུམ་ཚད་མ་ད་ལྟ་བདེ་བར་གཤེགས་པའི་མཚན་ཐོས་པ་ཡང་བསོད་ནམས་རླབས་ཆེན་སྔོན་སོང་ཅན་ཡིན་པའི་མངོན་སུམ་ཚད་མ་སྟེ་ཚད་མ་གསུམ་གྱི་སྲང་ལ་བཏེག་སྟེ་གཞལ་ན་བསླུ་བ་མེད་པས། བསླུ་མེད་ཡིན་པ་ལ་ཡིད་ཆེས་ཀྱི་ཐོག་ནས་དལ་འབྱོར་དོན་ལྡན་དུ་བྱ་རྒྱུ་དེ་ཚེ་འདི་ཕྱི་གཉིས་ཀའི་དོན་ཆེན་འདིས་འགྲུབ་པར་གསུངས་ནས་འདིའི་ཁུངས་དང་བཅས་པ་གསལ་བར་བཀོད་དོ།།

ཐ་མར་དགེ་བ་མཇུག་གི་དོན་མཛད་བྱང་།

ཞེས་དགེ་སློང་ར་གཱ་ཨ་སྱའམ་ཀརྨ་ཆགས་མེད་ཀྱིས་སྦྱར་བས་འགྲོ་བ་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག ཅེས་གསུངས་ཏེ་མཇུག་ཡོངས་སུ་རྫོགས་པའི་དགེ་བ་མཐའ་ཡས་པའི་སེམས་ཅན་སྤྱི་དང་། འདི་ཉིད་འཛིན་སྐྱོང་ཀློག་པའི་སེམས་ཅན་མང་པོ་བདེ་བ་ཅན་དུ་ཚེ་འདི་བརྗེས་མ་ཐག་ཏུ་སྐྱེ་བའི་རྒྱུར་འགྱུར་བར་ཤོག་ཅིག་ཅེས་གསུངས་ཏེ་སྨོན་ལམ་ཀྱིས་མཐའ་བརྒྱན་པར་མཛད་དོ། །དེ་ཡན་ཆད་གྱིས་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་རྒྱལ་ཁམས་ཡོང་ལ་ཁྱབ་རྒྱ་འགྲོ་དོན་ཆེན་པོ་ཅན་འདིའི་ཐོག་ནས་བདེ་ཆེན་ཞིང་ཁྲིད་བཤད་དེ་དེ་རིང་གིས་མཇུག་ཡོངས་སུ་རྫོགས་ནས། མཇུག་མཐའི་ཞལ་གདམས། ཐེངས་འདིའི་ཆོས་འཆད་ཉན་ཚོགས་བསགས་མཆོད་འབུལ། ཕྱག་བསྐོར་སྒྲིབ་སྦྱོང་། གསོལ་འདེབས་སྨོན་ལམ། དེའི་སྟེང་དུ་དགེ་སྒྲུབ་སྡིག་སྤོང་གི་ཁས་ལེན་བྱས་པ་ལ་སོགས་པ། ད་རེས་ཀྱི་ཆོས་ར་འདིའི་ནང་དུ་ཞུགས་ཏེ་རྣམ་དཀར་གྱི་དགེ་རྩ་བསྒྲུབས་ཚད། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། འཕགས་དང་སོ་སྐྱེ་ཡིས་ཕྱོགས་དུས་གནས་སྐབས་ཀུན་ལ་བསགས་པའི་དགེ་རྩ་དང་གཅིག་ཏུ་བསྡོམས་ཏེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་དགེ་བ་གཅིག་པུའི་ནང་དུ་བསྡམ་པའི་མཇུག་དགེ་བ་རྫོགས་བྱང་དུ་བསྔོ་བའི་སྐབས་ལ་ཁེལ་བ་རེད། དེས་ན་ད་རེས་འདི་ན་ཆོས་ར་གཅིག་གི་ནང་དུ་མཉམ་དུ་འཛོམས་པའི་འདུས་པའི་ཞལ་གྲངས་ཀྱང་ཉུང་ཉུང་མ་རེད། འདིའི་ཁྱབ་ཚད་ཀྱི་ཐོག་ནས་བཤད་ན། བོད་མདོ་དབུས་ཁམས་གསུམ་ཟེར་ཀྱང་ཆོག་ལ་རྒྱ་ཞིང་ཆེན་ཕྱི་ནང་གི་མི་རིགས་འགའ་རེའི་མི་སྣའང་ཆོས་ཞུ་བ་ཡོད་ཅིང་། གྲུབ་ཆའི་གཙོ་ཕལ་གྱི་ཐོག་ནས་བཤད་ན་བླ་སྤྲུལ་གྲྭ་ཚང་གི་དགེ་འདུན་བཙུན་པ། དེ་ཡང་དགོན་སྡེ་ཁག་མང་པོའི་བླ་གྲྭ། བཙུན་མའི་དགེ་འདུན། སྔགས་སྡེ་ཕོ་མོ། དགེ་བསྙེན་གྱི་སྡེ། ཆོས་དད་མང་ཚོགས་སྤྱིར་བཏང་བ་དེ་ཚོ་ལས་གྲུབ་པ། གྲངས་ཚད་ཀྱི་སྟེང་ནས་བཤད་ན་ཧ་ཅང་མང་པོ་ཡིན་པས། སྤྱིར་མི་རིགས་གྲངས་ཉུང་གི་ས་ཆ་འབྲོག་སྡེ་ཁུག་ཀྱོག་ཅིག་ལ་མཚོན་ན་ཉུང་ཉུང་མ་རེད་མང་པོ་རེད། ཁྱད་པར་ད་ལོའི་དུས་སྐབས་ཀྱི་ཡུལ་དུས་གནས་བབས། ཧ་ཅང་དུས་བདེ་ཞོད་འཇགས་མིན་པའི་གནས་ཚུལ་དང་བསྟུན་ན་མང་པོ་ཡིན་པར་མ་ཟད། དེའི་སྟེང་དུ་ཁྱིམ་པ་ཕོ་མོས་སྟོན་ལས་དང་ཐུག་སྟེ་བྲེལ་བ་ཆེ་བའི་སྒང་ཡིན་ཡང་ཆོས་ཞུ་བ་མང་པོ་ཞིག་འཛོམས་བཞག་པ་འདི་ཡང་ངོ་མས་བཤད་ན་སྟབས་ལེགས་སྟེས་དབང་གིས་བྱུང་བའི་རྒྱུ་མེད་རྐྱེན་མེད་ཅིག་ཅི་ལ་ཡིན། ད་རེས་འདི་ན་འཛོམས་ཚད་སྤྱིར་རང་རང་རང་གི་ཚེ་སྔོན་བསགས་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས། ཆོས་ལྡན་དལ་འབྱོར་ཚང་བའི་ལུས་ཤིག་བླངས། དགོས་སུ་ཆོས་རྒྱུད་འདི་དང་འབྲེལ་བའི་ལས་དང་སྨོན་ལམ་མཐུན། དེ་ལྟར་སྔོན་འབྲེལ་ལས་དང་སྨོན་ལམ། ཕྱི་འབྲེལ་ཆོས་དང་དམ་ཚིག་གིས་བསྡུས་ཤིང་། ཁྱད་པར་དུ་རང་རེ་དུས་ཀྱི་ཐ་མ་འདིར་ཆོས་ཀྱི་གྲུ་ཆེན་པོ་ལ་མཉམ་དུ་ཞུགས་ཏེ། འཁོར་བའི་རྒྱ་མཚོ་བརྒལ་ཏེ་ཐར་བའི་སྐམ་སར་སྙེག་པའི་དོན་མཐུན་པའི་འདུན་པ་གཅིག་གིས་མཉམ་དུ་ཚོགས་པ་འདི། ཐུན་མོང་མ་ཡིན་པའི་ལས་ཀྱི་བསྐོས་ཐང་ཞིག་གིས་སྦྲེལ་སོང་བ་ཡིན་པས། འདིའི་ནང་ན་བསྟན་འཛིན་གྱི་སྐྱེས་ཆེན་བསྟན་པའི་རྩ་ལག་མ་འོངས་བསྟན་རྒྱུན་འཛིན་པའི་མཁན་སྤྲུལ་རྣམ་པ་ཡང་བཞུགས་ཤིང་། དེར་མ་ཟད་མཁས་བཙུན་བཟང་གསུམ་འཆད་རྩོད་རྩོམ་གསུམ་ལ་རང་དབང་འབྱོར་བའི་བསླབ་ལྡན་སྡེ་སྣོད་འཛིན་པས་གཙོས་པའི་གྲྭ་མང་དགེ་འདུན་འདུས་པའི་སྡེ་དང་། དེའི་སྟེང་དུ་སྡེ་ཡུལ་བའི་ཁྱིམ་པ་ཕོ་མོ་རྣམས་ཀྱང། མཆོག་གསུམ་སྐྱབས་སུ་མི་འཛིན་པ་ཞིག་དང་དེའི་དམ་བཅའ་མ་བླངས་པ་ཞིག་མེད་པས། སྤྱིར་གངས་ཅན་བོད་ཀྱི་ཡུལ་ཁམས་འདི་ཆོས་ལྡན་གྱི་ཡུལ་གྲུ་ཡིན་པས། ཕོ་ཐམས་ཅད་འཕགས་པའི་དགེ་བསྙེན། མོ་ཐམས་ཅད་ཆོས་ཀྱི་ལྷ་མོ་གསུངས་པ་འདྲ་བ་རེད་ཅེས་སྨྲས་ན་ཆོག་པ་གཞིར་བཞག་གི་ཐོག་ནས། འདིར་ཡོད་ཚང་མ་ཡང་དེ་ལས་མ་འདས་པ་ཡིན་རྒྱུའི་ཡིད་ཆེས་ཀྱི་ཐོག ང་ལྟ་བུ་ཞིག་ལ་མཚོན་ན་མིང་བོད་ཀྱི་བླ་མའི་མིང་ཞིག་ཐོགས། དུས་རབས་ཀྱི་དབང་གིས་དམ་པ་གོང་མའི་ཞལ་མཇལ་བྱིན་རླབས་ཐོབ་པས། བརྒྱུད་པ་རིམ་པ་གཅིག་གིས་ཉེ་བའི་འདང་རྒྱག་བྱེད་ཀྱིན་ཡོད་པ་རེད་མ་གཏོགས། དོན་ངོ་མའི་སྟེང་ནས་སོ་སྐྱེས་ཀྱི་ངང་ཚུལ་ལས་མ་འདས་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཞིག་རེད། འོན་ཀྱང་ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་ཕྱིར་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་དད་སླད་སྨོད་མི་བགྱིད། །ཞེས་གསུངས་པ་ལྟར། བཤད་རྒྱུ་དམ་པའི་ཆོས་ཡིན་པས། དུས་ཕྱི་མའི་སྐབས་འདིར་ཕྱི་ཁྲ་ཁྲ་ཟང་ཟིང་གིས་བསྟན་པའི་ཕྱི་ཚུལ་དར་བའི་ཚུགས་ཀ་ཡོད་རུང་། ནང་དོན་གྱི་བསྟན་པ་ཉམ་དམའ་ཉག་ཕྲ་བའི་གནས་སྐབས། སློབ་དཔོན་དབྱིག་གཉེན་གྱིས། དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་བ་འདོད་པ་དག་གིས་བག་ཡོད་གྱིས། །གསུངས་པ་ལྟ་བུའི་དུས་འདི་ལ་བསྟན་པ་དམ་ཆོས་ཀྱི་སྲོག་འཛིན་རྒྱུ་དེ་བསྟན་པ་འདི་ལ་ཞུགས་པའི་གང་ཟག་ཐམས་ཅད་ཀྱིས་མ་བགོས་ཐུན་མོང་གི་འགན་འཁྲི་ཞིག་ཡིན་ཕྱིར། ཆོས་ཚིགས་བཞི་ཞིག་གི་སྒྲོག་མ་ཁྲོལ་རུང་། དམ་པའི་ཆོས་རང་གིས་འཛིན་ཅིང་གཞན་ལ་སྤེལ་བའི་གོ་སྐབས་བཟང་པོ་ཐོབ་པ་ནི་བསྐལ་བ་བཟང་སོང་བསམ་གྱིན་ཡོད། འདི་དུས་གསུམ་བདེ་གཤེགས་སྲས་དང་སློབ་མར་བཅས་པ། ཁྱད་པར་དུ་དམ་པ་གོང་མ་བཀའ་དྲིན་ཅན་ཐམས་ཅད་ཀྱི་ཐུགས་དགོངས་རྫོགས་པའི་མཆོད་པ་ལ་ཕུལ་ན། བླ་ན་མེད་པའི་མཆོད་པའི་མཆོག་ལ་འགྲོ་རྒྱུ་རེད་བསམ་གྱིན་ཡིན། ཆོས་བཤད་རྒྱུ་དེ་རྒྱལ་བའི་ཕྲིན་ལས་རེད། གདུལ་བྱས་རྒྱུད་སྨིན་ཞིང་གྲོལ་བ་རྒྱལ་བའི་མཛད་པ་ཡིན་པས། རྒྱལ་བའི་ཕྲིན་ལས་ཆུད་མི་ཟ་བའི་ཐབས་ཚུལ་ལ་བསམ་ནས་བཤད་པ་ཡིན་པས། ཡོངས་རྫོགས་ཀྱིས་ཆོས་ཐོས་པ་རང་རྒྱུད་ལ་སྦྱར་ཏེ་ཉམས་ལེན་གྱི་གནད་ཐོག་ལ་ཁེལ་ཐུབ་པ་བྱ་རྒྱུ་ནི་གལ་ཆེན་རེད། གནད་ལ་མ་ཁེལ་བའི་ཆོས་བརྒྱ་ཐམ་པ་ཉན་པས་མ་ཟད། ཁ་བཤད་ཙམ་གྱིས་ཇི་ལྟར་བཤད་ཤེས་ཀྱང་། ཉམས་སུ་མ་ལོན་ན་ནེ་ཙོའི་འདོན་པ་ལྟ་བུ་ཞིག་ཡིན་པས་དེས་ཅི་ཡང་མི་ཕན། བླ་སེར་དགེ་འདུན་པ་རྣམས་ལ་ཞུ་ཅི་དགོས་ཚེ་འདི་ཕྱི་གཉིས་ཀའི་སྐྱབས་གནས་རེ་ལྟོས་རེད། བསྟན་རྩ་དགེ་འདུན་རེད། དགེ་ལ་གཅིག་ཏུ་འདུན་ཞིང་རང་རྒྱུད་བསླབ་པ་དང་མི་ཕྱེ་བ་ཞིག་ལ་དགེ་འདུན་པ་ཞེས་ཞུ་བ་ཡིན་ཞིང་། བསྟན་པ་ཕྱི་ན་མི་བཞུགས་གང་ཟག་གི་རང་རྒྱུད་ན་བཞུགས་པ་ཡིན་པས། རེ་རེ་ཚོགས་པའི་ཐུན་མོང་གི་བསྟན་པ་གངས་ལྗོངས་ཡུལ་གྱི་རྒྱན་ཆ་ཞིག་ཡོང་རྒྱུ་དང་། བསྟན་པ་འདི་ཉིད་བསྟན་པའི་འབྱུང་ཁུངས་ངོ་མ་ནས་དར་རྒྱུའི་རེ་བ་ཁྱེད་རྣམ་པ་ལ་བཅང་ཡོད་པས། ད་ལྟ་དུས་ཀྱི་འགྱུ་མཚམས་དང་། བསྟན་པའི་ཚིགས་མཚམས། མི་ཐོག་རྗེ་དུས་ཡིན་པས། ཡག་ཉེས་མངོན་མཚན་ཆེ་བའི་དུས་རབས། སྙོམ་ལས་ལ་བཞུགས་རྒྱུ་མེད་པའི་དུས་སྐབས། རེ་རེའི་ངོས་ནས་ཡིན་ན་བསྟན་པ་རང་སྐྱ་ཐུབ་པ་ཞིག་ཚུགས་རྒྱུའི་གདེང་ཚོད་ཡོད་ངེས་བྱེད་དགོས་པའི་དུས་ཚོད་རེད། མི་སྐྱ་ཕོ་མོ་ཚོ་དང་ཁྱད་པར་དུ་ལོ་ཉུང་ན་གཞོན་ཚང་མ། ཁྱེད་རྣམས་མ་འོངས་འཇིག་རྟེན་གྱི་བདག་པོ་རེད། ཆུས་ཕ་ཤུལ་བུ་ཡི་བཟུང་རེས་རེད། རྒྱན་ཕ་ཤུལ་བུ་མོའི་བཏག་རེས་རེད། མི་རེས་མི་ལ་བབ་ནི་རེད། མ་འོངས་ས་འདིའི་སྐྱིད་སྡུག་ཅི་ཡོང་ཁྱེད་རྣམས་ལ་རག་ལས་པ་ཡིན་པས། ཁྱེད་རྣམས་ནར་སོན་ནས་ཡར་སྐྱེས་ཏེ་མར་སྒུར་ས་ལ་ཐུག་དུས་ད་དུང་བྱིས་པ་བསམ་མེད་ཀྱི་ཐལ་རྩེད་རྩེ་བ་ལྟར་མི་བྱེད་པར། མི་རབས་སྔོན་མ་ཐམས་ཅད་དུས་རབས་ཀྱི་འཕེལ་འགྲིབ་ཀྱི་དབང་གིས་ཤེས་ཡོན་སྦྱང་བའི་གོ་སྐབས་མ་ཡོད་པས། དེ་རྣམས་ཀྱིས་ཁྱེད་རྣམས་ལ་བསམ་པ་ངན་པ་བཟུང་བ་མིན་ཀྱང་བསམ་བཟང་འཚག་ནས་བཟང་སློབ་མི་ཤེས་ཤིང་། མང་ཆེ་བས་རྫུ་བོ་བྱེད་སྟངས་དང་ས་ལས་རྡོ་ལས་བྱེད་རྒྱུ། སྡིག་ཉོ་མུག་ཚོང་གི་ཁ་མ་སོས་ནམ་མ་ལངས་ཏེ། རྨ་ཆུས་གྱེན་དང་འབྲི་ཆུས་ཐུར་ལ་ཁྱེར་ནས་ཉི་མ་ནམ་ཟླ་ཟད་མཁན་ཤ་སྟག་ཡིན་པས། ཁྱེད་རྣམས་ཀྱིས་རང་བསམ་གྱི་ཐོག་ནས་ཤེས་རིག་ཡོན་ཏན་སྦྱོངས། མགོ་རྣ་ལ་རྒྱ་ཤེས་ཡོན་སྦྱང་བརྩོན་གྱི་སྟེང་དུ་ཞོག་དང་དེའི་ནང་དུ་མདོ་འདུས་ནས་བསྡད་ཡོད་པ་རེད། ཁྱེད་རྣམས་ཀྱིས་མ་རབས་ཀྱི་བསམ་སྤྱོད་ལ་བསླབ་མི་ཉན་ཞིང་། ཡ་རབས་ཀྱི་བསམ་སྤྱོད་ལ་སྦྱོང་ནས། དགེ་སྒྲུབ་སྡིག་སྤོང་རེ་ཨེ་ཤེས་ལྟོས། མིའི་རིན་ཐང་ཤེས་ཡོན་དང་སྤྱོད་བཟང་ཡོད་མེད་ལ་ཐུག་ཡོད། རང་ལེགས་ན་མི་འདོད་མཁན་སུ་ཞིག་ཡོད། ལེགས་དགོས་ཚེ་གྲོགས་ངན་གྱི་ཁ་ལ་མ་ཉན། གྲོགས་ངན་གྱི་ཐོད་པའི་སྟེང་དུ་འདི་གྲོགས་ངན་རེད་ཅེས་ཡི་གེ་བྲིས་ཡོད་པ་མ་རེད་ལ། ང་གྲོགས་ངན་ཡིན་ཞེས་དེས་མི་བཤད་མོད། བསམ་ངན་རང་གིས་འཚག་ནས་མི་ལ་ཡང་བསླབས། དེ་ལ་ཐག་ཉེ་བས་བསམ་ངན་དང་སྤྱོད་ངན་རང་ཤུགས་ཀྱིས་འགོས་ཡོང་བ་ཡིན་ན་དྲིན་ཕ་མ་ཡིན་ཡང་གྲོགས་ངན་ཡིན་པས་སྤོང་དགོས། རྟེན་ས་ཁེན་ས་བློ་འདྲི་ས་རང་གི་ཡན་གྱི་ཡོན་ཏན་ཅན་ཞིག་ཡིན་དགོས་ཤིང་། གཏམ་བཤད་སྔ་དང་། ལས་ལས་སྔ་མ་བྱེད། སྔ་བསམ་ཕྱི་འདང་རྒྱོབ། ཐག་རིང་ས་རྒྱ་ཆེ་ས་ལ་ལྟོས། རི་མཐོན་པོའི་ཡན་ན་མཐོན་པོ་དང་སྤྲིན་དཀར་པོའི་ཡན་ན་ཉི་ཟླ་ཡོད་པ་ཡིན་པས། སྐྱིད་ན་བླ་མ་དཀོན་མཆོག སྡུག་ན་ཚེ་སྔོན་གྱི་ལས་འབྲས་ལ་བསམ་བློ་གཏོང་ཤེས་ན་སྐྱིད་སྡུག་གཉིས་ཀ་བཟོད་ནུས་པ་ཞིག་འོང་བ་ཡིན་པས། ཕ་མ་རྒན་གསུམ་ལ་བརྩི་བཀུར་གྱིས། ཕ་མ་དང་བླ་མ་ཡུལ་གཉེན་པོ་རེད། ནད་པ་མགོན་མེད་དབུལ་པོ་བདག་མེད་ལ་རོགས་ཆེ་ཐོན་ཆུང་ཐོན་གྱིས། ལར་སུ་ཡིན་ཡང་ཕན་སེམས་བསམ་པ་བཟང་པོ་རེ་གྱིས་དང་ཆོས་དེ་རེད། མི་སྐྱ་ཕོ་མོ་རྣམས། སྐྱེས་ཚད་ཤི་མི་དགོས་པ་ཞིག་ཡོད་པ་མིན་ཞིང་། ཤི་དགོས་པ་ཚང་མས་ལོས་ཤེས་ཏེ། གཅིག་ན་ནམ་ཤི་ཚོད་མི་ཐིག །གཉིས་སུ་མགྱོག་པར་མི་ཤི་རྒྱུའི་རྟག་འཛིན་གྱིས་བསླུས་ཏེ་གྱོང་ཕམ་ཁ་ཚང་མ་ཁུར་དགོས་ཐུག་པ་མང་བས་ན། བྱ་མུག་གུས་ཉལ་ས་བཅའ་ཚེ་ནམ་ལངས་བ་ལྟར། འདུག་ཆས་རྐྱང་རྐྱང་བྱེད་ཀྱིན་འདུག་ཚེ། ལར་འདུག་ལོང་མ་གཏད་པར་འཆི་བདག་གི་བསུ་མ་གློ་བུར་དུ་ཐོན་ཏེ། ཁ་ཆེམས་ཙམ་ཞིག་འཇོག་ལོང་མི་གཏད་པ་ཅི་འདྲའི་མང་པོ་ཡོད་འདུག ལོ་ཉུང་ཚེ་ན་གཞོན་གྱི་སྣང་བ་ཡིན་པས་ཚེ་འདིར་སྣང་ལ་ཞེན་པ་མེད་པ་ཞིག་སུ་ཡོད། འོན་ཏེ་མི་ཚེའི་འགྲོ་ཆས་འདུག་བཀོད་ཅིག་ད་ལྟ་ནས་ངེས་པར་བྱེད་དགོས་པས། ལྷ་བླ་མ་དཀོན་མཆོག་བློ་གཏད་ཀྱི་ཕུགས་ལ་ཞོག ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་དུ་སྲུངས། སྲོག་མ་གཅོད། མནའ་མ་ཟ། རྐུ་མ་བྱེད། རྫུན་མ་བཤད། དེའི་སྟེང་དུ་རྒྱག་རེས་མ་བགོ། འཁོན་ཁ་མ་གཏུགས། ཆང་མ་འཐུང་། དུ་བ་མ་འཐེན། ཤོ་སྐུགས་མ་འཇོག དེ་དག་ནི་དམ་པའི་ཆོས་དང་མི་མཐུན་ཞིང་། དམ་པའི་ཆོས་དང་འགལ་སོང་ན་ཉེས་པ་ཆེ། ལས་རྒྱུ་འབྲས་ལ་བསླུ་བ་མེད། རྣམ་སྨིན་རང་ཐོག་ཏུ་འཁོར་རྒྱུ་ཚེ་ཕྱི་མ་སྒུག་མི་དགོས། བསམ་ངན་མི་ལ་འཚགས་ན་སྦྱོར་ངན་རང་ལ་དུ་ཡོང་། བསམ་པ་ངན་པས་མི་མི་ཐུབ་ཅིང་རང་ཐུབ་པ་ཡིན། ལར་མ་གཞི་དགྲ་དང་གཉེན་ཞེས་པ་ནི་འཁྲུལ་བས་བཏགས་ལུགས་ཤིག་ཡིན་པ་ལས། དགྲ་གཉེན་ལ་རྟག་བརྟན་དང་ངེས་པ་མེད། དེས་ན་ལོ་རྒན་གཞོན་སུ་ཡིན་ཡང་གནོད་སེམས་དང་བསམ་ངན་མ་བྱེད། སེམས་བདེ་བདེ་དང་ཁོག་ཡངས་མོ་གྱིས། ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་མང་པོ་སྒྲུབ་ཤོར་འགྲོ་བ་ཁག་ཅི་ཡོད་སོ་སོའི་སྐྱེ་བོ་རེད་མོད། འོན་ཀྱང་ཉན་མི་ཉན་གྱི་བླང་དོར་དེ་ཤེས་ཚར་དུས་དེ་མ་ཐག་ཏུ་བཤགས་པ་གྱིས། བཤགས་པས་དག་པ་སྡིག་པའི་ཡོན་ཏན་ཡིན། བཤགས་པས་དག་ནས་སྡིག་པ་གཏན་མེད་རེད་འགྲོ་བའི་བཤགས་པ་དྲག་པོ་རེད་མ་ཐུབ་ཀྱང་སྡིག་པ་ཡར་འཕེལ་དུ་མི་བཅུག སྡིག་པ་མ་བཤགས་པར་ཡུན་རིང་འགོར་སོང་ན་ཡར་འཕེལ་འགྲོ་བ་དང་། དང་པོ་སྡིག་པ་ཆེན་པོ་ཞིག་མིན་རུང་ཡུན་རིང་ན་འཕེལ་ཏེ་ཇེ་ཆེ་ཇེ་མང་ལ་བུད་འགྲོ་བས། སྡིག་ལྟུང་འདི་དང་ཡུན་རིང་ལ་འགྲོག་མི་ཉན། ནད་ཁོག་ཏུ་བཟུང་བ་དང་འདྲ་བ་ཡིན། བསམ་པ་བཟང་ན་ལུས་ངག་གི་སྤྱོད་པ་རང་ཤུགས་ཀྱིས་བཟང་ཡོང་། ནང་གི་བསམ་པ་བཟང་། ཕྱིའི་སྤྱོད་པ་ཡག་ན་མི་རབས་ཞེས་པ་དེ་ཡིན། མི་ཚང་མ་དེ་ལ་དགའ་བར་མ་ཟད་དཀར་ཕྱོགས་ཀྱི་ལྷ་དང་སྲུང་མ་དེ་ལ་དགའ་ནས་མགོན་སྐྱབས་དང་སྡོངས་གྲོགས་མཛད། དེ་ལྟ་བུའི་མི་ནི་ཕྲག་ལྷ་དང་ལས་ལྷ་དར། ཁ་ལས་ཀླུང་རྟ་ད་ལྟ་མེད་རུང་ཡུན་གྱིས་དར་ཡོང་། རྫུན་མའི་ལམ་དེ་ཡུན་ཐུང་ལ། བདེན་པའི་ཕུགས་དེ་རྒྱང་རིང་། ཐམས་ཅད་དགའ་ཐབས་ཐོན་དུས་དགེ་བ་རེད། འུ་ཚོའི་འཇིག་རྟེན་གཏམ་གྱི་དཔེ་ལ། ཐམས་ཅད་དགའ་ན་དགེ་བ། ཕ་མ་དགའ་ན་དྲིན་ལན་ཡིན་ཟེར་བ་ལྟར། སེམས་ཅན་མགུ་བྱེད་མ་གཏོགས་པའི་རྒྱལ་བའི་མཛད་པ་ཡང་ལོགས་སུ་མ་དམིགས་པ་ཞིག་ཡིན་མོད། འོན་ཀྱང་སེམས་ཅན་མོས་པ་སྣ་ཚོགས་ཡིན་པས་འགའ་རེ་དགའ་བྱེད་ལས་ན་དགའ་མི་ཤེས་པ་ཐམས་ཅད་ད་དུང་སྒུག་དགོས། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་མགུ་ཐབས་མ་ཐོན་པ་འགའ་རེ་ཡོད་སྲིད་པས་རང་རེས་མི་མགུ་བ་ཅིའི་ཕྱིར་མེད། དགེ་མི་དགེ་སེམས་ཀྱི་བྱེ་བྲག་ཡིན་ཞིང་ལྟར་སྣང་གཟུགས་བརྙན་ཙམ་གྱི་དགེ་སྡིག་ལ་ཆོད་ཆེན་པོ་ཞིག་ཡོད་པ་མིན་པས་ན། མཆོད་སྦྱིན་བསོད་ནམས་ཀྱི་སྙིང་པོ་ལོངས་དང་འབྱོར་བ་རྒྱས། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི་སྲོག་མ་གཅད་པར་ཚེ་ཐར་སྲོག་བླུ་གྱིས་དང་རང་དང་བཟའ་ཚང་ཚེ་རིང་ཞིང་ནད་ཉུང་། དགེ་བཅུ་སྒྲུབས། སྡིག་བཅུ་སྤོངས་། དེའི་སྟེང་དུ་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པའི་ཚུལ་ཁྲིམས་སྲུངས་དང་ཕྱི་མ་མཐོ་རིས་དང་ཐར་བ་ཐོབ། དུས་རྒྱུན་དུ་བཟོད་པ་སྒོམས། མི་ཚེ་ནི་ཡུད་ཙམ་ཡིན་པས། ནང་བཟའ་ཚང་གི་བར་དུ་འཁོན་འཛིང་མ་བྱེད། རྗེས་ནས་འགྱོད་དུས་འཕྱིས་སོང་བ་རེད། ནང་རང་སྡེ། ཕྱི་གཞན་སྡེ་སུ་དང་སུའི་བར་ཡིན་རུང་འཁོན་འཛིང་མ་བྱེད། གཅིག་ལའང་མི་འདོད་པ་དེ་ཚང་མས་མི་འདོད། སུ་ཡིན་ཡང་གཅེས་པ་རང་སྲོག་ཡིན་པས་རང་ལ་མི་འདོད་པ་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་གནོད་མ་སྐྱེལ། དེས་ན་སྤུན་ཟླ་ནང་དམེ་མ་བྱེད་རིགས་རུས་ཤ་ཁྲག་གཅིག་ལས་ཆད་པ་རེད། དགོན་ཡར་མར་ལ་སྐུར་བ་མ་འདེབས། སྟོན་པ་གཅིག་གི་ཆོས་ལུགས་རེད། ནམ་ཞིག་ལོག་ལྟའི་རྒྱུ་རུ་འགྱུར་འགྲོ། ཆོས་ཕྱིར་དཀའ་སྤྱད་ལ་བཟོད་དགོས་ཏེ། འཇིག་རྟེན་ཚེ་འདིའི་དོན་དུ་སྡུག་རུས་བྱེད་རྒྱུའི་དེའི་ཕྱེད་ཀ་ཆོས་ལ་གྱིས་དང་། ཇི་ལྟར་ཞན་རུང་རང་འགོ་ཐོན་ནི་ཞིག་ཡོང་ངེས་པ་ཡིན་པས། ཆོས་ཨེ་འགྲུབ་དང་། ཕྱི་མ་སྐྱིད་པོ་ཞིག་དང་། འཆི་ཁ་མི་སྐྲག་པ་ཞིག་ཡོང་བར་འདོད་ན་ཆོས་ཕྱོགས་ལ་བརྩོན་འགྲུས་གྱིས། ཉིན་ཞག་གཅིག་ལ་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་ནས་འདི་ཆོས་སྒྲུབ་པའི་དུས་ཚོད་ཡིན་བསམ་རྒྱུ་ཞིག་ཡོད་ན། ཆུ་ཐིག་གསོག་པའི་རྒྱ་མཚོ་ལྟར་དུ་སོགས་རྒྱུ་ཞིག་ཡོད་པ་དང་། འཇིག་རྟེན་འདི་ན་ཡག་པ་ཞིག་ཡོད་ཚད་ཐམས་ཅད་འབད་པས་བསྒྲུབས་ཡོང་བ་ཁོ་ན་ཡིན་ཞིང་། ཆོས་སྒྲུབ་དུས་སྒོམ་དགོས་། སྒོམ་མི་ཤེས་མ་ཟེར། བསམ་ཤེས་ན་སྒོམ་ཤེས་ལ། སེམས་ཡོད་ན་བསམ་ཅིའི་ཕྱིར་མི་ཤེས། ཅི་ཞིག་སྒོམ་དགོས་པ་རེད་ཟེར་ན། དམྱལ་བ་སྒོམས། ཚ་གྲང་གི་སྡུག་བསྔལ་རང་ཐོག་ཏུ་མྱོང་གི་ཡོད་པར་སྒོམས། ཡི་དྭགས་སྒོམས། བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་གི་ཡོད་པ་དང་། །དུད་འགྲོ་སྒོམས། བཀོལ་སྤྱོད་ཀྱི་སྡུག་བསྔལ་མྱོང་གི་ཡོད་པ། མཚམས་མཚམས་སུ་གཡག་རྒན་མ་འབྲི་ཐམས་ཅད་རང་ཡིན་པར་སྒོམས། ཁ་རྒས་ནས་བཤས་ལ་ཕབ་པའི་སྡུག་བསྔལ་རང་ཐོག་ཏུ་ལོངས། མི་རྟག་པ་སྒོམས། བློ་ལྡོག་རྣམ་བཞིས་བློ་སྦྱོངས། སྙིང་རྗེ་སྒོམས། རང་གི་ད་ལྟའི་མ་རྒན་དེ་མདུན་གྱི་གཞི འདིར་གསད་འགྲོ་བཞིན་ཡོད་པར་སྒོམས། དེ་དང་བསྟུན་ནས་ཚད་མེད་བཞི་སྒོམས། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཚོགས་ཞིང་སྒོམས། བྱང་ཆུབ་ཀྱི་སེམས་སྒོམས། རྡོར་སེམས་དང་བླ་མའི་རྣལ་འབྱོར་གྱི་བསྐྱེད་རིམ་སྒོམས། མཐར་ཐུག་བླ་མ་དང་རང་སེམས་དབྱེར་མེད་ཀྱི་རྫོགས་རིམ་སྒོམས་དང་སྒོམ་དེ་ཚོས་ཡན་ཅི་ཞིག་བསྒོམ་དགོས། འདིར་སྣང་འདུས་བྱས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་སྒོམས་དང་གྲོགས་ཤེས་རབ་དང་འགྲོག་པའི་སྒོམ་ལ་འགྱུར་འགྲོ། །ཕར་ཕྱིན་དྲུག་གི་སྔ་མ་ལྔས་བསོད་ནམས་ཀྱི་ཚོགས་རྫོགས། ཤེས་རབ་ཀྱིས་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། ཚོགས་གཉིས་རྫོགས་པའི་འབྲས་བུ་ལ་སྐུ་གཉིས་ཐོབ་པ་ཡིན། དེས་ན་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་གཙུག་ལག་ཁང་འདིའི་ནང་དུ་ད་རེས་ཀྱི་ཞིང་མཆོད་དང་འབྲེལ་བའི་ཞིང་ཁྲིད་འཚོགས་ཐེངས་གཉིས་ཡིན་ཞིང་། ད་ལོའི་ཞིང་ཁྲིད་ཆེན་མོ་འདི་ཐེངས་གཉིས་པ་རེད། ན་ནིང་རང་རེའི་འཚོགས་ར་ལ་ཐོག་ཁེབས་མེད་པས། བརྒྱད་སྡེ་གྲྭ་ཚང་གིས་ཆུ་ཤོག་དང་རས་སོགས་བཀབ་ནས་ཐབས་ཆག་ཤིག་འཚོགས་སོང་ཞིང་། མཆོད་མེ་ཟངས་འཁར་ཚོའི་ནང་དུ་ཆུ་རྒྱུགས་ཤོར་བ་དེ་འདྲ་རེད་བསྡད་ཀྱང་མདོར་ན་འཚོགས་ཐབས་དང་མཆོད་པ་བཤམས་ཐབས་ཤིག་འགྲིག་སོང་ཞིང་། ད་ལོ་མུ་ར་སྤྲུལ་སྐུ་དང་འདི་རྣམས་ཀྱིས་རྒྱུ་ཚེགས་གང་ལ་ཡང་མ་འཛེམ་པར་ཆེད་དུ་ཐོག་ཁེབས་བརྒྱབ་པ་ཡིན་པས། ལོ་འདིར་གནས་ཚུལ་ཟ་ངེ་ཟིང་ངེ་རེ་ས་ཆ་འགའ་རེ་ན་ཡོད་པས་དུས་བདེ་གནས་འཇམ་མིན་པའི་སྟབས་ཀྱིས་ཅ་ལག་འོར་འདྲེན་ལ་སྟབས་མ་བདེ་བས་དུས་ཚོད་ཀྱི་སྟེང་དུ་མ་འགྲུབ་སྟེ་ད་དུང་ལས་རྔ་མ་བུད་པར་ཡོད་ཀྱང་། ཐེངས་འདིའི་མཆོད་པ་མི་ཆགས་པའི་ཆེད་དུ་འཚོགས་ཆོག་ས་འདི་འདྲ་ཞིག་འཛོམས་སོང་བ་རེད། འདི་ཆོས་འཆད་ཉན་དང་ཚོགས་གསོག་མཆོད་འབུལ་ཞིག་བྱེད་ཡུལ་དང་། སྐྱེ་འགྲོ་ཐམས་ཅད་ཀྱིས་བསོད་ནམས་བསག་པའི་རྟེན་མཆོག་ཁྱད་པར་ཅན་བཞུགས་སུ་གསོལ་ཡུལ་དང་། མདོར་ན་སེམས་ཅན་ཀུན་ལ་ཕན་པ་ཞིག་འགྲུབ་པའི་ཆེད་ཡིན་ཞིང་། ཆོས་སྒྲུབ་རྒྱུ་དང་ཆོས་ཀྱིས་ཕན་བཏགས་ཏེ་ཕན་ཐོགས་རྒྱུ་ལ། རང་སྡེ་དང་གཞན་སྡེ། ཕྱི་སྡེ་དང་ནང་སྡེ་ཞེས་ཐ་དད་འབྱེད་རྒྱུ་མེད་པར་མ་ཟད་དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་སེམས་ཅན་ལ་ཕན་བཏགས་རྒྱུ་ལ་མི་རིགས་དང་རྒྱལ་མཚམས་ཀྱི་དབྱེ་བ་ཡང་མེད་པས། འདི་ཆོས་པ་ཐམས་ཅད་ཀྱི་ཁྱིམ་དང་། དུས་རྒྱུན་དུ་ཁ་རྩང་སྔོན་མར་བཤད་པ་ལྟར་ཐག་ཉེ་སའི་མི་རྣམས་ཀྱིས་ཕྱག་དང་མཎྜལ་ལ་སོགས་པ་འབུམ་ལྔ་འདི་ནས་གསོག་འདོད་མཁན་ཡོད་ན་འདིའི་ལྷ་ཁང་ནང་ནས་གསོག་ཆོག་པ་རེད། རྟེན་གསུམ་མཆོད་པ་རང་འགྲིག་རེད། གནས་དང་དགེ་འདུན་འདུས་པའི་བྱིན་རླབས་བསམ་གྱིས་མི་ཁྱབ་པས། འདིའི་གཙུག་ལག་ཁང་འདིའི་ནང་ནས་ཆོས་སྒྲ་རྒྱུན་དུ་སྒྲོག་རྒྱུ་དང་ཁྱད་པར་དུ་ལོ་རེའི་ནང་དུ་དེ་སྔོན་འདྲ་ཞིག་ཡིན་ན་དུས་ཀྱི་མཆོད་པ་ཆེན་པོ་གཉིས་ཏེ། གཅིག་ཧོར་ཟླ་དྲུག་བའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་སེམས་བསྐྱེད་འབུམ་མཆོད་ཆེན་མོ་འཚོགས་རྒྱུ་དང་། དེའི་སྐབས་ལ་རྟེན་དབང་སྐུར་རྒྱུ། གཉིས་པ་སྟོན་ཁའི་ཞིང་ཁྲིད་ད་ལོ་དང་ལོ་གཉིས་ལ་འཚོགས་པ་རེད། འདིའི་ཆོས་འཆད་ཉན་དང་ཚོགས་གསོག་མཆོད་འབུལ་དེ་ཚོ་བྱེད་པའི་དམིགས་ཡུལ་ཅི་ཞིག་ཡིན་ཞེ་ན། འདིའི་བསོད་ནམས་འདི་ལ་བརྟེན་ནས་སྐྱེ་དགུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་བསྟན་པའི་སྒྲོན་མེ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེ་ཞབས་པད་བརྟན། དེའི་བསོད་ནམས་ཀྱི་མཐུ་ཡིས་ས་ཆ་འདིའི་གཙོར་བྱས་པའི་འཛམ་གླིང་ཡངས་པའི་རྒྱལ་ཁམས་ཐམས་ཅད་ལ་ནད་མུག་མཚོན་འཁྲུགས་ཞི་བདེ་སྐྱིད་ལྷ་ཡུལ་ལ་འགྲན་པ་ཞིག་ཡོང་རྒྱུ་དང་། དེ་དང་མཉམ་དུ་མར་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དང་བྲལ་ཏེ་རྣམ་མཁྱེན་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་ཡིན་པའི་དམིགས་ཡུལ་དེ་རེད། དེའི་ཕན་ཆད་འདི་ལ་ལན་དང་རྣམ་སྨིན་གྱི་རེ་བ་གཞན་མེད་ཅིང་། ན་ནིང་ད་ལོ་འཚོགས་རྒྱུ་ཨེ་འཛོམ་མི་འཛོམ་མི་ཤེས་སྨྲས་པ་དེ། གཅིག་ན་འདུས་བྱས་མི་རྟག་པ་ཡིན་པས་ཡུན་རིང་གི་རྟག་འཛིན་བྱེད་མི་ཤེས་ཤིང་། གཉིས་ན་བྱ་བ་གང་སྒྲུབ་ཀྱང་ཕན་ཐོགས་ཤིག་ཡོད་དགོས། ཆོས་སྒྲུབ་ན་སྤྱིར་ཕན་ཐོགས་ལོས་ཡོད་དེ་ཆོས་ཞེས་པ་འདི་རྒྱུད་ལ་སྦྱར་ཏེ་ཉམས་སུ་ལེན་དགོས། དེ་མ་བླང་ན་ནད་དང་སྨན་གཉིས་ཀ་མ་འཕྲོད་པ་ལྟར་དུས་ལ་མ་བབ། གནད་དུ་མ་ཁེལ་ན་ཕན་མེད་པའི་སྟེང་དུ་གནོད་དུ་འགྱུར་རྒྱུ། ཆོས་དྲེད་ཆོས་ཀྱིས་མི་ཐུལ་བ་རེད་དེ་ཆོས་ཆོས་བཞིན་མ་བསྒྲུབས་ན་ཆོས་ཀྱི་སླར་ངན་སོང་ལ་འགྲོ་བའི་རྒྱུ་བྱེད་པ་ཡིན་པས་ཕན་ཐོགས་མེད་ན་ཆོས་ཡིན་ཡང་གནས་སྐབས་སྐྱུར་དགོས་ཞེས་སྨྲས་ལ། དེ་ནས་ད་དུང་སང་ཕོད་ཞིང་ཁྲིད་ཨེ་བཤད་མི་བཤད་ལྟ་དགོས་ཤེས་སྨྲས་པ་ཡིན་མོད། བལྟས་ཡོང་ན་ལོ་གཅིག་པོ་འདིའི་ནང་དུ་ཆོས་ཞུས་ཆོས་གྲལ་ལ་ཡོང་མཁན་མང་ཆེ་བས་ཆོས་ཞུས་ན་ཞུས་ནི་འདྲ་བ། སྒྲུབ་ན་སྒྲུབ་ནི་འདྲ་བ་གྲུབ་འབྲས་མིག་གིས་ལྟ་སར་ཡོད་པ། ས་ཆོས་ས་ཆོས་ཡུལ་རེད་ཟེར་ན་ལོས་ཡིན་བསམ་རྒྱུ། སྡེ་ནང་ཁོངས་ནས་ཡིན་ནའང་ཆོས་ཞུས་དང་མ་ཞུས་ཀྱི་ཁྱད་པར་རྒྱུག་འདུག་པ་དེ་འདྲ་ཡིན་པས། དེའི་དངོས་ཡོད་ཀྱི་གནས་ཚུལ་དེ་ལ་བསྟུན་ཏེ་འཚོགས་སའི་ཆོས་ར་ལ་ཐོག་ཁེབས་བརྒྱབ་པ་ཡིན་པས། འདིའི་ནང་ནས་ཆོས་དུང་ལན་གཅིག་བུས། ཆོས་ཁྲིད་ཐེངས་གཅིག་ལ་བཤད། དམ་པའི་ཆོས་སྒྲ་དེ་འཇིག་རྟེན་གྱི་ཁམས་སུ་ལན་གཅིག་བསྒྲགས་ཤིང་མཆོད་འབུལ་ཐེངས་གཅིག་ལ་བྱེད་ཐུབ་སོང་བ་འདི་གཅིག་གིས་ཀྱང་བཞེངས་པའི་གོ་ཆོད་ཅིང་། བསོད་ནམས་ཀྱི་ཚོགས་རྫོགས་སོང་བ་ཡིན། འདིའི་ནང་ན་འཛམ་གླིང་ལ་བཙལ་ནས་སོང་ན་རྙེད་ཅིང་མཇལ་བར་དཀོན་པའི་རྟེན་འདི་འདྲ་གཅིག་གཉིས་ཙམ་མིན་པར་བཞུགས་ཡོད་ཅིང་། རྟེན་གང་གང་བཞུགས་ཤེ་ན། རྟེན་གྱི་བཞུགས་བྱང་ནི། འདིའི་ནང་རྟེན་ཁྱད་པར་ཅན་འདིར་བཞུགས་པ་ཞིག་ལ་ངོ་མཚར་རྟེན་གསུམ། ཡ་མཚན་ཁྱད་པར་ཅན་གྱི་རྟེན་བརྒྱད། བྱིན་རླབས་ཅན་གྱི་རྟེན་རྫས་བཅུ་གསུམ། ཁྱད་པར་འཕགས་པའི་རྟེན་གཅིག་བཅས་བཞུགས་ཤིང་། དེའི་ནང་ནས་ངོ་མཚར་རྟེན་གསུམ་པོ་གང་གང་ཡིན་ཞེ་ན། ངོ་མཚར་ཅན་གྱི་ལོ་རྒྱུས་རྣམ་ཐར་ཁྱད་འཕགས་དང་ལྡན་པ་ཐུགས་དམ་ཚིནྡྷ་མ་ཎི་དང་གཅིག །མདོ་མཁྱེན་བརྩེའི་གཏེར་མ་མདོ་མཁྱེན་བརྩེ་ཉིད་ཀྱི་རྟེན་སྒམ་ནང་དུ་བཞུགས་རྒྱུའི་གཟིའི་སྒྲོམ་བུ་དང་གཉིས། དེའི་སྟེང་དུ་རྒྱལ་སྲས་རིག་པའི་རལ་གྲི་འཁྲུངས་དུས་མདོ་མཁྱེན་བརྩེའི་གཟིམ་སྦྲའི་སྟེང་དུ་བབ་པའི་འཇམ་དབྱངས་ཤེས་རབ་རལ་གྲི་ངོ་མཚར་ཆེན་པོ་དང་ལྡན་པ་དེ་གསུམ་བཞུགས་ལ། དེ་གསུམ་གྱི་མིང་ལ་ངོ་མཚར་རྟེན་གསུམ་ཟེར་ཞིང་པདྨ་ཐང་ན་ད་ལྟ་བཞུགས་རྒྱུའི་རྟེན་རིམ་པ་དང་པོའི་ནང་གི་ཚན་པ་གཅིག་རེད། ཚན་པ་གཉིས་པ་ལ་ཡ་མཚན་ཅན་གྱི་རྟེན་བརྒྱད་བཞུགས། དེ་བརྒྱད་པོ་གང་ཚོ་རེད་ཅེ་ན། ཐུབ་པ་གྲོང་ཁྱེར་མ་གཅིག་ཡིན་ཞིང་འདི་མདོ་ཚང་གི་ནང་རྟེན་བོད་མདོ་དབུས་ཁམས་གསུམ་ལ་གྲགས་པ་ཞིག་རེད། ད་དུང་མདོ་མཁྱེན་བརྩེ་ང་འདྲ་གསུང་འབྱོན་མ། དེའི་སྟེང་དུ་སྒྲོལ་མ་མནྡྷ་ར། སྡོམ་རྟེན་ཐུབ་པ། རྡོ་རྗེ་འཆང་གདན་གཉིས་མ་ལ་སོགས་པ་ཡོད་ཅིང་དེ་རྣམས་རྟེན་བརྒྱད་རྩི་རྒྱུ་ཡོད། དེའི་རྟེན་དེ་ཚོ་དགོན་པ་རེ་ལ་རྟེན་གཅིག་རེ་ཡོད་ནའང་ནང་རྟེན་ཡོད་བསམ་འདུག་ཆོག་ནི་རེད། བྱིན་རླབས་ཅན་གྱི་རྟེན་རྫས་བཅུ་གསུམ་བཞུགས་ཡོད། དེ་དག་གང་གང་ཡིན་ཞེ་ན། ཀུན་མཁྱེན་འཇིགས་མེད་གླིང་པའི་སྐུ་ཤ་འཁྲུལ་མེད། དཔལ་སྤྲུལ་ཚང་གི་ཀུན་བཟང་ཞལ་ལུང་ས་འདིའི་གཤིན་རྗེ་སྒྲུབ་ཕུག་ནས་བརྩམས་པའི་རྩོམ་གཞིའི་ཕྱག་དཔེ་མ་ཡིག་ངོ་མ་དང་། དེའི་སྟེང་དུ་གྲུབ་ཆེན་དཀར་པོ་རས་ཆེན་གྱི་དབུ་ཐོད་ཅེས་པའི་ཐོད་པ་གཅིག་གི་སྟེང་དུ་ལྷ་བཅུ་གཉིས་རང་བྱོན་དུ་དོད་ཡོད་པ། གནའ་སྡེ་དགེ་རྒྱལ་པོའི་ནང་རྟེན་གྱི་ནང་དུ་ཡོད་ཀྱང་། དེའི་རྗེས་སུ་མདོ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་རིག་འཛིན་དྲི་མེད་གྲགས་པ་ལ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་ཕུལ་ཡོང་བ་དེ་ལ་སོགས་པ་བཞུགས་ཤིང་། ད་དུང་དེའི་ནང་དུ་དགེ་མང་སྐུ་ཞབས་ཀྱིས་པདྨའི་ཐང་ནས་གཏེར་ལ་བཞེས་པའི་དུང་དཀར་བདུད་རྩི་ཆོས་སྨན་གྱིས་གང་བ་དང་། རིག་འཛིན་ཉི་མ་གྲགས་པའི་དབུ་ཞྭ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་མགུལ་གའུ། རྒྱལ་སྲས་འགྱུར་མེད་རྡོ་རྗེའི་གྲི་མདུད། ཨ་བུ་ལྷ་རྒྱལ་དང་མཁན་པོ་ཐུབ་སྙན་གྱི་སྐུ་རུས་ལ་སོགས་པ་དེ་ཚོའི་ནང་དུ་མ་གཏོགས་པ་ཟུར་དུ་ཡོད་ཅིང་། ངོ་མཚར་རྟེན་གསུམ། ཡ་མཚན་ཅན་གྱི་རྟེན་བརྒྱད། བྱིན་རླབས་ཅན་གྱི་རྟེན་རྫས་བཅུ་གསུམ། འདི་ཚོ་ཚང་མ་བྱི་ལས་རང་རྟུག་གསེར་ལ་བསྒོམས་ནས་ཅིག་མིན་ན་ཡིན་ཟེར་བསྡད་པ་མ་ཡིན་པར་འདི་ཚོ་ཡོངས་གྲགས་ཤ་སྟག་ཡིན་ཞིང་། ཁྱད་པར་འཕགས་པའི་རྟེན་གཅིག་ཡོད་པ་དེ་གང་རེད་ཅེ་ན། ཇོ་བོ་རྒྱ་ནག་མ་རྒྱ་བཟའ་ཀོང་ཇོས་ལྷ་སའི་ཇོ་བོ་དང་མཉམ་དུ་གདན་འདྲེན་ཞུས་ཡོང་བ་དེ་ལ་སོགས་པའི་ལི་གཏེར་མང་པོ། དེའི་སྟེང་དུ་གསུང་རབ་ཀྱི་སྐོར་ནི་མདོ་ཁམས་སྨད་ཕྱོགས་སུ་དཔར་ཤིང་གི་ཐོག་ན་བཞུགས་ཡོད་རྒྱུའི་ནང་ནས་མང་ཆེ་བ་གསུང་རབ་ཀྱི་གླེགས་བམ་ཡང་བཞུགས་པ་དང་། ཐུགས་རྟེན་བདེ་བར་གཤེགས་པའི་མཆོད་རྟེན་མང་པོ་ཡོད་ཅིང་། ད་ལོ་རང་རེས་བཞེངས་པའི་རྡོ་ལས་གྲུབ་པའི་མཆོད་རྟེན་ཉིས་བརྒྱ་སུམ་བརྒྱ་ཞིག་ཡོད་པ་འདི་རྣམས་ཀྱི་ནང་ནས་ལྔ་བཅུ་ཐམ་པ་ལ་བདེ་བར་གཤེགས་པའི་རིང་བསྲེལ་དག་མ་ནང་དུ་གཟུངས་གཞུག་ཕུལ་ཡོད་ཅིང་། དེ་མིན་ཚང་མ་ཡང་ཚད་ལྡན་ཞིག་རེད་ཡོད། འདི་འདྲའི་སྐུ་གསུང་ཐུགས་རྟེན་བཞུགས་སུ་གསོལ་ན་འདི་མ་འོངས་སྐྱེ་དགུ་ཐམས་ཅད་ཀྱིས་བསོད་ནམས་བསག་ས་དང་། ཕྱག་སྐོར་སྒྲིབ་སྦྱང་གི་རྟེན་ཡིན་ཟེར་གྱིན་ཡོད་པས། འདིའི་ནང་རྟེན་གཅིག་ཕྱག་གི་རྟེན་དང་། བསོད་ནམས་བསག་པའི་རྟེན་དུ་ཡོད་ན་དེ་མིན་ཅི་ཡང་མི་དགོས་ཤིང་། འདིའི་རྟེན་གསུམ་ཚང་མ་ལོ་རེ་མཇལ་ཁ་རེ་སྟོན་བཞིན་ཡོད་པས། དེ་ནི་དབྱར་ཁ་སེམས་བསྐྱེད་མཆོད་པའི་སྐབས་ལ་སྟོན་གྱིན་ཡོད། ངོ་མཚར་རྟེན་གསུམ་འདི་ད་ཕན་ཆད་སང་ཕོད་ནས་བཟུང་སྟེ་སྔོན་མ་ང་འདུག་སའི་ཁང་པ་གཙུག་ལག་ཁང་གི་ལྷོ་ནུབ་ན་ཡོད་པའི་ཁང་པ་རྩེག་གཉིས་ཅན། ད་ལྟ་པདྨ་ཐང་གཞུང་གི་མཆོད་ཁང་ལ་བསྒྱུར་བཞག་པའི་མཆོད་ཁང་པདྨ་གཡང་འཁྱིལ་ཟེར་གྱིན་ཡོད་པ་དེར་བཞུགས་ཤིང་། ངོ་མཚར་རྟེན་གསུམ་སང་གནངས་དབྱར་ཁ་དེ་ནས་མཇལ་ནི་རེད། ཡ་མཚན་རྟེན་བརྒྱད་ཀྱི་ནང་གི་ཐུབ་པ་གྲོང་ཁྱེར་མའི་གཙོ་མཛད་པའི་གང་དྲག་འགའ་ཞིག་འདིའི་གཙུག་ལག་ཁང་ཕྱི་མའི་ཐོག་རྩེག་གོང་མའི་ལྷ་ཁང་དེའི་ནང་དུ་བཞུགས་པས། དེ་དུས་དེ་ནས་མཇལ་ལ། དེ་མིན་ཚང་མ་ལྷ་ཁང་གོང་མའི་ཕུག་གི་ཇོ་བོའི་སྐུའི་གཡས་གཡོན་ནས་མཇལ་བ་རེད། མདོ་ཁམས་སྨད་ཕྱོགས་ན་ནི་འདི་འདྲའི་རྟེན་རྩ་ཆེན་ཞིག་སྤྱིར་ནང་བ་སངས་རྒྱས་པ་ཁྱད་པར་དུ་སྔ་འགྱུར་རྙིང་མ་པ། དེའི་ནང་ནས་སྙིང་ཐིག་པ་ཞིག་གི་ངོས་ནས་བཤད་ན་ཡོད་རྒྱུ་མ་རེད་བསམ་གྱིན་ཡོད་པ་རེད། འདི་ད་ལྟའི་སྐབས་སུ་བོད་མཐོ་སྒང་གི་ཉི་མ་ཤར་ལྷོའི་མཚམས་སུ་བཞུགས་པ་ཡིན་པས། འདི་བོད་ཁམས་སྤྱིའི་ས་བཅུད་ཡུལ་བཅུད་འཛམ་གླིང་ཞི་བདེ་ཡུན་ནས་ཡོང་བྱེད། སྐྱེ་འགྲོའི་བདེ་སྐྱིད་ལ་ཕན་ཐོགས་ཡོད་པའི་རྟེན་འབྲེལ་གྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ཞིང་། དེ་ལྟར་དུ་ཡོང་བའི་སྨོན་འདུན་འགྲུབ་པར་མཆོག་གསུམ་བདེན་དཔང་ལ་བཙུགས་ནས་སྨོན་ལམ་མི་ལོ་དྲུག་གི་རིང་ལ་དགེ་འདུན་པ་དང་བཅས་པས་བརྒྱབ་པ་ཡིན། ད་ལྟ་ཡང་རང་རེ་རྣམས་ཞིང་ཁྲིད་མཉམ་དུ་འཚོགས། གསང་སྔགས་དང་འབྲེལ་བའི་དབང་གི་དཀྱིལ་འཁོར་ཞལ་ཕྱེས། མཉམ་དུ་ཚོགས་བསགས་མཆོད་པ་ཕུལ་ཏེ་རྟེན་ཁྱད་པར་ཅན་འདི་ཚོའི་མདུན་དུ་སྨོན་ལམ་བཏབ་དང་འདེབས་འགྱུར་ཡིན་པས། ཚེ་ཕྱི་མ་འདི་བཞིན་དུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་ཆོས་ཀྱི་དགའ་སྟོན་ལ་མཉམ་དུ་རོལ་བའི་རྟེན་འབྲེལ་སྨོན་ལམ་ཡིན། འདུས་པ་ཐམས་ཅད་འབྲལ་བའི་རང་བཞིན་རེད། སང་དང་གནངས་ཀྱི་ཡང་རང་རང་ཁ་ཁ་སོ་སོའི་གནས་ལ་གྱེས་རྒྱུ་ཡིན་པས། འདི་བཞིན་དུ་འདུས་བྱས་རྟག་པ་མེད་པའི་ཆོས་དེ་ལ་བསམ་བློ་བཏང་ནས་མགོན་པོ་འོད་དཔག་མེད་དང་སློབ་དཔོན་པདྨ་འབྱུང་གནས་རང་གང་ལ་དད་པ་ཡོད་ས་ཐམས་ཅད་དབྱེར་མེད་ངོ་བོ་གཅིག་ལ་བསྒོམས་ནས་གསོལ་བ་ཐོབ་དང་། ཚེ་འདི་དང་བར་དོ་ཕྱི་མ་ཐམས་ཅད་ལ་བསླུ་བ་ཡོད་ནི་མ་རེད། མཚོ་ཆེན་པོ་མ་དྲོས་པ་ནས་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ཕྱོགས་ཕྱོགས་ནས་འབབ་སྟེ། གནས་སྐབས་ཀྱི་འགྲོ་ཕྱོགས་ཁ་ཁ་ཡིན་ཡང་མཐར་རྒྱ་མཚོ་ཆེན་པོའི་ནང་དུ་འཛོམ་པ་ལྟར། རང་ཅག་ཚང་མ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཆོས་གཅིག་གིས་མཉམ་དུ་བསྡུས་པའི་ཆོས་གྲོགས་ཐམས་ཅད་ཉི་མ་སང་དང་གནངས་ཀྱི་ཡང་ཁ་ཁ་སོ་སོའི་ཕྱོགས་སུ་འགྲོ་དགོས་ཀྱང་མཐར་བདེ་བ་ཅན་གྱི་ཞིང་ཁམས་ནས་འཛོམ་པའི་སྨོན་ལམ་གོང་ནས་བཏབ་པ་ལྟར་རེད། རང་རེ་ཉི་མ་བདུན་བརྒྱད་ལ་མཉམ་དུ་འཛོམས་ནས་ཁ་ཁ་འགྲོ་རྒྱུ་འདི་ལྟར་དུ། ཚེ་འདིའི་ཁྱིམ་བཟའ་ཚང་ཡང་མི་རྟག་ཚོང་འདུས་ཀྱི་མགྲོན་པོ་འདྲ་བ་ཡིན་པར་མཚོན་ཞིང་། དེ་ལྟར་དུ་ང་ཟེར་སའི་གདག་གཞི་ཕུང་པོ་ཟེར་རྒྱུ་འདི། ཉིན་ཞིག་རྡུལ་ཕྲན་གྱི་ཕུང་པོར་དེངས་ཏེ་འབྱུང་བཞིའི་ཁམས་ལ་ཞ་རྒྱུ་ཡིན་པའང་མཚོན་ཡོད་པ་དང་། སྣང་བ་བརྡ་རུ་ཤར་ན་དེ་ཡང་བརྡ་ཆོས་ཀྱི་དཔེ་མཚོན་ཞིག་ཡིན་ཏེ། མཐོ་འཛམ་གླིང་གི་ཉི་མ་དེ་ས་དང་ཁ་ཐག་རིང་ཡང་། ཁ་བྱང་གཏད་ཀྱི་བྲག་ཕུག་མ་གཏོགས་མེ་ཏོག་པདྨ་གར་ཡོད་ཀྱི་ཚལ་ཐམས་ཅད་ལ་ཉི་མའི་འོད་ཟེར་གྱིས་ཁྱབ་སྟེ་དེའི་དྲོད་ཀྱིས་རྩི་བཅུད་གསོ་བ་ལྟར། དད་པ་འཇོག་སའི་བླ་མའི་ཐུགས་རྗེ་དེ་རྒྱང་ཉེ་རིང་མེད་པར་བྱིན་རླབས་འཇུག་པ་རེད། ཁོ་བོ་ནི་དེའི་ས་ཚོད་ན་མེད་ཀྱང་མོས་གུས་དད་པ་དག་ན་བྱིན་རླབས་ཁྱི་སོ་ལས་ཀྱང་འབྱུང་བ་ལྟར་ལས་དང་སྨོན་ལམ་གྱིས་འབྲེལ་ཏེ་ཆོས་དམ་གཅིག་གིས་སྦྲེལ་ནི་ཤ་སྟག་ཡིན་པའི་སྟབས་ཀྱིས་མཆོག་གསུམ་གསོལ་བཏབ་ཀྱི་སྐྱབས་སྲུང་གིས་ཕན་ཐོགས་འབྱུང་རྒྱུ་རེད། ཉི་མ་བདུན་བརྒྱད་ཀྱི་རིང་ལ་བཤད་པ་རེད་མོད། གལ་བོ་ཆེ་ལ་ནན་ཏན་འགྲོ་རན་ཁའི་ཕྱི་འབོད་ཀྱི་ཚིག་ནི་ཕོ་མོ་སུ་ཡིན་ན་ཤེས་རྒྱ་ཆེ་དང་མི་ཆེ། ཆག་ཞོག་དང་མི་ཞོག བུ་བཟང་དང་མི་བཟང་། བློ་གསལ་དང་མི་གསལ་དེ་ཚེ་ཕྱི་མའི་ཕྱི་འདེང་ཕོག་མི་ཕོག་ལ་ཐུག་ཡོད་པ་རེད། འགའ་རེ་ཚེ་འདི་བདེ་ཕྱི་མ་སྐྱིད། འགའ་རེ་འདི་མེད་ཕྱི་མེད་རེད་འགྲོ་བ་འདི་བུ་བཟང་ངན་འདེང་ཕོག་དང་མི་ཕོག་ལ་ཐུག་ཡོད་པས། ནད་མེད་ལང་ཚོ་རྒྱས་ཏེ་བསྡད་ཡོད་དུས་འཆི་རྒྱུ་ཞེ་ལ་ཤར་ནི་མ་རེད་མོད། དབང་མེད་འཆི་བདག་གི་ཞགས་པ་ནམ་ཐེབ་ཅི་ཤེས། ལར་འབྱུང་བཞིའི་འདུ་བ་འཁྲུགས་ཏེ་ན་ནས་ཤི་དགོས་པ་ཡིན་དང་། ཟས་ངན་པ་ཟ་ཉེས་ཀྱི་དུག་ནས་ཤི་དགོས་པ་ཡིན། དེ་མིན་ཐོག་གིས་བརྒྱབ་ནས་ཤི་རྒྱུ། ཁང་པ་རྡིབ་ནས་གསད་རྒྱུ། གཡང་ས་གཟར་མོ་ནས་འདྲིལ་རྒྱུ། རླངས་འཁོར་གྱིས་བརྡབ་རྒྱུ། རྟས་དྲུད་རྒྱུ། མེས་འཚིག་རྒྱུ། ཆུས་ཁྱེར་རྒྱུ། དགྲས་གསད་རྒྱུ། བུད་མེད་པང་སྟེང་ནས་ཤི་རྒྱུ། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞེས་སྨྲས་ནི་ལྟར་རྐྱེན་ཅི་ཞིག་གིས་དང་ཤི་ལུགས་ཅི་འདྲ་ཡིན། ས་གང་ཞིག་ནས་དུས་ནམ་ཞིག་ལ་འཆི་མི་ཤེས་མོད། གང་ལྟར་བྱས་ནས་ཤི་རུང་། ཤི་དུས་ལེགས་པོ་ཚུགས་ཀ་ཅན་ཞིག་ཤི་བ་མ་རེད། འགའ་རེ་ཁ་གདངས་མིག་ཅེར། འགའ་རེ་ཁ་ཡོར་སྣ་བཟུར། ཁ་ཆུ་སྣ་ཆུ་མི་ཚོགས། ཁ་ནས་འཁྲུལ་གཏམ་སྣ་ཚོགས་བཤད། ཉལ་ས་བརྫད་ནས་ཤི་ནི་རེད། ཤི་ནས་རོར་འགྱུར་རྒྱུ་ཡིན་པས་ཤི་ལུགས་ཡག་བཙོག་གང་ཡིན་རུང་གཅིག་བྱས་ན་དེ་རེད་མོད། ཤི་ཚར་རྗེས་དེའི་ཕར་རྒྱབ་ཀྱི་བར་དོའི་འཕྲང་རིང་དང་གཤིན་རྗེའི་མདུན་སར་ཐོན་དུས། དུག་གསུམ་ལས་སྐྱེས་གཅོང་རོང་གསུམ། །བག་ཆགས་ལས་སྐྱེས་གཤེད་མའི་གཟུགས། །གསུངས་པ་ལྟར། བར་དོའི་འཕྲང་དམར་ཟིང་ངེ། སྐྱ་ཆད་དེ། ནག་ངོམ་མེ་བ་ཐམས་ཅད་དང་། གནོད་བྱེད་སྲོག་གཅོད་ཀྱི་ཤན་པ་འདྲེ་གཟུགས་སུ་ཤར་བ་དང་མགོ་བརྙན་སྣ་ཚོགས་ཅན་གྱི་ལས་མཁན་རྣམས་དང་ཐུག་དུས། དུས་རྒྱུན་ཞེ་ཆགས་རེ་འཁོན་ཡོད་སའི་བུ་ཚ་བོ་ཐམས་ཅད་དང་། དྲིན་ཀྱིས་བསྐྱངས་བའི་བཟའ་ཚང་ཉེ་འབྲེལ་མང་ན་ཡང་ཉིན་དེར་ཀི་ལྷང་ལྷང་བཏབ་ནས་ར་མདའ་རྒྱུགས་ཡོང་བ་ཞིག་དང་། རྒྱུ་ཟས་ནོར་ཁྱེར་ནས་ལམ་ལ་འཇོག་ཡོང་མཁན་ཞིག་ཡོད་པ་མ་རེད། དེའི་སྐབས་སུ་རང་གི་མི་ཚད་རོགས་མགོ་ཐོན་མཁན་ཞིག་ཡིན་ན་བཟང་མོད། དེ་ཙམ་ཞིག་མིན་རུང་གསུར་བསྔོ་ཞིག་ལ་རེ་མི་དགོས་པར་རང་མགོ་རང་གིས་བུད་པ་ཞིག་བྱེད་ཐུབ་ན་བུ་བཟང་བོ་ཞེས་པ་དེ་རེད། དེའི་འདང་རྩིས་ད་ནས་འདེང་བརྒྱབ་སྟེ་འདེང་ཕོག་པའི་ཐོག་ནས། ཕོ་རང་ཤེས་རིག་པའི་རང་བསམ་གཏང་ནས་ཁ་མར་ལ་མ་འཁོར་ཡར་ལ་འཁོར། མར་དམྱལ་བའི་ཁྲོ་ཆུ་འཐུང་ས་ལ་མ་འཁོར་ཡར་དག་པའི་ཞིང་ཁམས་ཀྱི་ལྷའི་བདུད་རྩི་འཐུང་ས་ལ་འཁོར། མར་གྱི་འཁོར་བ་མ་གདམ་ཡར་གྱི་ཞིང་ཁམས་འདོམས། ལས་རྒྱུ་འབྲས་བསླུ་བ་མེད་པ་ཡིན་ཏེ། མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པའི་གནས་སྟོངས་ཤིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། །ཁྱེད་ནི་མི་བདེན་པ་ཡི་ཚིག་མི་གསུང་། །ཞེས་གསུངས་པས། གལ་ཏེ་ཉི་ཟླ་ཐང་ལ་ལྷུང་སྲིད་པའི་དབང་དུ་བྱས་ནའང། དབྱར་དགུན་སྟོན་དཔྱིད་གོ་ནོར་རྒྱུ་ཡོད་པའི་དབང་དུ་བྱས་ནའང། སངས་རྒྱས་ཀྱི་གསུང་ལ་འགྱུར་བ་དང་མི་བདེན་པ་ཡོད་སྲིད་པ་མ་རེད། བསླུ་མེད་དཀོན་མཆོག་གི་བདེན་མཐུ་ལ་ཕྱི་ལྟས་དགོས་པ་མ་ཡིན་ཏེ། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བ་ཡོད་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་སྲིད། །ཅེས་གསུངས་པས། རང་མི་འདོད་པ་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་གནོད་མ་སྐྱེལ། བསམ་ངན་མ་འཚག་དང་ཕན་པ་རང་ཉིད་ལ་འཇུག ཆོས་ལྡན་ཀྱི་མི་ལུས་འདི་ནམ་ཡིན་ན་ཐོབ་ཐུབ་པ་མ་རེད། ཐོབ་ཡོད་རྒྱུ་འདི་ལ་རྟག་བརྟན་མེད་པ་ཡིན་པས་སང་ཉིན་ཤི་ན་འགྱོད་མེད་ཅིག་ཨེ་ཐོན་ལྟོས། འཁོར་བ་འདི་གང་དུ་སྐྱེས་ན་སྡུག་བསྔལ་མེད་ས་ཞིག་ཡོད་ནི་མ་རེད། དགེ་བའི་བཤེས་གཉེན་དང་དགེ་གྲོགས་བཟང་པོ་རེ་བཙལ་ནས། ཚོགས་བསགས་སྒྲིབ་སྦྱང་གི་ཐབས་ཟབ་མོ་ཞིག་ལ་བརྟེན་ནས་ཚེ་འདིའི་ཐོག་ཏུ་རང་གཞན་གྱི་དོན་འགྲུབ་པ་ཞིག་ཨེ་རེད་ལྟོས། ཚིག་གཅིག་ལ་བསྡུས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐད་ཅིག་མ་རེ་རེ་ཡིན་ནའང་རྒྱུད་ལ་ཨེ་སྐྱེ་ལྟོས། ཉི་མ་གཅིག་གིས་མུན་ནག་ཐམས་ཅད་སེལ་འགྲོ་བྱེད་དང་། ཨ་རུ་ར་རྣམ་རྒྱལ་གཅིག་གིས་ནད་སྣ་ཐམས་ཅད་འཇོམ་འགྲོ་བྱེད། རལ་གྲི་གཅིག་གིས་འཆིང་བ་ཐམས་ཅད་གཅོད་བྱེད། ཡིད་བཞིན་གྱི་ནོར་བུ་གཅིག་གིས་རེ་བ་ཐམས་ཅད་སྐོང་ཐུབ་མཁན། བུ་དཔའ་བོ་གཅིག་གིས་དགྲ་ཐམས་ཅད་འདུལ་བར་བྱེད་མཁན་དེ་གང་ཡིན་ཞེ་ན་བྱང་ཆུབ་ཀྱི་སེམས་ཡིན་ཞིང་། བྱང་ཆུབ་ཀྱི་སེམས་སྐྱེ་དང་མི་སྐྱེ་གཙོ་བོ་བྱམས་དང་སྙིང་རྗེ་ལ་རག་ལས་པས། དུས་རྟག་ཏུ་སྙིང་རྗེའི་སེམས་དང་མི་འབྲལ་བ་ཞིག་མ་འཆུག་ཞེས་སྐུལ་རྒྱུ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པ་དང་བདེ་བ་ཅན་གྱི་ཞིང་སྨོན་དང་འབྲེལ་བའི་སྒོམ་སྒྲུབ། ཚོགས་བསགས་མཆོད་འབུལ། མཆོད་པའི་ཞལ་འདེབས། མར་མེ་ཁ་གསབ། དགེ་སྒྲུབ་སྡིག་སྤང་གི་ཁས་ལེན། ཕྱག་སྐོར་སྒྲིབ་སྦྱང་། དགེ་འདུན་པ་ལ་བསྙེན་བཀུར། གུང་ཚིགས་འདྲེན་མཁན། འགྱེད་དང་མང་ཇ། ཇོ་བོར་གསེར་ཆབ་ཕུལ་བ། ཚོགས་འཁོར་ལ་འབྲེལ་འཇོག་བྱས་པ། སྒོ་ཟོག་ཚེ་ཐར་བྱས་པ། ཉ་དང་འབུ་སྲིན་སྣ་ཚོགས་སྲོག་བླུ་བྱེད་པ། གཙུག་ལག་ཁང་དང་སྐོར་ལམ་ལ་རྡུལ་ཕྱགས་བརྒྱབ་པ། རང་ཉིད་ཀྱི་ལག་བསྟར་ཏེ་མཆོད་མེ་མཆོད་པ་འབུལ་བ་ལ་ལུས་ངག་གིས་ཞབས་ཏོག་ཁ་ལག་གཙང་མས་མཆོད་པ་བྱས་པ། དེ་ཚོ་ལ་རྗེས་སུ་ཡི་རང་བྱས་པ། དགེ་སེམས་སྐད་ཅིག་མ་ཞིག་ཅི་སྐྱེས། མེ་ཏོག་རྐང་གཅིག སྤོས་ཐུར་སྡོང་གཅིག ཚོགས་བསགས་མཆོད་འབུལ་གྱི་བསམ་པ་དག་པས་མཆོད་པའི་ཕྱོགས་ལ་གཏོར་ཚད་འབུལ་ཚད། བསམ་པ་རྣམ་པར་དག་པས་ཆོས་ར་འདིའི་ཕྱོགས་ལ་གོམ་པ་གང་ཅི་སྤོས། རང་ཉིད་ཡོང་བའི་སྟབས་མ་འགྲིག་ཀྱང་རྒྱང་ནས་དགའ་བས་རྗེས་སུ་ཡི་རང་བྱས་པ་ཚུན་ཆད། རང་གི་ཆོས་རའི་ནང་ནས་ཆོས་ཚིག་གཅིག་གོ་ནས་གཞན་ལ་ཕན་ཐོགས་ཀྱི་ཆེད་དུ་གླེང་མོལ་བྱས་པ་ནས་བཟུང་སྟེ་དགེ་བའི་རྩ་བ་འདི་དག་གིས་མཚོན་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་ཟག་མེད་ཀྱི་དགེ་བ་དང་། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་ཟག་བཅས་ཀྱི་དགེ་རྩ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡམས་ཏེ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་། གཏན་བདེ་མཆོག་དམ་པ་རྫོགས་བྱང་ཆེན་པོ་ཐོབ་བྱེད་དང་། སེམས་ཅན་གྱི་རིགས་སུ་གྱུར་པ་གཅིག་ཀྱང་མ་ལུས་པར་མགོན་པོ་འོད་དཔག་མེད་པའི་ཞབས་དྲུང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་ཆེད་དུ་བསྔོ་བ་ཡིན་པས། དེ་ལྟར་བསྔོས་པའི་མཐུ་དེ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་ཅན་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་དར་ཞིང་རྒྱས་པ་དང་། དེ་འཛིན་བསྟན་འཛིན་གྱི་སྐྱེས་བུ། དམ་པའི་ཚུལ་དགུའི་ཡོན་ཏན་དང་ལྡན་པ་ཐམས་ཅད་ཀྱི་སྐུ་དབུ་འཕང་མཐོ་ཞིང་སྐུ་ཚེ་བརྟན། བཞེད་དོན་འགྲུབ། ཡངས་པའི་རྒྱལ་ཁམས་ཐམས་ཅད་ལ་ནད་དང་མུ་གེ་འབྱུང་བཞིའི་འཇིགས་པ། ཞེ་སྡང་དང་ཕྲག་དོག་གི་ཀུན་ནས་བསླངས་ཏེ་འཁྲུགས་རྩོད་ལ་སོགས་པ་མི་བདེ་བའི་མིང་ཙམ་ཡང་མེད་པ་དང་། དབང་འབྱོར་ལྡན་པའི་མི་ཐམས་ཅད་ཀྱི་རྒྱུད་ལ་ཞི་བ་བྱང་ཆུབ་ཀྱི་སེམས་སྐྱེས་ཏེ་རྒྱལ་ཁམས་བྱམས་པས་སྐྱོང་བ་དང་། ཁྱད་པར་དུ་སྟོན་པ་གཅིག་གིས་བསྐྱངས་པའི་བསྟན་པ་ལ་གྲུབ་མཐའི་ཆགས་སྡང་མེད་པ། རིགས་རུས་གཅིག་ལས་ཆད་པའི་གདུང་རྒྱུད་ལ་ཕུ་ནུ་ནང་འཁྲུག་མི་ཡོང་བ་དང་། དམིགས་བསལ་གྱི་ད་རེས་ཆོས་ར་འདིའི་ནང་དུ་བསྔོ་ཡིག་མིང་བརྗོད་ཡོང་བ་དང་། ན་ནིང་ད་ལོའི་བར་གྱི་འཛམ་གླིང་གི་ཡུལ་གྲུ་མང་པོ་ལ་མི་འདོད་པ་ཐོག་བབ་ཡོང་སྟེ་རྒྱ་མཚོའི་རླབས་འོག་ཏུ་སོང་ནས་ཤི་བ། ས་འགུལ་བརྒྱུགས་ཏེ་བསད་པ། མདའ་བོས་གྲི་མཚོན་གྱིས་བསད་པ། བར་དོ་གསར་བའི་ཤི་བོ། ཤི་སྣང་ཡིད་ལ་མེད་ཀྱིིན་གློ་བུར་དུ་ཤི་བ། རྒྱ་བོད་གྲི་ཤི་རེད་ཚད། ད་རེས་ཆོས་ར་འདིར་རྡོག་པས་བརྫིས་ཚད་འབྲེལ་བ་བཞག་ཚད་ཀྱི་ཤི་བོ་མི་རབས་སྔོན་མ། སྒོ་བཤས་སྒོ་ཟོག་འོག་རྟ་མ་འབྲི་སྒོ་ཁྱི་ཁྱིམ་མཚེས་ནས་བཟུང་སྟེ་ཐ་ན་རྐང་ཞབས་ནས་བརྫིས་ཏེ་བསད་ཚད་འབུ་གྲོག་མ་ཡན་ཆད། བདེ་བ་ཅན་ལ་སྐྱེས་ཏེ་རིང་པོར་མི་ཐོགས་པར་གཏན་བདེ་རྫོགས་པའི་བྱང་ཆུབ་ལ་འགོད་པར་ཤོག་ཅེས་སྨོན་པ་དང་། དེ་ནས་ངས་རྒྱུན་དུ་སྨོན་ལམ་ཅི་ཞིག་འདེབས་ཀྱིན་ཡོད་ཅེ་ན། ང་རྫོགས་ཆེན་པདྨ་སྐལ་བཟང་མིག་གིས་མཐོང་ཚད། རྣ་བས་ཐོས་ཚད། ང་ལ་དགའ་བས་དང་བ་སྟོན་མཁན། ང་ལ་སྡང་བས་འཁོན་དུ་འཛིན་མཁན། ང་ལ་ཟས་ཀྱི་འདུ་ཤེས་འཇོག་མཁན་གྱི་འབུ་དང་སྦྲང་མ་ལ་སོགས་པ། མདོར་ན་འབྲེལ་ཚད་ཐམས་ཅད། ཐ་ན་ངའི་ལུས་པོ་བརྒྱུད་ནས་རླུང་གི་རྫི་ཕྱོགས་ཕོག་ཚད་ཀྱི་སྲོག་ལྡན་ནས་བཟུང་སྟེ་བདེ་ནས་བདེ་བའི་ལམ་དུ་འགྲོ་བར་ཤོག་ཅེས་སྨོན་པ་བྱེད་ཀྱིན་ཡོད། དེ་རིང་ཡང་དེ་བཞིན་དུ་ང་མཐོང་ཐོས་དྲན་རེག་གིས་མ་ཚད་འདིར་ཡོད་རང་རེ་ཚང་མ་མཐོང་ཐོས་དྲན་རེག་བྱེད་མཁན། ཐ་ན་རང་རེའི་ལུས་པོ་བརྒྱུད་དེ་རླུང་གི་རྫི་ཕྱོགས་ཕོག་ཚད། ད་ལྟ་རང་རེ་གནས་ཡོད་སའི་ས་གཞི་གོ་ལ་རིལ་མོ་འདིའི་འཁོར་ཡུག་དང་བཅས་པའི་མཁའ་དང་རླུང་ལ་རོལ་ཚད། དེ་ལྟར་ཞིང་ཁམས་ནམ་མཁའི་གར་ཁྱབ་ནས། དེ་བཞིན་དུ་འབྲེལ་ཚད་ཀྱི་འགྲོ་བ་ཡོད་ཚད་བདེ་ནས་བདེ་བའི་ཕྱོགས་སུ་བསྐྱོད་དེ་བདེ་ཆེན་དག་པའི་ཞིང་གི་བདེ་བ་ལྟ་བུ་ཞིག་དང་དུས་ནམ་ཡང་མི་འབྲལ་བར་ཤོག་ཅེས་དང་། དེ་ལྟར་བསྔོ་བ་དང་སྨོན་ལམ་དེ་ཡང་གང་བསྔོ་བྱ་སྔོ་བྱེད་བསྔོ་ཡུལ་དང་བཅས་པ་འཁོར་གསུམ་འཛིན་པ་དང་བྲལ་བ་དམིགས་མེད་ཆོས་དབྱིངས་ཆེན་པོར་ཡོངས་སུ་བསྔོ་བ། སྔོན་བྱང་ཆུབ་སེམས་པ་ཆོས་ཀྱི་འབྱུང་གནས་དང་འཕགས་པ་ཀུན་ཏུ་བཟང་པོ། རྗེ་བཙུན་འཇམ་དཔལ་དབྱངས། རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་མཁན་སློབ་རྗེ་འབངས་ཉེར་ལྔ། ས་སྐྱའི་གོང་མ་རྣམ་ལྔ། བཀའ་བརྒྱུད་པའི་མར་མི་དྭགས་གསུམ། རྗེ་བཙུན་ཙོང་ཁ་བ་ཡབ་སྲས། སྒྲུབ་བརྒྱུད་ཤིང་རྟ་བརྒྱད། བཤད་རྒྱུད་ཀྱི་ཀ་ཆེན་བཅུ་ལ་སོགས་པ། བོད་གངས་ཅན་གྱི་བསྟན་པའི་ཤིང་རྟ་ཆེན་པོའི་སྲོལ་འབྱེད་ཀྱི་སློབ་དཔོན་རྣམ་པ་དང་། ཀུན་མཁྱེན་རོང་ཀློང་རྣམ་གཉིས། ཀུན་མཁྱེན་འཇིགས་མེད་གླིང་པ་ནས་རིམ་པར་བརྒྱུད་པའི་སྔ་འགྱུར་སྤྱི་དང་བྱེ་བྲག་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་བརྒྱུད་པ་འདིའི་རྩ་བརྒྱུད་ཀྱི་བླ་མ་རྣམ་པས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་དེ་ལྟར་དམིགས་པ་དང་བཅས་པའི་བསྔོ་བ་དང་སྨོན་ལམ་གྱི་ཞལ་འདོན་ལྷན་དུ་གསུངས་པར་ཞུ་ཞེས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་མཇུག་ཡོངས་སུ་རྫོགས་སོ།། །།


previousཉིན་བདུན་པའི་ཆོས་ཁྲིད། next