Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད། next

ཉིན་གཉིས་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྣམ་གསུམ་གྱིས་མནར་བའི་འཁོར་བའི་ཁྲི་མུན་ཡ་ང་བ་འདིའི་ནང་ནས་ཐར་ཏེ། ཐར་པ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་ཆེད་དུ། བདག་གིས་ད་རེས་བསྐྱེད་རྫོགས་རིམ་གཉིས་ཀྱི་ཉམས་ལེན་ལ་འབད་ནས། རིག་འཛིན་བཞིའི་ས་ལམ་ཉི་ཟླའི་བགྲོད་པ་ལྟ་བུའི་མྱུར་ལམ་ཚེ་འདིའི་ཐོག་ནས་རྫོགས་ཐུབ་པ་ཞིག་བྱེད་དགོས། དེའི་ཆེད་དུ་ཆོས་ཉན་པ་ཡིན་བསམ་པའི་ཀུན་སློང་དང་དེ་དང་མཐུན་པའི་ཀུན་སྤྱོད་དང་བཅས་ཏེ་གསན་དགོས་པ་རེད། གང་ཞིག་གསན་པར་བྱ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལས་བྱུང་བའི་ནང་སྒྲུབ་རིག་འཛིན་འདུས་པའི་བསྐྱེད་རྫོགས་ཀྱི་སྐོར་འཆད་བཞིན་པ་ལས། ཁར་སང་ཡན་ཆོད་ལ། སྦྱོར་དངོས་རྗེས་གསུམ་ཚང་བ་ཡིས། །རྟེན་འབྲེལ་ཟབ་མོས་ཉམས་སུ་བླང་། ཞེས་གསུངས་པ་ལས། སྔོན་འགྲོ་སྦྱོར་བའི་ཆོས་ཏེ། དེ་ལ་ཡང་ནང་གསེས་ཀྱི་རྣམ་པ་བདུན་ཡོད་པ་ཆ་ཚང་སོང་གྲུབ་ནས། དེ་རིང་རྩ་བའི་ས་བཅད་གཉིས་པ་ཆོ་གའི་དངོས་གཞི་ཡིན་པ་རེད།

གཉིས་པ་དངོས་གཞི།

གཉིས་པ་དངོས་གཞིར་རྣམ་གྲངས་བདུནཿ ཞེས་གསུངས་ཏེ། དངོས་གཞི་དེ་ལའང་རྣམ་གྲངས་བདུན་ཡོད་པ་བསྐྱེད་ཆོག སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ་ལ་སོགས་པ་འོག་ནས་འབྱུང་མ་རག་པ་རྣམས་རེད།

དང་པོ་རྟེན་དང་བརྟེན་པ་བསྐྱེད་པ།

དང་པོ་རྟེན་དང་བརྟེན་པར་བཅསཿ སྤྲོས་བྲལ་ངང་ནས་བསྐྱེད་པ་ནིཿ ཞེས་གསུངས་ཏེ། རྟེན་ཞིང་དང་བརྟེན་པ་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་འཁོར་དང་བཅས་པ། སྤྲོས་བྲལ་ངང་ནས་བསྐྱེད་པ་ནི་ཞེས་གསུངས་ན། སྤྱིར་ན་སྤྲོས་མེད་སྤྲོས་པ་དང་བྲལ་བ་ཐེག་ཆེན་མདོ་སྔགས་ཀྱི་ལྟ་བའི་སྐྱེལ་སོ་མཐར་ཐུག་ཆོས་ཉིད་ཀྱི་ངོས་ནས་གཅིག་ཡིན་ཡང་། འདིར་ཨ་ནུ་རང་ལུགས་ཀྱི་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་གཞི་བཟུང་ན། སྤྱིར་ཡོ་ག་རྣམ་པ་གསུམ་པོ་རེ་རེ་ལའང་གསུམ་གསུམ་དུ་ཕྱེས་ནས་དགུའི་དབང་དུ་བཏང་དུས། འདི་ལ་ཨ་ནུའི་ཨ་ཏི་ཞེས་སུ་བརྗོད་ཆོག་པ་རེད་ལ། ཡང་ཨ་ཏིའི་ཨ་ནུ་ཞེས་བརྗོད་ཆོག་ཅིང་གཉིས་ཀ་དོན་གཅིག་ལ་བབས་པ་ཡིན། སྤྲོས་བྲལ་གསུངས་པ་འདི་རང་བཞིན་གདོད་མའི་དཀྱིལ་འཁོར་རྩོལ་མེད་ལམ་དུ་བྱེད་པ་ལ་གོ་དགོས་པར་སྙམ། གང་ལྟར་བསྐྱེད་རིམ་བཤད་པའི་སྐབས་སུ་ཀུན་མཁྱེན་འཇིགས་མེད་གླིང་པའི་བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་ཀྱི་ནང་དུ་སྤྱི་དོན་རྣམ་པ་གསུམ་གྱི་ཆིངས་སུ་བཅིངས་ནས། རྒྱུ་མ་ནོར་བ་བསྐྱེད་རིམ་ལ་འཇུག་པའི་གཞི། རྐྱེན་མ་འཁྲུལ་བ་ཇི་ལྟར་བསྒོམ་པའི་ལམ། འབྲས་བུ་རྣམ་པར་དག་པ་ཟུང་འཇུག་གི་ལམ་ལ་སྦྱོར་ཚུལ་བཅས་གསུངས་ཡོད་པས། འུ་ཅག་གིས་ཀྱང་དེ་དག་གི་སྟེང་ནས་བཤད་དགོས། དེ་ཡང་ཐོག་མར་ཀུན་ཁྱབ་ཀྱི་ཚད་མ་གསུམ་གྱིས་གཏན་ལ་ཕབ་དགོས་པ་རེད། རྒྱལ་བའི་བཀའ་དྲི་མ་མེད་པའི་ལུང་ཚད་མ་དང་། དེ་ཉིད་མཁས་པས་ཉམས་སུ་བླངས་ནས་གྲོལ་བ་ཐོབ་པའི་དཔང་པོ་དངོས་ཡོད་པའི་མན་ངག་ཚད་མ། དེ་གཉིས་ཀ་དང་རྗེས་སུ་མཐུན་པའི་རིགས་པ་ཚད་མ་སྟེ། དེ་གསུམ་ལ་བརྟེན་ནས་ཡིད་ཆེས་རྣམ་པ་གསུམ་ཐོབ་པའི་ཐོག་ནས་རྒྱུད་དོན་ཁོང་དུ་ཆུད་དགོས་པ་ཡིན། ཡིད་ཆེས་རྣམ་པ་གསུམ་གང་རེད་ཅེ་ན། དུས་འཁོར་གྱི་ནང་དུ། དང་པོ་བླ་མ་ལ་ཡིད་ཆེས་པར་བྱ། དེའི་རྗེས་སུ་རང་ལ་ཡིད་ཆེས་པར་བྱ། དེའི་རྗེས་སུ་རྒྱུད་ཀྱི་རྒྱལ་པོ་ལ་ཡིད་ཆེས་པར་བྱ་ཞེས་གསུངས། ཀུན་མཁྱེན་འཇིགས་གླིང་གིས་ཀྱང་རང་བཞིན་བརྒྱད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་མཉེས་པ་གསུམ་གྱིས་བསྟེན་ནས་ཕྱི་ཕན་པའི་དབང་། ནང་ནུས་པའི་དབང་། གསང་བ་ཟབ་མོའི་དབང་གི་རིམ་པ་དག་བརྒྱུད་ནས་རྒྱུད་ལེགས་པར་སྨིན་ཅིང་དམ་ཚིག་དང་སྡོམ་པར་གནས་པའི་གང་ཟག་གིས་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་འཇུག་དགོས་ཞེས་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་ལུང་དྲངས་ནས་གསུངས་པ་སྟེ། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། ཞེས་གསུངས། གཞི་རྒྱུད་དྲི་བཅས་ཀྱི་དེ་བཞིན་ཉིད་བདེ་གཤེགས་སྙིང་པོ་ལ་གློ་བུར་མ་རྟོགས་པའི་འཁྲུལ་བའི་དྲི་མས་གོས་པ་ཉིད་ཐབས་སམ་ལམ་གྱི་རྒྱུད་སྨིན་གྲོལ་གཉིས་ཀས་སྦྱང་དགོས་པ་རེད། སྦྱང་བྱ་འཁྲུལ་པའི་རང་བཞིན་གློ་བུར་བ་ཀུན་བརྟགས་དང་དེའི་ས་བོན་གྱི་ཆ་གཉིས་ཀར་ལྟོས་ནས་སྦྱོང་བྱེད་བསྐྱེད་རྫོགས་གཉིས་གསུངས། དེ་ལས་བསྐྱེད་རིམ་གྱི་དགོས་པ་ནི། དྲི་བཅས་དེ་བཞིན་ཉིད་ཀྱི་སྣང་བ་ཀུན་བརྟགས་ཀྱིས་གློ་བུར་དུ་བཟོས་པའི་སྣོད་བཅུད་ཐ་མལ་དུ་འཛིན་པ་དེ་ཉིད་བསྐྱེད་རིམ་གྱིས་སྦྱོང་ཞིང་། དེའི་ཞོར་དུ་སྟོང་རྐྱང་གི་ལྟ་བ་དེ་ཡང་བཟློག ལམ་གྱི་ཆ་ནས་མ་དག་ས་བདུན་བགྲོད། འབྲས་བུ་གཟུགས་སྐུའི་རྟེན་འབྲེལ་སྒྲིག་པ་རེད། དེ་ཉིད་རྫོགས་རིམ་གྱི་རྟེན་ཡང་ཡིན་པ་སློབ་དཔོན་འཕགས་པས། བསྐྱེད་པའི་རིམ་པར་ལེགས་གནས་ཏེ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་བཞིན་དུ་གསུངས། ཞེས་གསུངས་པ་ལྟར་རོ། རྫོགས་རིམ་གྱི་དགོས་པ་ནི་འོག་ནས་སྐབས་སུ་བབས་དུས་འཆད་ཆོག་ཀྱང་། དེ་ཡང་ཨ་ནུའི་སྐབས་འདིར་སྦྱོང་བྱེད་བཞིན་ལག་གི་རྣམ་པ་ཅན་གྱི་བཅོས་མ་མིན་པའི་མངོན་སུམ་ལྷའི་རྣལ་འབྱོར། ཞུ་བདེ་མཚུངས་ལྡན་གྱི་ལྷ་སྐུ་ཁ་སྦྱོར་གོང་བུའི་བདག་ཉིད་ཅན་དེས། སྦྱང་བྱ་འཕོ་བའི་བག་ཆགས་ཀྱི་དྲི་མ་སྦྱང་། ལམ་གྱི་ཆ་ནས་དག་པ་ས་གསུམ་བགྲོད་པ་དང་། སྦྱངས་འབྲས་ལྷན་སྐྱེས་བདེ་བ་ཆེན་པོའི་སྐུ་མཆོག་གི་དངོས་གྲུབ་ཐོབ་པ་རེད། དེས་ན་བསྐྱེད་རྫོགས་སོ་སོའི་སྦྱང་གཞི་ལ་དང་པོའི་སྦྱང་གཞི་སྲིད་པ་བསྐྱེད་རིམ་དང་། གཉིས་པའི་སྦྱང་གཞི་ཆོས་ཉིད་བསྡུ་རིམ་ཡིན། དེ་དག་སྐྱེ་འཕགས་ཀྱི་ལམ་གཉིས་སུ་ཕྱེས་ནས་རང་རང་དང་རྗེས་སུ་མཐུན་པའི་དངོས་གྲུབ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལ་སྦྱར་ཆོག་པ་སྟེ། སོ་སོའི་སྐྱེ་བོའི་ལམ་ལས་བསྐྱེད་རིམ་གྱིས་འཇིག་རྟེན་པའི་དངོས་གྲུབ་ཐོབ་པ་དང་། འཕགས་པའི་ལམ་ལས་རྫོགས་རིམ་གྱིས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་བྱེད་པ་རེད། དེས་ན་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་ཞིག་མ་སྐྱེས་ཀྱི་བར་དུ་བསྐྱེད་རིམ་ལ་བརྟེན་ནས་རྟོག་པས་རྟོག་པ་འདུལ་བར་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དགོངས་པ་སྟེ། བློ་སྔ་མ་སྔ་མས་ཕྱི་མ་ཕྱི་མར་ནུས་པ་མཐུན་རྐྱེན་དུ་བྱེད་པ་རེད། བློའི་རང་བཞིན་ཟེར་བ་དེའི་ནུས་པ་ནམ་མཁའ་དང་འདྲ་བར་ཚད་མེད་པ་མཐའ་ཡས་པ་ཡིན་པའི་རྒྱུ་མཚན་གྱིས་སྣང་བའང་མཐའ་ཡས་པ་འགྲུབ་པ་ཡིན། དེ་ཡང་ཐེག་ཆེན་ཐུན་མོང་གི་ལུགས་ལྟར་ན། བློའི་ནུས་པ་མཐུན་རྐྱེན་དུ་གྲུབ་ནས་རྣམ་པ་འགྱུར་བ་དེ་ཇི་ལྟ་བུ་ཞིག་རེད་ཅེ་ན། སྒྲིབ་པ་མ་ལུས་པ་ཡོངས་སུ་སྲབ་པ་དང་། སྒྲིབ་པ་མ་ལུས་པ་རབ་ཏུ་བྱང་བ། སྒྲིབ་པ་མ་ལུས་པ་ཤིན་ཏུ་ཟད་པའི་མཐར་ཐུག་པ་དག་གི་དབང་གིས། སྒྲིབ་པ་སྲབ་པའི་གནས་སྐབས་ན་མཁྱེན་པ་ཐོག་མར་གོམས་པའི་ཚོགས་སྦྱོར་གྱི་ལམ་དང་། སྒྲིབ་པ་བྱང་བའི་གནས་སྐབས་སུ་བར་དུ་གསལ་སྣང་ཐོན་པ་འཕགས་པའི་སློབ་ལམ། སྒྲིབ་པ་ཤིན་ཏུ་ཟད་པའི་མཐར་ཐུག་ཏུ་མཐར་ཕྱིན་པ་ཐམས་ཅད་མཁྱེན་པའི་བར་གྱི་འགྱུར་བ་དང་བློ་བསྐྱེད་ཡོང་རྒྱུ་ཡོད་པ་རེད། དེ་ཉིད་རྒྱུད་བླ་མའི་སྐབས་ཀྱི་མ་དག་མ་དག་དག་པ་སོགས་དང་སྦྱར་ནའང་ཆོག འཁོར་བའི་རང་བཞིན་སྐྱེ་འཆི་གཉིས་ཀྱིས་བསྡུས་པས། སྐྱེ་བའི་སྲིད་པ་སྦྱོང་བྱེད་དུ་བསྐྱེད་རིམ་དང་། འཆི་བའི་རིམ་པ་སྦྱོང་བྱེད་དུ་བསྡུ་རིམ་མམ་རྫོགས་རིམ་བསྟན་པ་རེད། སྲིད་པ་ཁམས་གསུམ་འཁོར་བའི་གནས་སུ་སྐྱེ་བ་ལེན་དགོས་ཚེ་སྒོང་སྐྱེས། མངལ་སྐྱེས། དྲོད་སྐྱེས། རྫུས་སྐྱེས་ཏེ་སྐྱེ་བ་རྣམ་པ་བཞི་ལས་གཞན་པའི་སྐྱེ་ཐབས་མེད་པས་གོང་དུ་སྒྱུ་འཕྲུལ་གྱི་ལུང་དྲངས་པ་ལྟར་དེ་དག་དང་བསྟུན་པའི་བསྐྱེད་པའི་རིམ་པ་ལ། དབང་པོ་རྟུལ་པོ་དང་དབང་པོ་འབྲིང་། དབང་པོ་རབ་དང་དབང་པོ་ཡང་རབ་རྣམས་ལ་སྤྲོས་ཅན། སྤྲོས་པ། སྤྲོས་མེད། ཤིན་ཏུ་སྤྲོས་མེད་དེ་བཞིའི་སྒོ་ནས། དབང་པོ་རྟུལ་པོ་སྤྲོས་པ་རྟོག་བཅས་ཅན་ལ་སྒོང་སྐྱེས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་བསྟན། དེ་ཡང་སྒོང་སྐྱེས་དེ་ཉིད་ཐོག་མར་སྒོ་ང་དང་། དེ་རྗེས་སྒོ་ང་བརྡོལ་ནས་གཟུགས་སུ་སྨིན་དགོས་པ་ལྟར་མ་ཧཱ་ཡོ་གའི་རྒྱུད་སྡེ་བཀའ་བརྒྱད་དང་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་སོགས་སུ་གཉིས་སྐྱེས་ཀྱི་སྲིད་པ་སྦྱོང་བའི་གཉེན་པོ་རུ་བདག་སྲས་དང་གཞན་སྲས་ཀྱི་རྣམ་པས་བསྟན། འདིའི་ཐོག་མའི་འཇུག་སྒོ་ཏིང་འཛིན་རྣམ་པ་གསུམ་ཡིན་པ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་སྣང་གི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་བཅས་ལས། དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། གཞི་དང་རྩ་བ་མེད་པའི་སེམས་ཉིད་རང་བཞིན་འོད་གསལ་གྱི་ཆོས་ཉིད་ཇི་ལྟ་བའི་ཡེ་ཤེས་དྲན་པར་བྱས་ནས། འཆི་སྲིད་ཆོས་སྐུར་སྦྱང་ནས་རྟག་པར་ལྟ་བ་དང་གཟུགས་མེད་ཁམས་དག་པར་བྱེད་པ་དེ་ཉིད་རེད། ཀུན་སྣང་གི་ཏིང་ངེ་འཛིན་ནི་འོད་གསལ་སྟོང་པ་ཆེན་པོ་དེའི་རང་གདངས་འགྲོ་བ་ཡོངས་ལ་སྙོམས་པའི་སྙིང་རྗེ་སྟེ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཏུ་ཤར་བས་ཆད་པར་ལྟ་བ་དང་གཟུགས་ཁམས་ལས་གྲོལ་ཞིང་། མཆེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རོལ་རྩལ་ལས་བར་དོའི་སྲིད་པ་ལོངས་སྐུར་རྫོགས་པའི་གཞི་གཏིང་། རྒྱུའི་ཏིང་ངེ་འཛིན་ནི་སྟོང་དང་སྙིང་རྗེ་ཟུང་དུ་འབྲེལ་བ་དེ་ལས་ཡིག་འབྲུ་ཨ་དང་ཧཱུྃ་དང་ཧྲཱི་ལ་སོགས་པ་རིག་པ་ཡི་གེ་རུ་སྣང་བས་ཐབས་བྱས་ནས། སྲིད་བཅས་ཀྱི་ཤེས་པ་དང་འདོད་ཁམས་སྦྱངས་ནས་སྐྱེ་བ་སྤྲུལ་པའི་ལྷ་སྐུར་སྨིན་པ་རེད། ཡིན་ན་ཡང་སོ་སོའི་སྐྱེ་བོའི་ས་ཡི་བསྐྱེད་གཞི་དེ་བཞིན་ཉིད་ཀྱི་ཤེས་རབ་དེ་རྗེས་དཔག་ཙམ་ཞིག་ཡིན་པས་གཟུགས་བརྙན་ཙམ་དུ་གྱུར་པའི་དེ་བཞིན་ཉིད་ཅེས་གདངས་སྙིང་རྗེ་ཆེན་པོར་ལང་བ་དེ་ཉིད་མོས་པས་སྤྱོད་པའི་སེམས་བསྐྱེད་དང་། ཀུན་སྣང་གི་ཏིང་ངེ་འཛིན་ཞེས་བཏགས་པ་ཙམ་ཡིན་ཡང་། འཕེན་པ་དེའི་ཐོག་ནས་ལམ་མ་ནོར་བའི་རྒྱུ་ཚོགས་བསྒྲུབ་དགོས་པ་རེད། བཀའ་སྡེ་ཟུར་བའི་ལུགས་བཞིན་ཀུན་མཁྱེན་རོང་ཟོམ་པའི་བཞེད་པ་ལྟར་བྱས་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དེ་རྣམ་པར་མི་རྟོག་པ་བསྒོམ་པ་ཀུན་ཏུ་འོད་ཀྱི་ས་ལ་བློ་སྦྱང་བའི་ཕྱིར་ན་ཆོས་སྐུའི་ས་ཡིན། ཀུན་སྣང་གི་ཏིང་ངེ་འཛིན་དེ་ཤེས་རབ་སྙིང་རྗེ་དང་འབྲེལ་བ་མ་ཆགས་པདྨ་ཅན་དུ་བློ་སྦྱང་བའི་ཕྱིར་ན་ལོངས་སྐུའི་ས་ཡིན། རྒྱུའི་ཏིང་ངེ་འཛིན་དེ་ཡིག་འབྲུ་བསྒོམ་པ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་གོམས་པར་བྱ་བའི་ཕྱིར་ན་སྤྲུལ་སྐུའི་ས་ཡིན་ཞེས་གསུངས་ཡོད་པ་རེད། མ་ཧཱ་ཡོ་གའི་སྐབས་སུ་ཁྱད་པར་དུ་བརྟེན་པ་ལུས་ཀྱི་བསྐྱེད་རིམ་གྱི་སྐོར་ལ། ཧེ་རུ་ཀ་གལ་པོའི་ལུགས་ཀྱི་མངོན་བྱང་བཞི་དང་། ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་གྱིས་བསྐྱེད་པ། མ་རྒྱུད་ལྟར་མངོན་བྱང་ལྔ་ཡིས་བསྐྱེད་པ། གཉིས་ཀ་ལྟར་སྦྱང་གཞི་སྦྱོང་བྱེད་ཀྱིས་བསྐྱེད་པའི་དག་པ་སྦྱར་བ་སོགས་བཤད་ཚུལ་མང་བ་རེད། དེ་ལྟ་བུའི་རྒྱས་པ་ཆེན་པོའི་བསྐྱེད་རིམ་གྱི་ཆོས་ངེས་པར་བྱས་ནས། ཐུན་མོང་དུ་རྒྱས་པ་འབྲིང་གི་བསྐྱེད་རིམ་མངལ་སྐྱེས་སྦྱོང་བའི་ཐབས་བསྐྱེད་པའི་རིམ་པ་ནི། གླང་ཆེན་སྨྱོན་པ་རྒུན་ཆང་གིས་སྨྱོས་པ་དེ་ཉིད་འདུལ་ཐབས་རྒྱན་འདུལ་དང་ཁྲོམ་འདུལ་གཉིས་ཀྱི་དཔེར་བཀོད་ནས་གསུངས་པ་ལྟར། རྟེན་སྣོད་ཀྱི་འཇིག་རྟེན་དང་བརྟེན་པ་ལུས་ཀྱི་མངོན་ཞེན་བག་ཆགས་སྣ་ཚོགས་ལས་གྲུབ་པ་འདི། ལྷ་ཡི་རྣམ་པས་སྦྱང་བ་དང་སེམས་ཡུལ་དུ་འཕྲོ་བ་བཞག་ཐབས་ཏིང་འཛིན་ཟབ་མོའི་རྟོད་ཕུར་གྱིས་བཏགས་ནས་སྦྱང་ཚུལ་ཏེ་གཉིས་སུ་བསྟན་ཡོད་པ་རེད། ཕ་མའི་འདུ་འཕྲོད་ལ་བརྟེན་པའི་སྐྱེ་གནས་རགས་པ་སྒོང་སྐྱེས་དང་མངལ་སྐྱེས་གཉིས་ཀའི་སྦྱང་གཞི་སྦྱོང་བྱེད་སྤྲོས་པ་ཅན་མ་ཧཱ་ཡོ་ག་ལྟར་བཤད་ནས། ཕྲ་བ་ཁུ་རྡུལ་གྱི་རྒྱུ་ལ་མ་བརྟེན་པའི་རྫུས་སྐྱེས་དང་དྲོད་སྐྱེས་གཉིས་ཀ་ནི་སྐྱེ་བ་འགྲུབ་སླ་བ་ཡིན་པས་བསྐྱེད་རིམ་ལ་སྤྲོས་པ་ཆུང་བ་རེད། དེས་ན་དབང་པོ་རབ་སྤྲོས་མེད་རིམ་གྱིས་འཇུག་པ་ཅན་གྱིས་དྲོད་གཤེར་སྐྱེས་སྦྱོང་བ་ལ་ཨ་ནུ་ཡོ་གའི་བསྐྱེད་རིམ་གྱི་གྲུབ་མཐའ་བསྟན་ཏེ། དེ་ཡང་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་རྩལ་སྣང་གི་འཕེན་པ་དེས། དབྱིངས་སྟོང་ཆེན་ཀུན་ཏུ་བཟང་མོའི་ཀློང་དུ་སྣང་བ་ལྷ་ཡི་ཕྱག་རྒྱར་རང་ཤར་བ་གཉིས་མེད་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་ནས་གནས་ལུས་ལ་སྲེད་པ་དང་ལེན་པའི་བག་ཆགས་སྦྱང་ཞིང་། མངོན་བྱང་ལྔ་ལ་སོགས་པའི་རྣམ་པ་དང་ཚིག་གི་སྤྲོས་པ་ལ་མི་བརྟེན་པར་ལྷ་སོ་སོའི་བསྐྱེད་རིམ་བདེ་སྟོང་དབྱེར་མེད་ཡིན་པ་རེད། དབང་པོ་ཡང་རབ་ཅན་གྱིས། ཀུན་མཁྱེན་འཇིགས་གླིང་གིས། བརྫུས་ཏེ་སྐྱེ་བ་སྐད་ཅིག་དྲན་རྫོགས་ཏེ། །མིང་དང་གཟུགས་ལ་མ་བརྟེན་ཝལ་གྱིས་གསལ། ཞེས་གསུངས་པ་ལྟར། ཆོ་ག་དང་ཚིག་གི་བྱ་བ་ལ་མ་ལྟོས་པར་སེམས་ཀྱི་རང་བཞིན་གདོད་ནས་ལྷའི་ཕྱག་རྒྱར་གསལ་ཞིང་རྫོགས་པ་ཤིན་ཏུ་སྤྲོས་མེད་ཀྱི་བསྐྱེད་རིམ་བསྐྱེད་རྫོགས་དབྱེར་མེད་དུ་བསྒོམ་པ་དེ་ཉིད་རེད། ངོ་མ་བཤད་ན་རྫུས་སྐྱེས་སྦྱང་བ་འདི་ཤིན་ཏུ་རྣལ་འབྱོར་གྱི་བསྐྱེད་རིམ་རེད་ཅེས་ཟེར་རྒྱུ་མེད། འཕགས་ལམ་གྱི་རྫོགས་རིམ་སྟེ་མོས་སྤྱོད་ཀྱི་ས་ལས་འཕགས་པ་ཞིག་ཡིན་པས་བསྐྱེད་རིམ་གྱི་རྣམ་གཞག་དང་འགལ་བ་རེད། འོ་ན་བསྐྱེད་རིམ་གྱི་གྲས་སུ་འཇོག་པ་ཅིའི་ཕྱིར་ཞེ་ན། སྣང་བའི་ཆ་ཐབས་སུ་བྱས་པ་ཙམ་མ་གཏོགས་དོན་ལ་བསྐྱེད་རྫོགས་ཡ་མ་བྲལ་བར་ཉམས་སུ་ལེན་ཚུལ་ཡིན། དེ་ཡང་ཀུན་མཁྱེན་འཇིགས་གླིང་གིས་བསྐྱེད་རིམ་སྤྱིའི་ཆིངས་སུ། དང་པོ་བསྐྱེད་རིམ་སྐྱེ་གནས་རྣམ་པ་བཞིའི། །བག་ཆགས་སྦྱང་ཕྱིར་དེ་དང་མཐུན་པར་སྟོན། །བསྐྱེད་ཚུལ་འཁོར་བའི་རྣམ་པ་དང་མཐུན་པས། །སྲིད་པ་གསུམ་པོ་མ་ལུས་སྦྱོང་ཞིང་དག །མྱ་ངན་འདས་དང་བཞུགས་ཚུལ་མཐུན་པ་ཡི། །ལྷ་ཡི་རྣམ་པས་འབྲས་བུ་གཞི་ལ་རྫོགས། །གཉིས་ཀའང་རྫོགས་པའི་རིམ་པའི་སྨིན་བྱེད་དུ། །འགྲོ་བའི་དག་རྫོགས་སྨིན་གསུམ་སྤྱི་ལ་གཅེས། ཞེས་གསུངས་ནས། འཁོར་བ་དང་རྣམ་པ་མཐུན་པ་ཡིན་པས་ན་སྲིད་པ་སྦྱོང་ཞིང་དག མྱང་འདས་དང་བཞུགས་ཚུལ་མཐུན་པ་ཡིན་པས་ན་འབྲས་བུ་གཞི་ལ་རྫོགས། དེ་གཉིས་ཀ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་སྤྱིའི་གོ་དོན་སློང་བ་ལ་མེད་ཐབས་མེད་ཅེས་གསུངས་པ་རེད། དེའི་ཕྱིར་ན་སྟོང་ཉིད་སྙིང་རྗེ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་གསལ་སྣང་ལྷའི་མཚན་དཔེར་ཤར་བ་ཡིན་ཡང་། སྣང་དུས་ཉིད་ནས་རང་བཞིན་གྱིས་མ་གྲུབ་པའི་སྣང་སྟོང་གི་རང་བཞིན། མེ་ཏོག་དང་དྲི་བསུང་ལྟར་ཐབས་དང་ཤེས་རབ་གཉིས་འབྲེལ་བ་བསྐྱེད་རྫོགས་ཟུང་འཇུག་གི་དོན་མ་ནོར་མ་འཁྲུལ་བ་ཡིན་པ་རེད། དེས་ན་རྟེན་གཟུགས་སྐུ་རྣམ་པ་གཉིས་ཐོབ་བྱེད་ཀྱི་རྒྱུ་བསྐྱེད་རིམ་གྱིས་བྱེད། བརྟེན་པ་ཐུགས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཐོབ་བྱེད་ཀྱི་རྒྱུ་བསྐྱེད་རིམ་ལ་རྫོགས་རིམ་གྱི་ལྟ་བས་ཐེབས་པས་བྱེད་པ་ཡིན། དེ་ལྟར་རྒྱུ་མ་ནོར་བ་བསྐྱེད་རིམ་ལ་འཇུག་པའི་གཞི་ངེས་པར་བྱས་ནས། རྐྱེན་མ་འཁྲུལ་བ་ཇི་ལྟར་བསྒོམ་པའི་ལམ་གསུངས་པ་འདི་ལྟར་ཏེ། ཧཱུྃཿ མ་བཅོས་རིག་པ་སྟོང་གསལ་ངངཿ ལྷག་མཐོང་སྣང་ཆའི་རྟེན་འབྲེལ་ཀུནཿ ལྷུན་གྲུབ་དག་པ་རབ་འབྱམས་ཀྱིཿ དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའིཿ ཞེས་གསུངས་ཏེ། མ་བཅོས་རིག་པ་སྟོང་གསལ་ངང་ཞེས་གསུངས་པ་དེ་དབྱིངས་ལམ་བྱེད་རེད། སེམས་ཉིད་མ་བཅོས་གདོད་མའི་རིག་པ། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ། སྟོང་ཞིང་གསལ་ལ་གསལ་ཞིང་སྟོང་པ། གསལ་སྟོང་དབྱེར་མེད་ཡེ་ཤེས་ཀྱི་རང་གདངས་ལས། ལྷག་མཐོང་སྣང་ཆའི་རྟེན་འབྲེལ་ཀུན་ཅེས་གསུངས་པ་དེ་ཡེ་ཤེས་ལམ་བྱེད་རེད། མ་བཅོས་སྟོང་གསལ་གྱི་རིག་པ་གསལ་གདངས་ངར་དང་བཅས་པ་ཞིག་ཁོང་ནས་འཆར་བའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད། བཅོས་མའི་བསྐྱེད་ཆོག་ལ་མི་ལྟོས་པར་གཞི་ཀ་དག་དང་ལྷུན་གྲུབ། ལམ་ཁྲེགས་ཆོད་དང་ཐོད་རྒལ་གཉིས་ལ་བརྟེན་པ་ཞིག་ཡིན་པ་དང་། ལྷག་མཐོང་སྣང་ཆའི་རྟེན་འབྲེལ་དུ་ཤར་བའི་སྣོད་བཅུད་ཐམས་ཅད་ལྷུན་གྲུབ་དག་པ་རབ་འབྱམས། མ་དག་པ་བཙལ་ཀྱང་མི་རྙེད་པའི། དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི། ཞེས་གསུངས་ན། དཀྱིལ་འཁོར་ཞེས་པ་འདི་གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའམ་བརྟེན་པ་ལྷའི་ཚོགས་རྟེན་གཞལ་ཡས་ཁང་དང་བཅས་པ་ལ་འཇུག་ཅེས་གསུངས་ཤིང་། འདི་ལ་གཞི་ལམ་འབྲས་གསུམ་གྱི་དཀྱིལ་འཁོར་ཡོད། འདིར་ལམ་བཤད་པའི་སྐབས་ཡིན་པས་མཚོན་བྱེད་དཔེའི་གཟུགས་བརྙན་གྱི་དཀྱིལ་འཁོར་དང་མཚོན་བྱ་དོན་གྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ་གཉིས་ཡོད་པའི་ནང་ནས་མཚོན་བྱ་དོན་གྱི་དཀྱིལ་འཁོར་དེ། ལུས་དཀྱིལ་ལྷ་རུ་གསལ། ངག་དཀྱིལ་སྔགས་སུ་གསལ། ཐུགས་དཀྱིལ་དུག་ལྔ་ཡེ་ཤེས་ལྔར་ལམ་དུ་བྱས་ནས། འཁོར་བ་མ་སྤང་གནས་སུ་དག་པའི་ལྟ་དགོངས་ཁྱད་པར་ཅན་བསྐྱེད་རིམ་སྣང་ཆའི་གསལ་སྣང་དང་སྦྲེལ་བ་ཞིག་ཡིན་དགོས་པ་རེད། འདི་ལ་རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ། གཉིས་མེད་ཡེ་ཤེས་ཆེན་པོ་སྟེ་དབྱེ་སྒོ་གསུམ་ལས། རྟེན་གཞལ་ཡས་ཁང་ནི་དཀྱིལ་འཁོར་གྱི་དབུས་ཀྱི་ལྟེ་བ་ནས་ཕྱོགས་ཀྱི་བཀོད་པ་ཕོ་བྲང་གྲུ་བཞི་སྒོ་བཞི་བ། མཚན་ཉིད་ཚང་བའི་བཀོད་པས་ཀུན་ནས་བསྐོར་བའི་དལ་དེ་གནས་ཕུན་སུམ་ཚོགས་པ། བརྟེན་པ་ལྷ་ཡི་དཀྱིལ་འཁོར་ནི་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་ལྷ་ཚོགས་ཏེ་སྟོན་པ་དང་འཁོར་ཕུན་སུམ་ཚོགས་པ། གཉིས་མེད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནི་མ་བཅོས་རང་བྱུང་གི་རིག་པའི་ཡེ་ཤེས་ལ་རང་རྩལ་རང་གདངས་འགག་མེད་དྲན་རིག་ཤེས་པས་བསྐོར་བ། སྤྲོས་བྲལ་ནང་གི་ཡེ་ཤེས་གཞི་ལས་མ་གཡོས་བཞིན་དུ་རྟོག་ཚོགས་རང་སར་དག་པའི་ཡེ་ཤེས་ལྔ་རང་ཆས་སུ་ཡོད་པ་ཆོས་དང་དུས་ཕུན་སུམ་ཚོགས་པ་སྟེ། དབྱེ་སྒོ་གསུམ་དང་ལྡན་པའི་དཀྱིལ་འཁོར་ཕུན་སུམ་ཚོགས་པ་ལྔ་དང་སྦྲེལ་ནས་གསལ་འདེབས་བྱེད་ཆོག་པ་རེད། ཕོ་བྲང་གཞལ་མེད་ཉམས་དགའ་བཿ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡནཿ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའིཿ ཕྱི་ནང་ཟང་ཐལ་ཆེན་པོའི་དབུསཿ ཞེས་གསུངས་ཏེ། གནས་རྣམ་པར་དག་པ་ཡེ་ཤེས་རང་སྣང་ལྷུན་གྱིས་གྲུབ་པའི་འོག་མིན་དག་པའི་ཞིང་ཁམས་རྒྱ་ཁྱོན་ཚད་ཀྱིས་མི་ལང་པ། ལྷུན་གྲུབ་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་རྫོགས་པའི་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོའི་དབུས་ན། ཕོ་བྲང་གཞལ་མེད་ཉམས་དགའ་བ་ཞེས་གསུངས་ན། ཡོན་ཏན་གྱི་ཚོགས་མ་འདྲེས་པ་མང་པོ་དཔག་ཏུ་མེད་པ་ཚོགས་ཤིང་རྒྱས་པའི་ཕོ་བྲང་ཆེན་པོ། དབྱིབས་གྲུ་བཞི་བ། སྐུ་གསུམ་སྟེ་ཆོས་ལོངས་སྤྲུལ་གསུམ་གྱི་གཞལ་ཡས་ཁང་སྟེང་འོག་བར་གསུམ་ཅན། ཕོ་བྲང་ཆེན་པོ་དེ་ཉིད་ཀྱི་ཤར་དཀར། ལྷོ་མཐིང་། ནུབ་དམར། བྱང་ལྗང་ཁུའི་མདོག་ཅན། དེ་ཡང་ཤར་མེ་ལོང་ལྟ་བུའི་ཡེ་ཤེས་མཚོན་པའི་ཁ་དོག་ཆུ་ཤེལ་དཀར་པོ་ལས་གྲུབ་པ། ལྷོ་ཆོས་དབྱིངས་ཡེ་ཤེས་མཚོན་པའི་ཁ་དོག་བཻཌཱུརྱ་མཐིང་ག་ལས་གྲུབ་པ། ནུབ་སོར་རྟོགས་ཡེ་ཤེས་མཚོན་པའི་ཁ་དོག་པདྨ་རཱ་ག་དམར་པོ་ལས་གྲུབ་པ། བྱང་བྱ་གྲུབ་ཡེ་ཤེས་མཚོན་པའི་ཁ་དོག་ཨིནྡྲ་ནཱི་ལ་ལྗང་གུ་ལས་གྲུབ་པ། སྟེང་མཉམ་ཉིད་ཡེ་ཤེས་མཚོན་པའི་ཁ་དོག་སེར་པོ་གསེར་ལས་གྲུབ་པ་དང་། ཕྱོགས་བཞི་ན་སྒོ་བཞི་ཡོད་པ་དེས་དངོས་པོ་དང་མཚན་མར་འཛིན་པའི་སྒྲིབ་པ་ལས་གྲོལ་བའི་རྣམ་ཐར་སྒོ་བཞི་མཚོན། དེ་ཡང་མཚན་ཉིད་ཐེག་པའི་སྐབས་དང་མི་འདྲ་བར་སྔགས་ཀྱི་སྐབས་སུ་རྣམ་ཐར་སྒོ་བཞི་ཞེས། སྟོང་ཉིད་མཚན་མེད་སྨོན་མེད་གསུམ་གྱི་སྟེང་ལ་མངོན་པར་འདུས་མ་བྱས་པའི་སྒོ་བསྣན་པས་བཞིར་གསུངས་ཏེ། ཤར་ན་ཆོས་ཐམས་ཅད་ཡེ་ནས་ངོ་བོ་ཉིད་མེད་པར་མཚོན་པའི་སྟོང་པ་ཉིད་ཀྱི་སྒོ། ལྷོ་ན་སྣང་དུས་ཉིད་ནས་རང་བཞིན་མེད་པ་མཚན་མ་མེད་པའི་སྒོ། ནུབ་ན་དགག་སྒྲུབ་བླང་དོར་མེད་པ་སྨོན་པ་མེད་པའི་སྒོ། བྱང་ན་དེ་དག་གི་རང་བཞིན་རྟོགས་པས་སེམས་ཉིད་བྱ་རྩོལ་མེད་པ་མངོན་པར་འདུས་མ་བྱས་པའི་སྒོ་སྟེ་རྣམ་ཐར་སྒོ་བཞི་དང་ལྡན་པ། གཞན་གཞལ་ཡས་ཁང་གི་རྩིག་པ་ལ་ཡེ་ཤེས་འགྱུར་བ་མེད་པའི་རིན་པོ་ཆེའི་ཕ་གུ་ཕྱོགས་མདོག་ཅན། དེ་དག་གི་སྟེང་ལ་ཐུགས་རྗེས་འགྲོ་བ་སྐྱོབ་པའི་བརྡ་རུ་མདའ་ཡབ་ཕྱིར་ལ་འཕྱང་བ། ཁ་བད་ཀྱི་གདུང་སྣེ་ཐམས་ཅད་ལ་སྐུ་གསུམ་འདུ་འབྲལ་མེད་པར་འགྲོ་དོན་འབྱུང་བའི་མཚོན་བྱེད་དུ་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་འཆང་བ་དང་དེ་དག་གི་ཕྲེང་བས་བརྒྱན་པ། ཉི་ཟླའི་ཟ་ར་ཚགས། དར་གྱི་ལྡ་ལྡི། རྔ་ཡབ་ནོར་བུའི་ཡུ་བ་ཅན་གྱི་ཆུན་འཕྱང་། ཤར་བུ་དང་པུ་ཤུའི་རྒྱན་དང་། རྡོ་རྗེ་ནོར་བུའི་ཏོག་གིས་མཛེས་པ་སོགས་གཞལ་ཡས་ཁང་གི་བཀོད་པ་སྣ་ཚོགས་མ་ཚང་བ་མེད་པ། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ཡེ་ཤེས་འོད་གསལ་སྒྲིབ་གཡོག་དང་བྲལ་བའི་མཚོན་བྱེད་དུ་གཞལ་ཡས་ཁང་དང་ཕྱི་ནང་གི་རྒྱན་ཐམས་ཅད་རགས་པར་མ་གྲུབ་པར་དྭངས་མ་འཇའ་འོད་ཀྱི་རྣམ་པར་གསལ་འདེབས་དགོས་པ་རེད། ཡེ་ཤེས་རང་སྣང་ལས་མ་འདས་པ་ཡིན་པའི་ཕྱིར་ན་གཅིག་གིས་གཅིག་མི་སྒྲིབ་པར་ཕྱི་ནང་ཟང་ཐལ་བ་ཀུན་ཏུ་ཡང་ནང་དུ་གྱུར་བ། འདོད་ཡོན་གྱི་སྣམ་བུའི་སྟེང་དག་དང་གཞལ་ཡས་ཁང་གི་ཕྱོགས་བཅུ་ཐམས་ཅད་ན་འདོད་ཡོན་གྱི་ལྷ་མོ་མང་པོ་འཕྲོས་པས་མཆོད་པའི་སྤྲིན་སྤྲོ་བཞིན་ཡོད་པ། དེ་ཡང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཡིས་ཕྱོགས་ཐམས་ཅད་ཁེངས་ནས་མཆོད་པའི་སྤྲིན་ཕུང་འཁྲིགས་པ་ཉིད་འདོད་ཡོན་ཐམས་ཅད་རྒྱན་དུ་རོལ་པའི་མཚོན་བྱེད་ལ་སོགས་ཡིན་པ་རེད། བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའི། ཕྱི་ནང་ཟང་ཐལ་ཆེན་པོའི་དབུས་ཞེས་གསུངས་ན། བརྡ་དོན་རྟགས་གསུམ་སྟེ་བརྡ་ཡོན་ཏན་གྱི་ཚོགས་ཕུན་སུམ་ཚོགས་པ་འཛོམས་ཤིང་རྒྱས་པའི་བརྡ་རུ་ཕོ་བྲང་གྲུ་བཞི་བ་ཡིན་པ་དང་། དོན་ཆོས་དབྱིངས་འགྱུར་བ་མེད་པ་སྣང་སྲིད་གཞིར་བཞུགས་ཀྱི་དཀྱིལ་འཁོར་མཚོན་པ། རྟགས་ཆོས་ལོངས་སྤྲུལ་གསུམ་མཚོན་བྱེད་དུ་སྟེང་འོག་བར་གསུམ་གྱི་གཞལ་ཡས་ཁང་དང་། ཡེ་ཤེས་ལྔ་ཡི་མཚོན་རྟགས་སུ་ཕྱོགས་བཞིའི་ཕྱོགས་མདོག་དང་སྟེང་གི་ནམ་མཁའ་མཚམས་བཞི་དང་བཅས་པ་མཐིང་མདོག་ཏུ་ཡོད་པ་ལྟ་བུ་བཅས་རེད། དེ་ལྟ་བུའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ཕོ་བྲང་ཆེན་པོ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མཚོན་པ་དང་གཞི་ལམ་འབྲས་བུའི་བརྡ་དོན་རྟགས་གསུམ་ཡོངས་སུ་རྫོགས་པའི་ཕྱི་ནང་ཟང་ཐལ་ཆེན་པོའི་དབུས་སུ། སྣ་ཚོགས་པདྨ་ཉི་ཟླའི་སྟེངཿ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུཿ བདག་ཉིད་སངས་རྒྱས་ཀུན་ཀྱི་དངོསཿ ཞེས་སྣ་ཚོགས་པདྨ་ཉི་ཟླའི་སྟེང་ཞེས་པ་མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་བཞིན་དུ་ཉེས་པའི་སྐྱོན་ཐམས་ཅད་ཀྱིས་གོས་པ་མེད་པའི་བརྡ་དང་། སྣ་ཚོགས་པདྨ་ཞེས་པ་ཁ་དོག་སྣ་ཚོགས་པའི་པདྨའི་སྟེང་ན། སེམས་ཉིད་ཡེ་ནས་རང་བཞིན་གྱིས་འོད་གསལ་ཞིང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བརྡ་རྟགས་སུ་ཉི་ཟླའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་ན། ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ་ཞེས་ཧཱུྃ་འདི་ལྷའི་ས་བོན་ཡིན་པ་རེད། འདི་ཨ་ནུ་ཡོ་གའི་བསྐྱེད་རིམ་གྱི་སྙིང་པོ་དྲན་པའམ་མཚན་བརྗོད་པ་ཙམ་གྱིས་སྣང་བ་ལྷའི་ཕྱག་རྒྱར་ཤར་བ་དང་། ཨ་ཏིའི་ཨ་ནུའམ། ཨ་ནུའི་ཨ་ཏི་ཡིན་པས་སྐད་ཅིག་དྲན་རྫོགས་ཏེ་སྙིང་པོ་དྲན་པ་ཙམ་གྱིས་རྫོགས་པ་ཡིན་ཞིང་། བདག་ཉིད་སངས་རྒྱས་ཀུན་ཀྱི་དངོས་ཞེས་གསུངས་པ་བདག་ཉིད་མ་བཅོས་ཐ་མལ་དུ་གནས་པར། སྐད་ཅིག་དྲན་རྫོགས་སུ་ཞེས་པའི་སྐད་ཅིག་དེ་ཉིད་དབང་པོ་རྣོ་རྟུལ་དང་གོམས་པ་བཟང་ངན་གྱིས་དུས་མཐའི་སྐད་ཅིག་དང་བྱ་རྫོགས་སྐད་ཅིག་གཉིས་ཀར་གོ་བའི་སྐབས་ཡོད་པ་རེད་སྙམ། བསྐྱེད་རིམ་དེ་ཉིད་དོན་གྱི་སྟེང་ནས་བཤད་ན་གཅིག་ཆར་ཡིན་ཡང་ཚིག་གི་སྟེང་ནས་རིམ་ཅན་དུ་བཤད་དགོས་པས་ན། སངས་རྒྱས་ཀུན་ཀྱི་དངོས་ཞེས་གསུངས་ན། དེ་ཡང་གུ་རུ་རིན་པོ་ཆེ་ཁོང་རང་ཉིད་ཀྱིས། ང་བསྒྲུབས་སངས་རྒྱས་ཐམས་ཅད་འགྲུབ། ཅེས་གསུངས་པ་ལྟར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ངོ་བོ་གཅིག་ཡིན་པ་དང་། གུ་རུ་རིན་པོ་ཆེ་སངས་རྒྱས་ཀུན་ཀྱི་ཞལ་སྐྱིན་ཡིན་པས་སངས་རྒྱས་དངོས་ཞེས་གསུངས་ཏེ། དེ་ཡང་གུ་རུ་རིན་པོ་ཆེ་ལ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་ཞེས་གསོལ་བ་བཏབ་པ་ལྟར་དུ་གུ་རུ་རིན་པོ་ཆེ་ནི་འདས་པའི་སངས་རྒྱས་ཀྱི་རྒྱལ་ཚབས། ད་ལྟའི་སངས་རྒྱས་ཀྱི་སྤྲུལ་བ། མ་འོངས་སངས་རྒྱས་ཀྱི་འབྱུང་ཁུང་ཡིན་པས། ཐུགས་རྗེས་འགྲོ་བ་འདུལ་བའི་དོན་དུ་སྐུ་གཅིག་ལ་མཚན་གྱི་རྣམ་གྲངས་མང་པོ་བསམ་གྱིས་མི་ཁྱབ་པར་མཐའ་ཀླས་ནས་ཞིང་ཁམས་རྒྱ་མཚོའི་འགྲོ་བ་འདུལ་བཞིན་ཡོད་པ་དང་། དམུ་རྒོད་ཀྱི་འགྲོ་བ་འདུལ་བའི་ཆེད་དུ་ཞི་རྒྱས་དབང་དང་དྲག་པོའི་རྣམ་རོལ་མང་པོའི་སྐུར་སྣང་བཞིན་ཡོད་པ་ལས། སྐབས་འདིར་བསྟན་ལ། སྣང་སྲིད་ཟིལ་གནོན་པདྨ་འབྱུངཿ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངསཿ ཐེག་གསུམ་རྫོགས་པའི་བརྡ་རྟགས་སུཿ ཕོད་ཁ་ཆོས་གོས་བེར་འདུང་མནབསཿ ཞེས་གསུངས་ཏེ། སྣང་སྲིད་ཟིལ་གྱིས་གནོན་པའི་ཆ་ལུགས་སུ་སྣང་བའི་སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཉིད་ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས་ཞེས་ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་བྱེད་དུ་ཞལ་གཅིག ཐབས་དང་ཤེས་རབ་མཚོན་བྱེད་དུ་ཕྱག་གཉིས། དབྱིངས་བདེ་སྟོང་ཟུང་དུ་འཇུག་པའི་བརྡ་རུ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་དུང་ལ་ཕོ་ཚོས་བཀུས་པ་ལྟ་བུ། ཞལ་འཛུམ་མདངས་ཞི་བའི་རྣམ་པ་དང་། སྤྱན་རྗེས་ཆགས་དབང་དྲག་གཉིས་ཀ་འཛོམས་པའི་ཁྲོ་འཛུམ་གྱི་ཉམས་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ལྷ་ལྕམ་མནྡ་ར་བའི་གུ་རུའི་བརྡ་བསྟོད་ནང་དུ། རི་རབ་ལྟ་བུར་སྐུ་ནི་ལྷུན་མདངས་མཐོ། །རི་རྒྱལ་བུམ་པ་ལྟ་བུར་དབུ་ནི་ཟླུམ། །བུང་བ་ཨུཏྤལ་ལྟ་བུར་དབུ་སྐྲ་མཛེས། །ཟླ་བ་རྒྱས་པ་ལྟ་བུར་དཔྲལ་བའི་དབྱེས། །སྐར་ཆེན་ཤར་འདྲ་སྤྱན་གཉིས་གནག་ལ་རིང་། །འདི་ཡི་སྨིན་མ་ཁྱུང་ཆེན་ལྡིང་བ་འདྲ། ལ་སོགས་པ་གསུངས་པ་ལྟར་མཚན་དཔེས་བརྒྱན་པ། དབུ་སྐྲ་ལྕང་ལོས་སྐུ་རྒྱབ་ཁེབས་པ། ཐེག་གསུམ་རྫོགས་པའི་བརྡ་རྟགས་སུ་ཕོད་ཁ་ཆོས་གོས་བེར་འདུང་མནབས་ཞེས་གསུངས་ཏེ། སོ་བྱང་སྔགས་གསུམ་གྱི་ཐེག་པ་རྫོགས་པའི་བརྡ་རྟགས་སུ། ཕོད་ཁ་ཞེས་པ་བེར་གྱི་རིགས་ཤིག་སྟེ། གསང་སྔགས་ཀྱི་ཐེག་པ་རྫོགས་པའི་བརྡ་རྟགས་སུ་རྒྱུ་ཟ་འོག་ལས་གྲུབ་པའི་ཕོད་ཁ་མཐིང་ནག་མནབས་པ་དང་། དེའི་སྟེང་དུ་སོ་ཐར་གྱི་ཐེག་པ་རྫོགས་པའི་བརྡ་རུ་ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན་གསོལ་བ། བེར་འདུང་ཞེས་གསུངས་ན་གོང་གི་ཟ་འོག་གི་ཕོད་ཁ་བེར་ཆེན་མཐིང་ནག་གི་ནང་ལ་བྱང་སེམས་ཀྱི་ཐེག་པ་རྫོགས་པའི་བརྡ་རྟགས་སུ་བེར་གྱི་རིགས་གཞན་འདུང་མ་དམར་པོ་དང་། ཐམས་ཅད་ཀྱི་ནང་ལ་རྡོ་རྗེའི་གསང་གོས་དཀར་པོ་མནབས་ཡོད་པ་རེད། ན་བཟའ་འདི་ཚོ་ཟ་ཧོར་རྒྱལ་པོའི་ཆས་རེད། ཟ་ཧོར་རྒྱལ་པོས་ཙན་དན་གྱི་ཤིང་ལ་ཏིལ་མར་གྱིས་ངར་བཏགས་ནས་གུ་རུ་རིན་པོ་ཆེ་གསོན་སྲེག་བྱེད་སྐབས། སྔོན་ཆད་བསྲེགས་ཚད་ཚང་མ་ཞག་མ་གསུམ་གྱིས་དུ་བ་ཆད། གུ་རུ་རིན་པོ་ཆེ་བསྲེགས་སྐབས་ཉིན་ཞག་བདུན་ལ་དུ་བ་མ་ཆད་པས། ཟ་ཧོར་རྒྱལ་པོ་ཡིད་མ་ཆེས་ཏེ་རྒྱལ་བློན་ཐམས་ཅད་བལྟ་བར་ཡོང་ཚེ། ས་ཕྱོགས་དེ་ཉིད་ཆུའི་རྒྱ་མཚོར་གྱུར། རྒྱ་མཚོའི་མཐར་མེ་འོབས་ཆེན་པོ་ཞིག་གིས་བསྐོར། མེ་ལྕེ་ཐམས་ཅད་ཕྱིར་འབར་བཞིན་ཡོད་པ་དང་། རྒྱ་མཚོའི་དཀྱིལ་ལ་མེ་ཏོག་པདྨའི་སྡོང་པོ་ཆེན་པོ་ཞིག་སྐྱེས་ནས་པད་སྡོང་གི་སྟེང་ན་གུ་རུ་རིན་པོ་ཆེ་སྔར་ལས་མཛེས་མདངས་འབར་བའི་གཟི་བྱིན་ཐིབས་སེར་བཞུགས། སྐུ་གྲང་གྲང་བསིལ་བསིལ་ལྟར་བཞུགས་པའི་མཐའ་བསྐོར་ཐམས་ཅད་འཇའ་དང་འོད་ཀྱིས་ཁེངས་ནས། ལྷ་ལྕམ་མནྡ་ར་བ་འདྲ་བའི་མཁའ་འགྲོ་མ་བརྒྱ་ཡིས་བསྟོད་པ་འབུལ་བཞིན་ཡོད་པ་མཇལ་ཏེ། རྒྱལ་པོ་རང་གི་མིག་ལ་རང་ཡིད་མ་ཆེས་པས་མིག་ཕྱིས་ནས་ཡང་ལྟ་བྱས་ཚེ་ད་དུང་དེ་བཞིན་དུ་ཡོད་པར་མཇལ། དེ་ནས་རྒྱལ་པོ་ངོ་མཚར་ཏེ་འགྱོད་པ་དྲག་པོ་སྐྱེས། མགོ་ལུས་ས་ལ་བརྡབས། ངས་འདི་འདྲའི་ལས་ཉེས་ཤིག་བྱས་འདུག་ཟེར་ནས་བཤགས་པ་བྱས་ཏེ། རྒྱལ་སྲིད་ཡུལ་འཁོར་དང་བཅས་པ་གུ་རུ་རིན་པོ་ཆེར་ཕུལ། དེ་ཡང་ཟ་ཧོར་རྒྱལ་པོས། ང་ཡི་ཞྭ་གོས་ཐམས་ཅད་ཁྱེར་ལ་ཤོག །ཤིང་རྟ་གདུགས་དང་རྒྱལ་མཚན་ལོངས་ལ་ཤོག ཅེས་ཟ་འོག་བེར་མཛོད་གསར་པའི་ནང་ནས་སྣང་སྲིད་ཟིལ་གནོན་གྱི་སྐུ་ཆས་ཟ་ཧོར་རྒྱལ་པོའི་ཆ་ལུགས་དེ་ཉིད་དེ་དུས་ཕུལ་བ་རེད། པདྨ་བཀའ་ཐང་དུ། སྐུ་ལ་རྒྱལ་པོའི་ཟ་བེར་སྔོ་བཀྲ་གསོལ། །དེ་ནས་ལེ་རྒན་དམར་དང་ཟ་འོག་དང་། །དེ་ནས་བེར་ཆེན་སྣ་ལྔ་ལྔ་བརྩེགས་གསོལ། ཞེས་སོགས་གསུངས། བཅོམ་ལྡན་འདས་དཔལ་ཆེན་པོས་རུ་ཏྲ་བཏུལ་ནས། རུ་ཏྲའི་ཆས་མང་ལ་ཡང་བ་དཔའ་རྟགས་ཀྱི་ཚུལ་དུ་བཞེས་ནས་ཁྲོ་བོའི་ཆས། དཔལ་གྱི་ཆས་དགུ། དུར་ཁྲོད་ཀྱི་ཆས་བརྒྱད་སོགས་སུ་གྱུར་བ་ལྟར་ཟ་ཧོར་རྒྱལ་ཁམས་དབང་དུ་བསྡུས་ནས་དཔའ་རྟགས་མངའ་གསོལ་གྱི་ཚུལ་དུ་བཞེས་པའི་ཆས་ཡིན་པ་རེད། དེ་བཞིན་དུ་སྙན་རྒྱན། དར་དཔྱང་། ཕྱག་གདུབ། མགུལ་རྒྱན། ཐུགས་རྒྱན་ལ་སོགས་པ་ཤུགས་བསྟན་ཞོར་འབྱུང་དུ་གོ་དགོས། གུ་རུ་རིན་པོ་ཆེས་ཟ་ཧོར་རྒྱལ་པོ་འཁོར་བཅས་ཀྱི་ཚོགས་རྫོགས་པའི་ཆེད་དུ། ཟ་ཧོར་རྒྱལ་པོས་ཕུལ་བའི་ཆས་ཆ་ལུགས་ཐམས་ཅད་བཞེས་ནས། སྔགས་ཀྱི་ཆོས་འཁོར་དེ་ཉིད་ཁྱབ་བརྡལ་དུ་དེ་དུས་བསྐོར་མཛད་པ་རེད། དེའི་སྐབས་སུ་སྐལ་ལྡན་གྱི་སློབ་མ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་ལྔ་དང་བཅུ། བརྒྱ་ཚོ་དང་སྟོང་ཚོ་ཙམ་མ་ཡིན་པར། ཟ་ཧོར་མ་སྨིན་བར་དུ་བསྡད་ཅེས་གསུངས། ཞེས་དང་། སེམས་ཅན་མ་སྨིན་པ་ནི་གཅིག་ཀྱང་མེད། ཅེས་གསུངས་པ་ལྟར་ཡུལ་འཁོར་ཆེན་པོ་དེའི་ལས་བཟང་ངན་ལ་མ་ལྟོས་པའི་མི་ཚོགས་ཐམས་ཅད་སངས་རྒྱས་ཀྱི་སར་ཁྱུ་དེད་བཏང་བའི་དེ་འདྲའི་མཛད་ཆེན་བསྐྱངས་པས། གུ་རུའི་རྣམ་ཐར་གྱི་ནང་དུ་ཐུན་མོང་པའི་སྣང་ངོ་རུ་འགྲོ་འདུལ་འཕྲིན་ལས་ཀྱི་ཐོག་མ་དེ་ནས་རྒྱས་པ་རེད། སྐུ་ཆས་དེ་དག་དེ་ཚུན་ཆད་ལས་མེད་པས། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཕྲིན་ལས་ཐུན་མོང་མ་ཡིན་པས་རྗེས་སུ་འཛིན་པར་འདོད་ན་འདི་གཙོ་བོ་བྱེད་དགོས་པ་རེད། གཞན་ཡང་སྣང་སྲིད་ཟིལ་གནོན་ཞེས་ཆ་བྱད་སྣ་ཚོགས་བསྲེས་པ་འདིས་འདོད་དགུར་བསྒྱུར་བའི་འཕྲུལ་མཚན་དང་མཛད་པ་སྣ་ཚོགས་ཅན་དུ་ཡང་མཚོན་ཐུབ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགསཿ གཡོན་པས་བྷནྡྷ་ཚེ་བུམ་བསྣམསཿ མཆན་ཁུང་གཡོན་ན་ལྷ་ལྕམ་མཛེསཿ དབུ་ལ་པདྨའི་མཉེན་ཞུ་གསོལཿ རྒྱལ་པོ་རོལ་པའི་སྟབས་སུ་བཞུགསཿ ཞེས་གསུངས་ཏེ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགས་ཞེས་ཕྱག་གཡས་པས་སྐུ་ལྔ་ཡེ་ཤེས་ལྔ་མཚོན་པའི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྡིགས་ཤིང་རྡེག་པའི་ཚུལ་གྱིས་བར་སྣང་ལ་གདེངས་ཡོད་པ། སྤྱིར་གུ་རུ་སྣང་སྲིད་ཟིལ་གནོན་རྐྱང་པ་གསུངས་པའི་སྐབས་སུ་ཕྱག་གཡས་ཞབས་པུས་གཡས་པའི་སྟེང་ནས་རྡོ་རྗེ་གདེངས་བའི་ཚུལ་ཅན་ཞིག་ཀྱང་ཡོད་པ་རེད་མོད། འདི་ནས་སྣང་སྲིད་ཟིལ་གནོན་པདྨ་འབྱུང་ཞེས་གསུངས་ནས་རིག་འཛིན་འདུས་པའི་སྐུར་བསྒོམ་དགོས་དུས་ཕྱག་གཡས་པས་བར་སྣང་དུ་རྡོ་རྗེ་བསྡིགས་པའི་ཚུལ་གྱིས་བསྣམས་པ་ཞིག་ཏུ་གསལ། རྡོ་རྗེ་དེ་ཉིད་སུ་ལ་བསྡིགས་པ་རེད་ཅེ་ན། ཕྱི་སྣང་སྲིད་ཀྱི་ལྷ་འདྲེ་མ་རུངས་བ། ནང་ཉོན་མོངས་དུག་ལྔ་དུག་གསུམ། གསང་བ་གཟུང་འཛིན་གྱི་རྟོག་ཚོགས་ལ་བསྡིགས་པ་དེ་འདྲ་ཞིག་ཏུ་གསལ་དགོས་པ་རེད། གཡོན་པས་བྷནྡྷ་ཚེ་བུམ་བསྣམས་ཞེས་ཕྱག་གཡོན་པས་བྷནྡྷ་སྟེ་ཀ་པ་ལ་བདུད་རྩིས་གང་བ་ཚེ་བུམ་དང་ཟུང་འབྲེལ་དུ་བསྣམས་པ། ཟག་མེད་ཀྱི་བདུད་རྩི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱིས་གདུལ་བྱ་རྗེས་སུ་འཛིན་པའི་བརྡ་དང་། འཆི་མེད་ཚེ་ཡི་རིག་འཛིན་ལ་མངའ་བརྙེས་ནས་རིག་འཛིན་རྣམ་པ་བཞིའི་ས་ལམ་ལ་བགྲོད་པའི་རྟགས་སུ་ཕྱག་མཚན་ཟུང་འབྲེལ་ལ་བསྣམས་པ། མཆན་ཁུང་གཡོན་ན་ལྷ་ལྕམ་མཛེས། ཞེས་སྲིད་དང་ཞི་བར་མི་གནས་ཤིང་མ་ཆགས་ཐབས་ཀྱི་རོལ་རྩེད་ཀྱིས་མཁའ་འགྲོ་མ་ཚོགས་དབང་དུ་སྡུད་ཅིང་། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ངེས་པ་འཆང་བའི་རྟགས་སུ། མཆན་ཁུང་གཡོན་ཕྱོགས་སུ་ལྷ་ལྕམ་མནྡ་ར་བ་མཛེས་འཛུམ་སྒེགས་པའི་ཉམས་ཅན་གྱིས་འཁྲིལ་ཡོད་པ། དབུ་ལ་པདྨའི་མཉེན་ཞུ་གསོལ་ཞེས་གསུངས་ན། པདྨའི་མཉེན་ཞུ་འདི་མཚམས་རེར་པདྨ་མཐོང་གྲོལ་ལ་ངོས་འཛིན་དུས་ཡོད་པ་ཨེ་ཡིན་ནམ། ཤ་བའི་མཉེན་ཞུ་གསུངས་པའི་སྐབས་སུ་པདྨ་མཐོང་གྲོལ་དང་པདྨ་ཁ་འབུས་གཉིས་ཀ་མ་ཡིན་པ་དེར་གོ་དགོས་པ་རེད་སྙམ། གང་ལྟར་གོང་དུ་ཞུས་པ་ལྟར་ཟ་ཧོར་རྒྱལ་པོས། ང་ཡི་ཞྭ་གོས་ཐམས་ཅད་ཁྱེར་ལ་ཤོག་ཅེས་གསུངས་པའི་དབུ་ཞྭ་དེ། དབུ་ལ་རྒྱལ་པོའི་དབུ་ཞྭ་པད་འདབ་ཅན། །ནོར་བུ་ཁ་དོག་མི་གཅིག་ལྔ་བརྩེགས་ལ། །གསེར་གྱི་རྡོ་རྗེ་རྩེ་དགུ་བཙུགས་པ་ཡི། །རྩེ་མོར་རྒོད་ཀྱི་རྩེ་རྒྱས་མཛེས་པ་དང་། །དར་སྣ་མང་པོའི་ཅོད་པན་དག་གིས་བརྒྱན། །རིན་ཆེན་གསེར་གྱི་ཉི་ཟླ་གསལ་བའི་ཞྭ། ཞེས་གསུངས་པ་དེ་ཉིད་ཡིན་དགོས་འདུག བྲིས་ཆ་ཕྱག་ལེན་ཚང་མ་དེ་ཉིད་དང་མཐུན་པ་རེད། ལྟ་བ་ཡས་འབུབས་ཀྱི་རྟགས་སུ་རྒོད་ཀྱི་ལྡེམ་འཕྲུའི་རྩེ་རྒྱལ། ཡེ་ཤེས་ཀློང་དགུའི་རང་རྟགས་སུ་རྡོ་རྗེ་རྩེ་དགུའམ་སྐུ་ལྔའི་དབང་རྫོགས་ཀྱི་རྟགས་སུ་རྡོ་རྗེ་རྩེ་ལྔའི་ཏོག་གིས་མཛེས་པ། འཕྲིན་ལས་འགྲོ་དོན་སྣ་ཚོགས་ཀྱི་བརྡ་རུ་དར་སྣ་ཚོགས་ཀྱི་ཅོད་པན་ནམ་དར་དཔྱངས་ཀྱིས་བརྒྱན་པ། མདོ་སྔགས་བསྟན་གཉིས་ཟུང་འབྲེལ་གྱི་བརྡ་རུ་གསེར་གྱི་ཉི་ཟླས་བརྒྱན་པ། དབང་རྟགས་རིགས་ལྔའི་ཅོད་པན་གྱི་རྟགས་སུ་དབུ་ཞྭའི་པད་འདབ་འདབ་མ་ལྔ་པ་ཅན། རྒྱལ་པོ་རོལ་བའི་སྟབས་སུ་བཞུགས། ཞེས་གསུངས་ན། གུ་རུ་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་བཞུགས་སྟངས་ལ་ཞབས་གཉིས་རྒྱལ་པོ་རོལ་སྟབས་ཏེ། ཞབས་གཡོན་བསྐུམས་པའི་སྐྱིལ་ཀྲུང་ལ། གཡས་པ་ཕྱི་ལ་ཅུང་ཟད་གྱེད་པ། དེ་ལ་དག་དྲན་གྱི་དགོས་པ་ཅི་འདྲ་ཡོད་པ་རེད་ཅེ་ན། འབྱོན་ལ་རིངས་བའི་སྟངས་སྟབས་ཡིན་པ་རེད། འདིས་རང་དོན་སྤང་རྟོགས་མཐར་ཕྱིན་ཀྱང་གཞན་དོན་འཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་ཆད་པ་མཚོན་པ་རེད། སྐུ་ཡོངས་རྫོགས་འགྱིང་བག་གི་ཉམས་ཀྱིས་བཞུགས་པ་བདེ་སྟོང་གར་གྱི་ཉམས་དགུས་སྒེགས་པས་མ་ཚད། ལྷག་པར་སྙིགས་མའི་དུས་ཀྱི་གདུལ་དཀའི་འགྲོ་བ་འདུལ་བ་ལ་འཇིགས་པ་མེད་པ་དཔའ་བའི་ཆེ་རྟགས་ཀྱང་མཚོན་པ་རེད། དབུ་གཙུག་འཇའ་ཟེར་ཐིག་ལེའི་ཀློངཿ དགའ་རབ་རྡོ་རྗེ་ལོངས་སྐུའི་ཆསཿ དཀར་གསལ་རྡོར་དྲིལ་ཐུགས་ཀར་བསྣོལཿ དེ་ཡི་དབུ་གཙུག་ཐོག་མའི་མགོནཿ ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོགཿ ཅེས་གསུངས་ཏེ། ཚོམ་བུའི་དཀྱིལ་འཁོར་ཚོགས་ཞིང་དང་བཅས་པ་གསལ་འདེབས་པར། དབུ་གཙུག་འཇའ་ཟེར་ཐིག་ལེའི་ཀློང་། །དགའ་རབ་རྡོ་རྗེ་ལོངས་སྐུའི་ཆས། ཞེས་དབུ་གཙུག་ན་ཆོས་ཉིད་མངོན་སུམ་དང་ཉམས་གོང་འཕེལ་གྱི་འཇའ་ཟེར་འོད་ལྔའི་ཐིག་ལེ་དཀྱིལ་དབུས་མཐིང་ག་ཅན་གྱི་ཀློང་ན། ལུག་རྒྱུད་སྐུ་རུ་འཕོས་པའི་རིག་པ་ཚད་ཕེབས་ཀྱི་བརྡ་རྟགས་སུ་རིག་འཛིན་དགའ་རབ་རྡོ་རྗེ་ལོངས་སྐུའི་རྒྱན་ཆས་ཀྱིས་མཛེས་པ། དེའི་དབུ་གཙུག་ཏུ་སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས་པའི་ནང་གསལ་གཞོན་ནུ་བུམ་སྐུ་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་མཚོན་བྱེད་དུ་ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ། སྐུ་མདོག་ནམ་མཁའི་མདོག་ཅན་མཐིང་ག དབྱིངས་དང་ཡེ་ཤེས་གཉིས་མེད་ཐབས་དང་ཤེས་རབ་ཟུང་འབྲེལ་མཚོན་བྱེད་དུ་ཡུམ་ཀུན་ཏུ་བཟང་མོ་དང་། མ་བཅོས་སྤྲོས་པ་བྲལ་བའི་བརྡ་རུ་རྒྱན་མེད་དུ་འཁྲིལ་སྦྱོར་རོལ་བར་གསལ་བཏབ། ཕྱི་འཁོར་པདྨ་འདབ་བརྒྱད་སྟེངཿ འོད་ལྔའི་ཐིག་ལེ་ཟླུམ་སྐོར་དབུསཿ དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱདཿ ཀུན་ཀྱང་ཧེ་རུ་ཀ་པའི་ཆསཿ ཕྱག་གཉིས་ཌ་རུ་དྲིལ་བུ་འཁྲོལཿ སྟངས་སྟབས་ཕྱག་རྒྱ་གར་གྱིས་རོལཿ ཞེས་གསུངས་ཏེ། ཕྱི་འཁོར་པདྨ་འདབ་བརྒྱད་སྟེང་། །འོད་ལྔའི་ཐིག་ལེ་ཟླུམ་སྐོར་དབུས། ཞེས་གཙོ་བོའི་ཕྱིའི་འཁོར་ཡུག་གི་པདྨ་འདབ་བརྒྱད་ཀྱི་སྟེང་ན། ཡེ་ཤེས་ལྔ་མཚོན་བྱེད་ཀྱི་འོད་ལྔའི་ཐིག་ལེ་ཟླུམ་སྐོར་གྱི་དབུས་སུ། དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱད་ཅེས་དཔལ་ཆེན་གྲུབ་པའི་བཀའ་བབས་ཀྱི་རིག་འཛིན་ཆེན་པོ་བརྒྱད་བཞུགས་པ། རིག་འཛིན་བརྒྱད་ནི་འཇམ་དཔལ་བཤེས་གཉེན། ཀླུ་སྒྲུབ་སྙིང་པོ། ཧཱུྃ་ཆེན་ཀ་ར། པྲ་བྷ་ཧསྟི། རོམ་བུ་གུ་ཧྱ། ཤནྟིཾ་གརྦྷ། དྷ་ན་སཾ་ཀྲྀ་སོགས་དང་། སྒྲུབ་པ་བཀའ་བརྒྱད་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་དང་། འཇིག་རྟེན་མཆོད་བསྟོད། མ་མོ་རྦོད་གཏོང་། དམོད་པ་དྲག་སྔགས་གསུམ་བསྣན་པས་བརྒྱད་དང་། དེ་དག་ལ་བཀའ་བབས་ཚུལ་ནི། འཇམ་དཔལ་སྐུ་འཁོར་ལོ་རྣམ་པ་བཞིའི་དགོངས་པའི་བཀའ་བབས་སློབ་དཔོན་འཇམ་དཔལ་བཤེས་གཉེན། པདྨ་གསུང་རྟ་སྐད་ཐེངས་གསུམ་གྱི་དགོངས་པའི་བཀའ་བབས་སློབ་དཔོན་ཀླུ་སྒྲུབ་སྙིང་པོ། ཡང་དག་ཐུགས་རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པའི་བཀའ་བབས་སློབ་དཔོན་ཆེན་པོ་ཧཱུྃ་ཆེན་ཀ་ར། ཕུར་པ་འཕྲིན་ལས་ཐལ་འགྱུར་རྣམ་པ་བཞིའི་དགོངས་པའི་བཀའ་བབས་སློབ་དཔོན་པྲ་བྷ་ཧསྟི། འཇིག་རྟེན་མཆོད་བསྟོད་མཆོད་སྒྲུབ་རྟེན་གསུམ་གྱི་དགོངས་པའི་བཀའ་བབས་སློབ་དཔོན་རོམ་བུ་གུ་ཧྱ། མ་མོ་རྦོད་གཏོང་རྩ་རླུང་ཐིག་ལེའི་དགོངས་པའི་བཀའ་བབས་སློབ་དཔོན་ཤནྟིཾ་གརྦྷ། དམོད་པ་དྲག་སྔགས་འབོད་རྦད་བསད་གསུམ་གྱི་དགོངས་པའི་བཀའ་བབས་སློབ་དཔོན་དྷ་ན་སཾ་ཀྲྀ་སོགས་ཏེ། ཀུན་ཀྱང་ཧེ་རུ་ཀ་པའི་ཆས། ཕྱག་གཉིས་ཌ་རུ་དྲིལ་བུ་འཁྲོལ། ཞེས་གསུངས་ན། ཧེ་རུ་ཀ་ཞེས་པའི་སྒྲ་འདི། ཧེ་ལ་གཅོད་ཅིང་བཙན་པ། རུ་དྷི་ཁྲག ཀ་ཟེར་བ་འདི་ལེགས་སྦྱར་གྱི་སྐད་ཀྱི་བདག་པོའི་སྒྲ་ཡིན་ཞེས་གསུངས་འདུག ཁྲག་ལ་རོལ་བའི་དོན་གྱིས་ཁྲག་འཐུང་སྟེ། ཧེ་རུ་ཀ་འདི་ཁྲག་འཐུང་དཔལ་ཆེན་པོར་གོ་དགོས་པ་རེད། མཚོན་བྱེད་རྟགས་ཀྱི་ཧེ་རུ་ཀ་རྒྱལ་བ་ཀུན་ཀྱི་ཐུགས་མཆོག་གི་ཡེ་ཤེས། འབར་བ་ཁྲོ་བོའི་རྣམ་པ་ཅན་དུ་ཤར་བ་དངོས་གྲུབ་གཉིས་ཀའི་རྟེན་དུ་གྱུར་བ་དེ་ཉིད་དང་། མཚོན་བྱ་དོན་གྱི་ཧེ་རུ་ཀ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོ། ཡང་དག་པའི་བདག་ཉིད་ཅན་དེ་ཉིད་རེད། ཧེ་རུ་ཀ་པའི་ཆས་ནི་དུར་ཁྲོད་རོལ་བའི་ཆས་ཏེ་རུས་རྒྱན་དང་སྟག་ཤམ་ལ་སོགས་པ་རེད། གྲུབ་པའི་རིག་འཛིན་ཆེན་པོ་རྣམས་ཀྱིས་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ནས། མ་ངེས་སྦྱོར་སྒྲོལ་རྨད་བྱུང་གི་སྤྱོད་པ་ཤུགས་འབྱུང་གིས་མཛད་པའི་རྟགས་སུ་ཧེ་རུ་ཀའི་ཆས་མཛད། རལ་པ་ཐོར་ཚུགས་སུ་བཅིངས། ཕྱག་གཡས་ན་འཛིན་པའི་དམ་ཚིག་ཐེག་ཆེན་དཔའ་བོའི་རྔེའུ་ཆུང་ཐོད་པའི་ཌ་མ་རུ་འཁྲོལ་ཞིང་། ཕྱག་གཡོན་པས་འཆང་བའི་དམ་ཚིག་བདེ་ཆེན་ཤེས་རབ་མཚོན་པའི་ཅང་ཏེའུ་དྲིལ་བུ་འཁྲོལ་བ། སྟངས་སྟབས་ཕྱག་རྒྱ་གར་གྱིས་རོལ་ཞེས་གསུངས་ན། ཕྱག་ཞབས་རྡོ་རྗེའི་སྟངས་སྟབས་ཀྱིས་ཕྱག་རྒྱ་དང་བཅས་ཏེ་འདོད་དགུའི་གར་ལ་རོལ་བ། ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཐིངཿ སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་གསལཿ བར་མཚམས་རྒྱ་བོད་རིག་འཛིན་དངཿ སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔཿ ཞེས་གསུངས་ཏེ། ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཐིང་། ཞེས་གསུངས་ན། དེ་ལྟ་བུའི་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་གྱི་ཕྱོགས་བཞི་ཕྱོགས་མདོག་དང་། མཚམས་བཞི་མཐིང་ག སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་གསལ། ཞེས་འཁོར་བའི་རང་བཞིན་ཚོགས་བརྒྱད་གནས་སུ་དག་པའི་བརྡ་རྟགས་སུ་ཕྱི་ལྟར་བྱང་སེམས་བརྒྱད། ནང་ལྟར་སྒྲུབ་སྡེ་བརྒྱད། གསང་བ་ལྟར་རིག་འཛིན་བརྒྱད་ཀྱི་ངོ་བོར་མ་འདྲེས་ལྷུན་གྱིས་གྲུབ་པར་བསྐོར་བ་ཞིག་ཏུ་གསལ་འདེབས་དགོས་པ་རེད། བར་མཚམས་རྒྱ་བོད་རིག་འཛིན་དང་། ཞེས་དེ་དག་གི་བར་མཚམས་ཐམས་ཅད་ན་སྔགས་ཕྱི་བ་གསུམ་དང་། ནང་རྒྱུད་ཡོ་ག་གསུམ་སྟེ་རྒྱུད་སྡེ་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བསྙེན་ཅིང་བསྒྲུབས་ནས་གྲུབ་པ་ཐོབ་པའི་གྲུབ་བརྙེས་རྒྱ་བོད་ཀྱི་རིག་འཛིན་སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔ་ལ་སོགས་པ་ཐམས་ཅད་དང་། དེ་ཡང་སྤྱིར་རིག་འཛིན་ཞེས་པ་ལ་སར་ཆུད་པའི་རིག་འཛིན་དང་། ས་ལ་གནས་པའི་རིག་འཛིན། སར་སྨིན་པའི་རིག་འཛིན་ཏེ་དབྱེ་བ་རྣམ་པ་གསུམ་ཡོད་ཅིང་། སར་ཆུད་པའི་རིག་འཛིན་ནི་དཀྱིལ་འཁོར་ལ་ཞུགས་ནས་བསྐྱེད་རྫོགས་དང་པོར་མནོས་པ་ཐམས་ཅད་ལ་གོ་ཆོག་པ་དང་། ས་ལ་གནས་པའི་རིག་འཛིན་ནི་རྟོགས་པ་དང་ཏིང་ངེ་འཛིན་ཐོབ་ནས་དེར་རྒྱུན་དུ་གནས་པ། སར་སྨིན་པའི་རིག་འཛིན་ནི་ཐོབ་པ་དེ་ལས་ཀྱང་སྟོབས་ཇེ་ཆེར་གྱུར་ནས་རྣམ་སྨིན་ཚེ་དབང་ཕྱག་ཆེན་སོགས་ཐོབ་སྟེ་ལྷུན་གྲུབ་རིག་འཛིན་ལ་སྦྱོར་བ་དེ་ཉིད་ཡིན་པ་རེད། སྐབས་འདིར་བསྟན་གྱི་རིག་འཛིན་དེ་ཉིད་གང་ལ་གོ་དགོས་པ་རེད་ཅེ་ན། ཕྱི་མ་གཉིས་ཀར་གོ་དགོས། རྣམ་འགྱུར་ཆ་ལུགས་མ་ངེས་ཤིངཿ རྡོ་རྗེའི་གར་སྟབས་ཅིར་ཡང་བསྒྱུརཿ ཞེས་གསུངས་ན། ཞི་རྒྱས་དབང་དྲག་གི་རྣམ་འགྱུར་འདྲ་དང་མི་འདྲ་རུ་སྣང་བས་མཐའ་གཅིག་ཏུ་མ་ངེས་ཤིང་། ཆ་ལུགས་ཀྱང་འགའ་ཞིག་རབ་བྱུང་གི་ཆས་ངུར་སྨྲིག་འཆང་བ། འགའ་ཞིག་སྔགས་འཆང་གི་ཆས་གོས་དཀར་ལྕང་ལོ་འཆང་བ། འགའ་ཞིག་ཧེ་རུ་ཀའི་ཆས་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་བའི་ཆས་ཅན་ཏེ། རྣམ་འགྱུར་དང་ཆ་ལུགས་མཐའ་གཅིག་ཏུ་མ་ངེས་ཤིང་རྡོ་རྗེའི་འགྲོས་དང་གར་སྟབས་ཅིར་ཡང་བསྒྱུར་གྱིན་ཡོད་པ། སྟེང་ཕྱོགས་རྒྱུད་སྡེ་བཞི་དྲུག་གིཿ ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགསཿ ཏིལ་གྱི་གོང་བུ་ལྟ་བུར་བཞུགསཿ ཞེས་གསུངས་ན། སྟེང་གི་ཕྱོགས་སུ་དེ་ལྟ་བུའི་ཡི་དམ་རྒྱུད་སྡེ་བཞིའམ་དྲུག་གི་ལྷ་ཚོགས། ཕོ་རྒྱུད་དཔའ་བོ་དང་མོ་རྒྱུད་མཁའ་འགྲོ་མའི་ཚོགས་དཔག་མེད་བསམ་གྱིས་མི་ཁྱབ་པ་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟ་བུའི་གྲངས་མང་པོ་བསམ་ཡུལ་ལས་འདས་པར་བཞུགས་ཡོད་པ། ཕྱི་ཁྱམས་དཔལ་མགོན་བདུན་ཅུ་དངཿ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགསཿ བཀའ་སྡོད་དམ་ཅན་རླུང་ལྟར་འཚུབསཿ སྒོ་བཞིར་གིང་ཆེན་སྡེ་བཞི་གསལཿ ཞེས་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་དེ་ཉིད་ཀྱི་ཕྱིའི་ཁྱམས་འདི་གཞལ་ཡས་ཁང་གི་ཕྱིའི་བཀའ་སྡོད་ཀྱི་སྣམ་བུ་ཡིན་ཞེས་གསུངས་ཡོད་པ་རེད། རྩིག་པའི་ཁྱམས་མིན་ཞེས་དོགས་པ་བསལ་མཛད་སའང་ཡོད། དེ་ལྟ་བུའི་ཕྱི་ཁྱམས་སུ་གཙང་རིས་ལྷའི་མགོན་པོ་ལ་སོགས་པ་དཔལ་མགོན་བདུན་རྩ་ལྔ་དང་། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་མ་དང་འཁྲུགས་མོ་ལ་སོགས་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་། དེ་ལ་སོགས་པའི་བཀའ་སྡོད་དམ་ཅན་རླུང་ལྟར་འཚུབས་ཞེས་བཀའ་ལ་གནས་ཤིང་དམ་ལ་འཁྲེང་བའི་བཀའ་སྡོད་དམ་ཅན་རྒྱ་མཚོ། དྲག་རྩལ་དང་འཕྲིན་ལས་གློག་ལྟར་མྱུར་ཤིང་རླུང་ལྟར་འཚུབ་པའི་མྱུར་མགྱོགས་ཅན་ཐམས་ཅད་དང་། སྒོ་བཞིར་གིང་ཆེན་སྡེ་བཞི་གསལ་ཞེས་ཕོ་བྲང་གཞལ་མེད་ཁང་ཆེན་པོ་དེའི་སྒོ་བཞི་ན་སྤྲུལ་པའི་གིང་ཆེན་སྡེ་བཞི་ཡུལ་འཁོར་དང་བཅས་པ། ཀུན་ཀྱང་སྣང་སྟོང་རོལ་བའི་ངངཿ གསལ་ལ་མ་འདྲེས་ལྷུན་གྱིས་གྲུབཿ ཅེས་གསུངས་ཏེ། དེ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོའམ། ཡིད་དང་ཆོས་སུ་སྣང་བའི་གཉིས་སྣང་གི་སྣང་བ་བསྐྱེད་པའི་གཞི། ཕྲ་རགས་ཀྱི་ཐིག་ལེ་ཐམས་ཅད་ཀྱི་རྩ་བ་ཁམས་དྲུག་གི་ནུས་པ་སྔགས་ཀྱི་ཐབས་ལམ་ཟབ་མོས་བཅོམ་པའི་ཡེ་ཤེས་ཀྱི་ཐིག་ལེའི་བདག་ཉིད། སྤྲོ་དང་བསྡུ་བའི་བྱེད་པོ་དཀྱིལ་འཁོར་གྱི་གཙོ་བོ་སློབ་དཔོན་ཆེན་པོ་གཅིག་གི་གསང་གསུམ་སྣང་སྟོང་གི་རོལ་པའི་ངང་ནས། གསལ་ལ་མ་འདྲེས་ལྷུན་གྱིས་གྲུབ་ཅེས་གསུངས་པ་དེ་ཉིད་ལྷུན་རྫོགས་དང་དོན་གཅིག་པ་སྟེ། སྐྱེ་མེད་ཀྱི་ཀློང་ནས་འགག་མེད་དུ་ཤར་བ་ལ་ལྷུན་རྫོགས་ཞེས་གསུངས་པ་རེད། གསལ་ལ་མ་འདྲེས་ཞེས་པ་འདིས་ཅི་ཞིག་བསྟན་པ་རེད་ཅེ་ན། བསྐྱེད་རིམ་གྱི་སྐབས་སུ་རྣམ་པ་གསལ་བ་དང་རྣམ་དག་དྲན་པ་མི་འབྲལ་བར་བྱེད་རྒྱུ་དེ་ཉིད་བསྟན་པ་རེད། དེ་ཡང་རྣམ་པ་གསལ་ཞེས་པའི་སྐབས་སུ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ཞིག་ཡིན་དགོས། གསལ་བརྟན་གྱི་ཚད་བརྒྱད་ནི། གསལ་བའི་ཚད་བཞི་དང་བརྟན་པའི་ཚད་བཞི་དང་བཅས་བརྒྱད་དེ། གསལ་བའི་ཚད་བཞི་ནི། སལ་ལེ། སང་ངེ། ལྷག་གེ། ལྷང་ངེ་བ་བཅས་བཞི་རེད། སལ་ལེ་ཞེས་པ་ནི་ལྷ་སྐུ་གང་བསྒོམས་ཀྱང་དེའི་སྐུའི་སྣང་ཆ། སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བ་ལ་སལ་ལེ་ཞེས་གསུངས་པ་རེད། སང་ངེ་ཞེས་པ་ནི་གང་གསལ་བ་དེ་ཉིད་རིག་པའི་གསལ་གདངས་ངར་ཆ་དང་བྲལ་བ་བྱིང་པའི་ཉམས་ཅན་དེ་འདྲ་མ་ཡིན་པར་རིག་པ་ངར་དང་ལྡན་པའི་གསལ་སྟོང་སེང་བག་ཅན་ཞེས་གསུངས་ཡོད་པ་རེད། ལྷག་གེ་བ་ནི་གང་བསྒོམ་པའི་ལྷ་དེ་ཉིད་སེམས་མེད་བེམ་པོ་ས་རྡོ་ལྟ་བུའི་གདོས་ཅན་དང་། སྟོང་གཟུགས་ནམ་མཁའི་འཇའ་ལྟ་བུ་སེམས་མེད་མ་ཡིན་པར། སྐུའི་བ་སྤུའི་ཁུང་བུ་དང་དབུ་སྐྲའི་ཉག་མ་རེ་རེ་ཚུན་ཆད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པ། དབང་ཤེས་དྭངས་བའི་ཡོན་ཏན་བརྒྱ་ཕྲག་འཆར་བ་ཞིག་ལ་ལྷག་གེ་གསུངས་པ་རེད། ལྷང་ངེ་ནི་གནས་གང་ཞིག་ན་ལྷ་སྐུ་དེ་འདྲ་ཞིག་ཡོད་པ་རེད། ཡོད་དགོས་པ་རེད་སྙམ་པའི་རྗེས་དཔག་གི་བློ་རྟོག་ཙམ་ཞིག་མ་ཡིན་པར། ཡིད་ངོ་རུ་མངོན་སུམ་ལྟ་བུ་བཀྲ་ལམ་མེར་ལྷང་ངེར་འཆར་བ་ཞིག་ལ་ལྷང་ངེར་ཞེས་གསུངས། དེ་དག་ནི་གསལ་བའི་ཚད་བཞི་རེད། དེའི་སྟེང་ལ་བརྟན་པའི་ཚད་བཞི་ཡོད་པ་སྟེ། དེ་ནི་མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་བཅས་རེད། མི་གཡོ་ནི་བརྗེད་ངས་དང་ལེ་ལོའི་དབང་དུ་འགྲོར་མི་འཇུག་པར་གསལ་སྣང་བརྟན་པ་དེ་རེད། དེའི་སྟེང་དུ་རབ་རིབ་དང་མག་མོག་ལ་སོགས་པའི་སྐྱོན་སྣ་ཚོགས་ཀྱིས་མི་འགྱུར་བ་ལ་མི་འགྱུར་ཞེས་གསུངས། དེ་ཡང་མཚམས་རེར་གསལ་སྣང་བརྟན་པ་དང་མཚམས་རེར་གསལ་སྣང་མི་བརྟན་པ་དེ་འདྲ་མ་ཡིན་པར་དུས་ནམ་མཉམ་པར་བཞག་ཀྱང་རྣམ་རྟོག་གིས་མི་བརྫི་བར་གསལ་ཐུབ་པ་ནི་མངོན་པར་མི་འགྱུར་བ། དེ་ནས་སྐུ་མདོག་དང་ཞལ་ཕྱག་བྱོན་བཞུགས་ལ་སོགས་པ་ཇི་ལྟར་བསྒོམས་ཀྱང་དེ་ལྟར་ལས་སུ་རུང་བ་དེ་ཉིད་ཅིར་ཡང་བསྒྱུར་དུ་ཐུབ་པ། དེ་ལྟ་བུའི་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་དགོས་ཞེས་གསུངས་པ་རེད། དེ་ནི་རྣམ་པ་གསལ་བ་དང་རྣམ་དག་དྲན་པ་གཉིས་ཀའི་ནང་ནས་རྣམ་པ་གསལ་བ་ཡིན་པ་རེད། རྣམ་དག་དྲན་པ་ནི། གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡེ་ནས་ཡིན་པ་ལ་ལམ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཟབ་མོས་གསལ་བཏབ་པས་འབྲས་བུ་གདོད་མའི་གནས་ལུགས་དང་དབྱེར་མེད་པ། གཞི་ལམ་འབྲས་གསུམ་རང་བཞིན་མཐུན་པའི་ཡེ་ཤེས། གཞི་དག་མཉམ་ཡིན་པ་ལ་ལམ་གྱིས་ཡིན་པར་ཤེས་ནས་འབྲས་བུ་ཡིན་ཐོག་ཏུ་སླེབས་པ་དེ་ཉིད་ཡིན། བཤད་སྟངས་གཞན་ཆོས་ཉིད་དོན་གྱི་ལྷ་དང་ཆོས་ཅན་རྟགས་ཀྱི་ལྷའི་དབྱེ་བའི་སྟེང་ནས་བཤད་ན། ཆོས་ཉིད་དོན་གྱི་ལྷ་ནི་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས། འཕོ་བའི་སྒྲིབ་པ་དང་བྲལ་བའི་རྡོ་རྗེའི་སྐུ། ཆོས་ཉིད་དེ་བཞིན་ཉིད་སྒྲིབ་པ་བག་ཆགས་ཕྲ་མོ་ཙམ་ཡང་ཟད་ནས་རོ་མཉམ་དུ་སངས་རྒྱས་པ། གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས། མཚན་མའི་སྤྱོད་ཡུལ་ཐམས་ཅད་དང་བྲལ་ཡང་ཤེས་བྱའི་རྣམ་པ་ཐམས་ཅད་འཆར་བའི་བདག་ཉིད་ཅན། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་པའི་རང་བྱུང་ཡེ་ཤེས་ཀྱི་སྐུ་དེ་ཉིད་ཡིན་པ་དང་། ཆོས་ཅན་རྟགས་ཀྱི་ལྷ་ནི། ཡེ་ཤེས་ཀྱི་སྐུ་མཚན་མའི་དཔྱོད་ཡུལ་ལས་འདས་པ་དེ་ཉིད། རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་ཏེ་ཞལ་ཕྱག་མཚན་མའི་རྣམ་པར་སྣང་བ་དེ་ཡིན་པ་རེད། དེ་ཡང་བསྐྱེད་རིམ་གྱི་ལྷ་བསྒོམ་དུས་སྤྱིར་བཏང་དམིགས་པ་རྣོན་པོ་རྣལ་འབྱོར་བའི་མཚོན་ཆ་ཡིན་པས་ཅི་འདྲ་གསལ་ན་དེ་འདྲ་བཟང་བ་ཡིན། འོན་ཀྱང་ཐ་མལ་རྣམ་རྟོག་གི་འཁྲུལ་རྗེས་སུ་འབྲངས་ན་དེས་བསྐྱེད་རྫོགས་གཉིས་ཀའི་གོ་ཆོད་ནི་མ་རེད། དེས་ན་སྔ་འགྱུར་རང་ལུགས་ལ་ལྷ་བསྒོམ་པ་དང་རང་སེམས་མ་བཅོས་གནས་ལུགས་སྐྱོང་བ་གཉིས་ཁྱད་མེད་དུ་འཛིན་དགོས། ལྷ་ཡེ་ཤེས་སེམས་དཔའ་དངོས་དེ་ཆོས་སྐུའི་ངོ་བོ་ཡིན་པས་ན། བཤད་ལུགས་གཞན་ལྟར་བྱས་ན་ཨ་འཐས་འཁྲུལ་པའི་དབང་དུ་མ་ཤོར་བར་རིག་པ་ངོས་ཟིན་ན་ལྷའི་སྐུ་མདོག་ཕྱག་མཚན་ཞིབ་ཅིང་ཕྲ་བ་གསལ་ཡང་ཆོག་ལ་མ་གསལ་ཡང་ཆོག གནས་ལུགས་ཀྱི་རང་ངོ་བསྐྱང་རྒྱུའི་ནང་དུ་བསྐྱེད་རྫོགས་གཉིས་ཀའི་གནད་འདུས་པས་མ་ཚད། བསྐྱེད་རྫོགས་གཉིས་ཀ་ཡེ་ནས་ཟུང་འཇུག་ཏུ་ལྷུན་གྱིས་གྲུབ་པ་རེད། ལར་འགྲོ་བའི་སྒོ་གསུམ་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ལྷ་དང་སྔགས་ཀྱི་རང་བཞིན་དུ་གདོད་མ་ནས་ཡིན་པར་མ་ཤེས་པས་འཁྲུལ་ནས་འཁོར་བར་འཁྱམས་པ་ཡིན་པས། དེ་ཉིད་དེ་ལྟར་ཡིན་པའི་ཡིན་ལུགས་ཤེས་ཐབས་སུ་སྨིན་བྱེད་ཀྱི་དབང་བསྐུར། གྲོལ་བྱེད་ཀྱི་ཁྲིད་བཤད་པ་ཡིན་པས། དེ་ལས་གཞན་མ་ཡིན་པ་ཞིག་ཡིན་པར་བསྒོམས་ཀྱང་དོན་འགྲུབ་ནི་མ་རེད། དཔེར་ན་གསེར་གསེར་ཡིན་པར་ཤེས་ན་གསེར་གོ་ཆོད་པ་ཡིན་ཞིང་། རྡོ་ལོག་ཞིག་གསེར་ཡིན་བསམ་ནས་བསྒོམས་ཀྱང་གསེར་གོ་མི་ཆོད་པ་ལྟར་རེད། ལྷ་སྐུ་མ་གསལ་ན་བཙན་གྱིས་གསལ་དགོས་སྙམ་པའི་ཞེ་འདོད་དང་འཛིན་རྟོག་ཡོད་མི་ཉན། ལྷའི་དབྱིབས་དང་རྣམ་འགྱུར་ཡིད་ལ་ཤར་བའི་སྐབས་སུ་སེམས་མ་ཡེངས་པར་རིག་ཐོག་ཏུ་འདུག་པ་གནད་ཆེ། ལྷ་དམ་ཚིག་པའམ་ཡེ་ཤེས་སེམས་དཔའ། ཆོས་སྐུ་དང་གཟུགས་སྐུའི་མིང་གང་ཞིག་བཏགས་ཀྱང་དོན་དུ་ངོ་བོ་རང་རིག་འདི་ལས་གཞན་དུ་གྱུར་པ་ཞིག་ཡོད་པ་མ་རེད། དེའི་ཕྱིར་ན་ཨོ་རྒྱན་ཆེན་པོས། རྟགས་ཀྱི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང་། །དོན་གྱི་སངས་རྒྱས་ཆོས་སྐུ་གང་ཡིན་པ། །ཆོས་ཉིད་རིག་པ་མངོན་སུམ་འདི་ཡིན་པས། །སངས་རྒྱས་གཞན་ནས་མ་ཚོལ་རྗེ་འབངས་རྣམས། ཞེས་གསུངས་པ་དེ་དྲན་རན་པ་རེད། གནས་གསུམ་ཡི་གེ་གསུམ་གྱིས་མཚནཿ རྡོ་རྗེ་གསུམ་གྱི་ངོ་བོར་གྲུབཿ དེ་ལས་འོད་ཟེར་རབ་འཕྲོས་པསཿ རང་བཞིན་ཆོས་དབྱིངས་གནས་མཆོག་དངཿ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིངཿ ཞེས་གསུངས་ཏེ། གནས་གསུམ་ཡི་གེ་གསུམ་གྱིས་མཚན། །རྡོ་རྗེ་གསུམ་གྱི་ངོ་བོར་གྲུབ། ཅེས་གསུངས་ན། བདག་དམ་ཚིག་སེམས་དཔར་གསལ་བའི་གནས་གསུམ་སྟེ། སྤྱི་མགྲིན་སྙིང་ག་གསུམ་ནས་རྡོ་རྗེ་གསུམ་གྱི་ངོ་བོར་གྲུབ་པའི་སྐུ་གསུམ་གྱི་ས་བོན། ཨོཾ་ཨཱ་ཧཱུྃཿ དཀར་དམར་མཐིང་གསུམ་གྱི་ཡིག་འབྲུ་གསུམ་གྱིས་མཚན་པར་གསལ་འདེབས་དགོས་ཤིང་། ཡི་གེ་ཞེས་གསུངས་པའི་སྐབས་ཀྱི་ཡི་གེའི་རྣམ་གྲངས་སམ་དབྱེ་བ་ལ། ལུས་གནས་རྩ་ཡི་ཡི་གེ། ཕོ་བྲང་ལྷ་ཡི་ཡི་གེ། ཆོ་འཕྲུལ་སྤྲུལ་བའི་ཡི་གེ། མཚོན་བྱེད་སྒྲ་ཡི་ཡི་གེ་བཅས་བཞིའི་དབྱེ་བ་ཡོད། སྤྱིར་ན་རྩ་གནས་ཀྱི་ཡི་གེ་ཐམས་ཅད་གཡོ་བྱེད་རླུང་གིས་བཅོས་པས་སྒྲ་འབྱུང་བ་ཡིན། འཆི་བའི་གནས་སྐབས་སུ་ཡི་གེ་དང་རྩ་རླུང་ཐིག་ལེ་ཐམས་ཅད་ཀ་དག་གི་དབྱིངས་སུ་ནུབ་འགྲོ། ལུས་གནས་རྩ་ཡི་ཡི་གེ་ནི་སྦྱང་གཞི་སྦྱོང་བྱེད་ཀྱི་ཚུལ་དུ་གནས་ཤིང་། འདིས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་རྟེན་བྱེད། ཕོ་བྲང་ལྷའི་ཡི་གེ་ནི་ལྷ་བསྒོམ་པའི་སྐབས་སུ་དཀྱིལ་འཁོར་གྱི་གནས་སོ་སོར་བསྐྱེད་པ་དེ་ཉིད་དེ། འདིས་ལྷ་སོ་སོའི་འཕྲོ་གཞི་བྱེད་དགོས་པ་རེད། ཆོ་འཕྲུལ་སྤྲུལ་པའི་ཡི་གེ་ནི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཡི་གེའི་སྤྲིན་ཆད་ནས་སྤྲུལ་པ་འཕྲོས་པས་འགྲོ་བའི་དོན་མཛད། འདིས་སེམས་ཅན་ཚད་མེད་པའི་དོན་བྱེད་པ་ཡིན། མཚོན་བྱེད་སྒྲའི་ཡི་གེ་དེ་ཉིད་སྔགས་སུ་བསྡུས་ནས་སྒྲ་སོ་སོར་བརྗོད་པའི་ཚེ་དགོས་པ་སོ་སོའི་དོན་སྒྲུབ་པ་རེད། འདིས་གསང་སྔགས་འགྲུབ་པའི་རྒྱུ་བྱེད། སྐབས་འདིའི་ཡི་གེ་གསུམ་ནི་ལུས་གནས་རྩ་ཡི་ཡི་གེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་རྟེན་བྱེད་པ་དེ་ཉིད་ལས་འོད་ཟེར་འཕྲོས་ཏེ་ཡེ་ཤེས་པ་སྤྱན་འདྲེན་དགོས་པས་ན། དེ་ལས་འོད་ཟེར་རབ་འཕྲོས་པས། ཞེས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་གྲུབ་པའི་ཡིག་འབྲུ་དེ་གསུམ་ལས་རང་མདོག་གི་འོད་ཟེར་རབ་ཏུ་འཕྲོས་པས། རང་བཞིན་ཆོས་དབྱིངས་གནས་མཆོག་དང་། ཞེས་རང་བཞིན་ཆོས་ཀྱི་དབྱིངས་ནང་གསལ་གསང་བའི་སྦུབས། ཕྱི་གསལ་གཟུགས་སྐུ་རྣམ་གཉིས་ཀྱི་འཕྲོ་གཞིའི་གནས་དེ་དང་། ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་། ཞེས་ས་སྤྱོད་ཀྱི་ཞིང་ཁམས། གསང་སྔགས་དར་བའི་གནས། ནུབ་ཕྱོགས་སུ་ཡོད་པའི་ཨོ་རྒྱན་སྤྲུལ་བའི་ཞིང་། གནས་ཡུལ་དུར་ཁྲོད་བརྒྱད་སོགས་དངཿ ཁྱད་པར་རྔ་ཡབ་ལངྐའི་གླིངཿ ཟངས་མདོག་དཔལ་གྱི་རི་བོ་ནསཿ རིག་འཛིན་འདུས་པའི་དཀྱིལ་འཁོར་ལྷཿ སྤྱན་འདྲེན་གནས་འདིར་ས་མཱ་ཛཿ ཞེས་གསུངས་ཏེ། གནས་ཡུལ་དུར་ཁྲོད་བརྒྱད་སོགས་དང་། ཞེས་གསུངས་ན། གནས་ཉེར་བཞི། ཡུལ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད། སོགས་ཁོངས་སུ་ཞིང་ཁམས་བྱེ་བ་ཕྲག་བརྒྱ། མ་ངེས་གནས་ཡུལ་དུར་ཁྲོད་རྣམས་དང་། འུ་ཅག་བོད་གངས་ཅན་གྱི་ས་ཆར་མཚོན་ན། སློབ་དཔོན་ཆེན་པོས་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་པའི་གནས། སྟོད་མངའ་རིས་སུ་གངས་བྲག་ཉི་ཤུ། བར་དབུས་གཙང་ན་སྒྲུབ་གནས་ཉེར་གཅིག སྨད་མདོ་ཁམས་ན་གནས་ཆེན་ཉེར་གཅིག ཕྱོགས་བཞིའི་གངས་ཆེན་བཞི། གྲགས་པའི་མཚོ་ཆེན་བཞི། སྦས་ཡུལ་རྒྱལ་པོ་གསུམ། ལྗོངས་ལྔ་གླིང་དྲུག་ལ་སོགས་པའི་རང་བཞིན་སྤྲུལ་པའི་གནས་མཆོག་རྣམས་དང་། ཁྱད་པར་རྔ་ཡབ་ལངྐའི་གླིང་། ཟངས་མདོག་དཔལ་གྱི་རི་བོ་ནས། ཞེས་ཁྱད་པར་དུ་གུ་རུ་རིན་པོ་ཆེ་ཉིད་ད་ལྟ་ལྷོ་ནུབ་སྲིན་པོའི་ཡུལ་དུ་སྲིན་པོ་འདུལ་བའི་ཁ་གནོན་དུ་བཞུགས་ཡོད་པས། རྔ་ཡབ་ལངྐའི་གླིང་གི་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཞིང་ཁམས་ནས། རིག་འཛིན་འདུས་པའི་དཀྱིལ་འཁོར་ལྷ། །སྤྱན་འདྲེན་གནས་འདིར་ས་མཱ་ཛ། ཞེས་རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་ནས་སྤྱན་འདྲེན་པའི་ཚེ་ན། གནས་འདིར་ས་མཱ་ཛ། ཞེས་གསུངས་ན། ས་མཱ་ཛ་ནི་བཀུག་ཅིང་སྤྱན་དྲངས་ནས་གཉིས་མེད་དུ་བསྟིམ་པའི་ཚིག་ཞིག་རེད། ཇི་ལྟར་བསྟིམ་དགོས་པ་རེད་ཅེ་ན། བསྐྱེད་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གཉིས་རང་སྣང་གི་ངོ་བོར་གཉིས་མེད་དུ་གནས་པ་ཡིན་ན། རང་བཞིན་དམ་ཚིག་གི་དཀྱིལ་འཁོར་དུ་བསྐྱེད་པ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྤྱན་དྲངས་པ་འཇུག་ཅིང་བསྟིམ་པའི་མཚན་ཉིད་ཀྱིས་དཀྱིལ་འཁོར་དེ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་མཉམ་པོར་སྦྱོར་བའི་ཚུལ་ལ་བསྟིམ་ཞེས་གསུངས། ཁྱད་པར་དུ་གུ་རུ་རིན་པོ་ཆེ་བོད་ཀྱི་ལྷ་སྐལ་ཡིན་ནི་རེད། ནང་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན། །ཉི་ཟེར་འཆར་བསྡུད་མདངས་ལ་ཆིབས་ཏེ་བྱོན། ཞེས་གསུངས་པ་དང་། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། ཅེས་གསུངས་པས། གདུལ་བྱ་འདུལ་བྱེད་ཀྱི་འཕྲིན་ལས་ནང་འཛོམས་ན་སྤྱན་འདྲེན་བསྐྱེད་བསྟིམ་རང་ཤུགས་ཀྱིས་འབྱུང་བ་ཡིན། དེ་ཡིས་འུ་ཅག་གིས་བསྐྱེད་ཆོག་གི་སྐབས་འདི་དང་བསྟུན་ནས་བསྐྱེད་རིམ་གྱི་སྐོར་རགས་ཙམ་རགས་ཙམ་ཞུས་པ་རེད། འདིའི་ནང་རྒྱུད་སྡེ་གསུམ་གྱི་བསྐྱེད་རིམ་འདི་སྤྲོས་ཅན། སྤྲོས་པ། སྤྲོས་མེད། ཤིན་ཏུ་སྤྲོས་མེད་དེ་བསྡུས་འབྲིང་རྒྱས་པ། རྒྱས་པ་ཆེན་པོའི་སྐབས་དང་བཞི་གང་ཟག་བཞིའི་ངོ་ཁར་གསུངས་པ་ཡིན་ན། འཁོར་བའི་རང་བཞིན་སྡུག་ཀུན་ཀྱི་བདེན་པ་གཉིས་པོ་སྦྱངས་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ལམ་དུ་བྱེད་པ་ཐེག་པ་ཆེན་པོའི་ལམ་གྱི་བསྟན་དོན་རེད། དེས་ན་སྡུག་བདེན་གྱི་རྩ་བ་སྐྱེ་ཤི་གཉིས་ལ་ཐུག་པ་ཡིན། དེ་ཡང་སྐྱེ་བ་མེད་ན་འཆི་བ་ཡོད་དོན་མེད་ལ། དེའི་ཕྱིར་ན་རྩ་བ་དངོས་དེ་སྐྱེ་བ་ལ་ཐུག་པ་ཡིན་པས། སྐྱེ་བའི་རིམ་པ་སྦྱོང་བྱེད་ལ་བསྐྱེད་རིམ་དང་། འཆི་བའི་རིམ་པ་སྦྱོང་བྱེད་དུ་རྫོགས་རིམ་གསུངས་པ་རེད། དེ་ལྟ་བུའི་བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་སུ་གསང་སྔགས་ཀྱི་གཞུང་ཐམས་ཅད་འདུས་པ་ཡིན། དེས་ན་རྒྱས་པ་ཆེན་པོའི་ལུགས་ཀྱི་བདག་སྲས་དང་གཞན་སྲས་ཞེས་གསུངས་པ་དེ་ཉིད་སྒོང་སྐྱེས་སྦྱོང་བར་གསུངས་པ་ཡིན་པ་དང་། རྒྱས་པ་འབྲིང་གི་བསྐྱེད་རིམ་གྱི་སྐབས་ཀྱི་མངལ་སྐྱེས་སྦྱོང་བ་དང་བསྟུན་ནས་མངོན་བྱང་ལྔ་བསྐྱེད་དང་ཏིང་འཛིན་གསུམ་བསྐྱེད་སོགས་གསུངས་པ་འདིས་མངལ་སྐྱེས་ཀྱང་དག་ཅེས་གསུངས་པ་རེད། མངོན་བྱང་ལའང་མངོན་བྱང་བཞི་དང་མངོན་བྱང་ལྔ་ཡི་གསུང་སྲོལ་འདྲ་མིན་ཡོད་པ་དག་རྒྱུད་སྡེའི་ཁྱད་པར་གྱིས་ཡིན། གཞན་ཡང་ཕྱིའི་མངོན་བྱང་དང་ནང་གི་མངོན་བྱང་། དེ་ལའང་གཞི་ལམ་འབྲས་བུའི་མངོན་བྱང་གསུངས་པ་ལྟ་བུ་དང་། སྤྱིར་མངོན་བྱང་ལྔ་ལ་མཚོན་ནའང་གསར་རྙིང་གི་ལུགས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། གསར་ལུགས་ཀྱི་མངོན་བྱང་ལྔ་བགྲང་བའི་སྐབས་སུ་གདན་པད་ཟླ་ལ་བྱང་ཆུབ་པ། གསུང་ཡིག་འབྲུ་ལ་བྱང་ཆུབ་པ། ཐུགས་ཕྱག་མཚན་ལ་བྱང་ཆུབ་པ། སྐུ་ཡོངས་རྫོགས་ལ་བྱང་ཆུབ་པ། ཡེ་ཤེས་སེམས་དཔའ་ལ་བྱང་ཆུབ་པ་གསུངས་པ་ལྟ་བུ་དང་། རྙིང་ལུགས་ལ་མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར། གཉིས་པ་ཉི་མའི་དཀྱིལ་འཁོར། གསུམ་པ་ས་བོན་ཕྱག་མཚན། བཞི་བ་འོད་ཀྱི་གོང་བུར་གྱུར་བ། ལྔ་པ་སྐུ་ཡོངས་སུ་རྫོགས་པ་ལ་སོགས་པ་ཞིབ་ཆ་བྱས་ན་ཤིན་ཏུ་མང་བས། གཙོ་ཆེར་རྒྱུད་སྡེ་སོ་སོའི་རང་གཞུང་གི་སྒྲུབ་སྡེ་སོ་སོའི་ནང་ནས་ཤེས་དགོས་པ་རེད། འདི་ནས་སྐབས་ཐོབ་ཀྱི་རྒྱས་པ་ཆེན་པོ་དང་། རྒྱས་པའི་བསྐྱེད་རིམ་གྱིས་སྒོང་སྐྱེས་མངལ་སྐྱེས་གཉིས་ཀ་སྦྱང་བ་དང་། འབྲིང་དང་བསྡུས་པ་གཉིས་ཀས་དྲོད་སྐྱེས་དང་རྫུས་སྐྱེས་གཉིས་ཀ་སྦྱང་བ། བསྐྱེད་རིམ་འབྲིང་པོ་དང་བསྡུས་པའི་ལུགས་ཀྱི་དྲོད་སྐྱེས་དང་རྫུས་སྐྱེས་སྦྱང་བའི་སྐབས་སུ་ས་བོན་ཙམ་གྱིས་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ནི་རེད། འོན་ཀྱང་ཏིང་འཛིན་གསུམ་བསྐྱེད་ཟེར་བ་དེ་སྔ་འགྱུར་བའི་ཐུན་མིན་གྱི་འཆད་སྲོལ་ཡིན་པས་མ་ཚད། བསྐྱེད་རིམ་སྤྱིའི་ཁྱབ་བྱེད་ཀྱི་སྲོག་གམ་སྙིང་པོ་ལྟ་བུར་གྱུར་འདུག་སྙམ། ཏིང་འཛིན་གསུམ་པོ་དེ་ཡང་རེས་འཇོག་ལྟ་བུ་དང་། འགོ་ཞིག་ནས་བསྒོམས་ཟིན་སྙམ་པ་ལྟ་བུ་མ་ཡིན་པར། གྱང་དང་ཞལ་བ་རི་མོ་གསུམ་ལྟར་འབྲལ་མི་རུང་པའི་དཔེར་བཞག་ནས་གསུངས་པས། རྒྱུའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམ་པའི་སྐབས་སུ་སྟོང་ཉིད་སྙིང་རྗེའི་རྩལ་སྣང་ལྷར་ཤར་བ། དེ་བཞིན་ཉིད་སྤྲོས་པ་དང་བྲལ་བའི་སྟོང་པ་དང་། དེའི་རང་གདངས་སྙིང་རྗེར་ཤར་བ་བཅས་སུམ་འཛོམས་ཡོང་བ་དེ་ཉིད། ལམ་མོས་སྒོམ་དང་ངེས་རྫོགས། མཐོང་བའི་རྗེས་ལ་འཇོག་པ་དང་རིག་པ་སྤྱི་ལུགས་སུ་འཇོག་པའི་གང་ཟག་སུ་ལྟ་བུ་ཞིག་ཡིན་ཡང་དགོས་པ་རེད། དེ་དག་མ་འཛོམས་ཚེ་འགྲིགས་ཡོད་པ་མ་རེད། ཤེས་པས་སྲིད་ལ་མི་གནས། སྙིང་རྗེས་ཞི་ལ་མི་གནས་པའི་རྒྱལ་སྲས་སྤྱི་ཡི་ལམ་ཆེན་ལས་རྡོག་འཁྱལ་སོང་ཚེ། སྟོང་ཉིད་གོ་ཡུལ་དུ་ཡོད་མཁན། བསྐྱེད་རིམ་གྱི་གསལ་སྣང་ཐོན། བཟླས་པའི་གྲངས་འཁྱོལ་བ་མང་པོ་ཞིག་རྒྱལ་འགོང་དང་གདུག་འདྲེ་རུ་སྐྱེས་པའང་རྒྱུ་མཚན་འདིས་ཡིན་པ་རེད། དེས་ན་རིག་འཛིན་ཆེན་པོས། སྣང་གྲག་གསལ་ཆའི་གདངས་ཀུན་བསྐྱེད་རིམ་སྟེ། །ཨ་འཐས་འཛིན་ཞེན་སྟོང་པ་རྫོགས་རིམ་ཉིད། །ཡེ་ནས་དབྱེར་མེད་ཡིན་ལ་ཡིན་བཞིན་བློས། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཡེངས་མེད་འབུངས། ཞེས་གསུངས་པ་མན་ངག་གི་ཞལ་གདམས་ཡིན་པ་རེད།

གཉིས་པ་སྤྱན་འདྲེན།

གཉིས་པ་སྤྱན་འདྲེན་སྤོས་རོལ་དངཿ གདུང་བ་དྲག་པོའི་དབྱངས་ཀྱིས་འབོདཿ ཅེས་གསུངས་ཏེ། དངོས་གཞི་ས་བཅད་བདུན་གྱི་དང་པོ་བསྐྱེད་ཆོག་བསྟན་ཟིན་ནས། གཉིས་པ་སྤྱན་འདྲེན་རེད། འདི་ཡང་རྫས་སྔགས་ཏིང་འཛིན་གསུམ་དང་སྦྲེལ་བ་ཞིག་སྟེ། དེ་ཡང་སྒྲུབ་པ་རྫས་ཀྱི་ཡོ་བྱད་ཀྱི་ནང་ནས་འདིར་དངོས་སུ་བསྟན་པའི་ལྷན་སྐྱེས་དང་སྦྱར་བྱུང་གི་དྲི་ཞིམ་སྤྱན་འདྲེན་བྱིན་འབེབས་ལ་ཆེད་དུ་བདུག་དགོས། དྲི་ཞིམ་པ་རྐྱང་པས་མི་ཚད་པར་རྫས་ལ་ནུས་པ་ཁྱད་པར་ཅན་གཞན་དག་ཡོད་དེ། དཔེར་ན་ཆང་འཐུང་ན་བཟི་བ་དང་། བོང་ང་ཟོས་ན་བརྒྱལ་བ། ཐང་ཕྲོམ་ཟོས་ན་མིག་འཁྲུལ་འགྲོ་བ་བཞིན་རྩ་ཁམས་དང་རླུང་སེམས་རང་དབང་མེད་པར་བྱིན་གྱིས་བརླབས་ནས་དངོས་གྲུབ་ཀྱི་སྐལ་བ་མཆོག་དང་ལྡན་པར་བྱེད་པའི་གསང་སྔགས་ཐབས་མཁས་ཀྱི་ཆེ་བ་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་དུ་རུ་ཏྲ་བསྒྲལ་བའི་ཁོག་པ་དོན་སྣོད་དང་བཅས་པ་ཚང་བའི། འཇིག་རྟེན་ཁམས་ཀྱི་རྩྭ་རྩི་ཤིང་ཐམས་ཅད་རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་སྨན་དུ་བྱིན་གྱིས་བརླབས་པའི་ནུས་པ་བསམ་གྱིས་མི་ཁྱབ། དཔའ་བོ་དང་མཁའ་འགྲོ་ཐམས་ཅད་རང་བཞིན་གྱིས་འདུ་ཞིང་རྒྱལ་བ་དགྱེས་པའི་རོལ་མོའི་རིགས་ཀྱི་དབྱངས་སྙན་དང་། འདི་ནས་དངོས་སུ་མ་བསྟན་ཡང་དར་གྱི་གཡབ་མོ་ལ་སོགས་པ་དང་བཅས་ཏེ་དད་གུས་གདུང་བ་དྲག་པོའི་དབྱངས་རྟར་བསྐྱོན་ཏེ་འབོད་པ་ནི། ཧཱུྃཿ སྔོན་གྱི་བསྐལ་པའི་དང་པོ་ལ་སོགས་པ་གསུངས་ཏེ། ཧཱུྃཿཞེས་པ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་སྙིང་པོ། རང་བྱུང་གི་ས་བོན་རྒྱུའི་ཡི་གེ་དེས་བསྐུལ་ནས། སྔོན་གྱི་བསྐལ་པའི་དང་པོ་ལཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ ཞེས་གསུངས་ཏེ། སྔོན་ཞེས་པས་དུས་ཕུན་སུམ་ཚོགས་པ་བསྟན་པ་རེད། དེ་ཡང་རྫོགས་པ་ཆེན་པོའི་དགོངས་དོན་དང་སྦྱར་ན་དུས་གསུམ་དུས་ལས་འདས་པའི་ཀ་དག་ཆོས་ཉིད་ཀྱི་དུས་ལ་གོ་དགོས་ཤིང་། གཞན་དུས་བཞི་མཉམ་པ་ཉིད་ཅེས་གསུངས་པ་མ་ཧཱ་ཡོ་གའི་རྒྱུད་རང་གཞུང་ལྟར་འགྲེལ་ཚེ། བཀའ་སྡེ་ཟུར་པ་དག་གིས་འདས་མ་འོངས་ད་ལྟའི་དུས་གསུམ་དང་འབྱུང་བར་མ་ངེས་པའི་དུས་དག་ཏུ་གསུངས་མི་འདུག་གམ། རྫོགས་ཆེན་གྱི་སྐབས་དང་ཁྱད་པར་རང་ལུགས་ཀློང་ཆེན་པའི་བཞེད་པ་ལ། དུས་གསུམ་དུས་མེད་ཀ་དག་གི་དུས་སུ་གོ་དགོས་པ་རེད། བསྐལ་བ་རྣམ་པར་བཀོད་པའི་འཇིག་རྟེན་ཞེས་པ་ཞིག་མེད་པས་འཁྲུལ་བ་གཞི་ལ་དག་པའི་ངོ་ཁ་རུ་བསྐལ་བའི་དང་པོ་ཞེས་གསུངས་པ་རེད། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས་ཞེས་པས་གནས་ཕུན་སུམ་ཚོགས་པ་བསྟན། བདག་ཅག་གི་སྟོན་པ་ཡང་ངེས་པ་དོན་དུ་སྔར་ནས་སངས་རྒྱས་ཀྱང་གདུལ་བྱ་ཐུན་མོང་བའི་ངོར་རྣམ་པ་ཙམ་དུ་ཞིང་འདི་ནས་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་ཚུལ་གྱིས་ཡུམ་གྱི་ལྷུམས་སུ་ཞུགས་ཚུལ་བསྟན་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀྱི་མཛད་པ་བསྟན་པའི་རྣམ་ཐར་སྐྱེས་རབས་བཞིན་དུ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱང་ངེས་དོན་དུ་རྒྱལ་བ་ཀུན་དང་དབྱེར་མེད་དུ་སྔར་ནས་སངས་རྒྱས་སུ་ཟིན་ཅིང་གསུང་མ་ཆགས་པདྨའི་རིགས་ཀྱི་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པ་ཡིན་ཡང་། རྣམ་པ་ཙམ་དུ་ཨོ་རྒྱན་ཡུལ་གྱི་ནུབ་བྱང་། རྒྱ་མཚོ་དྲི་མེད་མདངས་ལྡན་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་འཕོས་པའི་ཚུལ་གྱིས་མ་ཆགས་པདྨའི་སྡོང་པོ་ལས་བརྫུས་ཏེ་འཁྲུངས་པ་ཡིན་པས། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས་ཞེས་པས་གནས་ཕུན་སུམ་ཚོགས་པ་བསྟན་པ་རེད། པདྨ་གེ་སར་སྡོང་པོ་ལ་ཞེས་པའི་ཚིག་འདིས་སྐུ་ཆེ་བའི་ཡོན་ཏན་རིགས་བསྡུས་ཏེ་བསྟན། པདྨ་ནི་ཆུ་དང་རླན་ལས་སྐྱེས་པའི་མེ་ཏོག་ཞིག་རེད། མེ་ཏོག་པདྨ་ཆུ་དང་འདམ་ལས་སྐྱེས་ཀྱང་ཆུ་འདམ་གྱི་དྲི་མས་མ་གོས་པ་བཞིན་དུ། ཐེག་མཆོག་བསོད་ནམས་ཀྱི་ཚོགས་ཐམས་ཅད་འཁོར་བའི་རྙོག་པ་ཐམས་ཅད་ཀྱི་ནང་དུ་བསྐྱོད་ཀྱང་། དེ་དག་གིས་མི་གོས་པར་མ་ཚད་སླར་ཀུན་ཏུ་བཟང་པོའི་གཟི་མདངས་འབར་བའི་ཐབས་མཁས་ཀྱི་ཆེ་བ་ཡང་བསྟན་པ་རེད། གདུང་ཤཱཀྱ་ཡིན་པས་རང་ཉིད་ཤཱཀྱ་ཡིན་པར་མཚོན་པ་བཞིན་དུ། པདྨའི་ནང་ནས་འཁྲུངས་པས་གསུང་མ་ཆགས་པདྨའི་རིགས་སུ་ངེས་པ་ལྟ་བུ་དང་། ཡ་མཚན་མཆོག་གི་དངོས་གྲུབ་བརྙེས་ཞེས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་རེད། གསང་སྔགས་རྫོགས་པ་ཆེན་པོ་བརྡ་ཡི་དབང་རིག་འཛིན་ཤྲཱི་སིངྷ་ནས་བརྡ་བརྒྱུད་དུ་བརྒྱུད་པའི་སྟེང་། མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱིས་ཕྱི་ནང་གསང་བ་སྦས་པ་དང་བཅས་པའི་དབང་མཆོག་སུམ་ཅུ་རྩ་དྲུག་བསྐུར་ནས་རྣམ་སྨིན་རིག་འཛིན་གྱི་ས་ནས་ཚེ་དབང་རིག་འཛིན་བརྙེས་ཏེ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ། སླར་ཡང་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ནས་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་ལ་བསྟེན་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་ཏེ་མཐར་ལྷུན་གྲུབ་རིག་འཛིན་གྱི་སར་གཤེགས་པའི་ཡ་མཚན་མཆོག་གི་དངོས་གྲུབ་བརྙེས་པ་གང་ཞིག་ལ། པདྨ་འབྱུང་གནས་ཞེས་སུ་གྲགསཿ ཞེས་གསུངས་ཏེ། འདིས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་པ་རེད། སྐུ་གཅིག་ལ་མཚན་གྱི་རྣམ་གྲངས་ཆེན་པོ་བརྒྱད། འཕྲུལ་མཚན་ཉི་ཤུ་རྩ་ལྔ། སྤྲུལ་བ་བྱེ་བ་ཕྲག་བརྒྱ་མཐའ་ཡས་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་མཚན་དང་སྐུ་ཡི་བཀོད་པ་ཐམས་ཅད་འདིའི་ཤུགས་སུ་བསྟན་པ་རེད། འཁོར་དུ་མཁའ་འགྲོ་མང་པོ་དངཿ རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོརཿ ཞེས་གསུངས་པ་འདིས་འཁོར་ཕུན་སུམ་ཚོགས་པ་བསྟན་པ་རེད། དེ་ཡང་མཁའ་འགྲོ་ཞེས་པའི་ངེས་ཚིག་འགྲེལ་ན། ཆོས་དབྱིངས་དེ་བཞིན་ཉིད་ཀྱི་མཁའ་ལ་ཤུགས་འཆང་འབད་མེད་དུ་འགྲོ་བ་རིག་པ་འཛིན་པ་དགེ་འདུན་སྤྱིའི་མཚན་རེད། བྱེ་བྲག་ཏུ་དཀྱིལ་འཁོར་འདི་དང་སྐབས་འདི་ལ་བསྟུན་ན་དཔའ་བོ་དང་མཁའ་འགྲོ་རིག་པ་འཛིན་པའི་ཚོགས་ཀྱིས་བསྐོར་བ། ཐབས་ཆེན་གསང་བའི་སྤྱོད་པས་མ་ཚོགས་དབང་དུ་སྡུད་པའི་འཕྲིན་ལས་ལ་སྦྱར་ཡང་ཆོག་པ་རེད། རིག་པ་འཛིན་པ་དང་རྣལ་འབྱོར་སྔགས་འཆང་ཞེས་ཟེར་དུས་མཐའ་གཅིག་ཏུ་རབ་ཏུ་བྱུང་བ་མ་ཡིན་པ་ཞིག་ལ་གོ་དགོས་པ་མ་རེད། མཁའ་འགྲོ་མ་ཡང་དེ་བཞིན་རེད། ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིཿ ཞེས་གསུངས་པ་འདིའི་ནང་དུ་རྡོ་རྗེ་ཐེག་པའི་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་ཐམས་ཅད་འདུས་པར་འདུག་སྙམ། ཁྱེད་ཀྱི་རྣམ་ཐར་གྱི་རྗེས་སུ་བསྙེགས་ཏེ་ཁྱེད་ཀྱིས་བསྟན་པའི་གསང་སྔགས་ཐུན་མིན་གྱི་ལམ་དུ་ཞུགས་ནས། ཁྱེད་དང་འདྲ་བར་འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་ནས། འཕོ་མེད་རྟག་པ་དམ་པར་གདུལ་བྱའི་དོན་བྱེད། གསང་སྔགས་ཀྱི་ཆོས་འཁོར་བསྐོར་རྒྱུའི་དམ་བཅའ་འམ། ཡང་ན་བདག་ཁྱེད་ལ་སྐྱབས་སུ་མཆི་ཞིང་། མཐའ་ཡས་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ཆེད་དུ་ཁྱེད་ཀྱི་རྗེས་སུ་འབྲང་བ་ཡིན་པས་ཁྱེད་ཀྱིས་རྗེས་སུ་བཟུང་དུ་གསོལ་ཞེས་དམ་བཅའ་བརྟན་པོ་སྔོན་དུ་བཏང་ནས། རང་རྒྱུད་ཀྱི་ཞིང་ས་གཤིན་པོ་དེ་ཉིད་ཡོངས་སུ་དག་པར་གཙང་མ་བྱས་ཏེ། གུ་རུ་རིན་པོ་ཆེས་བྱིན་རླབས་ཀྱི་ཆར་འབེབས་ནས་དངོས་གྲུབ་ཀྱི་འབྲས་བུ་ཐོབ་པའི་རྒྱུ་ཚོགས་ཚང་ངེས་བྱས་ཏེ། བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཞེས་གུ་རུའི་ཐུགས་རྒྱུད་བསྐུལ་ཏེ་བདག་དང་སྒྲུབ་པ་པོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་བདག་སོགས་མོས་པའི་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར་གཤེགས་སུ་གསོལ་ཞེས་གསུངས་པ་རེད། གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཞེས་གསུངས་ཏེ། སྤྱིར་ན་བྱིན་རླབས་ཞེས་པའི་བྱིན་དེ་ཅི་འདྲ་ཞིག་གི་དོན་རེད་ཅེ་ན། ཁྱད་པར་ཅན་དུ་གནས་བསྒྱུར་ཐུབ་པའི་ནུས་པ་ཞིག་ལ་གོ་དགོས་པ་རེད། ལྕགས་འཁྱགས་པ་སོལ་བའི་མེ་ཤིན་ཏུ་ངར་བ་ཞིག་ཏུ་བཅུག་པ་ཡིན་ན་ལྕགས་བསྲེགས་དམར་པོར་འགྱུར་འགྲོ་བ་དང་། ཆུ་སྣོད་གང་བའི་ནང་དུ་ཚྭ་ཅུང་ཟད་ཅིག་བཏབ་པ་ཡིན་ན། དེའི་ནུས་པས་སྣོད་གང་པོའི་ཆུ་ལ་ལན་ཚྭའི་རོ་ཡིས་ཁྱབ་པ་ཇི་བཞིན། སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་བྱིན་རླབས་ལས་ཅན་སྐལ་བ་ལྡན་པའི་སྐྱེས་བུ་དང་འཕྲད་པ་ཡིན་ན། བྱིན་བརྒྱུད་ཀྱི་རྟོགས་པའི་ཕ་ཕོགས་ཐོབ་སྟེ་སྔར་མེད་ནང་གི་ཡོན་ཏན་དང་བྱིན་ནུས་ཁྱད་པར་ཅན་དང་ལྡན་པར་བསྒྱུར་འགྲོ་བ་རེད། ཡེ་ནས་རྒྱལ་བའི་ཡེ་ཤེས་མཁའ་དང་མཉམ་པའི་ཆོས་ཉིད་ཀྱིས་མ་ཁྱབ་པ་མེད་པས་ཡེ་ཤེས་ནང་འཕྲད་ཚེ་བྱིན་ཕེབས་སླ་བ་ཡིན། དཔེར་ན་ནམ་མཁའི་གློག་སའི་གློག་ལ་འཁྲི་སླ་བ་ངོ་བོ་དང་བྱེད་པ་གཅིག་པའི་དབང་གིས་ཡིན་པ་ལྟར་ཏེ། འུ་ཅག་གིས་འཕོ་ལུང་བཏོན་པའི་ཚེ་འཆི་སྲིད་ཆོས་སྐུའི་བར་དོ་རུ་གནས་པའི་སེམས་ཅན་གྱི་རིག་པ། བདེ་བར་གཤེགས་པའི་སྲས་སམ་གདོད་མའི་མགོན་པོའི་ཐུགས་ཀློང་དུ་འཕོ་རུ་འཇུག་ཐུབ་པ་ཆོས་ཉིད་ནང་འཕྲད་པས་རེད་ཅེས་ཟེར་མ་མྱོང་ངམ། འོ་ན་གང་ཟག་གི་རྒྱུད་ལ་ཡེ་ཤེས་པའི་བྱིན་ཕེབས་སུ་རུང་ཡང་། གནས་མཆོག་འདི་རུ་ཞེས་པའི་ཚེ་ས་རྡོ་རི་བྲག མཁར་ཁང་པ་བེམ་པོའི་རིགས་འདི་དག་ལ་ཇི་ལྟར་རུང་སྟེ་མི་རུང་སྙམ་ན། མཁའ་ཁྱབ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་ལུས་ཅན་དེས་སྣོད་བཅུད་ཐམས་ཅད་ལ་མ་ཁྱབ་པ་མེད་པ་རེད། དུས་འཁོར་དུའང་རྡུལ་དང་སེམས་ལས་འདས་པའི་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཞེས་གསུངས་ལྟ་བུ་དང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་སོགས་གསུངས་ཚེ་སྟོང་ཉིད་ཅེས་པ་རྫ་སྣོད་སྟོང་པ་ལྟ་བུ་ལ་གསུངས་པ་མ་ཡིན་པར། སྣང་མཉམ་སྟོང་མཉམ་བདེན་མཉམ་རྫུན་མཉམ་སྟེ། རྒྱལ་བའི་ཡེ་ཤེས་ཀྱི་ངོར་སྣོད་བཅུད་ཐམས་ཅད་ཆོས་ཉིད་ཀྱི་རོལ་བ་གཅིག་ལས་མ་འདས་པ་ཡིན་པ་རེད། རྒྱུ་མཚན་དེའི་ཕྱིར་ན་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་གསེར་གྱི་བྱེ་མ་འབྲུ་གཅིག་གམ། མེ་ཏོག་པདྨ་རྐང་གཅིག་ཁོ་ནའི་ཡོན་ཏན་བརྗོད་དགོས་ཀྱང་རྒྱལ་བས་བརྗོད་མི་ནུས་གསུངས་པ་རྒྱལ་བའི་ཡེ་ཤེས་ཀྱིས་དེའི་སྣོད་བཅུད་ཐམས་ཅད་ལ་མ་ཁྱབ་པ་མེད་པས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྒྱལ་བ་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཁོ་ན་ལས། སོ་སོའི་སྐྱེ་བོའི་མིག་རྣ་སྣ་ལྕེའི་ཡུལ་དུ་མ་གྱུར་པ་རེད་གསུངས་པ་ལས། གཞན་རྒྱལ་བ་ཞལ་མ་བདེ་བས་གསུངས་མ་ཤེས་པ་རེད་ཅེས་པའི་དོན་ག་ལ་ཡིན། དེས་ན་འདི་ནས་བདག་གནས་ཡོ་བྱད་ཐམས་ཅད་བྱིན་གྱིས་རློབས་ཞེས་བསྐུལ་བའི་ཚིག་རེད། དེ་ཡང་རྟོགས་པ་སྐྱེ་བ་བླ་མའི་བྱིན་རླབས་དང་བྱིན་རླབས་འཇུག་པ་དེ་མོས་གུས་ཀྱི་རྟེན་འབྲེལ་ལ་རག་ལས་པ་རེད། སངས་རྒྱས་ཀྱི་བྱིན་རླབས་སེམས་ཅན་ལ་འཇུག་པ་དེ་ཉིད་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་བྱེད་པ་རེད། འོན་ཀྱང་དེ་ལ་ཡང་བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་ཤིག་དང་། བྱེད་པོ་ཡུལ་ཅན་ལ་ཡོད་པའི་འཕྲིན་ལས་ཤིག་སྟེ་གཉིས་ཀྱི་དབྱེ་བ་ཕྱེད་དགོས། བྱེད་པོ་ཡུལ་ཅན་ལ་ཡོད་པའི་འཕྲིན་ལས་ནི་དེ་ལྟར་མཛད་པའི་ཐབས་སམ་ནུས་པ་དེ་ཡིན་ཞིང་། དེ་ཉིད་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱིས་བསྡུས་པ་ཡིན་ཡང་། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་ནི་གདུལ་བྱའི་སེམས་ཅན་མཐོ་རིས་དང་ཐར་བ་ཐོབ་པའི་ལམ་རྒྱུད་ལ་སྐྱེས་པ་གདུལ་བྱའི་རྒྱུད་ཀྱི་དད་པས་བསྡུས་པ་ཞིག་རེད། དེས་ན་གནས་མཆོག་འདི་རུ་བྱིན་ཕོབ་ལ། ཞེས་གསུངས་ན། བདག་སྒྲུབ་པ་པོ་ཡོད་པའི་གནས་མཆོག་འདི་རུ་བྱིན་ཕོབ། གནས་འདི་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་དཔལ་རི་པདྨ་འོད་གླིང་དུ་སྒྱུར། གནས་འདི་རུ་འབྲེལ་བ་བཞག་ཚད་མ་བསྒོམ་པར་ཡང་འཚང་རྒྱ་བའི་ནུས་པ་བྱིན། མ་བསྒོམ་པར་སངས་རྒྱས་པ་ཅི་འདྲ་ཡིན་ན་སྙམ་པའི་ཐེ་ཚོམ་མི་དགོས། རྒན་མོ་ལ་ཁྱི་སོ་བརྒྱུད་ནས་མོས་གུས་ཀྱི་སྟོབས་ཀྱིས་སངས་རྒྱས་ཀྱི་བྱིན་རླབས་དྲངས་པའི་དཔེ་ཡོད་པ་མ་ཡིན་ནམ། མོས་གུས་ཅན་ལ་གནས་འདི་དག་ཟངས་མདོག་དཔལ་རི་དང་བདེ་བ་ཅན་དངོས་ཡིན་ཞིང་། དངོས་ཀྱི་བྱིན་རླབས་འཇུག་ཐག་ཆོད་ཡིན་པ་རེད། གལ་སྲིད་མ་དད་ན་རྔ་ཡབ་གླིང་གི་སྲིན་པོ་རྣམས་ཀྱིས་གུ་རུ་རིན་པོ་ཆེའང་རྒྱལ་པོ་ཡིན་པའི་འདུ་ཤེས་མ་གཏོགས་བླ་མ་ཡིན་པའི་དད་པ་མ་ཡོད་པས། སྲིན་རྒྱལ་རཀྴ་ཐོད་ཕྲེང་གི་སྐུར་བཞེངས་པ་མ་ཡིན་ནམ། དད་པ་མེད་ན་བྱིན་ཕོབ་ཅེས་ཐེངས་བརྒྱར་བོས་ཀྱང་བྱིན་རླབས་འཇུག་ནི་མ་རེད། དད་པ་དང་དམ་ཚིག་སྔར་ཡོད་ཀྱང་ད་ལྟར་ཉམས་པ་ཡིན་ན་བྱིན་རླབས་ཞུད་ནས་འདྲེད་འགྲོ་རྒྱུ་ཡོད་པ་རེད། བྱིན་རླབས་ཞུད་སོང་དུས་དར་ཐོག་ཏུ་རྡོག་མ་ཆགས་མ་བརྟན་པ་ཇི་བཞིན་བྱིན་རླབས་ཆགས་མི་ཐུབ་པ་རེད། དེ་ལ་ཅི་དགོས་པ་རེད་ཅེ་ན། རས་གཞི་ལ་འབྱར་རྩི་བྱུགས་ནས་ཚོན་འབྱར་ཐབས་བྱེད་པ་ཇི་བཞིན། དམ་སྐོང་དོང་སྤྲུགས་ཚོགས་བསགས་སྒྲིབ་སྦྱང་ལ་སོགས་པ་དགོས་པ་རེད། སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར་ཞེས་སྒྲུབ་པ་པོའི་གང་ཟག་མཆོག་དབང་རྣོན་ལས་སྐལ་དང་ལྡན་པ་བདག་ལ་དབང་བཞི་བསྐུར། སྐུ་དབང་ལུས་ལ་བསྐུར་བུམ་པའི་དབང་གིས་རྩ་སྤྲུལ་སྐུར་དག སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག དེ་བཞིན་དུ་ངག་དང་ཡིད་ལ་གསང་བ་ཤེས་རབ་ཚིག་དབང་དང་བཅས་པ་ཐོབ་ནས། རླུང་དང་ཐིག་ལེ་ཀུན་གཞིའི་སྒྲིབ་པ་རྣམས་དག་ནས་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག བགེགས་དང་ལོག་འདྲེན་བར་ཆད་སོལ། ཞེས་ཕྱི་ནང་གསང་བའི་བགེགས་ཏེ་ཕྱི་རྐྱེན་དགྲ་འདྲེ་འབྱུང་པོ། ནང་རྐྱེན་ཉོན་མོངས་དུག་ལྔ། གསང་བ་འཁྲུལ་རྟོག་གཉིས་འཛིན་གྱི་གདོན། མདོར་ན་བདག་གཉིས་ཀྱིས་བསྡུས་པའི་འཛིན་པ་ཕྲ་རགས་སྣང་གསུམ་འཕོ་བའི་བག་ཆགས་དང་བཅས་པའི་བགེགས་དང་ལོག་པར་འདྲེན་པའི་བར་ཆད་ཐམས་ཅད་སོལ་ལ། མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཞེས་མཆོག་གི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་ཐོབ། ཟག་མེད་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་མངའ་བརྙེས། ལས་ཀྱི་རླུང་དབུ་མར་ཚུད་ནས་མ་དག་པའི་རྩ་རླུང་ཐིག་ལེ་ཐམས་ཅད་དག་པའི་སྟོབས་ཀྱིས། རྫུ་འཕྲུལ་གྱིས་ནམ་མཁར་འགྲོ་ནུས་པ་དང་བསད་པ་གསོ་ནུས་པ། སེམས་གསལ་སྟོང་གི་ཡེ་ཤེས་མངོན་དུ་གྱུར་བའི་སྟོབས་ཀྱིས་མངོན་པར་ཤེས་པས་ཆོས་ཐམས་ཅད་ཨ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་གསལ་བར་རྟོགས་པ། ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་ས་ལམ་གོང་མར་བགྲོད་ཐུབ་པ། ཚེ་ཉི་ཟླ་དང་མཉམ་པས་རང་གཞན་གྱི་དོན་སྒྲུབ་ཐུབ་པའི་རྡོ་རྗེའི་སྐུ་བརྙེས་པ་དེ་དག་མཆོག་གི་དངོས་གྲུབ་ཡིན་པ་རེད། ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་དེ། རལ་གྲི་མིག་སྨན་རིལ་བུ་གསེར་འགྱུར་རྐང་མགྱོགས་ལ་སོགས་པ་རེད། མདོར་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ་ཞེས་དབྱངས་རྟ་སྙན་མོས་དངོས་གྲུབ་བསྐུལ་བ་དང་མཉམ་དུ། སྔགས་ཀྱིས་སྤྱན་འདྲེན་པ། ཨོཾཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལཿ བཛྲ་ས་མ་ཡ་ཛཿཛཿ ཞེས་གསུངས་ཏེ། ཨོཾ་ཨཱཿཧཱུྃ་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། སྐུ་གསུང་ཐུགས་གསང་བ་གསུམ་གྱི་བདག་ཉིད། བཛྲ་ནི་འགྱུར་བ་མེད་པ་གསང་སྔགས་ཀྱི་རྡོ་རྗེ། རིག་པའི་ཡེ་ཤེས་དེ་བཞིན་ཉིད་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པ། རྣམ་པ་གུ་རུའམ་བླ་མ་ཞེས་སུ་གསུངས་པ་དང་། པདྨ་ནི་པདྨ་འབྱུང་གནས་ཞེས་པའི་དོན། ད་ལྟ་རྔ་ཡབ་ལང་ཀའི་གླིང་ན་རཀྴ་ཐོད་ཕྲེང་རྩལ་གྱི་སྐུར་བཞེངས་པས་ཐོད་ཕྲེང་རྩལ་ཞེས་མཚན་ཐད་འགྱུར་ཏེ། སྤྱིར་སྔགས་འདི་ལ་འགྱུར་སྐད་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཡོད་པ་རེད། ཚིག་འགྱུར་དང་། དོན་འགྱུར། སྲོག་འགྱུར། མཚན་འགྱུར་ཞེས་པ་དང་། ད་དུང་མན་ངག་གི་འགྱུར་ལ་སོགས་པ་མང་པོ་ཡོད་པར་གསུངས་པ་རེད། ཐོད་ཕྲེང་རྩལ་བོད་སྐད་ཡིན་ན། འདི་ཐད་ཀ་རུ་མཚན་ཐད་འགྱུར་བྱས་པ་རེད། འོ་ན་བོད་སྐད་ཡིན་པས་སྔགས་མིན་སྙམ་མི་དགོས། སྔགས་ལ་མི་མ་ཡིན་དང་འགྲོ་ལྡིང་བའི་སྐད་ལ་སོགས་པ་མང་བས་མཐའ་གཅིག་ཏུ་སཾ་ཀྲྀ་ཏའི་སྐད་དང་མཐུན་དགོས་པའི་ངེས་པ་མེད། རིག་འཛིན་བརྒྱུད་པའི་ཞལ་ལུང་ལ་ལྟོས་པ་མ་གཏོགས། རྣམ་པ་ཀུན་ཏུ་བྱིངས་དང་རྣམ་འགྱུར་རྐྱེན་ལ་སོགས་པས་སྒྲ་སྒྲུབ་པ་ལྟར་བྱེད་དགོས་པ་མ་རེད། བྱིན་གྱིས་བརླབས་པའི་སྔགས་མིན་ཚེ་རྒྱ་གར་གྱི་གནའ་སྐད་ཡིན་པ་ཙམ་གྱིས་བྱིན་རླབས་ཡོད་པའི་ངེས་པ་མེད་དེ། སཾ་ཀྲྀ་ཏའི་སྐད་ཀྱི་མུ་སྟེགས་པའི་གཞུང་ལུགས་ཇི་འདྲའི་མང་པོ་ཡོད་སྲིད། དེ་ལྟ་བུའི་གུ་རུ་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་བསྐྱེད་ཅིང་སྤྱན་དྲངས་པའི་གནས་འདིར་དམ་ཡེ་ཐ་མི་དད་པར་ཡེ་ནས་རྣམ་པར་དག་པར་བཛྲ་རམ་འགྱུར་བ་མེད་པའི་རྡོ་རྗེར་ས་མ་ཡ་ཞེས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཛཿཛཿཞེས་གསུངས་ཏེ། ཛ་སྔ་མ་དེས་སྤྱན་འདྲེན་ཅིང་། རྗེས་མ་དེས་གཉིས་མེད་དུ་བསྟིམ་པའི་གོ་བ་ལེན་དགོས་པ་རེད། བསྐྱེད་རིམ་གྱི་སྐབས་སུ་དག་རྫོགས་སྨིན་གསུམ་གྱི་གོ་དོན་སློང་རྒྱུ་དེ་ཉིད་སྐྱེ་བ་རྣམ་བཞི་སྦྱོང་བ་གང་གི་སྐབས་སུ་ཡིན་ཡང་གནད་ཆེན་པོ་ཡིན། དག་རྫོགས་སྨིན་གསུམ་ནི་འཁོར་བ་དང་རྣམ་པ་མཐུན་པས་སྲིད་པ་སྦྱོང་ཞིང་དག མྱང་འདས་དང་བཞུགས་ཚུལ་མཐུན་པས་འབྲས་བུ་གཞི་ལ་རྫོགས། གཉིས་ཀ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བས་དག་རྫོགས་སྨིན་གསུམ་ཚང་བས་མ་ཚད། ཟབ་གསལ་གཉིས་མེད་ཀྱི་རྫོགས་རིམ་བསྐྱེད་རྫོགས་ཟུང་འཇུག་ཏུའང་འགྲོ་བ་ཡིན། བསྐྱེད་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གཉིས་རང་སྣང་གི་ངོར་དབྱེར་མེད་དུ་གནས་པ་ཡིན་ཞིང་། རང་བཞིན་དམ་ཚིག་གི་དཀྱིལ་འཁོར་དུ་བསྐྱེད་པ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྤྱན་དྲངས་པ་འཇུག་ཅིང་བསྟིམ་པའི་མཚན་ཉིད་ཅན། ཆུ་ལ་ཆུ་བཞག་པ་ཇི་བཞིན་མཉམ་པོར་སྦྱོར་བའི་ཚུལ་གྱིས་བསྟིམས་པ་རེད།

གསུམ་པ་བཞུགས་སུ་གསོལ་བ།

གསུམ་པ་བཞུགས་སུ་གསོལ་བ་ནིཿ ཞེས་གསུངས་ཏེ། འུ་ཅག་གིས་མགྲོན་པོ་གལ་ཆེན་ཞིག་མགྲོན་དུ་བོས་ན། དང་པོ་ཕེབས་བསུ་ཞུ། དེ་ནས་གདན་དུ་བཞུགས་སུ་གསོལ་དགོས་པ་སོགས་ལྟར། དེ་དང་རྣམ་པ་མཐུན་པའི་ཐོག་ནས། སྤྱན་འདྲེན་བྱས་པའི་དེ་མ་ཐག་ཏུ་བཞུགས་གསོལ། དེའི་མཚམས་སུ་རིམ་པ་བཞིན་དུ་ཕྱག་འཚལ་དང་མཆོད་པ་དེ་དག་ཡོང་བ་ཡིན། སྤྱིར་ཆོ་ག་ལ་ཐོག་མཐའ་བར་གསུམ་སྦྱོར་དངོས་རྗེས་ཀྱི་འགྲོས་ཚང་དགོས་པ་གཅིག་པ་རེད། དཔེར་ན་གང་ཟག་མི་ཞིག་ལ་ཡན་ལག་གི་དང་མ་མགོ། མགོ་དེ་ལ་དབང་པོ་མིག་རྣ་སྣ་ལྕེ། ལུས་གཅིག་ལ་རྐང་ལག་བཞི། ཉིང་ལག་གི་སོར་མོ། ཁོག་པ་སྒལ་ཚིགས་དང་དོན་ལྔ་སྣོད་དྲུག་སོགས་ཚང་ན་མི་ལུས་ཆ་ཚང་ཞིག་ཏུ་བརྗོད་པ་ཇི་བཞིན་ཆོ་གའི་ཡན་ལག་ཐམས་ཅད་ཚང་བ་ཞིག་ལ་ཆོ་ག་ཆ་ཚང་ཟེར་བ་ཡིན། མི་ཡིན་པ་འདྲ་ཡང་མི་ཐམས་ཅད་གཅིག་མ་ཡིན་པ་བཞིན་དུ་ཆོ་ག་ལ་ཡང་མདོ་དང་སྔགས། སྔགས་ལའང་གསར་རྙིང་རྒྱུད་སྡེ་བཞི་དྲུག་གི་ལྷ་དང་དཀྱིལ་འཁོར་སོ་སོར་ཆོ་ག་སོ་སོ་ཡོད་པ་བྱེ་བྲག་པ་རེད། དེ་བཞིན་དུ་ཆོ་གའི་ཡན་ལག་འགའ་ཞིག་མི་འདྲ་བ་དང་། རྒྱས་བསྡུས་མང་ཉུང་གི་ཁྱད་པར་ཡང་འབྱུང་བ་རེད། ཧཱུྃ། ཞེས། ཧཱུྃ་ཐུགས་ཀྱི་ཡི་གེས་འགོ་བླངས་ཏེ། ཐབས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་འདིརཿ ཤེས་རབ་དབྱིངས་ནས་དྲངས་པའི་ལྷཿ རིག་འཛིན་བླ་མའི་དཀྱིལ་འཁོར་རྣམསཿ གཉིས་མེད་ངང་དུ་དགྱེས་པར་བཞུགསཿ ཞེས་གསུངས་ཏེ། ཐབས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་འདིར། ཞེས་པ་ཐབས་བསྐྱེད་པའི་རིམ་པ་ཆོས་སྐུ་དེ་བཞིན་ཉིད་ཀ་དག་སྟོང་པ། སྒྱུ་འཕྲུལ་ཡེ་ཤེས་ལྔ་ལྡན་གྱི་བདག་ཉིད་ཅན་ཞིག་ལ་གོ་དགོས་པ་རེད། ཡེ་ཤེས་ལྔ་ལྡན་གྱི་བདག་ཉིད་ལ་ཇི་ལྟར་གོ་དགོས་པ་རེད་སྙམ་ན། རྒྱ་མཚོ་རུ་གཟའ་སྐར་ཤར་བ་ལྟར་ཕྱི་ཡུལ་གྱི་རྣམ་པ་མ་འགག་པར་སྣང་བ་དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་དང་། དེའི་ངོ་བོ་སྟོང་པ་གནས་ལུགས་རང་གི་ངོ་བོ་ལས་མ་གཡོས་པ་དེ་ཉིད་ཆོས་དབྱིངས་ཡེ་ཤེས། དེར་འཛིན་པ་མ་ཞུགས་པ་མཉམ་ཉིད་ཡེ་ཤེས། གཟུགས་དང་སྒྲ་ལ་སོགས་པའི་རྣམ་པ་མ་འདྲེས་པར་སོ་སོར་སྣང་བ་ཉིད་སོ་སོར་རྟོགས་པའི་ཡེ་ཤེས། དགག་སྒྲུབ་སྤང་བླང་འདོར་ལེན་གྱི་འཛིན་རྟོག་ཡུལ་མེད་དུ་གྲོལ་བ་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པ་རེད། ཤེས་རབ་དབྱིངས་ནས་དྲངས་པའི་ལྷ། ཞེས་གསུངས་ན། དེ་ལྟ་བུའི་བསྐྱེད་པ་ཐབས་ཀྱི་དཀྱིལ་འཁོར་ལ་ལྷུན་གྲུབ་ལོངས་སྐུའི་དཀྱིལ་འཁོར་ཁ་སྦྱོར་བདུན་ལྡན་བདེ་བ་ཆེན་པོའི་རོལ་རྩལ་ཚོགས་པ་ཤེས་རབ་དབྱིངས་ནས་སྤྱན་དྲངས་ཤིང་། འཛིན་མེད་ཀྱི་ངང་ནས་འགག་མེད་དུ་ཤར་བའི་ཀུན་འདུས་རིག་འཛིན་བླ་མའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་རྣམས་ཞེས་མང་ཚིག་གིས་དཀྱིལ་འཁོར་ཆེན་པོ་གཅིག་གི་སྤྲོ་བསྡུ་རུ་དཀྱིལ་འཁོར་བསམ་ཡས་སྣང་བ་དེ་དག་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ་ཡེ་ནས་གྲུབ་པ་ལ། ཇི་བཞིན་ཤེས་པའི་ཐབས་ཤེས་གཉིས་མེད་ཀྱི་ངང་དུ་བཞུགས་ཞེས་གསུངས། བཛྲ་ས་མ་ཡ་ཏིཥྛ་ལྷནཿ ཞེས་པ་ནི་དམ་ཚིག་གི་རྡོ་རྗེར་བརྟན་པར་བཞུགས་ཞེས་པའི་དོན་རེད། ལྷན་ཞེས་པ་བོད་སྐད་ཡིན་ཞིང་སྔགས་ཚིག་ཏུ་བྱིན་གྱིས་བརླབས་པའི་སྔགས་ཏེ། འདིའི་གོ་དོན་ནི་ཆུ་ལ་ཆུ་བཞག་པའམ། མར་ལ་མར་ལྷན་པ་ལྟར་གཉིས་མེད་དུ་བསྲེ་བའི་དོན་རེད།

བཞི་བ་ཕྱག་འཚལ་བ།

བཞི་བ་བརྡ་ཕྱག་འཚལ་བ་ནིཿ ཞེས་གསུངས་ཏེ། ཕྱག་འཚལ་བ་འདི་ལ་འུ་ཅག་གིས་དུས་རྒྱུན་བཤད་པ་ལྟར་རབ་ལྟ་བ་མཇལ་བའི་ཕྱག འབྲིང་སྒོམ་པ་གོམས་པའི་ཕྱག ཐ་མ་སྤྱོད་པ་མོས་གུས་ཀྱི་ཕྱག་ཅེས་བརྗོད་པའམ། གཞན་ཡང་གུས་ཤིང་འདུད་པ་ལུས་ཀྱི་ཕྱག བསྟོད་ཅིང་བསྙེན་པ་ངག་གི་ཕྱག མོས་ཤིང་འདུད་པ་ཡིད་ཀྱི་ཕྱག་ཅེས་བརྗོད་ནའང་ཆོག་པ་ཡིན། དེ་མིན་སྣང་བ་བརྡ་ཡི་ཕྱག རྟོགས་སྒོམ་ཏིང་འཛིན་གྱི་ཕྱག རོ་གཅིག་གཉིས་མེད་ཀྱི་ཕྱག་ཅེས་སྤྲོས་ནའང་ཆོག་པ་རེད། ད་ཡིན་པ་བྱས་ན་ཐམས་ཅད་ཡིན་པ་རེད། མིན་པ་བྱས་ན་ཐམས་ཅད་མིན་པ་རེད། རྣལ་འབྱོར་སེམས་ཉིད་ཀྱི་རོལ་བ་ལས་སྣང་བ་བརྡ་དང་ཡི་གེའི་གཟུགས་བརྙན་ལ་ཟད་རྒྱུ་ཅི་ཡོད། དེ་ཡང་དོན་ངོ་མ་ལྟར་ན། ཧཱུྃཿ ལྷ་ཉིད་རང་ལ་རང་ཉིད་ལྷཿ རང་བྱུང་སྤྲུལ་པའི་དཀྱིལ་འཁོར་ལཿ བཟང་ངན་བླང་དོར་མ་མཆིས་ཀྱངཿ རྟེན་འབྲེལ་བརྡ་ཡི་ཕྱག་འཚལ་ལོཿ ཞེས་གསུངས། རང་བྱུང་སྤྲུལ་བའི་དཀྱིལ་འཁོར་ཏེ། སྙིང་ཐིག་རང་གཞུང་གི་དཔལ་ཆེན་བཀའ་བརྒྱད་ཀྱི་ནང་ནས། རང་ལས་ཤར་བའི་དཔལ་ཆེན་ཚོགས། ཞེས་གསུངས་པ་ལྟར་དང་། ལྷ་ཉིད་རང་ལ་རང་ཉིད་ལྷ། ཞེས་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པ་གཉིས་མེད་སྤྲུལ་བའི་ལྷ་ཚོགས། ལྷ་ཉིད་རང་དང་རང་ཉིད་ལྷར་དབྱེར་མི་ཕྱེད་ཅིང་། བཟང་ངན་བླང་དོར་མ་མཆིས་ཀྱང་། ཞེས་བཟང་ངན་བླང་དོར་གྱི་སྟེང་ནས་ཕྱག་འཚལ་ཡུལ་དང་འཚལ་མཁན་ཞེས་པ་ལོགས་སུ་མ་མཆིས་པར། རྟེན་འབྲེལ་བརྡ་ཡི་ཕྱག་འཚལ་ལོ། ཞེས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་དབང་གིས་བྱུང་ཞིང་སྣང་བ་ཡིན་པ་ནི། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། ཞེས་གསུངས་པ་ལྟར་དང་། དེ་ཉིད་ཀྱང་སྟོང་ཉིད་ལས་མ་འདས་པ་ཞིག་ཡིན་པས། དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། ཞེས་གསུངས་པ་དང་། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། ཞེས་གསུངས་པ་ལྟར། སྟོང་པ་རྟེན་འབྱུང་དུ་ཤར་བའི་སྣང་ཆ་གང་དུའང་བསྒྱུར་ཆོག་པས་ན། རྟེན་འབྲེལ་བརྡ་ཡི་ཕྱག་འཚལ་ལོ་ཞེས་གསུངས། འདི་ལ་གནས་ལུགས་ལྟ་བའི་རང་ཞལ་མཇལ་ཏེ་མངོན་སུམ་ལྟ་བ་མཇལ་བའི་ཕྱག་ཅེས་བརྗོད་དགོས་པ་རེད། ཨ་ཏི་པཱུ་ཧོཿ ཞེས་ཕྱག་འཚལ་བ་དང་། པྲ་ཏཱིཙྪ་ཧོཿ ཞེས་ཕྱག་ལན་གནང་བའི་ཚིག་རེད་ཅེས་གསུངས་འདུག

ལྔ་པ་མཆོད་པ།

ལྔ་པ་མཆོད་པའི་བྱེ་བྲག་ནིཿ ཞེས་གསུངས་ཏེ། བྱེ་བྲག་ཅེས་གསུངས་པ་འདིས་མཆོད་པ་ལ་ནང་གསེས་ཀྱི་བྱེ་བྲག་མང་པོ་ཡོད་པའི་ནང་ནས་འདི་མཆོད་པ་བྱེ་བྲག་པ་ཞིག་ཡིན་ཞེས་པའི་དོན་མིན་པར་སྙམ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཅས་པའི་མཆོད་པའི་བྱེ་བྲག་ནི་ཞེས་མཚམས་སྦྱར་ཏེ་མཆོད་པའི་རྣམ་གྲངས་མང་པོ་མཚོན་པ་ཚིག་གིས་མཚམས་སྦྱར་བ་ཡིན། དེ་ཡང་འདོན་ཆོག་དངོས་ནི། ཨོཾ་ཨཱཿཧཱུྃཿ ཞེས་གསུངས་ཏེ། ཨོཾ་ཨཱཿཧཱུྃ་གིས་མཆོད་རྫས་ཟག་མེད་ཀྱི་འདོད་ཡོན་ཀུན་བཟང་མཆོད་པའི་རྣམ་རོལ་དུ་སྦྱང་སྤེལ་བསྒྱུར་ནས། ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིནཿ ཉེར་སྤྱོད་འདོད་ཡོན་སྣ་ལྔ་དངཿ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུནཿ སྨན་གཏོར་རཀྟ་དང་རེ་སྤྲོཿ ཞེས་གསུངས་ཏེ། ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིན། ཞེས་གསུངས་པ་འདིས་ཕྱི་ཉེར་སྤྱོད་ཀྱི་མཆོད་པ། ནང་དམ་རྫས་ཀྱི་མཆོད་པ་གཉིས་ཀ་དངོས་སུ་བསྟན་ནས། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་དང་། དེ་ཁོ་ན་ཉིད་མཉམ་པ་ཆེན་པོའི་མཆོད་པ་ཤུགས་ལ་བསྟན་པ་དང་བཅས་པས། མཆོད་པའི་སྤྲིན་ཞེས་སྙན་གསན་དབབ་པའམ། མཚམས་སྦྱར་བའི་ཚིག་གིས་སྤྱིར་བསྟན་ནས། དེ་རེ་རེ་བཞིན་དུ་ངོ་བོའི་རིགས་བསྡུས་ན། ཉེར་སྤྱོད་འདོད་ཡོན་སྣ་ལྔ་དང་། ཞེས་ཕྱི་མཆོད་འདོད་ཡོན་སྣ་ལྔ། དབང་ལྔའི་ཡུལ་དུ་གྱུར་བའི་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་ལ་སོགས་པ། དེ་ལ་ཡང་ནང་གསེས་ཀྱི་ཕྱག་རྒྱ་གར་གྱི་མཆོད་པ་ལ། རྐང་བའི་བྲོ། ལག་པའི་གར། མིག་གི་བལྟ་སྟངས། ལུས་ཀྱི་འགྱིང་སྟབས་སྣ་ཚོགས་སུ་བསྒྱུར་བའི་ཕྱག་རྒྱ་དང་། བསྟོད་པ་གླུ་ཡི་མཆོད་པ་ལ་ཚིག་དང་དབྱངས་སྙན་མོས་བསྟོད་པ་དབྱངས་སུ་འགུག་པ་དང་། ཏིང་འཛིན་ཡིད་ཀྱི་མཆོད་པ་མཆོད་པའི་སྤྲིན་རབ་འབྱམས་ཡིད་ཀྱིས་སྤྲུལ་ནས་ཞེན་མེད་དུ་འབུལ་བ། སྣ་ཚོགས་འདོད་ཡོན་གྱི་མཆོད་པ་ལ་ཉེར་སྤྱོད་བདུན་དང་འདོད་ཡོན་དྲུག བྱེ་བྲག་ཏུ་གོས་རྒྱན་ཡོ་བྱད་དང་། བཟའ་བཏུང་གནས་ཁང་། ཡུལ་ཕྱོགས་འབྱོར་བ་སོགས་དང་། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། ཞེས་གསུངས་ན། གདུགས་དང་། གསེར་ཉ། བུམ་པ་ལ་སོགས་པའི་བཀྲ་ཤིས་པའི་རྟགས་བརྒྱད། དུར་བ། ཡུངས་དཀར། བིལ་བ་ལ་སོགས་པ་བཀྲ་ཤིས་པའི་རྫས་བརྒྱད། འཁོར་ལོ། ནོར་བུ། བཙུན་མོ། དམག་དཔོན་ལ་སོགས་པའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། དེ་དག་གིས་ཞི་མཆོད་བསྟན་པ་རེད། སྨན་གཏོར་རཀྟ་དང་རེ་སྤྲོ། ཞེས་གསུངས་པ་འདིས་ནང་མཆོད་བསྟན་པ་སྟེ། དམ་རྫས་བདུད་རྩིའི་མཆོད་པ། དམར་ཆེན་རཀྟའི་མཆོད་པ། བཱ་ལིང་གཏོར་མའི་མཆོད་པ་བཅས་བསྟན་པ་དང་། སྒེགས་བཞད་གཡོ་བའི་གར་མ་དངཿ བདེ་ཆེན་སྦྱོར་བའི་རིག་མ་འབུམཿ ཞེས་གསུངས་པ་འདིས་གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་ཚིག་གི་ཟུར་ཙམ་གྱིས་བསྟན་པ་རེད། མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུནཿ ཡེ་ཤེས་དབྱིངས་སུ་རྣམ་དག་པའིཿ མཆོད་པའི་ཕྱག་རྒྱ་ཆེན་པོ་སོགསཿ ཞེས་གསུངས་ཏེ། འདིས་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། དུག་ལྔ་ཡེ་ཤེས་ལྔ་དུག་གསུམ་སྐུ་གསུང་ཐུགས་སུ་མཆོད་པ་དང་། ཆོས་སྐུ་ཐིག་ལེ་ཉག་གཅིག་ལ་མཆོད་བྱ་དང་མཆོད་ཡུལ་གཉིས་སུ་མེད་པར་ཡེ་ཤེས་ཀྱི་དབྱིངས་སུ་དུ་མ་རོ་གཅིག་རྣམ་པར་དག་པའི་མཆོད་པའི་ཕྱག་རྒྱ་ཆེན་པོ་སོགས་ཏེ། སོགས་ཁོངས་ཀྱི་ནང་དུ་ཅི་ཡོད་པ་རེད་ཅེ་ན། ཀུན་བཟང་ཞབས་བསིལ་བཞི་བསྣོལ་ཟེར་བ་ལྟ་བུ་དང་། ཞི་བ་ལ་བདུད་རྩིའི་གསང་ནན་དང་། ཁྲོ་བོ་ལ་རཀྟ་ཚར་གསུམ་སོགས་དང་། ད་དུང་ཚོགས་ཀྱི་མཆོད་པ་ལ་སོགས་པ་ཡོད་པ་རེད། དེ་ལྟ་བུའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས། རིག་འཛིན་འདུས་པའི་ལྷ་ལ་འབུལཿ བཞེས་ནས་དབང་དང་དངོས་གྲུབ་སྩོལཿ ཞེས་གསུངས་ཏེ། རིག་འཛིན་འདུས་པའི་ལྷ་ལ་ཕུལ་བ་ཡིན་པས། བཞེས་ནས་མཆོག་གི་མཐུ་དང་། བྱིན་རླབས་ཀྱི་དབང་། ཐུན་མོང་ཐུན་མིན་གྱི་དངོས་གྲུབ་སྩོལ་ཞེས་གསུངས་ནས་མཆོད་པ་འབུལ་བའི་སྔགས། ཨོཾ་བཛྲ་ཨརྒྷཾ་ནསཿ ཤབྟ་རཱུ་པ་ཤབྟ་གྷནྡྷེ་རཱ་ས་པརྴེ་ཨཱཿཧཱུྃཿ ཞེས་གསུངས་ཏེ། ཨོྃ་ཞེས་འགོ་ལེན་གྱི་སྔགས་ཀྱིས་ཐོག་མའི་ཚིག་སྣེ་དྲངས་ཏེ། བཛྲ་ཨརྒྷཾ་ཞེས་གསུངས་ན། བཛྲ་མཆོད་རྫས་ཐོགས་པའི་རྡོ་རྗེའི་ལྷ་མོའི་རིགས་ཀྱི་མཚན་དང་སྦྲེལ་ནས། ཨརྒྷཾ་མཆོད་ཡོན། པ་ཏྱཾ་ཞབས་བསིལ། པུཥྤེ་མེ་ཏོག དྷུ་པེ་བདུག་སྤོས། ཨཱ་ལོ་ཀེ་མར་མེ། གནྡྷེ་དྲི་ཆབ། ནཻཝིདྱ་ཞལ་ཟས། ཤབྟ་རོལ་མོ་སྟེ་རྣམ་བརྒྱད་དང་། ད་དུང་རཱུ་པ་ཤབྟ་གྷནྡྷེ་སོགས་གསུངས་ན། རཱུ་པ་གཟུགས། ཤབྟ་སྒྲ། གནྡྷེ་དྲི། རཱ་ས་རོ། པརྴེ་རེག་བྱ་སྟེ་འདོད་པའི་ཡོན་ཏན་ཉེར་སྤྱོད་རྣམ་ལྔ་དང་། ཨཱཿཧཱུྃྃ་ཞེས་གསུངས་པ་དབྱིངས་སུ་མཆོད་ཅིང་དགྱེས་པར་བཞེས་གསུངས་པའི་དོན་ཏེ། དེ་དག་ཕྱི་མཆོད་རེད། སརྦ་པཉྩ་བྷ་ལིང་ཏ་རཀྟ་མ་ཧཱ་སུ་ཁ་དྷརྨ་དྷཱརྟུ་ཨཱཿཧཱུྃཿ ཞེས་གསུངས་ན། འདི་ཉིད་ནང་དང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡིན། ཕྱག་ལེན་དུ་འདིའི་སྔགས་འདི་ཚར་གསུམ་འདོན་པ་དང་། སྔགས་དོན་ནི་སྨན་གཏོར་རཀྟའི་མཆོད་པ་ཆེན་པོ་ཆོས་དབྱིངས་བདེ་བ་ཆེན་པོའི་མཁའ་ཀློང་དུ་བཞེས་ཤིག་ཅེས་པའི་དོན་རེད། མཆོད་པ་འབུལ་བ་འདི་ཚོགས་བསགས་ཀྱི་ཆེད་དུ་སྟེ། ཚོགས་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོད་པ་དང་། རྒྱུ་བསོད་ནམས་ཀྱི་ཚོགས་སྔོན་དུ་བསགས་པ་ལ་བརྟེན་ཏེ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྗེས་ནས་བརྙེས་དགོས་པ་རེད། དེས་ན་ད་ལྟའི་ཚོར་བ་དང་འདུ་ཤེས་མ་ཞིག་གི་བར་དུ་ཟག་བཅས་ཀྱི་ཚོགས་སམ་བསོད་ནམས་ཀྱི་ཚོགས་བསགས་དགོས་པ་དང་། སྣང་བ་འདི་འགྱུར་ནས་བདེ་སྡུག་གི་ཚོར་བས་ཕན་གནོད་མེད་པའི་དུས་སུ་སླེབས་ཚེ་ཟག་མེད་ཡེ་ཤེས་ཀྱི་ཚོགས་བསགས་ནས། དེ་དུས་དམིགས་བཅས་ཀྱི་ཚོགས་འདི་བསྐྱུར་ན་ཆོག་པ་རེད།

དྲུག་པ་བསྟོད་པ།

དྲུག་པ་བསྟོད་པ་བྱ་བ་ནིཿ ཞེས་གསུངས་ཏེ། འདི་བརྒྱུད་གསུམ་རིག་འཛིན་བླ་མ་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ཡོངས་རྫོགས་དང་བཅས་པའི་བསྟོད་པ་རེད། བསྟོད་པ་འདི་ཡང་བློའི་མཆོད་པའི་དྲ་བ་གཞན་ཞིག་ཀྱང་ཡིན་ཆོག་པ་མ་ཟད། འདི་ནས་ཕྱག་འཚལ་བའི་སྒོ་ནས་བསྟོད་པ་སྟེ། ལག་པའི་གར་རིགས་ལྔ་སྤྱིའི་ཕྱག་རྒྱ་དང་སྦྲེལ་བ་ཡིན་པས་བསྟོད་པ་ཕྱག་རྒྱ་དང་སྦྲེལ་བ་ཞིག་ཡིན་པ་རེད། འདི་ལ་ཕྱག་རྒྱ་བཞི་ཀ་ཚང་འདུག་སྙམ། ཕྱག་རྒྱ་བཞི་ནི། ཆོས་ཀྱི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་དང་བཅས་བཞི་སྟེ། རང་ཉིད་ལྷ་རུ་བསྒོམས་ནས་སྒྱུ་མ་དང་འཇའ་ཚོན་ལྟ་བུར་དམིགས་པ་ཕྱག་རྒྱ་ཆེན་པོ། ལག་པ་གཡས་ཀྱི་སོར་མོ་ལྔར་དཔའ་བོ་འབྲུ་ལྔའི་ས་བོན་དུ་གསལ། ལག་པ་གཡོན་གྱི་སོར་མོ་ལྔར་ཡུམ་ལྔའི་ས་བོན་བཀོད་དེ་ཕྱག་རྒྱའི་གར་བསྒྱུར་དགོས་པ་ཡིན་པས། སོར་མོར་ཡིག་འབྲུ་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ། རྡོ་རྗེ་ལ་སོགས་པ་རིགས་ལྔའི་ཕྱག་མཚན་དུ་བསྒོམ་པ་དམ་ཚིག་གི་ཕྱག་རྒྱ། དེ་བཞིན་ཕྱག་གཡས་གཡོན་དུ་བསྒྱུར་བ་དང་འཁྱུད་སྟབས་དང་པད་བསྐོར་བྱེད་པ་དག་ལས་ཀྱི་ཕྱག་རྒྱ་སྟེ་ཕྱག་རྒྱ་བཞི་ཀ་འདིར་ཚང་བར་སྙམ། འདིར་དངོས་བསྟན་གྱི་བསྟོད་པའི་ཚིག་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེཿ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུཿ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོདཿ ཅེས་གསུངས་ན། ཤོ་ལོ་ཀ་ཐོག་མ་འདིས་སྐུ་གསུམ་འདུས་པའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་གི་ངོ་བོར་བཞེངས་པའི་རིག་འཛིན་བླ་མར་བསྟོད་པ་སྟེ། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། ཞེས་པ་འདིས་རྒྱལ་བ་དགོངས་བརྒྱུད་བསྟན། ཆོས་དབྱིངས་མ་བཅོས་སྤྲོས་པ་བྲལ་བའི་ནང་གསལ་སྟོང་པའི་ཆ་ནས་ཡེ་ཤེས་ཆོས་སྐུ་དང་། སྐུ་གསུམ་གྱི་སྣང་གཞི་བྱེད་པའི་ཆ་ནས་ངོ་བོ་ཉིད་སྐུ། བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། ཞེས་གསུངས་ན། གདངས་ཕྱིར་གསལ་བདེ་ཆེན་ཟག་མེད་ཀྱི་ཡེ་ཤེས་ཉིད་ལས་མི་གཞན་པའི་རིགས་ལྔའི་སངས་རྒྱས། དེ་ལས་ཀྱང་དག་པའི་གདུལ་བྱ་ས་བཅུའི་བྱང་སེམས་ཀྱི་ངོར་སྣང་བའི་ཕྱེད་སྤྲུལ་ལོངས་སྐུ། ཆོས་ཀྱི་སྐུ་ལས་གདུལ་བྱའི་མགོན་དུ་ཆོས་ཀྱི་རྗེ་བོར་ལས་དག་པར་དངོས་སུ་སྣང་བའམ། ཡང་ན་པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། ཞེས་གསུངས་ན། ལོངས་སྐུའི་རྣམ་རོལ་ལས་མ་འདས་པའི་བླ་མ་ཆོས་ཀྱི་རྗེར་ཤར་བའི་གང་འདུལ་སྤྲུལ་སྐུའི་རོལ་པ། དེ་ཡང་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་ངོ་མཚར་པདྨའི་སྡོང་པོ་ལས་འཁྲུངས་པའི་བླ་མ་སྤྲུལ་པའི་སྐུ་པདྨ་འབྱུང་གནས། སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། ཅེས་གསུངས་ན། དེ་ལྟ་བུའི་སྐུ་གསུམ་མམ་སྐུ་བཞིའི་བདག་ཉིད། རིགས་ལྔ་འདུས་པའི་ངོ་བོ། རྒྱལ་བ་རིགས་དྲུག་པ་ཁྱབ་བདག་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད་ཅེས་འདིས་རྒྱལ་བ་དགོངས་པའི་བརྒྱུད་པ་བསྟན་པ་རེད། བདེ་བྱེད་བརྩེགས་པར་ཟབ་བརྒྱའི་དངོས་གྲུབ་བརྙེསཿ དུར་ཁྲོད་བརྒྱད་དུ་དགོངས་པའི་བཙན་ས་ཟིནཿ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་མངའ་དབང་བསྒྱུརཿ མཆོག་གི་རིག་འཛིན་བརྒྱད་ལ་ཕྱག་འཚལ་བསྟོདཿ ཅེས་གསུངས་ཏེ། བདེ་བྱེད་བརྩེགས་པར་ཟབ་བརྒྱའི་དངོས་གྲུབ་བརྙེས། ཞེས་གསུངས་ན། དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ཡིས་འོག་མིན་གྱི་གནས་ནས་ཆེ་མཆོག་སྒྲུབ་སྡེ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གྱི་ཆོས་སྐོར་དེ་རྡོ་རྗེའི་ཚིག་གིས་གསུངས་ནས་རྡོ་རྗེ་ཆོས་ལ་སོགས་པས་བསྡུས་ཏེ་རྫུ་འཕྲུལ་གྱི་ཡེ་གེར་བཀོད། དེ་ཉིད་རིན་པོ་ཆེའི་སྒྲོམ་སོ་སོར་བཅུག་སྟེ་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ཡིས་བཀའ་བབས་ཀྱི་སློབ་དཔོན་ཆེན་པོ་སོ་སོར་སྒྲོམ་བུ་གཏད། དེ་གཏད་པས་ཟབ་པ་བརྒྱ་ཡི་དངོས་གྲུབ་བརྙེས་གསུངས་པས་ཟབ་པ་བརྒྱ་ཞེས་པ་མང་ཚིག་རེད། བརྒྱ་ཁོ་ན་གསུངས་པ་མ་ཡིན། ཟད་མེད་ཟད་མཐའ་མེད་པའི་དངོས་གྲུབ་ཅེས་པའི་དོན་རེད། དུར་ཁྲོད་བརྒྱད་དུ་དགོངས་པའི་བཙན་ས་ཟིན། ཞེས་དེ་ལྟ་བུའི་དངོས་གྲུབ་བརྙེས་པའི་རིག་འཛིན་མཆོག་བརྒྱད་དེས་རོ་གླིང་བསིལ་བའི་ཚལ་ལ་སོགས་པ་དུར་ཁྲོད་བརྒྱད་ནས་སྒྲུབ་པ་མཛད་དེ་དགོངས་པའི་བཙན་ས་ཟིན་ནས་གྲུབ་པ་བརྙེས། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་མངའ་དབང་བསྒྱུར། ཞེས་འཁོར་འདས་ཀྱི་སྟོང་སྲོག་ཆོད་དེ་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོར་བཞེངས་པའི་མངའ་དབང་སྒྱུར་པ་པོ་མཆོག་གི་རིག་འཛིན་བརྒྱད་ལ་ཕྱག་འཚལ་བསྟོད་ཅེས་གསུངས། འཇམ་དཔལ་བཤེས་གཉེན་དང་། ཤྲཱི་སིངྷ། ན་ག་རྫུ་ན། ཧཱུྃ་ཆེན་ཀ་ར་ལ་སོགས་པའི་མཆོག་གི་རིག་འཛིན་བརྒྱད་ལ་ཕྱག་འཚལ་བསྟོད་གསུངས་ནས་འདིས་རིག་འཛིན་བརྡ་བརྒྱུད་བསྟན་པ་རེད། དགོངས་པ་ཀློང་ཆེན་ཡངས་པའི་མཁའ་ལ་འཕྱོཿ རྣམ་འགྱུར་བརྟུལ་ཞུགས་སྤྱོད་པས་འགྲོ་བ་འདྲེནཿ རྨད་བྱུང་རྡོ་རྗེ་སྙིང་པོའི་དགོངས་སྲོག་འཛིནཿ ཐུགས་སྲས་རྗེ་འབངས་ཉེར་ལྔར་ཕྱག་འཚལ་བསྟོདཿ ཅེས་གསུངས། དགོངས་པ་ཀློང་ཆེན་ཡངས་པའི་མཁའ་ལ་འཕྱོ། ཞེས་གསུངས་ན། ཐུགས་ལྟ་བ་ཟབ་མོའི་དགོངས་པ། ཀུན་བཟང་དགོངས་པའི་ཀློང་ཆེན་ཡངས་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ནམ་མཁའ་ལྟ་བུ་ལ་འཕྱོ་བའམ་དགོངས་པའི་རྩལ་རྫོགས་ཀྱང་། རྣམ་འགྱུར་བརྟུལ་ཞུགས་སྤྱོད་པས་འགྲོ་བ་འདྲེན། ཞེས་འགྲོ་བའི་དོན་དུ་རྣམ་འགྱུར་མ་ངེས་སྣ་ཚོགས། བརྟུལ་ཞུགས་ཀྱི་སྤྱོད་པ་དང་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་བསྟན་ནས་འགྲོ་བ་འདྲེན་པ། རྨད་བྱུང་རྡོ་རྗེ་སྙིང་པོའི་དགོངས་སྲོག་འཛིན། ཞེས་ཆེས་ཁྱད་པར་དུ་འཕགས་ཤིང་རྨད་དུ་བྱུང་བའི་གསང་ཆེན་རྡོ་རྗེ་སྙིང་པོའི་བསྟན་པའི་བཅུད་དམ་དགོངས་པའི་སྲོག་འཛིན་པ། ཐུགས་སྲས་རྗེ་འབངས་ཉེར་ལྔར་ཕྱག་འཚལ་བསྟོད། ཅེས་སྐུའི་སྲས་ལས་ཀྱང་མཆོག་ཏུ་འཕགས་པའི་ཐུགས་ཀྱི་སྲས་རྗེ་འབངས་ཉེར་ལྔར་ཕྱག་འཚལ་བསྟོད་ཅེས་གསུངས། དགོངས་པའི་སྲོག་ཇི་ལྟར་བཟུང་བ་རེད་ཅེ་ན། རྗེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་ཆོས་བོད་དུ་བསྒྱུར། སློབ་དཔོན་རྣམ་གཉིས་སྤྱན་དྲངས། མདོ་སྔགས་ཀྱི་ཆོས་བསྒྱུར། བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བའི་བདག་རྐྱེན་མཛད་པ་རེད། འབངས་ལོ་ཆེན་བཻ་རོ་ཙ་ནས་ལོ་བརྒྱད་ལོན་ནས་ལོ་ཙཱ་བསླབས་ཏེ། བཅུ་གཉིས་ལོ་ནས་ལྔ་བཅུ་རྩ་བཞིའི་བར། ཞེས་ཁོང་རང་ཉིད་ཀྱིས་དཀའ་བ་སྤྱད་པའི་ལོ་རྒྱུས་གསུངས་ཡོད་པ་ལྟར་གསང་སྔགས་ཀྱི་ཆོས་བསྒྱུར། ལོ་ཙཱ་ཞེས་བརྗོད་ཀྱང་དོན་དུ་པཎྜི་ཏ་ཡིན་པའི་སྤྲུལ་བའི་སྐྱེས་ཆེན། བཅོམ་ལྡན་འོད་སྲུང་གི་དུས་སུ་ཀྲྀ་ཀྲྀའི་ཞབས་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་སྐབས་སུ་ཀུན་དགའ་བོའི་ཚུལ་མཛད་པ། རྒྱ་ནག་གི་སློབ་དཔོན་ཚོས། བཻ་རོ་ཙ་ན་འདྲ་བའི་ལོ་ཙཱ་བ། །སྔར་ཡང་མ་བྱོན་ཕྱིས་ཀྱང་འབྱོན་རེ་ཀན། །ལོ་ཙཱ་ཞེས་བརྗོད་དོན་ལ་པཎྜི་ཏ། ཞེས་བསྔགས་བརྗོད་བྱ་ཡུལ་ཉིད་དང་། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དེ་ཉིད་གུ་རུའི་གཟུང་མ། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཆིག་བརྒྱུད་ཀྱི་བརྒྱུད་པ་གཏད་ཡུལ། ཕུར་པ་གྲུབ་པའི་རྣལ་འབྱོར་མ། རོ་ལང་གསེར་དུ་བསྒྱུར་བའི་རྫུ་འཕྲུལ་ཅན། དོན་དུ་དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ། ད་ལྟ་ལྷོ་ནུབ་དཔལ་རིར་སྲིན་པོའི་རྒྱལ་མོ་མཐིང་འོད་འབར་མའི་སྐུར་དངོས་སུ་བཞུགས་ཡོད་ན། དེས་བསྟན་ཞབས་གཏེར་གྱིས་བསྡམས་པའི་བཀའ་དྲིན་གྱིས་ཉེ་བརྒྱུད་གཏེར་མ་ཟབ་མོ་དག་སྣང་དང་བཅས་པ་དེ་རིང་ཁར་སང་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་བཀའ་དྲིན་ཡིན་པ་རེད། དེ་དང་འདྲ་བའི་སྐལ་ལྡན་སྙིང་གི་བུ་དགུ་སོགས་སྤྲུལ་པའི་རྗེ་འབངས་ཉེར་ལྔ་དང་། དེ་དག་གི་སྤྲུལ་པ་གཏེར་སྟོན་བརྒྱ་རྩ། ཡང་སྤྲུལ་གཏེར་ཕྲན་སྟོང་དང་རྩ་གཉིས་འདི་ཐམས་ཅད་ཀྱིས་རྨད་བྱུང་རྡོ་རྗེ་སྙིང་པོའི་དགོངས་སྲོག་དེ་ལྟར་བཟུང་བ་རེད། འདིས་གང་ཟག་སྙན་བརྒྱུད་བསྟན་པས་མ་ཚད་སྔ་འགྱུར་བརྒྱུད་པ་དྲུག་ལྡན་གྱི་ནང་གི་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང་། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ་སོགས་བསྟན་པ་རེད། གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུཿ དམ་ཚིག་ཐུགས་རྗེས་འཁོད་པའི་རྩ་གསུམ་ལྷཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ཕོ་ཉ་བཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ ཅེས་གསུངས་ཏེ། གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུ། ཞེས་གསུངས་ན། དེ་ལྟར་བརྒྱུད་གསུམ་བླ་མ་དཀྱིལ་འཁོར་གྱི་གཙོ་བོར་སྨྲོས་པ་དེ་ལས་གཞན་དུ་གྱུར་པ་ཡང་། རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་གཙོ་བོ་གཅིག་གི་རྣམ་རོལ་ལས་མ་འདས་ཀྱང་། སྤྲུལ་བའི་རྣམ་རོལ་དུ་གཙོ་དང་འཁོར་དུ་སྣང་བ་རྣམས་གསུངས་པ་རེད། སྤྱིར་རིག་འཛིན་ཞེས་གསུངས་པའི་དོན་སྔར་ཡང་ཞུས་པ་ཡིན་མོད། རིག་པ་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཅན་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་རང་རྒྱུད་དུ་འཆང་ཞིང་ལྡན་པའི་ལམ་པའམ། མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་སར་གཤེགས་ནས་རྡོ་རྗེ་འཆང་གི་རྣམ་པར་བཞུགས་པ་དེར་གོ་ཆོག རིག་འཛིན་རྣམ་བཞིའི་ས་ལམ་བགྲོད་ཚུལ་ལ་བཀའ་སྡེ་ཟུར་པ་དང་ཀུན་མཁྱེན་ཆེན་པོའི་བཞེད་ཚུལ་ལ་ཅུང་ཟད་འདྲ་མིན་ཡོད་ཀྱང་། མཐར་ཐུག་གི་དགོངས་པའི་གནད་གཅིག་ཏུ་འབབ་པ་ཡིན། རང་ལུགས་ཀུན་མཁྱེན་ཆེན་པོའི་དགོངས་པ་ལྟར་ན། སྤང་རྟོགས་མཐར་ཕྱིན་ཏེ་མི་སློབ་པ་མངོན་དུ་མཛད་པ་ལ་ལྷུན་གྲུབ་རིག་འཛིན་ཞེས་གསུངས་པ་རེད། སྤྱིར་རིག་འཛིན་ཞེས་པའི་སྒྲ་ཙམ་ཞིག་འདོད་གཟུགས་ཀྱི་རིག་འཛིན་ལ་སོགས་པ་སྒྲ་འཇུག་ཡུལ་མང་ཡང་། སྒྲ་མཐུན་དོན་འཕགས་ཀྱི་ཁྱད་པར་ཆེན་པོ་ཡོད་པར་ཤེས་པའི་ཐོག་ནས། རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་གཙོ་འཁོར་ཐམས་ཅད་རིག་འཛིན་མ་ཧཱ་གུ་རུ་གཅིག་གི་རྣམ་རོལ་ཡིན་པ་གཞིར་བཞག་གིས། དམ་ཚིག་ཐུགས་རྗེས་འཁོད་པའི་ཞེས་གསུངས་པས། རྔ་ཡབ་དཔལ་རི་ན་རྒྱུད་ཐ་དད་པའི་འཁོར་ཡོད་མི་ཆོག་པ་མ་རེད་ཀྱང་། དཀྱིལ་འཁོར་བསྐྱེད་རིམ་གྱི་སྐབས་སུ། དམ་ཚིག་ཐུགས་རྗེས་འཁོད་པའི་རྩ་གསུམ་ལྷ། ཞེས་གསུངས་ན། དམ་ཚིག་གཉན་པོས་བཀའ་བསྒོས་པའི་བཀའ་སྡོད་ཀྱི་ཚུལ་ཅན་དང་། ཐུགས་རྗེའི་ནུས་པས་བྱིན་གྱིས་བརླབས་པའི་རིག་འཛིན་གྱི་འཁོར་ཚོགས། ཐམས་ཅད་ཀྱང་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ་རྩ་བ་གསུམ་གྱི་ལྷའི་ངོ་བོར་གཅིག་པའི། ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ཕོ་ཉ་བ། དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། ཅེས་དེ་ཐམས་ཅད་ཡེ་ཤེས་ཀྱི་དབྱིངས་གཅིག་ལས་སྤྲུལ་པའི་རོལ་བར་ཤར་བ་ཡིན་པས་ན། ཕྱི་ཁྱམས་དཔལ་མགོན་བདུན་ཅུའི་ཚོགས་ལ་སོགས་པ་མདོར་ན་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པའི་ལྷ་ལ་ཕྱག་འཚལ་བསྟོད་ཅེས་གསུངས། ལྷ་ཞེས་པ་འདི་ལ་ཆོས་ཉིད་དོན་གྱི་ལྷ་དང་ཆོས་ཅན་རྟགས་ཀྱི་ལྷ་སྟེ་རྣམ་པ་གཉིས་སུ་དབྱེར་ཡོད་པ་ལས། འདི་རྣམ་པ་རྟགས་ཀྱི་ལྷ་དོན་ཆོས་ཉིད་ཡེ་ཤེས་ཀྱི་ལྷ་དང་གཉིས་སུ་མེད་པ་དེ་ཉིད་ལ་བསྟོད་ཅེས་གསུངས་པ་རེད། དེ་ཡན་ཆོད་ཀྱིས་དངོས་གཞིའི་ལས་རིམ་བདུན་ལས་དྲུག་སོང་ཟིན་ནས།

བདུན་པ་འཛབ་དགོངས་གསལ་བ།

བདུན་པ་འཛབ་དགོངས་གསལ་བ་ནིཿ ཞེས་གསུངས་ཏེ། འཛབ་གསུངས་པ་དེ་བཟླས་པའི་དོན་ཞིག་ལ་གོ་དགོས་པ་རེད། འཛབ་བམ་བཟླས་པ་བྱེད་པའི་སྐབས་སུ་ཏིང་འཛིན་གྱི་དགོངས་པའི་དམིགས་པ་གསལ་ཚུལ་ཇི་ལྟར་རེད་ཅེ་ན། ཐུགས་ཀར་པདྨ་ཉི་ཟླའི་སྟེངཿ ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུཿ སྔགས་ཕྲེང་སྤུ་ཤད་ལྟ་བུས་བསྐོརཿ འོད་ཟེར་འཕྲོས་པས་སྣོད་བཅུད་སྦྱངསཿ རྣམ་དག་ལྷ་ཡི་དལ་དུ་བསྒོམཿ མ་གྲུབ་བར་དུ་མི་བཏང་ངོཿ ཞེས་གསུངས་ཏེ། སྤྱིར་བཟླས་པའམ་བསྙེན་པ་ཞེས་གསུངས་པ་འདི་ལ་གཞི་བསྙེན་དང་ལས་བསྙེན་གཉིས་ཡོད་པ་དང་། དེ་ལས་གཞི་བསྙེན་ལ་གྲངས་ཀྱི་བསྙེན་པ། དུས་ཀྱི་བསྙེན་པ། མཚན་མའི་བསྙེན་པ་སྟེ་གསུམ་ཡོད་པ་རེད། གྲངས་ཀྱི་བསྙེན་པ་ནི་འབྲུ་འབུམ་ལྟ་བུའི་ཁ་གྲངས་གསོག་རྒྱུ་དང་། དུས་ཀྱི་བསྙེན་པ་ནི་ཞག་བདུན་གསུམ་ཉེར་གཅིག་ལྟ་བུ་དང་། ཟླ་གྲངས་དང་ལོ་གྲངས། མི་ཚེའི་ཚད་ལ་སོགས་པའི་དུས་ཀྱི་ཚད་བཞག་པ་དང་། མཚན་མའི་བསྙེན་པ་ནི་ཡི་དམ་གྱི་ལྷ་འགྲུབ་པའི་རྟགས་དང་མཚན་མ་མཐོང་བའི་བར་དུ་བསྒྲུབ་རྒྱུ། དངོས་གྲུབ་ཐོབ་པའི་མཚན་མ་ཁྱད་པར་ཅན་མ་མཐོང་གི་བར་དུ་སྒྲུབ་མཚམས་མི་འཇོག་པ་དེ་དག་གཞི་བསྙེན་རེད། ལས་ཀྱི་བསྙེན་པ་ཞེས་པ་ནི་སྔར་བསྙེན་ཚད་སོང་ནས་གྲུབ་པའི་མཚན་མ་མཐོང་མཁན་ཞིག་ཡིན་རུང་སློབ་མ་ལ་དབང་བསྐུར་བ་ལ་སོགས་པ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་གང་སྒྲུབ་ཀྱི་སྐབས་སུ། སླར་ཡང་བསྙེན་པའི་ཁ་གསོ་ཞིག་བྱེད་པ་དེ་ཉིད་རེད། འདི་གཉིས་ཀ་གང་ཡིན་ཡང་རྒྱས་བསྡུས་ཀྱི་དབྱེ་བསྡུ་ལ་མ་ལྟོས་པར་བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་ཆེན་ཏེ་བསྙེན་སྒྲུབ་ཡན་ལག་བཞི་ངེས་པར་དུ་ཚང་བའི་སྒོ་ནས་ཉམས་སུ་ལེན་དགོས་པ་རེད། དཔེར་ན་སྒྲུབ་པ་ཞག་བདུན་ལྟ་བུ་ལ་མཚོན་ན། སྒྲུབ་རྫས་ཡོ་བྱད་ཆ་ཚང་སྟ་གོན་བྱས་ཚར་ནས་ཞག་དང་པོའི་ཆོ་གའི་ལས་བྱང་ཚར་གཅིག་ཡན་ཆོད་བསྙེན་པ། དེའི་མཚམས་སུ་སྒྲུབ་པའི་ཞག་དུས་ཀྱི་བདུན་སྒྲུབ་ལྟ་བུ་ལ་མཚོན་ན་ཕྱེད་སྔ་མ་གསུམ་ལ་འོད་ཟེར་དཀར་པོའི་སྤྲོ་བསྡུ་སྡིག་སྒྲིབ་སྦྱོང་བའི་དམིགས་པ་གཙོ་བོར་བྱེད་པ་ཉེ་བསྙེན། དེའི་རྗེས་ཀྱི་ཞག་ཕྱེད་ཕྱི་མ་རྣམས་སུ་འོད་ཟེར་དམར་པོའི་སྤྲོ་བསྡུ་མཆོག་དང་ཐུན་མོང་གི་དངོས་གྲུབ་རང་ལ་སྡུད་པའི་དམིགས་པ་གཙོ་བོར་བྱེད་པ་སྒྲུབ་པ། ཞག་ཐ་མར་དངོས་གྲུབ་ལེན་པ་དེ་ཉིད་སྒྲུབ་ཆེན་དུ་སྦྱར་བ་དེ་འདྲ་ཡིན་གསུངས་ཡོད་པ་རེད། དེ་ལས་གཞན་ཆོ་ག་ཐུན་གཅིག་ལ་སྦྱར་ནའང་ཆོག་ཅིང་རིག་འཛིན་བཞིའི་ས་ལམ་བགྲོད་ཚུལ་ལ་སྦྱར་ནའང་ཆོག་པ་མ་ཟད། མི་གཅིག་གི་མི་ཚེའི་སྒྲུབ་པ་ལ་སྦྱར་ནའང་ཆོག་པ་རེད། བསྙེན་སྒྲུབ་ཡན་ལག་བཞིའི་སྤྱིར་བཏང་གི་འགྲོས་མཐའ་གཅིག་ཏུ་མ་ངེས་པ་དེ་འདྲ་ཡིན་པ་རེད། ཐབས་ལམ་པ་དག་གིས་བདེ་བ་ཆེན་པོའི་ཡེ་ཤེས་ལམ་དུ་བྱེད་པའི་དགའ་བཞིའི་འགྲོས་དང་བསྙེན་སྒྲུབ་ཡན་ལག་བཞིར་སྦྱར་ཚུལ་སོགས་མང་པོ་ཡོད་པ་རེད། ལས་གཞན་དག་གི་དོན་དུ་བདག་མདུན་བུམ་གསུམ་སོ་སོར་བསྐྱེད་ན་འཛབ་ཁང་དབྱེ་དགོས། འཛབ་ཁང་དབྱེ་བའི་ལུགས་ལྟར་བྱས་ན་འདི་ནས་བྷྲུྃ་བི་ཤ་བི་ཤུདྡྷེ་ལ་སོགས་པའི་སྔགས་ཚིག་དང་བསྟུན་ནས། དབྱེ་གཞི་བདག་བསྐྱེད་ལས་རང་འདྲ་གཉིས་པ་རྟེན་དང་བརྟེན་པར་བཅས་པ་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པ་ལོགས་སུ་ཕྱེས་ནས་བསྒོམ་རྒྱུ་དང་། བསྙེན་པའི་མཇུག་ཏུ་བདག་ཉིད་དཀྱིལ་འཁོར་བའི་ལྷ་དང་རང་བཞིན་དབྱེར་མེད་ཏུ་བསྒོམས་ནས། ཨོཾ་བཛྲ་སཱ་མ་ཡ་ཨོྃ་ལ་སོགས་པས་རིག་པའི་མེ་ཏོག་དོར་ནས་དོན་གྱི་དཀྱིལ་འཁོར་ཏུ་ཞུགས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་གཉིས་སུ་མེད་པར་བསམ་པ་དང་། འཇུག་བྱའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཏེ་འབྲས་ཆོས་ལྔ་དང་དབྱེར་མེད་དུ་གྱུར་བར་བསམ་ནས། འུ་ཅག་གིས་དུས་རྒྱུན་འདོན་རྒྱུའི་ཨོཾ་ཡེ་ཤེས་རྒྱལ་པོ་སོགས་ཀྱིས་དངོས་གྲུབ་བསྐུལ། ཨོཾ་བཛྲ་སཱ་མ་ཡ་སོགས་ཀྱིས་དངོས་གྲུབ་བསྟིམ། སླར་ཡང་དབང་བསྐུར་རྒྱུའི་དོན་ལྟ་བུ་ཡིན་ན། ཨོཾ་རྡོ་རྗེ་ཡེ་ཤེས་སོགས་ཀྱིས་སློབ་བུ་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བར་གནང་བ་ཞུ་བ་དེ་འདྲ་ཡིན་པ་རེད། སྤྱིར་བཤད་ན་བདག་མདུན་ཐ་དད་འཇུག་པ་གཅིག་པ་ཞེས་པ་ཞིག་ཡོད་པ་རེད། བདག་བསྐྱེད་དང་མདུན་བསྐྱེད་གཉིས་དབྱེར་མེད་དུ་སྟོང་པར་སྦྱོང་བའི་ངང་ལས་བདག་མདུན་གཉིས་ཀ་མེ་ལོང་གཅིག་ལས་གཉིས་ཤར་གྱི་ཚུལ་དུ་ཆོ་ག་གཅིག་གིས་དུས་གཅིག་ལ་བསྐྱེད་པ་དེ་རེད། བདག་མདུན་ཐ་མི་དད་འཇུག་པ་གཅིག་པ་ཞེས་པ་ཞིག་ཡོད། དེ་ཐོག་མར་བདག་མདུན་གཉིས་ཀ་དབྱེར་མེད་སྟོང་པར་སྦྱོང་བའི་ངང་དེ་ལས། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལོགས་སུ་གསལ་བཏབ་ནས་བསྟོད་པའི་མཇུག་གི་རྩ་སྔགས་ཏུ་ཕཊ་ཛ་བཏགས་པའི་རྐྱེན་གྱིས་དམ་ཚིག་གི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལོགས་སུ་ཕྱེ་བ་ད་ལྟ་གོང་དུ་བཤད་པ་ལྟར་རེད། དེ་གཉིས་ཀ་ཐ་དད་དང་ཐ་མི་དད་གསུངས་པ་ནི་རྣམ་པ་ཐ་དད་དང་ཐ་མི་དད་པ་ལ་གསུངས་པ་ལས། ངོ་བོ་ཐ་དད་དང་ཐ་མི་དད་པ་ལ་གསུངས་ནི་མ་རེད། གང་ལྟར་ཡང་ངོ་བོ་དབྱེར་མེད་དུ་བསྒོམ་དགོས། འཇུག་པ་གཅིག་ཅེས་གསུངས་པ་ནི་ཆོ་ག་གཅིག་གིས་བསྐྱེད་པ་ལ་གསུངས་པ་རེད། གཞན་བདག་མདུན་ཐ་དད་འཇུག་པ་ཐ་དད་པ་ཞིག་ཀྱང་ཡོད། དེ་ནི་ཐོག་མར་བདག་བསྐྱེད་ཀྱི་ཆོ་ག་ཆ་ཚང་ཞིག་བཏོན་ནས། དེའི་རྗེས་སུ་སླར་ཡང་མདུན་བསྐྱེད་ཀྱི་ཆོ་ག་ཆ་ཚང་ཞིག་འགོ་ནས་ཚར་གཅིག་བཏོན་ཏེ་བསྐྱར་ནས་བསྒོམ་པ་དེ་ལ་བདག་མདུན་ཐ་དད་འཇུག་པ་ཐ་དད་ཅེས་གསུངས་པ་རེད། གང་ལྟར་ཡང་མདོར་ན་འཛབ་དགོངས་འདི་ལ་ཐུགས་འོད་གསལ་རྫོགས་རིམ་གྱི་རྣལ་འབྱོར། སྐུ་བསྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ཏེ་རྣལ་འབྱོར་གསུམ་དང་མ་བྲལ་བའི་ངང་ནས། འདི་ནས་བསྙེན་རྐྱང་གྱི་དབང་དུ་བྱས་ཚེ། ཐུགས་ཀར་པདྨ་ཉི་ཟླའི་སྟེང་ཞེས་གསུངས་ན། བདག་དམ་ཚིག་པ་དང་སྤྱན་དྲངས་བའི་སེམས་དཔའ་གཉིས་མེད་ཀྱི་ཐུགས་ཀར། མ་ཆགས་པདྨ་དང་ཐབས་ཤེས་ཉི་མའི་གདན་གྱི་སྟེང་དུ། ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུ་ཞེས་ཐུགས་སྲོག་གི་སྙིང་པོ་ཧཱུྃ་ཡིག་མཐིང་ག ཧཱུྃ་ཡིག་དེ་ཡང་ཞལ་མདུན་ཕྱོགས་སུ་འཁོར་ཡོད་པ་ཞིག་བསྒོམ་དགོས། དེའི་མཐའ་སྐོར་དུ། སྔགས་ཕྲེང་སྤུ་ཤད་ལྟ་བུས་བསྐོར། ཞེས་གསུངས་ན། སྔགས་ཕྲེང་སྤུ་རྩེས་བྲིས་པའི་སྤུ་ཤད་ལྟ་བུའི་ཕྲ་ལ་གསལ་བ། ཡིག་འབྲུ་རྣམས་ཀྱི་དབུ་གྱེན་དུ་བསྟན་པ་ཞིག་བསྒོམས་ནས། འོད་ཟེར་འཕྲོས་པས་སྣོད་བཅུད་སྦྱངས་ཞེས་སྔགས་ཕྲེང་དེ་ལས་འོད་ཟེར་འཕྲོས་ནས་མ་དག་པའི་སྣོད་བཅུད་ཐམས་ཅད་སྦྱངས་ཏེ། རྣམ་དག་ལྷ་ཡི་དལ་དུ་བསྒོམ་ཞེས་ཐམས་ཅད་རྣམ་པར་དག་པ་ལྷ་ཡི་དལ་ལམ་ལྷ་ཡི་དཀྱིལ་འཁོར་དུ་གྱུར་བར་བསྒོམ། དེ་ལྟ་བུའི་ལྷ་བསྒོམ་པ། སྔགས་བཟླ་བ། ཏིང་འཛིན་གསལ་འདེབས་པ་དང་བཅས་པས། མ་གྲུབ་བར་དུ་མི་བཏང་ངོ། ཞེས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ཐོབ་ཀྱི་བར་དུ་ལས་འདི་ལ་ཞུགས་ནས་ཕྱི་བཤོལ་ལེ་ལོ། གཉིད་དང་འགྱོད་པ་སོགས་ཀྱི་གཞན་དབང་དུ་མི་བཏང་ངོ་ཞེས་དམ་བཅའ་ལེན་པ་རེད། ཐད་ཀར་ཚིག་འགྲེལ་ལྟ་བུ་བྱས་ན་དེ་འདྲ་ཞིག་མ་རེད་དམ། དེ་ཡང་བསྙེན་པ་དངོས་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཞེས་གསུངས། ཨོཾ་ཨཱཿཧཱུྃ་ནི་གོང་དུ་ཞུས་པ་ལྟར་སྐུ་གསུམ་གྱི་ས་བོན། བཛྲ་རྡོ་རྗེ་སྟེ་ཆོས་སྐུ་འགྱུར་བ་མེད་པའི་དོན། གུ་རུ་བླ་མ་སྟེ་ལོངས་སྐུ་ཡོན་ཏན་རྒྱ་མཚོའི་མངའ་བདག པདྨ་མ་ཆགས་པདྨའི་རིགས་ཀྱི་སྤྲུལ་སྐུ་པདྨ་འབྱུང་གནས་སམ་ཨོ་རྒྱན་པད་འབྱུང་། སིདྡྷི་ནི་དངོས་གྲུབ། མཇུག་གི་ཧཱུྃ་གིས་དེ་ལྟ་བུའི་སྐུ་གསུམ་རྩ་གསུམ་མཆོག་གསུམ་ཀུན་འདུས་པའི་དངོས་གྲུབ་དང་བྱིན་རླབས་ཐམས་ཅད་བདག་ལ་སྩོལ་ཅིག་ཅེས་པའི་དོན་ཏེ། ཚིག་ཉུང་ངུས་གོ་སླ་མོར་བྱས་ནས་བཤད་ན་དེ་ལྟར་རེད་མོད། འོན་ཀྱང་། འོ། སྔགས་འདི་དག་གི་དོན་ནི་དེ་འདྲ་ཙམ་དུ་ཟད། སྐད་ཆ་བཤད་པའི་ཚུལ་ཙམ་མ་ཡིན་ནམ། བོད་སྐད་བྱས་ན་ང་ལ་དངོས་གྲུབ་ཞིག་བྱིན་ཟེར་བ་དང་གཅིག་མཚུངས་རེད། དེས་ན་དེ་ལྟར་བརྗོད་ཀྱང་ཆོག་པ་མ་ཡིན་ནམ་སྙམ་ན། འདིའི་དོན་འུ་ཅག་སོ་སྐྱེ་བྱིས་པའི་རྟོག་ཚོགས་དང་བསྟུན་ཏེ་བརྡ་འཕྲོད་ཚོད་ཀྱི་ཕྱོགས་ཙམ་ཞིག་བཤད་པ་ལས། འདིའི་སྔགས་ཀྱི་ཡིག་འབྲུ་རེ་རེའི་དོན་གསང་ཆེན་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་དང་སྦྱར་ནས་བཤད་ན་ཅི་འདྲའི་རྒྱ་ཞིག་མི་ཆེའམ། དེ་འདྲ་ཞིག་མིན་ཚེ་འུ་ཅག་གི་མ་ཎི་ཡིག་དྲུག་གི་ནང་དུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་དོན་འདུས་ཞེས་བརྗོད་ཀྱང་ཇི་ལྟར་འདུས་པ་ཡིན། འདིའི་ཨོཾ་ཨ་ཧཱུྃ་ཞེས་པའི་སྔགས་ཡིག་འབྲུ་རྡོག་མ་འདི་དག་ལ་མཚོན་ན། གཟུངས་སྔགས། རིག་སྔགས། གསང་སྔགས་ཚང་མ་འདུས་པའི་སྙིང་པོ་ཡིན་པ་རེད། གྲུབ་པ་བཞི་ལྡན་སྔགས་ཀྱི་ཁྱད་ཆོས་ཚང་བའི་རྡོ་རྗེའི་ཚིག་རེད། དེ་ཡང་གཟུངས་སྔགས་རིག་སྔགས་གསང་སྔགས་འདི་དག་འགྲེལ་ཚུལ་མང་ཡང་། ཕྱོགས་ཙམ་བཤད་ན། རྒྱུ་གཟུངས་ཐོབ་པ་ལས་སྔགས་སུ་བྱིན་གྱིས་བརླབས་པ་ལ་གཟུངས་སྔགས་དང་། ངོ་བོ་རིག་པ་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པས་ན་རིག་སྔགས་ཅེས་དང་། ཐབས་གསང་བའི་སྒོ་ནས་བཟླ་བར་བྱ་བ་ཡིན་པས་ན་གསང་སྔགས་ཞེས་གསུངས་པ་རེད། འདིའི་ངོ་བོ་གྲུབ་པ་བཞི་ལྡན་ཡིན་ཚུལ་ནི། ཆོས་ཉིད་ངོ་བོས་གྲུབ་པ་དང་གཅིག ཆོས་ཅན་རང་བཞིན་གྱིས་གྲུབ་པ་དང་གཉིས། བྱིན་གྱིས་བརླབས་ཀྱིས་གྲུབ་པ་དང་གསུམ། ནུས་པ་མཐུ་ཡིས་གྲུབ་པ་དང་བཞི་ཚང་བ་རེད། དེ་དག་ཇི་ལྟར་ཚང་བ་རེད་ཅེ་ན། སྔགས་ཡི་གེ་ལས་གྲུབ་པ་ཡིན་ཞིང་། ཡི་གེ་ཐམས་ཅད་སྟོང་པ་ཆེན་པོ་ཆོས་དབྱིངས་མཉམ་པ་ཉིད་ཀྱི་ངོ་བོར་ཡེ་ནས་གྲུབ་པ་ཡིན་པས་ན་ཆོས་ཉིད་ངོ་བོས་གྲུབ་པ་དང་། ཐུན་མིན་སྔགས་ཀྱི་ནུས་པ་དེ་ཐོགས་མེད་དུ་འབྱུང་རུང་དུ་ཡོད་པ་དེ་ཉིད་ཆོས་ཅན་རང་བཞིན་གྱིས་གྲུབ་པ། སངས་རྒྱས་ཀྱི་ཡེ་ཤེས་སྔགས་སུ་ཤར་བ་ཡིན་པས་ན་བྱིན་གྱིས་བརླབས་ཀྱིས་གྲུབ་པ་དང་། སྔགས་འདི་ཉིད་སྨན་དང་ནོར་བུ་སོགས་དང་འདྲ་བར་ནུས་པ་ཐོགས་མེད་དུ་ཡོད་པ་མི་བསླུ་བ་ཡིན་པས་ན་ནུས་པ་མཐུ་ཡིས་གྲུབ་པ་བཅས་རེད། དེ་ལྟར་གསུངས་པའི་སྔགས་དང་ཕྱག་རྒྱ་ལ་ཡིད་མི་ཆེས་ཞེས་བརྗོད་པ་མིན་ཡང་། དག་སྣང་གིས་དེ་ཙམ་མ་འདང་བ་རང་གཞན་གཉིས་ཀའི་ནང་དུ་ཡོད་སྲིད། སྤྱིར་རིགས་པ་སྨྲ་བ་ཞིག་ལ་མཚོན་ན། དང་པོའི་སྐབས་སུ་དོན་གང་ལའང་ཐེ་ཚོམ་ཞིག་འབྱུང་སྲིད་པ་རེད། དེ་ལ་ལོག་ལྟ་ཟེར་བ་མ་རེད། དེ་དཔྱད་པ་རྣོན་པོའི་སྔོན་རྟགས་ཡིན་པ་རེད། ཐེ་ཚོམ་དེ་ལ་དྲི་བ་ཞིག་འབྱུང་རྒྱུ་དང་། དྲི་བ་དེ་ལ་ལན་ཞིག་རྙེད་རྒྱུ་ཆོས་ཉིད་ཡིན་པ་རེད། དེའི་ཐོག་ནས་གོ་བ་ངེས་ཤེས་ཤིག་འཁྲུངས་ནས་ཡིད་ཆེས་ཀྱི་དད་པ་སྐྱེ་བ་སྟེ། དབང་རྣོན་ཆོས་རྗེས་སུ་འབྲང་བའི་ངེས་པ་དེ་ལྟར་བྱས་ནས་རྙེད་དགོས། དེའི་རྗེས་སུ་སླར་ཡང་ཐེ་ཚོམ་བྱས་ན་ལོག་ལྟའི་ཕྱོགས་སུ་འགྲོ་གྲབ་རེད། དེས་ན་སྔགས་དང་ཕྱག་རྒྱ་འདི་གཉིས་ཀ་བརྟགས་པ་རྣམ་པ་དྲུག་གིས་བརྟགས་ནས་གཏན་ལ་ཕབ་དགོས་ཞེས་གཞུང་གི་ནང་དུ་གསུངས་ཡོད། བརྟགས་པ་རྣམ་པ་དྲུག་གིས་ཇི་ལྟར་བརྟགས་དགོས་པ་རེད་སྙམ་ན། དེ་ཡང་འགའ་ཞིག་གི་སེམས་སུ་སྔགས་ཟེར་བ་ཁ་ནས་བཏོན་པའི་སྒྲ་སྐད་ཕལ་བ་ཙམ་ཞིག་དང་། ཕྱག་རྒྱ་ཟེར་བ་ལུས་ཀྱི་སྟངས་སྟབས་ཙམ་ཞིག་རེད་སྙམ་པ་འདིས་ཀྱང་སྔགས་ཕྱག་རྒྱ་ཞེས་པ་དེ་ཅི་འདྲ་ཞིག་རེད་སྙམ་ནས་བརྟགས་པ་ཞིག་བྱས་པ་རེད། དེ་བརྟགས་པ་དང་པོ་རེད། གང་ཟག་གཉིས་པས་བརྟགས་པ་གཉིས་པ་བྱས་ཚེ། སྔགས་དང་ཕྱག་རྒྱ་ཁ་དང་ལག་པའི་བྱེད་པ་ཞིག་རེད་ཀྱང་། དེ་ཉིད་རང་ག་བ་ཞིག་དང་འདྲ་བར་མི་འདུག རྒྱལ་བའི་སྐུ་གསུང་ཐུགས་ཀྱི་མཚོན་རྟགས་རེད་འདུག བརྡ་བྱས་ན་གོ་བརྡ་འཕྲོད་པ་དང་མིང་ནས་བོས་ཚེ་ཕ་རོལ་པོས་གོ་བ་ལྟ་བུའི་ཕྱོགས་མཚུངས་ཀྱི་ནུས་པ་ཐོན་པ་ཞིག་ཏུ་སྙམ། གང་ཟག་གསུམ་པ་དེས། སྔགས་དང་ཕྱག་རྒྱའི་མཚན་མ་སྣ་ཚོགས་ལ་བརྟེན་ནས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པའི་ནུས་པ་འདི་རྟེན་འབྲེལ་བསླུ་མེད་ཀྱི་དབང་ལས་བྱུང་བ་ཞིག་རེད་འདུག་བསམ། གང་ཟག་བཞི་བ་དེས། སྔགས་དང་ཕྱག་རྒྱ་འདི་དག་ལས་ཀྱིས་སྣང་བའི་ལུས་ངག་གི་བཟླས་པ་ཞིག་རེད། འོན་ཀྱང་སྣང་བ་དེ་དག་སངས་རྒྱས་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱིས་ཡོང་བ་ཞིག་རེད་འདུག དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་རྣམ་འཕྲུལ་དང་རང་གི་སྣང་བ་འདྲེས་ནས་སྣང་བ་ཞིག་རེད་བསམ། གང་ཟག་ལྔ་པས་བསམ་པར། ཆུ་སྣོད་ཀྱི་ནང་དུ་ཟླ་གཟུགས་སྣང་བའི་སྐབས་སུ། གཟུགས་བརྙན་ཆུ་ནང་དུ་ཡོད་པ་ཡིན་ཡང་། སྣང་གཞི་ནམ་མཁའི་ཟླ་བ་སྣང་བ་རེད། དངོས་ལ་ཡོད་པ་ཇི་བཞིན་སྣང་བ་མ་གཏོགས་དེ་ལས་གཞན་ཞིག་སྣང་བ་མ་རེད། དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་མཐུ་ཡིས་གྲུབ་པའི་ནུས་པ་ཅན་གྱི་སྔགས་དང་ཕྱག་རྒྱ་འདི་དག དམ་ཚིག་ཅན་གྱི་གང་ཟག་གིས་ལྷ་དངོས་ཡིན་པར་བསམ་ནས་བསྒྲུབས་པ་བྱས་ཚེ། ཞེན་པས་གང་ལ་ཞུགས་ན་དེའི་དོན་དང་འབྲེལ་ནས་ཡོད་པ་ཡིན་པས། དཔེར་ན་དོན་སྤྱི་ལ་ཡུལ་དུ་ཞེན་པས་དོན་རང་མཚན་ཐོབ་ཏུ་ཡོད་པ་ལྟར། སྔགས་དང་ཕྱག་རྒྱའི་མཚན་མ་འདི་དག་བརྒྱུད་ནས་ལྷ་འགྲུབ་ཏུ་ཡོད་པ་རེད་སྙམ། བརྟགས་པ་དྲུག་པ་དེས་དཔྱད་པ་ཡོངས་སུ་རྫོགས་སྟེ། རྒྱལ་བ་ཐམས་ཅད་ཀྱི་སྐུ་མཐར་ཐུག་པའི་རྣམ་མཁྱེན་གྱི་ཡེ་ཤེས་དེ་ཉིད་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་སྔགས་དང་ཕྱག་རྒྱའི་མཚན་མར་བྱིན་གྱིས་བརླབས་ནས་སྣང་བ་ཞིག་རེད། དཔེར་ན་བག་ཆགས་ཀྱི་དབང་གིས་སེམས་ཉིད་ལུས་དང་ཡུལ་དུ་སྣང་བ་ཇི་བཞིན། དོན་དུ་སྔགས་དང་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་སྐུ་བརྙེས་པའི་ལྷ་དང་ཁྱད་པར་མེད་པ་སྔགས་དང་ཕྱག་རྒྱ་ལྷའི་ངོ་བོ་ཡིན་པར་ཤེས་པ་རེད། དེ་ལྟར་བརྟགས་པ་དྲུག་གི་རིམ་པ་བརྒྱུད་ནས་གང་ཟག་གཅིག་ཡིན་རུང་རང་གི་བློའི་ནུས་མཐུ་དང་བསྟུན་ནས་རིམ་པས་ངེས་ཤེས་རྙེད་དགོས་པ་རེད། བརྟགས་པའི་རིམ་པ་དྲུག་པོ་འདི་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཁྱད་དུ་འཕགས་པ་དང་། མཆོག་ཏུ་གྱུར་པ་དེ་ཉིད་ཆེས་རྗེས་མའི་དྲུག་པ་རེད། སྔགས་དང་ཏིང་འཛིན་འདི་དག་དེ་འདྲ་ཞིག་ཡིན་ནམ་མིན། འབྲས་བུ་འབྱུང་ངམ་མི་འབྱུང་སྙམ་པའི་ཐེ་ཚོམ་དང་ཡིད་གཉིས་མེད་པར་བརྟགས་ཤིང་དཔྱད་པ་སྔོན་དུ་འགྲོ་བ་བརྒྱུད། དེ་ལྟར་ཡིན་ངེས་རེད་སྙམ་པའི་གཏིང་ཚུགས་པའི་བློས་སྒྲུབ་པ་བྱས་ན། གང་བསྒྲུབ་ཀྱི་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་ཐེ་ཚོམ་མི་དགོས་པ་རེད། དེས་ན་ལྷ་ཉེ་བར་སྒྲུབ་པའི་སྒོ་གསང་སྔགས་ཡིན་པས་མ་ཚད། ལྷ་སྔགས་ཏིང་འཛིན་དབྱེར་མེད་ཀྱི་ངང་ལས་ཇི་ལྟར་འདི་ནས་ཡིག་ཆུང་དུ། བསྙེན་པ་ཆུ་བོའི་གཞུང་བཞིན་བསྐྱལཿ ཞེས་གསུངས་པ་ལྟར། བསྙེན་པ་བཟླ་བའི་སྐབས་སུ་ཆུ་བོའི་གཞུང་ཆད་མེད་དུ་ཉིན་མཚན་རྒྱུན་པར་བཞུར་བ་བཞིན་བཟླས་པའི་རྒྱུན་མ་བཅད་གསུངས་པ་རེད། ཚོམ་བུ་ཚོགས་སྒྲུབ་ཀྱི་སྐབས་སུ་བསྙེན་རྒྱུན་བཟུང་དགོས་པའི་རྒྱུ་མཚན་དེ་ཡིས་རེད། འོ་ན་འུ་ཅག་གིས་ད་རེས་མི་དགོས་པ་ཅི་རེད་སྙམ་ན། སྤྱིར་སྔགས་འདི་ལ་བཟླ་ལུགས་དྲུག་ཏུ་གསུངས་ཡོད། ཕྱི་མདོ་སྡེ་ལྟར་གཞན་དོན་དུ་བཟླ་བ། ནང་གསང་སྔགས་ལྟར་བསྙེན་སྒྲུབ་ཏུ་བཟླ་བ། གསང་བ་མཁའ་འགྲོ་མའི་བྱིན་རླབས་བརྡ་ཡི་ཚུལ་དུ་བཟླ་བ། སྒྲིབ་སྦྱོང་ཆོས་སྤྱོད་ཀྱི་ཚུལ་དུ་བཟླ་བ། རྡོ་རྗེའི་བཟླས་པས་བཟླ་བ། མཉམ་བཞག་བསམ་གཏན་གྱི་ཚུལ་དུ་བཟླ་བ་སྟེ་དྲུག་ཡོད་པར་གསུངས་པ་ལས། འདི་ཉིད་ནང་གསང་སྔགས་ལྟར་བསྙེན་སྒྲུབ་ཏུ་བཟླ་བའི་ཚུལ་ཡིན་པ་ལ། སྤོང་བ་བསམ་གཏན་པ་རྫོགས་ཆེན་བསྒོམ་པའི་རྣལ་འབྱོར་པས་མཉམ་བཞག་བསམ་གཏན་གྱི་བཟླས་པ་ཡིན་པའི་དབང་དུ་བྱས་ཏེ། ཉིན་མཚན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་སྣང་ཤེས་ཐ་མལ་གྱི་འཁྲུལ་རྟོག་མཉམ་རྗེས་གཉིས་ཀར་དབེན་ཞིང་། ཁྲེགས་ཆོད་ཐོད་རྒལ་ཟུང་འབྲེལ་གྱི་ཉམས་ལེན་དང་། ཁྱད་པར་དུ་མཚན་མོའི་འོད་གསལ་གྱི་རྣལ་འབྱོར་ཉམས་ལེན་བྱེད་པ་དང་བསྟུན་ནས་བསྙེན་རྒྱུན་ཟུར་དུ་མ་དགོས་པར་བྱས། རེས་འགའ་ཧཱུྃ་གི་སྣང་གླུ་ལེནཿ ཞེས་གསུངས་ན། སྐབས་རེས་འགར་རྣལ་འབྱོར་ཉམས་དང་རྟོགས་པ་འཕེལ་བའི་ཆེད་དུ་ཧཱུྃ་གི་སྣང་གླུ་ལོངས་དང་ཐ་མལ་པའི་སྣང་བ་གཏད་མེད་དུ་ཞིག འཁྲུལ་བ་ཐད་ཀར་ཆོད་པའི་དགོས་པ་ཡོད་གསུངས་པ་རེད། དེ་ཡང་ཇི་སྐད་དུ། ཟང་མ་ཐལ་བྱུང་རིག་པའི་རྣམ་རོལ་བཞིན། །ཆོས་ཅན་སྣང་བ་དུམ་བུར་གཞིག་པའི་མཚོན། །དྲག་པོའི་ཧཱུྃ་སྒྲས་གནམ་ས་འགེང་བ་ཡང་། །དབེན་པའི་གནས་སུ་ཐོགས་པ་མེད་པར་སྒྲོག ཅེས་རང་རེའི་རུ་ཤན་དང་འབྲེལ་བའི་དབེན་གནས་ཀྱི་སྔགས་བརྗོད་ཀྱི་ནང་དུ་དེ་འདྲ་གསུངས་ཡོད་པ་མ་ཡིན་ནམ། དེ་ལྟར་གསུངས་པ་བཞིན་རེས་འགའ་ཧཱུྃ་གི་སྣང་གླུ་བླངས་ན་ཟང་ཐལ་རིག་པའི་རྩལ་སྦྱོང་དུ་འགྲོ། ཤེས་པ་གཏད་མེད་ངང་ལ་བཏངཿ ཞེས་གསུངས་ན། བཟླས་པ་བྱེད་པའི་སྐབས་སུ་རང་བབས་སུ་བཞག་པ་དང་རང་ངོ་ཤེས་པའི་གནད་དང་མི་འབྲལ་བར་ཁྲེགས་ཆོད་ཡེ་བབས་སོར་བཞག ཀ་དག་རིག་པའི་ངོ་བོ་གཟའ་གཏད་མེད་པ་མ་བཅོས་སྟོང་གསལ་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་ནས། དེ་ཡང་ཀུན་མཁྱེན་ཆེན་པོས། འདིར་གཏད་མེད་པའི་སྣང་བ་རྗེས་མེད་ཡལ། ཞེས་གསུངས་པ་ལྟར་ཤེས་པ་གཏད་མེད་དུ་ཐོངས་ཞེས་གསུངས་པ་རེད། རྗེས་ཐོབ་ལུ་གུ་རྒྱུད་ལ་གཟིརཿ ཞེས་གསུངས་ན། མཉམ་བཞག་ལས་ལྡང་པའི་རྗེས་ཐོབ་བམ། ཐུན་ལས་གྲོལ་བའི་ཐུན་མཚམས་སུ། བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས་སྒོ་རྒྱང་ཞགས་ཆུ་ཡི་སྒྲོན་མ་བརྒྱུད་ནས་དབྱིངས་རྣམ་དག་སྒྲོན་མའི་ཞིང་ཁམས་སུ། ཐིག་ལེ་སྟོང་བའི་སྒྲོན་མའི་ཕོ་བྲང་གི་ནང་དུ་རིག་གདངས་ཕྱི་རུ་ཤར་བའི་སྣང་ཆ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་གཟིར་བའམ། ལུགས་རྒྱུད་བཙོན་དུ་བཟུང་ནས་རྫོགས་ཆེན་མན་ངག་སྡེའི་སྣང་བཞི་བགྲོད་པའི་མྱུར་ལམ་གྱི་རྩལ་སྦྱང་བའི་ཉམས་ལེན་གྱི་གནད་དང་མ་བྲལ་ཞེས་གསུངས། སྤྱིར་སྐུ་བསྒོམ་པ་འདི་བསྐྱེད་རིམ་གྱི་མདོ་ཆིངས་དང་། རིག་པའི་ངོ་བོ་བསྒོམ་པ་རྫོགས་རིམ་གྱི་སྤྱི་ཆིངས་ཡིན་པ་རེད། བསྐྱེད་རིམ་བསྒོམ་དུས་བློས་བྱས་ཀུན་རྟོག་གི་བསྐྱེད་རིམ་རྐྱང་པ་ཞིག་ཏུ་གྱུར་མི་རུང་། བསྐྱེད་རྫོགས་དབྱེར་མེད་དུ་བློ་སྦྱང་དགོས། ལྷ་དང་དཀྱིལ་འཁོར་སྔགས་དང་འོད་ཟེར་སྤྲོ་བསྡུ་ལ་སོགས་པ་ཐམས་ཅད་ཀྱང་དོན་དུ་བསྒོམ་བྱ་སྒོམ་མཁན་ཚང་མ་སེམས་ལ་ཐུག་པ་ཡིན་ཞིང་། སེམས་ཀྱི་ངོ་བོ་སྟོང་པར་རིག་པ་རྫོགས་རིམ་དང་། གསལ་ཆ་ལྷ་རུ་སྣང་བ་བསྐྱེད་རིམ་ཡིན་པ་རེད། དེ་གཉིས་ཀ་གཅིག་ཏུ་ཚང་བ་བསྐྱེད་རྫོགས་དབྱེར་མེད་རེད། དེ་ལྟ་མིན་པར། གཞན་དུ་གཡེང་བའི་སེམས་ཀྱིས་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། ཞེས་གསུངས། འདི་ཉིད་བསྒྲུབས་པའི་རྣལ་འབྱོར་ལཿ ཞེས་གསུངས་ན། མཉམ་བཞག་གི་སྐབས་སུ་ས་གཞིའི་ཆུ་ཕྲན་ཐམས་ཅད་རྒྱ་མཚོའི་ཀློང་དུ་ཐིམ་པ་ལྟར། ཆོས་ཅན་གྱི་སྣང་བ་ཐམས་ཅད་རིག་སྟོང་གི་ཀློང་དུ་མ་སྤངས་ཡེ་གྲོལ་དུ་གཟིགས་པ་རེད། གནད་དེ་ཤེས་ན་ཆུ་བརྒྱ་ཟམ་འོག་གཅིག་ཏུ་འདུས་པ་ལྟ་བུ་ཡིན་པ་རེད། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཀྱི་སྐབས་སུ་དཔེར་ན་རྒྱ་མཚོའི་ཀློང་ནས་ཆུ་ཕྲན་ཐམས་ཅད་མཆེད་པ་ལྟར། རིག་སྟོང་ཟུང་འཇུག་གི་ངང་ལས་རིག་རྩལ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཅན་དངོས་པོར་སྣང་བ་ཐམས་ཅད་ཀྱི་མཚང་དང་མཚན་ཉིད་ཤེས་ནས་གནས་ལུགས་ཇི་བཞིན་པ་རྟོགས་པ་ཡིན་པ་རེད། དེ་ལྟ་བུའི་ཉམས་ལེན་གྱི་གནད་དང་མ་བྲལ་བའི་ཐོག་ནས། བསྙེན་སྒྲུབ་འདི་ཉིད་དེ་ལྟར་ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་པ་ལ། རིག་འཛིན་རྒྱ་མཚོས་བྱིན་གྱིས་བརླབཿ མ་དང་ཌཱཀྐིས་ལུང་ཡང་བསྟནཿ ཕྱི་མ་རྔ་ཡབ་དཔལ་གྱི་རིརཿ ཐེ་ཚོམ་མེད་དོ་ས་མ་ཡཿ ཞེས་གསུངས། དེ་ཡང་གུ་རུ་རིན་པོ་ཆེས། ཤ་མེད་འོད་ཀྱི་གཟུགས་ཅན་ནི། །པདྨ་འབྱུང་གནས་སྐུ་རུ་བསྒོམ། །དེ་དུས་ཆེ་བའི་ང་རྒྱལ་གྱིས། །སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ། །བྲག་ཀ་ཐོག་ནས་ཆུ་འབབ་བཞིན། །དྲག་པོ་བར་མཚམས་མེད་པར་བགྲངས། །ང་ཉིད་དེ་ཡི་དྲུང་དུ་འོང་། ཞེས་གསུངས་པ་ལྟར། རིག་འཛིན་རྒྱ་མཚོས་བྱིན་གྱིས་རླབས་ཞེས་པའི་འདིའི་སྐབས་ཀྱི་རིག་འཛིན་ཞེས་པ་རྒྱལ་བ་སྲས་དང་སློབ་མར་བཅས་པ་དང་དཀྱིལ་འཁོར་གྱི་དབང་ཕྱུག་འཁོར་དང་བཅས་པ་ལ་གོ་དགོས་པ་རེད། དེ་དག་གིས་ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་པ་ལ་བྱིན་གྱིས་བརླབས་པས་མ་ཚད། མ་དང་ཌཱཀྐིས་ལུང་ཡང་སྟོན་ཞེས་ཡེ་ཤེས་དང་འཇིག་རྟེན་གྱི་མ་དང་མཁའ་འགྲོ། ཁྱད་པར་དུ་འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ། དབྱིངས་ཕྱུག་མ་བརྒྱའི་གཙོ་མོ་མཁར་ཆེན་བཟའ་འམ་ཡེ་ཤེས་མཚོ་རྒྱལ་ལ་སོགས་པས་ལུང་གིས་སྟོན་ཅིང་དབུགས་དབྱུང་བར་མཛད། ཕྱི་མ་རྔ་ཡབ་དཔལ་གྱི་རིར། །ཐེ་ཚོམ་མེད་དོ་ས་མ་ཡ། ཞེས་ཚེ་འདིའི་སྣང་བ་ནུབ་ནས་ཕྱི་མའི་སྣང་བ་མཐོང་མ་ཐག རྔ་ཡབ་དཔལ་རི་རིག་འཛིན་བླ་མ་བཞུགས་པའི་གནས་མཆོག རིག་འཛིན་མཁའ་འགྲོ་འདུས་པའི་ཚོགས་གྲལ་དུ་སྐྱེ་བར་ཐེ་ཚོམ་མེད་ཅེས་གསུངས་པ་རེད། ས་མ་ཡ་ཞེས་གསུངས་ན། ས་མ་ཡ་ནི་འདའ་བ་མེད་པ་དམ་ཚིག་གི་རྒྱ་ཡིས་མནན་པའི་བཀའ་རྟགས་ཀྱི་ཕྱག་རྒྱ་རེད། དེས་ན་འདི་ལྟ་བུའི་ཚོགས་ཀྱི་སྒྲུབ་པའི་སྐབས་སུ་དེའི་གྲལ་དུ་ཞུགས། བསྙེན་སྒྲུབ་ཚུལ་བཞིན་དུ་མཛད། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཐུབ་ན། གོང་གི་ལུང་དོན་སྒྲ་ཇི་བཞིན་དུ་འཛིན་ཆོག་རྒྱུར་ཐེ་ཚོམ་དགོས་པ་མ་རེད། མངོན་སུམ་ལག་པའི་ཁུ་ཚུར་ནས་བཟུང་ནས། །མཁར་ཆེན་བཟའ་དང་གུ་ཎ་ན་ཐ་ལྟར། །བདག་ཀྱང་པདྨ་འོད་དུ་ཁྲིད་པར་ཤོག ཅེས་ད་ནང་རང་རེས་སྨོན་ལམ་བཏོན་པ་ལྟར་རིག་འཛིན་དཔའ་བོ་མཁའ་འགྲོའི་བསུ་མ་དང་བཅས་ཏེ་ཕེབས་ཆོག་པ་རེད། འདི་དག་ཕན་ཡོན་སྐོར་རེད། འདིའི་འབྲས་བུའི་སྐོར་རྗེས་ནས་བཤད་ཆོག སྤྱིར་རང་གི་ཤེས་རྒྱུད་འདིའི་སྟེང་ནས་འཁོར་འདས་གཉིས་ཀའི་ཕྱིན་ཆད་ཀྱི་གདན་གཞི་འཇོག་གིན་ཡོད་པ་རེད། དེ་ཡང་རྩ་བ་ཏིང་ངེ་འཛིན་བསྒོམ་པ་འདི་ལ་ཐུག་པ་ཡིན་ཞིང་། སྒོམ་ཏིང་འཛིན་གྱི་རིགས་འདི་ལ་གོལ་ཤོར་ནོར་བའི་འཕྲང་མང་བ་རེད། བདེ་གསལ་མི་རྟོག་པའི་ཉམས་རང་ཤུགས་སུ་ཡོད་དགོས་པ་ཡིན་ཡང་། གོལ་ཤོར་ནོར་བའི་འཕྲང་དང་འཕྲད་པ་ཡིན་ན་བདེ་ཉམས་ལ་ཞེན་པའི་བསྒོམ་གྱིས་འདོད་ལྷ་རིགས་དྲུག་ཏུ་འཕེན་པ་དང་། གསལ་ཉམས་ཀྱིས་གཟུགས་ཁམས་སུ་འཕེན་པ། སྟོང་ཉམས་དང་མི་རྟོག་པའི་ཉམས་ལ་ཞེན་པས་གཟུགས་མེད་སྐྱེ་མཆེད་མུ་བཞི་ལ་འཕེན་པ། བསྐྱེད་རིམ་རང་རྒྱུད་པར་ཞེན་པས་བདུད་དང་རུ་ཏྲར་གོལ་བ་ལྟ་བུ་དང་། གཞན་ཡང་བྱིང་རྨུགས་འཐིབས་གསུམ་དང་འདྲེས་པར་བསྒོམས་ན་འཕྱི་བ་དང་རི་བོང་དུ་སྐྱེ་བ་ལྟ་བུ་ཡིན་པ་རེད། ལར་དགེ་བ་ཡིན་རུང་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན། དངོས་གཞིའི་ལྟ་བས་མ་ཟིན། རྗེས་བསྔོ་བས་མ་ཟིན་པའི་སྦྱིན་སོགས་ཀྱི་དགེ་རྩ་དེ་ཉིད་ལོག་ལྟས་མ་བཅོམ། ཁོང་ཁྲོས་མ་བསྲེག མ་བསྔོས་པ་དང་ལོག་པར་བསྔོས་པ་ལ་སོགས་པ་དགེ་རྩ་འཇོམས་པར་བྱེད་པའི་རྒྱུ་བཞིས་མ་བཤིག་པར་ཡོད་ན། དེ་དག་གི་འབྲས་བུ་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་ལ་སོགས་པ་འབྱུང་བ་རེད། དེའི་སྟེང་དུ་རྣལ་འབྱོར་པའི་རིག་ངོ་སད་པས་གཟུགས་གཟུགས་མེད་དུ་སྐྱེ་བའི་རྒྱུ་ཉམས་ཞེན་གྱི་ཤུན་པ་གཏོར་བ་དང་། འདོད་ཁམས་སུ་སྐྱེ་བའི་རྒྱུ་དུག་གསུམ་གྱི་འཁྲུལ་རྟོག་དག་ནས་རིག་པ་རྐྱང་འདེད་དང་ཡེ་ཤེས་རྗེན་འདེད་བྱས་ནས་ཉམས་སུ་བླངས་ན། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་དང་། དེ་དང་མཉམ་དུ་འཁོར་བའི་གནས་ལ་ཞེན་ལོག་གི་ངེས་འབྱུང་། གཞན་ཕན་དོན་གཉེར་གྱི་ལྷག་བསམ་དག་པའི་བྱང་སེམས། སྣང་སྲིད་ཡེ་ནས་རྣམ་དག་གི་དག་སྣང་ལ་སོགས་པ་རང་ཤུགས་སུ་འཆར་ནས་རྣམ་བྱང་མྱང་འདས་ཀྱི་རྒྱུ་རང་རྒྱུད་དུ་འཇོག་པ་མཁས་པའི་བསྟན་བཅོས་དང་། རྟོགས་ལྡན་གྱི་མྱོང་ཁྲིད་གཉིས་ཀ་ཞལ་མཐུན་པ་རེད། དེས་ན་བསྐྱེད་རྫོགས་ཀྱི་ཉམས་ལེན་བྱེད་པར་སྒོམ་ཏིང་ངེ་འཛིན་གྱི་རྣམ་གཞག་ཤིན་ཏུ་གལ་ཆེ་བ་ཡིན་པ་རེད། སྤྱིར་ནང་བ་སངས་རྒྱས་པའི་བསྒོམ་བྱ་མཁན་ཞིག་ཡིན་ཚེ་མདོ་སྔགས་གཉིས་ལས་གང་ཡང་རུང་བའི་ལུགས་ཤིག་ཡིན་དགོས། མདོ་ཕར་ཕྱིན་ཐེག་པའི་ལུགས་ཀྱི་སྒོམ་བྱེད་མཁན་ཞིག་ཡིན་ན། ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ཟབ་དང་རྒྱ་ཆེ་བའི་དོན་ཤེས། ཐོས་བསམ་གྱི་སྒོ་ནས་ཡུལ་དང་ཡུལ་ཅན་རང་བཞིན་མེད་པར་སྒྲོ་འདོགས་བཅད། གང་ཟག་དང་ཆོས་ཀྱི་བདག་མེད་ཀྱི་དོན་རྟོགས། བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་མགོ་དང་ཡན་ལག་གཏོང་བ་ལ་སོགས་པའི་གོ་ཆ་གྱོན། བྱམས་པའི་ཆོས་སྡེ་ལྔ་ལ་སོགས་པའི་ལུགས་བཞིན་དུ་བྱས་ན་ཕར་ཕྱིན་ཐེག་པའི་སྒོམ་དུ་གཏོགས་པ་ཡིན། སྒོམ་བྱེད་པ་དེ་ཉིད་སྒྲིབ་པ་བྱང་བའི་ཐབས་རེད། སྒྲིབ་པ་ལ་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཡོད་པ་དང་། ཉོན་སྒྲིབ་སྤང་བའི་སྤངས་པ་དེ་ཐར་པ་ཡིན་པ་རེད། འབྲས་བུ་དགྲ་བཅོམ་གྱི་གོ་འཕང་ཐོབ་པ་དང་། ཤེས་སྒྲིབ་སྤང་བའི་སྤངས་པ་མཐར་ཐུག་རྣམ་མཁྱེན་གྱི་ཡེ་ཤེས་ཡིན་ཞིང་། སྒྲིབ་གཉིས་སྤངས་པའི་ཕ་རོལ་ནས་སངས་རྒྱས་ཞེས་པ་ཞིག་ལོགས་ནས་འཚོལ་དགོས་པ་མ་ཡིན། གསང་སྔགས་ལྟར་ན་ཐོག་མར་རྒྱུད་སྡེ་སོ་སོ་དང་མཐུན་པའི་སྨིན་པར་བྱེད་པའི་དབང་ཐོབ་དགོས། དེ་མ་ཐོབ་ན་རྒྱུད་སྡེ་དང་མཐུན་པའི་ལམ་རིམ་གཉིས་བསྒོམ་ཐབས་ཡོད་པ་མ་རེད། དེ་མེད་པས་རིམ་པ་གཉིས་ལས་བྱུང་བའི་ཕྱག་རྫོགས་ལ་སོགས་པའི་དོན་རྟོགས་མི་ཐུབ། དེས་ན་རིམ་གཉིས་ཀྱི་ལམ་བརྟན་པར་བྱེད་པའི་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་སོགས་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཐབས་དང་ལྟ་སྤྱོད་ལ་རྨོངས་ན། ནང་རྟེན་འབྲེལ་གྱི་ས་ལམ་བགྲོད་ཐབས་མེད་པས། མདོ་སྔགས་གཉིས་ཀ་གང་གི་ནང་དུའང་མི་གཏོགས་པའི་ཅི་ཡིན་འདི་ཡིན་མེད་པའི་ཡིད་ལ་མི་བྱེད་པ་ཙམ་བསྒོམ་དུ་བཅུག་ན་ཧ་ཤང་གི་རྗེས་སུ་འདེད་པ་ཡིན། ཕུར་བུ་པ་ལའང་སྒོམ་བྱེད་པ་དང་བསྒོམ་ལུགས་མང་པོ་ཡོད་པ་རེད། མུ་སྟེགས་པའི་སྒོམ་ཅི་འདྲའི་བཟང་ཡང་སངས་རྒྱས་མི་ཐུབ་པ་དང་། ཉན་ཐོས་ཀྱི་སྒོམ་ཅི་འདྲའི་བཟང་ཡང་ཐེག་པ་ཆེན་པོ་རུ་འགྱུར་མི་ཐུབ་པ་རེད། སྤྱིར་འོག་མའི་ལུང་གོང་མར་འཐེན་ཆོག་པ་དང་། ཐུབ་པའི་བསྟན་པ་འགལ་མེད་དུ་ཉམས་སུ་ལེན་དགོས་པ་ཡིན་ཡང་། ཅི་ཡང་མི་ཤེས་པའི་གང་ཟག་ང་ལྟ་བུས་འདི་ལྟར་བཤད་ཁུལ་བྱེད་དུས། ཕར་ཕྱིན་ཐེག་པ་བཤད་པའི་སྐབས་སུ་སྔགས་ཀྱི་ཆོས་སྐད་རྣམས་མར་ལ་དྲུད། གསང་སྔགས་བཤད་པའི་སྐབས་སུ་མདོའི་ལྟ་སྤྱོད་རྣམས་ཡར་ལ་སྦྱར། ནང་རྒྱུད་སྡེ་གསུམ་དེ་ཕྱི་རྒྱུད་སྡེ་གསུམ་དང་བསྲེས། ཨ་ཏི་ཡོ་ག་དེ་ཉིད་མ་ཧཱ་ཡོ་ག་རུ་བསྒྱུར། རྫོགས་པ་ཆེན་པོའི་ལྟ་སྒོམ་མཐོ་བཤད་བྱེད་ས་ནས་ཧ་ཤང་གི་ལྟ་བ་རུ་ལོག ར་དང་ལུག་འདྲེས། རྩམ་པ་དང་ཆུར་བ་བསྲེས། ཐ་མ་ལྟ་གྲུབ་ཀྱི་འཇོག་མཚམས་འདི་རེད་ཅེས་པའི་མཛུབ་མོ་འཛུག་ས་མེད་པར་གྱུར་ཚེ་བསྟན་པ་ལ་དཀྲུགས་གཞི་དེ་ལས་ཐུ་བ་མེད་སོང་བ་རེད། འགོ་ཐོས་པ་ནས་འཆུགས་ཚེ་བསམ་སྒོམ་གཉིས་ཀ་དེའི་ཕྱོགས་སུ་འགྲོ་བ་ཡིན། ལྟ་བ་ནོར་ན་སྒོམ་པ་སྤྱོད་པ་དེ་དང་མཚུངས་པ་ཞིག་ལས་འབྱུང་དོན་མེད། དེ་ལ་འབྲས་བུ་ལེགས་པོ་ཞིག་འབྱུང་རེ་བྱས་པ་ཡོངས་རེ་འཁྲུལ་དང་། ཉོན་རེ་མོངས། ཐང་རེ་ཆད་ཅེས་གསུངས་ས་ལྟ་བུ་ཡིན་པ་རེད། སྟོང་ཉིད་སྟོང་བཤད་སྟོང་སྒོམ་དུ་གྱུར་ཚེ་སྡུག་ནི་རེད། མདོ་སྡེ་རྒྱན་ལས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་ནག་རྣམ་པ་འདི་ཅི་ཞིག ཅེས་གསུངས་པ་འདིའི་རིགས་ཅན་ལ་གསུངས་པ་རེད། གནའ་སྔོན་མ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། རྒྱ་ནག་གི་དགེ་སློང་ཞིག་གིས་ཚིག་ལ་སྙིང་པོ་མེད། ཐ་སྙད་ཀྱི་ཆོས་ཀྱིས་འཚང་མི་རྒྱ། སེམས་རྟོགས་ན་དཀར་པོ་གཅིག་ཐུབ་ཡིན་ཞེས་བཤད་པ་རེད་ཅེས་དང་། ཁོང་རང་ཉིད་ཀྱིས་བརྩམས་པའི་བསྟན་བཅོས་བསམ་གཏན་ཉལ་བའི་འཁོར་ལོ་ཞེས་པ་དང་། བསམ་གཏན་གྱི་ལོན། ཡང་ལོན། ལྟ་བའི་རྒྱབ་ཤ་ཞེས་པ་དང་། རང་ཉིད་ཀྱི་ལྟ་བ་ཡང་དག་ཏུ་སྒྲུབ་བྱེད་དུ་མདོ་ལུང་བརྒྱད་ཅུ་དྲངས་པའི་མདོ་སྡེ་བརྒྱད་ཅུ་ཁུངས་ཞེས་པ་སོགས་བརྩམས་མྱོང་བ་རེད་ཅེས་དང་། དཀར་པོ་གཅིག་ཐུབ་ཟེར་བ་དེ་བོད་ཁམས་སུ་དགའ་རབ་ཅིག་དར་སོང་བ་རེད་ཟེར་བའི་ལོ་རྒྱུས་ཡོད་པར་གྲགས་པ་རེད། རྒྱལ་པོས་སྦ་ཡེ་ཤེས་དབང་པོ་སྤྱན་དྲངས་ནས་རྒྱ་དཀར་ནག་གཉིས་ཀའི་ཆོས་འདི་གཉིས་ལས་གང་བདེན་པ་རེད་ཅེས་དྲིས་པའི་ཚེ། ཡེ་ཤེས་དབང་པོས་གསུངས་པར། མཁན་ཆེན་ཞི་བ་འཚོའི་གསུང་ཞིག་ཡོད། བོད་འདིར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསྟན་མ་བཅུ་གཉིས་ལ་བཀའ་བསྒོས་མཛད་པའི་བཀའ་དྲིན་གྱིས་མུ་སྟེགས་པ་མི་འབྱུང་ཡང་། སྤྱིར་ན་ཉིན་དང་མཚན། གཡས་དང་གཡོན། ཡར་ངོ་དང་མར་ངོ་གཅིག་ཡོད་ན་གཞན་གཅིག་པོའང་ཡོད་པ་ལྟར། ཆོས་དག་དང་མི་དག་གཉིས་རེ་འབྱུང་རྒྱུ་རྟེན་འབྲེལ་གྱི་ཆོས་རེད། ཁོང་བྱོན་པའི་རྗེས་སུ་རྒྱ་ནག་གི་མཁན་པོ་ཞིག་འོངས་ནས་ཐབས་དང་ཤེས་རབ་ལ་སྐུར་བ་འདེབས་པའི་དཀར་པོ་གཅིག་ཐུབ་ཅེས་པ་སེམས་རྟོགས་པ་གཅིག་པུས་སངས་རྒྱས་པ་རེད་ཟེར་མཁན་ཞིག་འབྱུང་རྒྱུ་ཡོད། བཅོམ་ལྡན་འདས་ཀྱིས། ལྟ་བའི་སྙིགས་མ་ནི་སྟོང་པ་ཉིད་ཕྱོགས་གཅིག་པ་ལ་དགའ་བ་དེ་ཡིན་ཞེས་གསུངས་ཡོད་པ་རེད། སྙིགས་མའི་གང་ཟག་ཐམས་ཅད་དེ་འདྲ་བ་ལ་དགའ་བ་ཡིན། ཧ་ཤང་གི་ལྟ་བ་འདི་འཕེལ་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་པ་ཡིན་པས་དེ་དུས་ཁོང་གི་སློབ་མ་ཀ་མ་ལ་ཤི་ལ་ཞེས་པའི་མཁས་པ་ཆེན་པོ་ཞིག་ཡོད་པས། མཁས་པ་ཆེན་པོ་དེ་ཉིད་སྤྱན་དྲངས་ནས་རྒྱ་ནག་གི་མཁན་པོ་དང་རྩོད་ཆུགས། སུ་རྒྱལ་ན་ཐམས་ཅད་ཀྱིས་དེའི་ལུགས་ལྟར་འཛིན་རྒྱུ་གྱིས་ཞེས་གསུངས་ཡོད་པས། ད་དེ་མཛད་རན་པ་རེད་ཅེས་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་སློབ་དཔོན་ཀ་མ་ལ་ཤི་ལ་སྤྱན་དྲངས་ནས་བསམ་ཡས་སུ་རྩོད་པ་བྱེད་བཅུག་པ་རེད། དེ་དུས་རྒྱ་ནག་ཧ་ཤང་གི་ཕྱོགས་སུ་ལངས་པའི་བོད་ཀྱི་བཙུན་བློན་མང་པོ་ཞིག་ཡོད་རབས་ཡོད། སློབ་དཔོན་ཀ་མ་ལ་ཤི་ལས་རྒྱ་ནག་གི་ཆོས་ལུགས་ཇི་ལྟར་ཡིན་ཞེས་ཕྱོགས་སྔའི་འདོད་པ་དྲིས་ཚེ། ཧ་ཤང་གིས། སྐྱབས་འགྲོ་དང་སེམས་བསྐྱེད་ནས་བརྩམས་ཏེ་ཉམས་སུ་ལེན་པ་སྤྲེའུ་ཤིང་རྩེར་འཛེགས་པ་ལྟར་བྱེད་པ་ནི་མས་འཛེགས་རེད། ཁོང་གི་ཆོས་ལུགས་ནི། བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་བས་རྣམ་པར་མི་རྟོག་པའི་སེམས་དེ་ཉིད་བསྒོམས་ནས་སེམས་རྟོགས་པ་དེ་ཁོ་ནས་འཚང་རྒྱ་བ་ཡིན། དེ་ཉིད་ཁྱུང་ནམ་མཁའ་ནས་ཤིང་རྩེར་བབས་པ་ལྟར་ཡས་འབུབས་ཀྱི་ཆོས་ཡིན་པས། དེའི་མིང་ལ་དཀར་པོ་ཆིག་ཐུབ་ཅེས་ཟེར་བ་ཡིན་ཞེས་གསུངས་པར། སློབ་དཔོན་ཀ་མ་ལ་ཤི་ལས་དེ་ཉིད་དཔེ་དོན་གཉིས་ཀའི་ཐད་ནས་མི་འཐད་ཅེས་གསུངས་ཏེ། དཔེ་མི་འཐད་པ་ནི་ཁྱུང་ནམ་མཁའ་ནས་གློ་བུར་དུ་འདབ་གཤོག་རྫོགས་པ་ཞིག་སྐྱེས་ཤིང་ཤིང་རྩེར་བབས་པ་ཞིག་ཅི་ལ་སྲིད། དེ་ལྟ་མ་ཡིན་པར་དང་པོ་ནམ་མཁར་འཕུར་བ་ཞིག་ཡིན་ན་རིམ་གྱིས་པའི་དཔེ་ལས་གཅིག་ཆར་བའི་དཔེར་མི་འགྲོ། དོན་ནོར་བས་མི་འཐད་པ་ནི་རྣམ་པར་མི་རྟོག་པའི་བསྒོམ་དེས་རྣམ་རྟོག་ཕྱོགས་གཅིག་བཀག་པ་ཡིན་ན་གཉིད་དང་བརྒྱལ་བ་སོགས་ཀྱི་སྐབས་སུ་རྣམ་པར་མི་རྟོག་པ་ཡིན་དགོས་པ་དང་། རྣམ་རྟོག་མཐའ་དག་བཀག་པ་ཡིན་ན་ཁྱེད་ཀྱིས་མི་རྟོག་པ་བསྒོམ་ཚེ་བསྒོམ་དགོས་བསམ་རྒྱུའི་རྣམ་རྟོག་སྔོན་དུ་འགྲོ་ཨེ་དགོས། དེ་མ་དགོས་ན་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་སྒོམ་སྐྱེས་ཡོད་པ་འདྲ་འདྲ་རེད། མི་རྟོག་པ་བསྒོམ་དགོས་བསམ་པའི་རྟོག་པ་སྔོན་དུ་འགྲོ་དགོས་ན་དེ་ཁོ་རང་རྟོག་པ་ཡིན་པས་མི་རྟོག་པ་བསྒོམ་པའི་དམ་བཅའ་ཉམས་པ་རེད། དཔེར་ན་ངས་ངག་བཅད་ཡིན་ཞེས་ངག་ཤོར་བ་དང་། འུར་མ་རྒྱག་ཅེས་འུར་བརྒྱབ་པ་དང་གཅིག་རེད་ཅེས་གསུངས་པ་རེད། དེ་ལྟར་ལུང་དང་རིགས་པ་མང་པོས་བཀག་རྗེས་རྒྱ་ནག་གི་མཁན་པོ་ལ་སྨྲ་བའི་སྤོབས་པ་མེད་པར་གྱུར། དེ་ནས་རྒྱ་ནག་གི་མཁན་པོ་ཡི་མུག་སྟེ་རང་གནས་སུ་སོང་བ་རེད། དེའི་སྐབས་སུ་རྒྱ་ནག་གི་མཁན་པོའི་ལྷམ་ཞིག་ཤུལ་དུ་ལུས་སོང་བས་ལྟས་དེ་ལ་དཔགས་ནས་སངས་རྒྱས་ཀྱི་བསྟན་པ་འཇིག་རན་པའི་དུས་ཁོའི་བསྟན་པ་ལྷམ་ཙམ་ཞིག་ལུས་འགྲོ་ཞེས་བཤད་པ་རེད་ཅེས་ཟེར་སྲོལ་ཡོད་པ་རེད། དེས་ན་སྤྱོད་པ་འདུལ་བ་དང་མཐུན། སྒོམ་པ་མདོ་སྡེ་དང་མཐུན། བཤད་པ་མངོན་པ་དང་མཐུན། གསང་སྔགས་རྒྱུད་སྡེ་དང་མཐུན་པ་ཞིག་ངེས་པར་དགོས། སྔགས་བཤད་པའི་སྐབས་སུ་རྒྱུད་སྡེའི་ཁོག་ཁྲོལ་ནས་དེའི་དགོངས་གནད་ལོན་རྒྱུ་གལ་ཆེ། མཉམ་བཞག་གི་སྐབས་ཀྱི་རྟོགས་པའི་ཡེ་ཤེས་ཡང་དག་པ་ཡིན་དང་མིན་རྗེས་ཤེས་རབ་དང་སྙིང་རྗེའི་རྩལ་འབར་དང་མི་འབར་གཅིག་པུས་དབྱེ་བ་འབྱེད་པ་རེད། གནས་ལུགས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་ཡོད་ན། མཉམ་རྗེས་སྟོང་དང་སྙིང་རྗེ་གཉིས་ཀ་གཅིག་གྲོགས་གཅིག་གིས་བྱས་ཏེ་གོང་ནས་གོང་དུ་འཕེལ་ནས་ཚོགས་གཉིས་འབད་མེད་དུ་རྫོགས་པ་ཡིན། འགའ་རེས་སྟོང་པ་ཉིད་གོ་སོང་བསམ་ནས་ལས་འབྲས་གནད་ཆུང་དུ་འཛིན་པ་ནི་སྟོང་པ་ཉིད་ཕྱིན་ཅི་ལོག་ཏུ་གོ་སོང་བ་རེད། སྟོང་པ་ཉིད་ངོ་མ་གོ་ཡོད་ན། དེ་ཉིད་རྟེན་འབྲེལ་གྱི་དོན་དུ་རིག་ནས་ལས་འབྲས་ལ་ངེས་པ་ཇེ་ཆེར་འགྲོ་བ་ཡིན། དེས་ན་ངན་སོང་གི་གནས་སུ་སྐྱེ་རྒྱུར་སྐྲག་མཁན་ཞིག་ཡིན་ཚེ་བསྐྱེད་དང་རྫོགས་པ། མཉམ་བཞག་དང་རྗེས་ཐོབ་གང་གི་སྐབས་སུའང་ལས་འབྲས་བསླུ་མེད་ལ་ངེས་ཤེས་བསྐྱེད་ནས། ཉིན་མཚན་ཐམས་ཅད་དུ་རང་གི་སྒོ་གསུམ་ལ་རྟོག་མཁས་པ་ཞིག་དགོས་པ་ནི་གདམས་ངག་གནད་བསྡུས་ཚིག་ནག་གི་ཐོག་ནས་བཤད་པ་ཡིན། ད་འདི་ནས། གབ་བྱང་ལསཿ ཞེས་རིག་འཛིན་གབ་བྱང་གནད་ཀྱི་མིག་ཚགས་སུ་གསུངས་ཡོད་པ་རེད་ཅེས་དགོས་པ་དང་ལྡན་པའི་སྐབས་སུ་གབ་པ་ཐམས་ཅད་མངོན་དུ་ཕྱུང་དགོས་པའི་བརྡ་བསྟན་པ་རེད། ལས་བྱང་གི་ནང་དུ་དངོས་བསྟན་རིག་འཛིན་སྲོག་སྒྲུབ་ལས་བུད་ཡོད་པ་མ་རེད། དེ་ཡང་སྣོད་མིན་གྱི་གང་ཟག་ལ་གསང་བའི་ཆེད་དུ་རྒྱུད་དཀྲུགས། ལུང་དཀྱུས། མན་ངག་གབ་སྟེ་ཡོད་པས། སློབ་དཔོན་མཁས་པས་རྒྱུད་དོན་མན་ངག་གིས་དཀྲལ་ཚེ། གབ་པ་ཕྱུང་། སྦས་པ་འབྱིན། དཀྱུས་པ་སྲོང་། འཐོར་བ་སྡུད་པ་ལ་སོགས་པའི་མན་ངག་གི་ཞལ་ཤེས། ལག་ལེན་གྱི་ཉམས་མྱོང་། རྣམ་དཔྱོད་ཀྱི་སྤོབས་པ་དག་ཡོད་དགོས་པས་ན། གསང་སྔགས་འཆད་པའི་སློབ་དཔོན་ལ་མཚན་ཉིད་མང་པོ་ཚང་དགོས་པ་དེ་ཡིས་རེད། འདིའི་དོན་རིག་འཛིན་གབ་བྱང་གནད་ཀྱི་མིག་ཚགས་ལས་ཇི་ལྟར་གསུངས་ཡོད་པ་རེད་ཅེ་ན། ལྷ་ལ་ཡེ་ཤེས་སེམས་དཔའ་གབ། །སྔགས་ལ་རིག་འཛིན་སྲོག་སྒྲུབ་གབ། །ཏིང་འཛིན་དོ་ལིའི་བཟླས་པ་གབ། །འབྲས་བུ་ས་ཆོད་མན་ངག་གབ། ཅེས་གསུངས་པས་གབ་པ་བཞི་དེ་མངོན་དུ་ཕྱུང་དགོས་པ་རེད། དེ་ལས་ལྷ་ལ་ཡེ་ཤེས་སེམས་དཔའ་གབ་ཅེས་པ་ཇི་ལྟར་གབ་པ་མངོན་དུ་ཕྱུང་སྟེ་གསུངས་པ་རེད་ཅེ་ན། སྣང་སྲིད་ཟིལ་གནོན་ཐུགས་ཀ་རུཿ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོསཿ སྐུ་མདོག་བྱི་རུ་སྣུམ་བསྐུས་ལྟརཿ གསལ་འཚེར་བཀྲག་མདངས་ལྡན་པ་ལཿ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོཿ གཅེར་བུ་རུས་རྒྱན་ཐོར་ཚུགས་ཅནཿ རྡོ་རྗེ་དྲིལ་བུ་བསྣོལ་བའི་པངཿ རྣལ་འབྱོར་སྔོན་མོ་གྲི་ཐོད་ཅནཿ ཆ་ལུགས་ཡབ་འདྲ་གཉིས་ཀ་ཡངཿ ཤིན་ཏུ་ཆགས་པའི་རྣམ་འགྱུར་ཅནཿ ཟག་མེད་བདེ་བ་ཆེན་པོར་སྦྱོརཿ ཞེས་གསུངས་ཏེ། ཚིག་རྐང་འདི་དག་གསལ་འདེབས་ཀྱི་ཆེད་དུ་བསྙེན་མཚམས་ཀྱི་སྐབས་སུ་འདོན་དགོས་པ་རེད། དེའི་ཚིག་དོན་རེ་རེ་ནས་ཉིས་ཟེར་བྱས་མ་བྱས་མི་འདུག ཆུ་ཚོད་ཀྱང་མང་ཙམ་སོང་ཚར་འདུག ལྷ་སྔགས་ཏིང་འཛིན་དབྱེར་མེད་ཀྱིས་བསྙེན་པ་བཟླ་ཚེ་སེམས་དཔའ་སུམ་བརྩེགས་སུ་བསྒོམས་ནས་བསྙེན་པ་བཟླ་དགོས་པ་རེད། བདག་དམ་ཚིག་སེམས་དཔའ་རིག་འདུས་མ་ཧཱ་གུ་རུ་རུ་བསྒོམས་ཡོད་ན། ཡེ་ཤེས་སེམས་དཔའ་དང་དབྱེར་མེད་དུ་བསྟིམ་པའི་དབང་གིས་ཐུགས་ཀར་ཡེ་ཤེས་སེམས་དཔའ་རིག་འཛིན་གྱི་རྒྱལ་པོ་རྡོ་རྗེ་ཆོས་སྐུ་མདོག་དམར་པོ་གོང་གི་གབ་བྱང་གི་ངག་འདོན་ལྟར་བསྒོམ། དེའི་ཐུགས་ཀར་ཐུགས་སྲོག་ཏིང་འཛིན་སེམས་དཔའ་ཐུགས་ཀར་པདྨ་ཉི་ཟླའི་སྟེང་སོགས་ཀྱི་བཟླས་དམིགས་ལྟར་སྔགས་ཕྲེང་གསལ་འདེབས་དགོས། གབ་བྱང་དུ། མི་ལ་རྣམ་ཤེས་སྐྱེས་པ་ལྟརཿ ཕྱག་རྒྱ་རྟགས་ཀྱི་ལྷ་སྐུར་དྲནཿ ཟིལ་གནོན་ཡེ་ཤེས་སེམས་དཔའ་ནིཿ ཤིན་ཏུ་གསལ་བརྟན་ཐོན་པ་གནདཿ ས་མ་ཡཿ ཞེས་གསུངས་པ་ལྟར་འདིའི་སྐབས་སུ་སྲོག་སྡོམ་གཟེར་བཞིའི་དམིགས་གནད་ཀྱི་གོ་བ་ལོན་པ་གནད་ཆེན་ཡིན་པ་རེད། སྤྱིར་གསང་སྔགས་རྡོ་རྗེའི་ཐེག་པའི་ལམ་འདི་ཟུང་འཇུག་རྡོ་རྗེའི་ལམ་ཡིན་ཞེས་གསུངས་པ་དེ་ཅི་འདྲ་ཞིག་ཡིན་པ་རེད་ཅེ་ན། ངོ་བོ་ཐབས་དང་ཤེས་རབ་ཀྱི་རང་བཞིན། རྣམ་པ་བསྐྱེད་དང་རྫོགས་པ་ལམ་བྱེད། དོན་རིམ་གཉིས་སྨིན་གྲོལ་གྱི་ལམ་དུ་འདུས་པ་རེད། དེས་ན་བསྐྱེད་རིམ་ཐམས་ཅད་ཀྱི་སྲོག་གཟེར་བཞིས་བསྡམ་དགོས་པ་རེད། ཡིག་སྐད་དུ་གཟེར་ཞེས་པ་ཁ་སྐད་ལྟར་བྱས་ན་མཛེར་རུ་རེད། མཛེར་རུ་བཏབ་ནས་མནན་པ་ཡིན་ན་འགྱུར་བ་མེད་པ་ལྟར་སྲོག་སྡོམ་གཟེར་བཞིའི་གནད་མ་ཤེས་ན་བསྐྱེད་རིམ་རྩ་བ་ནས་མ་ཤེས་པ་རེད། གཟེར་བཞིའི་བསྡམ་བྱའི་སྲོག་དེ་གང་རེད། ཇི་ལྟར་བསྡམ་དགོས་པ་རེད་ཅེ་ན། གཞི་ལྟ་བས་འཁོར་འདས་མཉམ་ཉིད་དུ་རྟོགས་ནས་སྲིད་ཞི་གཉིས་ཀའི་སྲོག་ལ་དབང་བསྒྱུར། ལམ་སྒོམ་པས་ལྷ་སྔགས་ཏིང་འཛིན་གྱི་གནད་ལ་དབང་འབྱོར་ཏེ་བསྐྱེད་རྫོགས་གཉིས་ཀའི་སྲོག་ལ་དབང་ཐོབ། དོན་གཉིས་ལྷུན་གྲུབ་ཀྱི་སྤྱོད་པས་ཐབས་ཆེན་བསམ་གྱིས་མི་ཁྱབ་པའི་སྲོག་ལ་དབང་བསྒྱུར་ནས། དཔེ་བཞག་ན་ནམ་མཁའི་ཟླ་བ་གཅིག་པུ་དེ་སྒྲ་གཅན་གྱི་ཁར་ཚུད་སོང་ཚེ་ཆུ་ནང་དུ་ཤར་བའི་ཟླ་བའི་གཟུགས་བརྙན་ཐམས་ཅད་མཉམ་གཅིག་ཏུ་ཟིན་སོང་བ་ལྟར། མདོ་རྒྱུད་མང་པོའི་དགོངས་པའི་གནད་འདིས་ཟིན་ཏེ་ཁོག་ཁྲོལ་སོང་བ་ཡིན་པ་རེད། དག་རྫོགས་སྨིན་གསུམ་ཡང་འདིའི་ནང་དུ་འདུས། བསྐྱེད་རིམ་གྱི་ལམ་ཐམས་ཅད་མར་གྱི་འཁོར་བ་དང་རྣམ་པ་མཐུན། དེ་ཡང་སྐྱེ་གནས་བཞི་ཡི་བག་ཆགས་སྦྱོང་བྱེད་དུ་དེ་དང་ཚུལ་མཐུན་པའི་བསྐྱེད་རིམ་བསྒོམ་པ་རེད། སྐྱེ་བ་མེད་པའི་སེམས་ཅན་ཞིག་མེད་ཅིང་། སྐྱེས་ཚད་ཀྱང་ཤི་དགོས་པས་ན། དེ་དང་བསྟུན་པའི་རྫོགས་རིམ་བསྡུ་རྒྱུར་གསུངས་ཡོད་པ་རེད། དེའི་སྐབས་ཀྱི་དག་རྫོགས་སྨིན་གསུམ་ཇི་ལྟར་ཡིན་པ་རེད་ཅེ་ན། མར་འཁོར་བ་དང་རྣམ་པ་མཐུན་པས་དེའི་བག་ཆགས་སྦྱོང་ཞིང་དག་པ་ཡིན་པས་ན་དག་པ་ཚང་། ཡར་མྱང་འདས་དང་བཞུགས་ཚུལ་མཐུན་པ་རེད། སྐུ་ཞི་བ་ཁྲོ་བོ་གང་ཞིག་བསྒོམས་ནས་སྔགས་ཏིང་འཛིན་གང་དང་སྦྲེལ་ཡང་སངས་རྒྱས་ཀྱི་མཛད་པ་ལམ་དུ་བྱེད་པ་ཡིན་པས། ཐོབ་བྱ་གཞན་ནས་འཚོལ་མི་དགོས་པར་འབྲས་བུ་གཞི་ལ་རྫོགས་པས་ན་རྫོགས་པ་ཚང་། དེ་ལྟའི་བསྐྱེད་རིམ་དེ་ཉིད་རྫོགས་རིམ་དང་ཡ་མ་བྲལ་བ་བསྐྱེད་རིམ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བས་ན་དག་རྫོགས་སྨིན་གསུམ་དེ་ལྟར་ཚང་བ་རེད། དེ་ལྟ་བུའི་བསྐྱེད་རྫོགས་ཀྱི་དམིགས་གནད་ལ་མེད་དུ་མི་རུང་བའི་གཟེར་བཞི་ནི། ཏིང་འཛིན་ལྷ་ཡི་གཟེར། སྙིང་པོ་སྔགས་ཀྱི་གཟེར། དགོངས་པ་ཆོས་ཉིད་ཀྱི་གཟེར། འཕྲོ་འདུ་འཕྲིན་ལས་ཀྱི་གཟེར་ཏེ་བཞི་རེད། འདིའི་སྐོར་ཚིག་གཅིག་གཉིས་ཙམ་གྱིས་གོ་བརྡ་མི་འཕྲོད་པས། གང་ལྟར་བྱས་ཀྱང་སང་ཉིན་ཆོས་ཁྲིད་ཅིག་འདོན་དགོས་པ་རེད། བཟླས་པ་འདི་ཆོ་གའི་སྲོག་ལྟ་བུ་ཡིན་ཞིང་། བསྐྱེད་རྫོགས་གཉིས་ཀའི་གནད་ཆེ་ས་ཡིན་པས་ན་ཞིབ་ཆ་བྱས་ཏེ་ཞུ་དགོས་བསམ་པ་ཡིན་མོད། འོན་ཀྱང་། ཅོལ་ཆུང་དབུལ་བོའི་ལག་གི་རིན་ཆེན་དང་། །ཐོས་ཆུང་བླུན་པོའི་ཁ་ཡི་མན་ངག་གཉིས། །མནན་ཀྱང་མི་ནོན་ཟངས་ཁའི་གློ་བ་བཞིན། །གཞན་ལ་ཟེར་འདོད་བྲེལ་བ་ལང་ལ་ལྟོས། ཞེས་གསུངས་པ་རེད། གློ་བ་སྟོང་པ་ཟངས་དཀར་གྱི་ནང་དུ་འཕངས་པ་ཡིན་ན་ཁར་གཡེང་བ་ལས་མཐིལ་དུ་མེད་པ་ལྟར་ངས་བཤད་པ་དེ་འདྲ་ཡིན་པ་རེད། འོན་ཀྱང་སྙིགས་དུས་བསྟན་པ་ཉམས་པའི་སྐབས་འདིར་བརྒྱུད་པ་རིན་པོ་ཆེའི་གདམས་པ་ཕ་ནོར་བུ་སྐལ་དུ་འཕྲོད་རྒྱུའི་རེ་བ་ལས་ཅི་ཡང་མེད། ཡང་། དོན་ལ་མི་རྟོན་ཚིག་འཆེལ་བླུན་པོ་ཡིས། །མན་ངག་ཟབ་མོའི་རིན་ཐང་མི་ཤེས་པས། །གདམས་ཟབ་བརྒྱ་ཕྲག་ཅི་དགར་བྱིན་པ་ལས། །ཟང་ཟིང་ངན་ངོན་ཙམ་ལ་ཅི་དགར་སྤྱད། ཅེས་གསུངས་པ་ལྟར། གདམས་པའི་གནད་བྱིན་པ་ལས་རྒྱུ་ཟང་ཟིང་ཆུང་ཆུང་ཞིག་བྱིན་པས་དགའ་སྣང་ཤར་ཏེ་ཐུགས་རྗེ་མ་ཆུང་ཟེར་མཁན་ཡང་ཡོད་སྲིད་པ་རེད། ཨ་ལ་དེ་དག་ཀུ་རེ་ཡིན། ཚང་མས་དོན་གཉེར་མཛད་པ་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། ད་རེས་མཚམས་སུ་བཞུགས་མཁན་མང་ཆེ་བ་གཞོན་སྐྱེས་ལོ་ཆུང་གྲྭ་སར་རྐྱང་རྐྱང་རེད། སྤྱིར་རིག་འདུས་ཀྱི་བསྙེན་མཚམས་ཤིག་བཅད་རྒྱུ་འདི་པདྨ་ཐང་གི་སྒྲུབ་པ་བསམ་གཏན་པ་དག་གི་དགོས་མཁོར་བསམ་བློ་བཏང་བ་ཡིན། དེའི་སྟེང་ལ་ད་བཞུགས་རྫོགས་ཆེན་ཚང་གི་བསྟན་བདག་རྣམ་པ། དེའི་ནང་གི་འབྲུག་ཆེན་རིན་པོ་ཆེས་བསྟན་ལ་སྨན་པའི་ཐུགས་བསམ་ཟླ་མེད་ཀྱི་ཐོག་ནས་གཞུང་གྲྭ་མང་པོ་ཞིག་འདིའི་ནང་དུ་ཞུགས་རྒྱུའི་འཆར་འགོད་གནང་འདུག དོན་གྱི་བསྟན་པ་ཇི་ལྟར་འཛིན་དགོས་པའི་གནད་དགོངས་པའི་མཛད་སྤྱོད་དེ་དག་ལ་སྙིང་ནས་རྗེས་སུ་ཡི་རང་ཡོད། ང་ནི་དབང་པོ་སྐྱོན་ཅན་གྱི་མི་ཞིག་ཡིན་པ་རེད། སྔོན་ཆད་བརྡབས་རྡུང་ཕོགས་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་མི་ལུས་ཕྱེད་པོ་ཞིག་ཡིན་སྟབས་ལུས་ཁམས་ས་ཁ་དམའ་སར་འཕྲོད་པ་རེད་མོད། འོན་ཀྱང་དེ་ལྟ་བུའི་ཐུགས་བསམ་བཞེས་ཡོད་པ་གོ་དུས་སྒྲུབ་མཆོད་ཀྱི་སྔོན་དུ་ཞག་གྲངས་དུས་བསྙེན་ལས་རུང་ཞིག་ཚང་བའི་ཆེད་དུ་དེ་མ་ཐག་སྔ་ཡོང་ཅི་ལ་མི་བྱེད་དེ། སྤྲོ་བཞིན་དུ་ཡོང་བ་ཡིན། འདི་ལྟར་ཆོས་ར་གཅིག་གི་ནང་དུ་ཤྲཱི་སེང་ཆོས་གྲྭའི་ཐོས་བསམ་པ་རྣམ་པ་དང་བཅས་ཏེ་མཉམ་དུ་འཚོགས་ཐུབ་པ་འདི་རང་ངོས་ནས་བཤད་ནའང་སྐལ་བ་བཟང་པོ་རེད། བསྟན་སྲོག་གཉིས་པ་མཐུད་རྒྱུའི་དོན་ཆེན་ཞིག་རེད། རྒྱལ་བའི་བསྟན་པ་སྤྱིའི་ངོས་ནས་ཀྱང་བསྟན་པའི་སྙིང་པོ་ལུང་རྟོགས་གཉིས་ཡིན་ཞིང་། དེ་ཉིད་བཤད་དང་སྒྲུབ་པས་འཛིན་རྒྱུ་ལས་གཞན་བསྟན་པ་འཛིན་ཟེར་རྒྱུ་ཞིག་ཇི་ལྟར་ཡོད། མདོར་ན་རྫོགས་ཆེན་རུ་དམ་ལུང་འདིར་དུས་ཀྱི་ཐ་མའི་སྐབས་འདིར་བསྟན་པའི་རྒྱལ་མཚན་མཐོན་པོ་ཞིག་བསྒྲེངས་ཡོད་ན། འདི་ཉིད་རྣམ་པ་ཚང་མ་དང་འབྲལ་ཐབས་མེད་པའི་མཛད་རྗེས་དང་། སྔོན་སྨོན་ཐུགས་བསྐྱེད་དུས་བབས་ཡིན་པ་སྨྲོས་ཅི་དགོས། དེང་སང་ནམ་ཟླ་སྐྱིད་ནི་རེད། དེའི་སྟེང་ས་ཆ་འདི་ལྟ་བུའི་གདན་ས་ཁྱད་པར་ཅན། གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་ས། ཏིང་འཛིན་རང་ཤུགས་ཀྱིས་སྐྱེ་བའི་ས་ཡིན་མོད། འོན་ཀྱང་ལོ་ན་མ་སྨིན་པའི་གཞོན་ཆུང་འགའ་རེ་དེ་སྔོན་བདུན་ཕྲག་མང་པོར་ཐུན་བཅད་ནས་འཚོགས་མ་མྱོང་བ་ཚོར་འདི་ལྟར་ཡུན་རིང་འཚོགས་རྒྱུ་ལ་འཚེར་སྣང་སྐྱེ་སྲིད་ཀྱང་ཐུགས་བསམ་ལེགས་པོར་བཞེས་ན། འདི་ལས་དང་སྐལ་བ་ལྡན་པ་ཞིག་རེད། གྲོང་བའི་ནང་དང་འབྲོག་པའི་ནང་དུ་ཡོད་པའི་མི་ཚང་མས་ཚེ་གཅིག་ལ་རྣམ་གཡེང་བྱེད་བཞིན་ཡོད་ཅིང་། མི་ཚེ་གང་པོ་སྒྲིག་མེད་ཁྲིམས་མེད་རེད། རྐང་ལག་བཞི་ཀ་སར་བཙུགས་དང་མི་བཙུགས་ཀྱི་ཁྱད་པར་ཙམ་ལས་ཟ་ཉལ་རྣམ་གཡེང་ཙམ་ལས་མི་ཤེས་པ་བྱོལ་སོང་དུད་འགྲོ་དག་དང་མཚུངས་པ་རེད། ཟ་རྒྱུ་དང་ཉལ་རྒྱུ་འཐུང་རྒྱུ་གསུམ་པོ་དུད་འགྲོ་དག་གིས་ཀྱང་ཤེས། དེ་དང་དེ་འདྲ་བ་ལ་སྐྱིད་དགའ་ཞིག་ཡོད་པ་མ་རེད། འུ་ཅག་སྔར་བསགས་བསོད་ནམས་ཀྱི་དབང་གིས་རྟེན་འདིར་གོས་སྣེ་གསུམ་ལུས་ལ་གྱོན། གཟན་གྲུ་བཞི་ཕྲག་ལ་འཕངས་ནས་དགེ་འདུན་འདུས་པའི་བཞུགས་གྲལ་དུ་བསྙེགས་པ་ཡིན་ན། འདི་གཞན་ངོས་ནས་བཤད་ན་མཆོད་ཡུལ་གྱི་ཞིང་ས་དགེ་འདུན་དཀོན་མཆོག་གི་རྟེན། རང་ངོས་ནས་ཐར་ལམ་འཚོལ་བའི་ཕྱོགས་རྙེད་ཡོད་པའི་བཞུགས་གྲལ་དུ་སླེབས་པ་ཡིན་པས། རང་སྐལ་དུ་བབས་པའི་ལས་དེ་འགྲུབ་པར་བྱེད་དགོས་པ་རེད། རྟགས་ཆ་ལུགས་ཀྱི་སྟེང་ནས་ཀྱང་ལས་རིགས་མི་གཅིག་པ་ལ་ལས་གོས་དང་ལས་རྟགས་མི་འདྲ་བ་ཡོད་པ་ལྟར། སློབ་གྲྭ་བས་སློབ་གྲྭ་བའི་ལས་གོས་གྱོན་ཡོད་པ་རེད། ལས་ཀ་སློབ་སྦྱོང་རེད། གང་སྦྱང་བྱའི་རྒྱུགས་ཀྱང་འཕྲོད་དགོས་པ་རེད། དམག་མིས་དམག་གོས་གྱོན་ཡོད་ན། དེ་ཁོ་རང་གི་ལས་ཀ་མདའ་བོག་མཚོན་ཆའི་ལས་ཐབས་དང་། དམག་འཐབ་ལ་བྱང་ཆུབ་དགོས་པ་རེད། སྐྱེས་པ་ཞིག་ཡིན་ན་སྐྱ་ཆས། བུད་མེད་ཅིག་ཡིན་ན་མོ་ཆས། དེ་དང་མཐུན་པའི་རང་རང་གི་ལས་སྒོར་འཇུག་དགོས་པ་ཡིན་པས། འུ་ཅག་གིས་གྱོན་ཡོད་པའི་གོས་དམར་པོ་འདི་སྟོན་པ་སངས་རྒྱས་ཀྱི་ན་བཟའ། ངུར་སྨྲིག་གསར་བའི་རྒྱལ་མཚན། འདི་སྟོན་པ་ཁོང་རང་ཉིད་ཀྱིས་རྗེས་འཇུག་རྣམས་ལ་རང་གི་སྡེ་ཚན་གྱི་རྟགས། དྲན་ཤེས་བག་ཡོད་ཀྱི་རྟེན་དུ་གནང་བ་རེད། འུ་ཅག་གིས་འདི་གྱོན་ནས་ཅི་ཞིག་བྱེད་དགོས་པ་རེད་ཅེ་ན། དམ་པའི་ཆོས་འཛིན་དགོས་པ་རེད། དམ་པའི་ཆོས་གང་རེད་ཅེ་ན། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པོ་སྨྲ་བྱེད་དང་། །སྒྲུབ་པ་བྱེད་པ་ཁོ་ནའོ། ཞེས་གསུངས་ཏེ། ཁོ་ན་ཞེས་པའི་རྣམ་གཅོད་ཀྱི་སྒྲས་ལུང་རྟོགས་གཉིས་ཀ་ལས་གཞན་པའི་སངས་རྒྱས་ཀྱི་བསྟན་པ་ཞིག་མེད་པ་དང་། ཐུབ་པའི་བསྟན་པ་དངོས་ལུང་རྟོགས་གཉིས་ཀ་ཡིན། དེ་བཤད་སྒྲུབ་གཉིས་ཀས་འཛིན་དགོས་པ་ཡོངས་གཅོད་ཀྱིས་ཤུགས་ལ་བསྒྲུབས་ཡོད་པ་རེད། དེས་ན་འུ་ཅག་གི་ལས་ཀ་ནི་དམ་པའི་ཆོས་འཛིན་རྒྱུ་དེ་ཁོ་ན་རེད། གཞན་རྫུན་དང་རྐུ་ཇག ཚོང་དང་སོ་ནམ། ཁྱིམ་ཚང་ཁ་གསོ་རྒྱབ་འགེབ་སོགས་འུ་ཅག་གི་ལས་ཀ་མ་རེད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་པས་ཆོས་རང་གིས་འཛིན་ཅིང་གཞན་ལ་ཆོས་ཀྱིས་ཕན་འདོགས་དགོས་པ་རེད། རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་གཏོང་རྒྱུ་བཀག་ཡོད། དེ་ཉིད་ཁྱིམ་པའི་ལས་ཀ་རེད། རབ་ཏུ་བྱུང་བས་ཆོས་ཀྱི་སྦྱིན་པ་བྱེད་དགོས་པ་རེད། དེས་ན་གཞན་ལ་ཕན་འདོགས་པའི་ཐོག་མར་ཕན་འདོགས་པའི་ནུས་པ་རང་ལ་ཡོད་དགོས། འཛམ་གླིང་སྲིད་པའི་ཁམས་འདིར་རྒྱུ་ནོར་རིན་ཐང་ཆེ་ཤོས་དེ་གང་རེད་ཅེས་ཁེད་འཇོག་པ་ལྟར་དྲི་བ་ཞིག་བྱས་ན། འགའ་རེས་དུས་ཚོད་རེད་ཟེར་བ་དང་། འགའ་རེས་ཚེ་སྲོག་རེད་ཟེར་སྲིད། དེ་གཉིས་ཀ་ཡིན་ནི་མ་རེད། ཚེ་སྲོག་ནི་ས་འོག་གི་འབུ་ས་འཇོང་ལའང་ཡོད་པ་དང་། དུས་ཚོད་ནི་སེ་རྒན་གོ་བོ་ཡི་རིང་ཞིག་སུ་ལ་ཡོད། སངས་རྒྱས་འོད་སྲུང་གི་དུས་སུ་ཡོད་པ་ད་དུང་མ་ཤི་བར་ཡོད་པ་རེད་ཅེས་ཟེར་སྲོལ་མེད་དམ། མཛོད་ཀྱི་ནང་དུ་མཆོག་རིང་བསྐལ་པའོ་ཞེས་ཀླུ་ལ་སོགས་པར་གསུངས་མི་འདུག་གམ། དེས་ན་རིན་ཐང་ཆེ་ཤོས་དེ་ནི་དམ་པའི་ཆོས་ཀྱི་སྒོ་ནས་རང་གཞན་ཚེ་འདི་དང་ཕྱི་མར་ཕན་འདོགས་པའི་ཤེས་རིག་ཡོན་ཏན་ཉམས་མྱོང་ལག་ལེན་དང་བཅས་ཡོད་རྒྱུ་དེ་རེད། དེ་འདྲའི་རིན་ཐང་ཅན་གྱི་དངོས་པོ་དེ་རྒྱུ་ཕྱུག་པ་ཙམ་གྱིས་ཡོད་པ་མ་རེད། དབང་ཆེ་བ་ཙམ་གྱིས་ལོན་པ་མ་རེད། གཅིག་ན་སྔོན་བསགས་ཀྱི་བསོད་ནམས། གཉིས་སུ་རང་ཉིད་ཀྱི་སྙིང་སྟོབས་དང་འབད་པ་ལ་ཐུག་ཡོད། དེས་ན་གཞི་ཚུལ་ཁྲིམས་རྣམ་དག་གི་ཐོག་ནས་ཐོས་པ་བསགས། ཐོས་དོན་བསམས། སྒོམ་པས་རང་རྒྱུད་བཏུལ་ནས་སྔར་མེད་ནང་གི་ཡོན་ཏན་གསར་པ་ཞིག་རང་གིས་རྙེད་དགོས་པ་རེད། གྲྭ་ཆུང་རྣམ་པ་ཚོས་ཐུན་བཅད་པ་དང་བསྒོམ་བྱ་བ་འདི་དག་རང་ཉིད་གྲྭ་བ་ཡིན་པའི་ལས་སྐལ་རེད་བསམ་དགོས། ནངས་དུས་སྔ་ལང་དགོས་ཚེ་དང་པོའི་སྐབས་སུ་འཚེར་སྣང་ཅུང་ཟད་ཡོད་སྲིད་ཀྱང་། ཉིན་གཅིག་ཉིན་གཉིས་ཀྱིས་བཟང་ལོབ་འགྲོ་བ་ཡིན། ནུབ་མོ་འུར་རྒྱབ་ནས་ཡུན་རིང་འདུག་ལོབ་མ་བྱེད། ནངས་དུས་སྔ་མོ་ལོངས་དང་ཐོས་བསམ་སྒྲུབ་པ་ཉམས་ལེན་གང་ཞིག་བྱས་ཀྱང་ནངས་དུས་རིག་པ་གསལ་བ་རེད། རྒྱའི་ལས་བྱེད་སྡུག་ག་མ་ཚོའི་བྱེད་སྟངས་ལྟར་ཉལ་འདུག་མི་ཉན། ཐོས་རྟགས་ཞི་ཞིང་དུལ་བ། བསྒོམས་རྟགས་ཉོན་མོངས་མེད་པ་ཞེས་ཟེར་བ་རེད། སྤྱིར་མི་རྒྱུས་མིས་ལོན་པ་ཚེ་ཕྱེད། ཁྱི་རྒྱུས་རྐུན་མས་ལོན་པ་ནམ་ཕྱེད་ཟེར་བ་རེད་མོད། འོན་ཀྱང་ཚིག་གཅིག་གི་ཚིག་འགོ་བླངས་མ་ཐག མི་ཡ་རབས་ཤིག་རེད་དམ་མ་རབས་ཤིག་རེད། ཡོན་ཏན་ཅན་ཞིག་རེད་དམ་བླུན་པོ་ཞིག་རེད་ཕྱོགས་ཙམ་ཤེས་འགྲོ་བ་རེད། དེས་ན་རང་ཉིད་རང་ལ་སེམས་མི་དཀར་བ་ཡོད་མི་སྲིད་པས་རང་ལེགས་པོ་ཞིག་ཡོང་བར་འདོད་ན་ཡ་རབས་སྤྱོད་བཟང་བསླབ་ནས། བཟང་གྱེན་འགྲོའི་ཕྱོགས་སུ་ཡར་ལ་བལྟ་བ་ལས་ངན་ཐུར་འགྲོའི་ཕྱོགས་སུ་མར་ལ་མ་བལྟ། ཁྱིམ་ཕ་མ་བསམ་པ་དཀར་བ་ཡིན་ཡང་ཡ་རབས་ཀྱི་ཡོན་ཏན་བསླབ་ཤེས་ནི་མ་རེད། མདོར་བསྡུས་ན། རིག་པ་གཞོན་པའི་དུས་ན་སློབ། །བ་ནི་དགུན་གྱི་དུས་སུ་གསོས། །ཞེས་གསུངས་པ་ལྟར། དམ་པའི་བཤེས་གཉེན་ལ་བསྟེན། རང་རྒྱུད་ཡོན་ཏན་གྱིས་ཕྱུག་པ་ཞིག་གྱིས་དང་། ཁྱིམ་ཕ་མ་ལ་སོགས་པ་རང་གཞན་ཐམས་ཅད་ལ་ཕན་ཐོགས་དེ་ལས་ཆེ་ཞིག་ཡོད་ནི་མ་རེད། འགའ་རེའི་བསམ་པར། འུ་ཅག་གི་མཚམས་འདི་དགོན་པའི་ཚོམ་བུ་ཚོགས་སྒྲུབ་དང་འདི་མི་འདྲ་འདུག རྒྱལ་ཐོའི་ནང་དུ་མ་བསྡད་ཚེ་ཕྱི་མི་ནང་དུ་འོང་མི་ཆོག་པ་དེ་འདྲ་རེད་མི་འདུག འདི་རི་ཁྲོད་མཚམས་པའི་མཚམས་དང་ཡང་མི་འདྲ་འདུག མཚམས་ནག་སྒོ་བཅད་བུག་སྒོ་འདག་སྦྱར་བྱས་ན་ཕྱི་ནང་གི་རྒྱུ་འགྲུལ་ཅི་ལ་ཆོག འདི་འདྲའི་མཚམས་ཅི་ཡིན་སྙམ་པ་སྲིད་ཀྱང་། འདི་ནི་རྒྱུན་གྱི་ཉམས་ལེན་གནད་ཀྱི་སྲང་ལ་གཅུན་ནས་ཉིན་མཚན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གོམས་པ་བསྐྱེད་ཐབས་ཤིག་རེད། ཚེ་གཅིག་ལ་འདི་ལྟ་བུའི་ཉམས་ལེན་ལ་འབད་ཐབས་བྱེད་པ་ཞིག་རེད། ལོ་གསུམ་ཕྱོགས་གསུམ་གྱི་མཚམས་པ་དག་གིས་དོན་ངོ་མར་མཚམས་གཡོག་ལས་གཞན་མི་དང་མི་ཐུག་པར་བྱེད་དགོས་པའི་སྲོལ་ཡོད་པ་ཡིན་ཡང་། གདུལ་བྱའི་ཁམས་དབང་མོས་པ་དང་བསྟུན་ནས་རིམ་གྱིས་རིམ་གྱིས་ལམ་ལ་འཇོག་དགོས། ཇི་ལྟར་སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་གདུལ་བྱ་དང་བསྟུན་ནས་ཐེག་རིམ་མང་པོ་ཞིག་གསུངས་པ་ལྟར་རེད། དེ་ཡང་མཚམས་པ་བཟང་ཤོས་མི་ལ་རས་པར་བརྩི་བ་མ་ཡིན་ནམ། དེ་ཡི་ཡན་ལ་སུ་ཞིག་ཡོད། དེ་ལ་ཡང་ནང་དང་གསང་བའི་མཚམས་མ་གཏོགས་ཕྱི་ན་མཚམས་ཐོ་ཞིག་མེད་པས་རྔོན་པ་མང་པོ་ཞིག་བྲོ་ཁ་འཕྲོག་རྒྱུ་ཡོད་སྙམ་གྱིས་འཛུལ་ཡོང་རབས་སོགས་བཤད་རྒྱུ་ཡོད་པ་མ་ཡིན་ནམ། ཕྱི་ལ་མཚམས་ཐོ་བཅིངས། ནང་ལ་ཕྲག་དོག་ཞེ་སྡང་གི་མེ་འབར་ནས་ཨིན་ཐི་རེ་ཡོད་པ་ལས་རྒན་མོ་བསམ་བཟང་ཞིག་གིས་དགའ་བ་རེད། འདི་འདྲའི་མཚམས་ཤིག་བླ་རབས་སྐུ་རབས་སུ་དང་སུའི་སྐབས་སུ་དར་མྱོང་བ་མ་རེད་ཟེར་རྒྱུ་ཡོད་ནི་མ་རེད། གྲུབ་ཐོབ་པདྨ་རིག་འཛིན་ཚུན་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་ཞེས་མཚན་དང་དོན་མཐུན་པར། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཉམས་ལེན་བྱེད་མཁན་རྐྱང་རྐྱང་བྱོན་ནས། དུས་ཕྱིས་སུའང་དགུན་སྐྱ་བསྡམས་ཟེར་དུས། ལྷ་ཆོས་བཅོ་བརྒྱད་ཀྱིས་གླིང་བསྐོར་ཞིབ་བཤེར་བརྒྱུད། བླ་ཁག་ཆེ་བ་གསུམ་ཙམ་ཞིག་ལས་དུ་བ་གནམ་ལ་འཕྱུར་མི་ཆོག་པ་མཁའ་འགྲོ་སྙིང་ཐིག་གི་ཉམས་ལེན་གྱི་ཐུན་བཅད་ནས་མཚམས་འདི་དང་འདྲ་བར་རྒྱུན་གྱི་ཉམས་ལེན་སྲང་ལ་ཚུད་ཐབས་མཛད་པའི་ཕྱག་སྲོལ་ཡོད་པ་རེད། དྲི་བ་དེ་འདྲ་བ་ལ་དྲིས་ལན་དེ་འདྲ་སློགས། དེ་དག་འུ་ཅག་ཁོ་ནའི་དགོས་མཁོ་ཙམ་དང་བསྟུན་ཆེད་བཤད་པ་མིན། དེང་སང་རྟེན་བཞེངས་ཀྱི་སྐབས་སུ་མིའི་རྒྱུ་འགྲུལ་གཅོད་ཐབས་མེད་པ་ཡིན་ཡང་། ནང་སོ་བྱང་སྔགས་གསུམ་གྱི་བཅས་ཁྲིམས་ལས་མ་འདས། ཕྱི་ལས་ལོག་ལམ་ལོག་ངན་ལང་དུ་མ་ཤོར་ན་མཚམས་དེ་རེད། དེའི་སྟེང་དུ་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་ཚེ་དགེ་བའི་བཤེས་གཉེན་ཟེར་ནའང་དེ་རེད། ཆོས་པ་རྣམ་དག་ཟེར་ནའང་དེ་རེད། དེས་ན་རྣམ་པ་ཚོས་བསྐྱེད་རྫོགས་རིམ་གཉིས་ཀྱི་ཉམས་ལེན་འདི་དག་གི་གནད་གསང་རེ་མཁྱེན་ན། ཆོ་ག་ཚིག་བཞི་རེ་ལས་མ་བཏོན་ཡང་དེ་ཉིད་གནད་དུ་སྨིན་པ་རྣམ་པར་དག་པ་ཞིག་རེད་འགྲོ་བ་རེད། བསྐྱེད་རིམ་ཐམས་ཅད་ཀྱི་རྨང་གཞི་ནི་སྣང་བ་ལྷ་རུ་ཤེས་རྒྱུ་དེ་ཉིད་ཡིན། རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་ཆེན་གྱི་ཉམས་ལེན་བྱེད་རྒྱུ་དེ་རེད། དངོས་གཞིའི་འོད་གསལ་གྱི་རིག་པའི་རང་ངོ་འཕྲོད་དུས་དེ་ལས་མི་འདའ་བའི་བསྒོམ་པ་དང་། བླང་དོར་བྲལ་བའི་སྤྱོད་པ། རེ་དོགས་མེད་པའི་འབྲས་བུ་ཐོབ་ཚེ། དེའི་ཡན་གྱི་འདི་འགྲུབ་མ་སོང་སྙམ་པའི་བློ་ཟོན་ཞིག་དགོས་དོན་མེད། གུ་ཡངས་བློ་བདེ་ཡིན་པ་རེད། གྲྭ་ཆུང་རྣམ་པ། ཁྱེད་རྣམ་པ་གང་ལྟར་བཤད་རུང་མི་རེད། ཁྱིམ་ཚང་གི་གོ་ཁ་བསྐྱུར། མ་ཨ་མའི་ནུ་ཞོ་བཞག་ནས་ཡུན་རིང་མ་རེད། རིག་རྒྱུ་གོ་རྒྱུ་ད་དུང་མང་བ་རེད། འཇིག་རྟེན་ཁམས་ཀྱི་སྐྱིད་སྡུག་དེ་དགོ་བའི་ར་རིས་འདྲ་ཡིན་ནི་རེད། སྐྱིད་རེའི་ཕག་ན་སྡུག་རེ། ལ་རེའི་ཕག་ན་ཐུར་རེ་ཡོད་ན། རྟག་བརྟན་ངེས་པ་ཅན་ཞིག་མིན་ཡང་། སྐྱེས་པ་བུ་ཡི་སེམས་ཁོག་དེ་ཡངས་དགོས། སེམས་རྒྱ་དེ་ཆེ་དགོས། དགའ་སླ་སྡུག་མགྱོགས་ཉན་ནི་མ་རེད། བྱ་བ་གང་ཡིན་ཡང་བརྟགས་དཔྱད་རང་གིས་གཏོང་དགོས། དང་ཐོག་མི་ཞིག་བྱེད་དགོས་སོང་པ་རེད། མི་ཟས་བཟའ་ཞིང་མི་གྲལ་དུ་འགྲོ་བཞིན་མ་ཡིན་ནམ། མིའི་ནང་གི་མི་རབ་ཞིག་བྱེད་ཨེ་ཐུབ་ལྟོས། མི་རབ་དེ་ཅི་འདྲ་ཞིག་ཡིན་པ་རེད་ཅེ་ན། རང་འདོད་མི་ཆེ་བ། གཞན་ཕན་ཅན། སྤྱི་དོན་རྐྱང་རྐྱང་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ནི་རེད། དེ་ནས་གཟོད་ཆོས་པ་བྱེད་དགོས། ཆོས་པ་བྱེད་པ་ལ་ཆོས་པ་སྡུག་ཐུག་སྐྱ་མིན་སེར་མིན་ནམ། ཡང་ན་སྐྱ་སེར་གཉིས་གོ་ཆོད་པ་དེ་འདྲ་མ་ཡིན་པར། ཆོས་པ་རབ། ཆོས་མ་གཏོགས་བསམ་རྒྱུ་མེད་པ། ཚེ་འདི་ཕྱི་གཉིས་ཀར་རང་འགོ་ཐོན་པས་མ་ཚད། གཞན་སེམས་ཅན་ལ་ཕན་ཐོགས་མཁན། དད་ལྡན་དང་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་ཉན་ཐག་ཆོད་ཅིག་བྱེད་དགོས་པ་རེད། སྤྱིར་ཚེ་ཆོས་མཐའ་རུ་ཕྱིན་པ་ལ་བདུད་དང་བར་ཆད་མང་བ་ཡིན། ཆོས་ཟབ་ཙ་ན་ནག་པོའི་བདུད་ཀྱང་ཟབ། ཅེས་གསུངས་པ་རེད། དེ་ཆོས་པ་རྣམ་དག་ཞིག་རེད་འགྲོ་ཉེན་འདུག དཀོན་མཆོག་གསུམ་གྱི་གདུང་དེ་ཡིས་འཛིན་འགྲོ་བར་འདུག དེ་སངས་རྒྱས་བསྟན་པ་འཇིག་རྟེན་ནས་ནུབ་མི་འཇུག་མཁན་ཞིག་ཏུ་འགྱུར་འགྲོ་བར་ངེས་བསམ་དུས། བདུད་དགའ་རབ་དབང་ཕྱུག་ཕྲག་དོག་ལངས་ནས་དགའ་རབ་དབང་ཕྱུག་འཁོར་དང་བཅས་པས་ལྷག་པར་དེ་ལ་གཟས་ཏེ་གནོད་སྐྱེལ་བ་རེད། བདུད་ཅེས་པ་ནག་པོ་རྭ་ཅོ་ཅན་མགོ་དགུ་ལག་པ་བཅོ་བརྒྱད་ཁ་གདང་མིག་ཅེར་སོང་བ་ཞིག་ཡིན་པའི་ངེས་པ་ཡོད་ནི་མ་རེད། སློབ་དཔོན་ཆེན་པོས། བར་ཆད་བདུད་ནི་ཅིར་ཡང་བརྫུས་ཡོང་བས། ཞེས་གསུངས་པས། མཚམས་རེ་དགྲ་དང་མཚམས་རེ་གཉེན། མཚམས་རེ་ཕ་མ་སྤུན་ཟླའི་བློ་ཁ་བདུད་ཀྱིས་བསྒྱུར་ནས་ངན་བསླབ་ཡོང་བ་རེད། ཁྱད་པར་དུ་ཕྱིན་ཅི་ལོག་གི་ཁ་ཕོ་རུས་དང་། ཕྱིན་ཅི་ལོག་གི་མགོ་རྣ་བ། གཡོ་སྒྱུ་ཕྲག་དོག་ངན་སེམས་སོགས་ལོབ་ཡོང་བར་འདུག བསླབ་ཡོང་བར་འདུག་བསམ་དུས་མི་དེའི་ཤེས་རྒྱུད་བདུད་ཀྱིས་བརླམ་ཡོད་པའི་རྟགས་ཡིན་པས། དེ་དུས་བྲོས་དགོས་པ་རེད། ལོག་པའི་བཤེས་གཉེན་དེ་རྒྱབ་ལ་ཆོས་གོས་གྱོན་ཡོད་པས་མ་ཚད་མགོ་ལ་གསེར་ཞྭ་གྱོན་མཁན་ཞིག་ཡིན་རུང་སྤང་དགོས་པ་རེད། ལེགས་པའི་ལམ་སྟོན་གྱི་མི་དེ་ཨ་ཅོ་དབྱུག་བཟུང་ཞིག་ཡིན་རུང་འབྲེལ་འདྲིས་གྱིས་དང་རང་ཉིད་ལ་ཕན་ཐོགས་ཡོད། ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་བ་ཡང་། །ཡལ་འདབ་བརླན་པའི་ཙནྡན་དྲིས་བསུང་ལྟར། །གང་ལ་བརྟེན་པ་དེ་ཡི་རྗེས་སུ་འགྲོ། ཞེས་གསུངས་པ་ལྟར། བཟང་པོའི་རྒྱུད་ནས་བཟང་འགོ། ངན་པའི་རྒྱུད་ནས་ངན་འགོ་བ་རེད། ད་དེ་དག་རང་གར་ཆོས་ཁྲིད་ཀྱི་ཞོར་དུ་གཏམ་ཉོག་བཤད་པ་རེད། ཉོག་ལ་གཏམ་གཞུང་རིང་བ་དེ། །རྒན་པོ་ཨུ་ཚུགས་ཅན་ལ་འབྱུང་ཉེ། ཞེས་གསུངས་པ་ཅི་མ་བདེན། ད་དགོས་མི་འདུག འུ་ཅག་གིས་དྲོས་ཇ་རག་འཇུག་ན་དགའ། དྲོས་ཇ་བསྐོལ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་སོགས།


previousཉིན་གཉིས་པའི་ཆོས་ཁྲིད། next