Nitartha Digital Library
Tibetan
 
previousསླར་སྨྲས་པ། no next

སླར་སྨྲས་པ།

བདེ་གཤེགས་རྟེན་བཅས་ཡིད་ལ་བྱེད་པ་དང་།།

བྱང་ཆུབ་སེམས་བསྐྱེད་དགེ་ཚོགས་རྒྱ་ཆེར་སྤེལ།།

ཡོངས་བསྔོས་སྨོན་པ་རྫོགས་སྨིན་སྦྱང་བའི་གནད།།

རྡུལ་བྲལ་ཞིང་ཁམས་ཉུལ་བའི་ཐབས་སུ་བསྔགས།།

དེ་སླད་ཡང་ཟབ་གདམས་པའི་རིན་ཆེན་གྲུ།།

སྐལ་བཟང་དད་ལྡན་ཡོངས་ཀྱི་འཇུག་ངོགས་ཏེ།།

བདེ་སྐྱིད་དཔག་མེད་ཞིང་གི་ནོར་གླིང་དུ།།

རྩེན་པར་འདོད་རྣམས་དགའ་བས་འཇུག་པར་རིགས།།

འགྲོ་ཁམས་རྒྱ་མཚོའི་སྤྱི་དཔལ་བླ་མ་རྗེའི།།

ཟབ་གསང་མན་ངག་སྣང་བའི་དཀྱིལ་འཁོར་འབུམ།།

ཕན་བདེའི་འཇུག་ངོགས་སྟོན་པའི་ལམ་སྒྲོན་དེ།།

ཡུན་དུ་གསལ་ཕྱིར་ཡི་གེའི་འདུ་བྱེད་བགྱིས།།

རང་བློས་ལྷད་པའི་ཉེས་ཚོགས་ཅི་མཆིས་པ།།

ཆོས་སྤྱན་ལྡན་པའི་མདུན་སར་སྙིང་ནས་འཆགས།།

ལེགས་བྱས་དགེ་ཚོགས་མར་གྱུར་འགྲོ་བ་ཀུན།།

བདེ་ལྡན་ཞིང་དུ་སྐྱེ་བའི་རྒྱུར་འགྱུར་ཤོག།

ཅེས་བདེ་བ་ཅན་གྱི་ཞིང་གི་སྨོན་ལམ་ཚིག་དོན་གོ་སླ་བར་བཀྲལ་བ་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ཉིད། ཡི་གེའི་འདུ་བྱེད་པ་ཆོས་རྗེ་བླ་མའི་སློབ་འབངས་གྱི་ན་བ་འདུ་ཤེས་གསུམ་པ་ཤར་མི་ཉག་པ་པདྨ་གཞན་ཕན་ནམ་བྱང་ཆུབ་རྡོ་རྗེ་ནས། བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ཀྱི་སྤྲེལ་ཟླའི་ཡར་ཚེས་བཅོ་ལྔའི་ཉིན་རུ་དམ་ཡང་དབེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་ནས་ཡོངས་སུ་གྲུབ་པར་བགྱིས་པའོ། །དགེའོ། །སརྦ་མངྒ་ལཾ།། །།


previousསླར་སྨྲས་པ། no next