Nitartha Digital Library
Tibetan
 
previousཉིན་གསུམ་པའི་ཆོས་ཁྲིད། no next

ཉིན་གསུམ་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་བགྱི། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པ་ཉན་ཏེ། དེའི་དོན་ཚུལ་བཞིན་དུ་བསྒྲུབ་དགོས་བསམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་། སྣང་ཞེན་ལྷ་སྐུའི་ཕྱག་རྒྱ། སྒྲ་གྲག་བདེ་ཆེན་གྱི་སྔགས། དྲན་རྟོག་འོད་གསལ་ཆོས་སྐུའི་ངང་ལས་མི་འདའ་བའི་རྫོགས་རིམ་གྱི་མདོ་ཆིངས་སམ། སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་ལྟ་སྒོམ་ཏིང་འཛིན་ཡ་མ་བྲལ་བའི་ངང་ནས་གསན་འཚལ། སྐབས་སུ་བབས་པ་གང་ཞིག་འཆད་པར་བྱ་བ་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་ཚན་ལས། རྩ་གསུམ་ཀུན་ཀྱི་གཙོ་བོ་ནང་སྒྲུབ་རིག་འཛིན་འདུས་པའི་བསྐྱེད་རྫོགས་ཀྱི་སྐོར་འདི་ཉིད་འཆད་བཞིན་པའི་སྐབས་ཡིན་ཞིང་། འདི་ལ་སྦྱོར་དངོས་རྗེས་གསུམ་ཡོད་པའི་ནང་ནས་སྦྱོར་བ་སྔོན་འགྲོའི་སྐོར་སོང་ཟིན་ཏེ་དངོས་གཞི་ལ་ཐུག དངོས་གཞི་དེ་ལའང་རྣམ་གྲངས་བདུན་ཡོད་པའི་ནང་ནས་བསྐྱེད་ཆོག་དང་སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ། མཆོད་པ། བསྟོད་པ་སྟེ་དྲུག་སོང་ཟིན་ནས། བདུན་པ་འཛབ་བཟླས་ཀྱི་སྐབས་ལ་ཁེལ། དེ་ལས་ཀྱང་གང་འཚམ་ཞིག་སོང་སྟེ། འཕྲོས་དོན་ཁར་སང་སྲོག་སྡོམ་གཟེར་བཞིའི་སྐོར་ནས་འགོ་ཞིག་གླེང་བ་རེད་མོད། དེ་རིང་ཐོག་མར་དེའི་སྐོར་ནས་ཅུང་ཟད་ཞུས་ན་བསམ་པ་ཡིན། གཟེར་བཞི་ཞེས་པ་ནི། ཏིང་འཛིན་ལྷ་ཡི་གཟེར། སྙིང་པོ་སྔགས་ཀྱི་གཟེར། དགོངས་པ་ཆོས་ཉིད་ཀྱི་གཟེར། འཕྲོ་འདུ་འཕྲིན་ལས་ཀྱི་གཟེར་བཅས་ཡིན་པ་རེད་ཅེས་ཞུས་པ་ཡིན་ན། དེའི་ནང་གི་ཏིང་འཛིན་ལྷ་ཡི་གཟེར་ཞེས་པ་ནི། དེ་ཡང་རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་མ་ཧཱ་ཡོ་ག་དང་བསྟུན་ན། ཏིང་འཛིན་རྣམ་གསུམ་གྱིས་ཁོག་ཕུབ་དགོས་པ་རེད། ཏིང་འཛིན་རྣམ་གསུམ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་སྣང་གི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་ཏེ་གསུམ་རེད། དེ་ལས་དེ་བཞིན་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་དབྱིངས་སྟོང་པ་སྤྲོས་བྲལ་གྱི་ངང་དུ་མཉམ་པར་འཇོག་རྒྱུ་དེ་ཉིད་དང་། ཀུན་སྣང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་དེ་ལྟར་མ་རྟོགས་པའི་འགྲོ་བ་ཡོངས་ལ་སྙིང་རྗེ་སྒྱུ་མ་ལྟ་བུར་བསྒོམ་པ་དེ་ཡིན་པ་དང་། རྒྱུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རྩལ། བསྒོམ་བྱ་ལྷ་གང་ཡིན་པ་དེའི་ཐུགས་སྲོག་གི་ཡི་གེ་བསྐྱེད་གཞི་དེ་ལ་བརྟེན་ནས་བསྒོམ་པ་བཅས་ཡིན་པ་རེད། ད་རེས་རིག་འཛིན་འདུས་པ་ཨ་ནུའི་བསྐྱེད་ཆོག་ལྟར་སྙིང་པོ་དྲན་པ་ཙམ་གྱིས་སྐད་ཅིག་དྲན་རྫོགས། ཨ་ནུའི་ཨ་ཏི་ལྟར་བསྒོམ་པ་ཡིན་མོད། འོན་ཀྱང་ཏིང་འཛིན་རྣམ་གསུམ་གྱིས་ཁོག་འབུབ་པ་ནང་རྒྱུད་སྡེ་གསུམ་གྱི་ཁྱབ་བྱེད་ཡིན་པ་ལུང་གིས་གསལ་ཡོད་པ་རེད། དེ་ཡང་ཇི་ལྟར་ལུང་གིས་གསལ་ཡོད་པ་རེད་ཅེ་ན། རྡོ་རྗེ་སེམས་པ་སྙིང་གི་མེ་ལོང་གི་ནང་དུ། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་གསུངས། མ་ཧཱ་ཡོ་གར་སྔགས་ཀྱི་ཐེག་པ་ཐམས་ཅད་ཀྱི་གཞི་ལམ་འབྲས་བུའི་དོན་མཐའ་དག་བསྟན་ཡོད་པས་ན། དེ་ཉིད་གཞིར་བཞག་གི་སྟེང་ནས་སྔགས་ཀྱི་ཉམས་ལེན་མཐའ་དག་གི་ངེས་པ་བསྐྱེད་དགོས་པ་རེད། དེས་ན་གཞི་དངོས་པོ་གཤིས་ཀྱི་བཞུགས་ཚུལ་ལ་རང་བྱན་ཚུད་པའི་ཐོག་ནས་ལྟ་བ་གཏན་ལ་ཕབས་པ་དེ་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཟེར་བ་ཡིན་པས། དོན་ངོ་མར་དེའི་ངོ་བོའི་ཆ་ནས་ཤེས་རབ་ཡིན་པ་རེད་མོད། འོན་ཀྱང་མོས་པས་སྤྱོད་པའི་ལམ་པ་ཞིག་ལ་མཚོན་ན་བསམ་གཏན་ལྟར་སྣང་བས་དེ་ལ་ཏིང་ངེ་འཛིན་གྱི་སྒྲ་ཞུགས་པ་རེད། དེས་ན་གནས་ལུགས་དེ་ཉིད་སྒྲ་ཇི་བཞིན་པར་རྟོགས་ཡོད་པ་ཡིན་ན་དེ་ཉིད་འཕགས་པའི་བདེན་མཐོང་ཡིན་པས། ས་དང་པོ་ནས་ཡོད་པའི་ལྷག་བསམ་རྣམ་དག་གི་སེམས་དེ་དེའི་རྒྱུད་ལ་རང་ཤུགས་སུ་སྐྱེ་བ་རེད། དེས་ན་དེ་འདྲ་བ་ལ་ལྷག་ཏུ་བསྐྱེད་རིམ་གནད་ཆེན་བྱེད་དགོས་པ་མ་ཡིན་ཞིང་། དེ་མ་ཡིན་པར་ལས་དང་པོ་བའི་རིགས་ཅན་ལ་རྫོགས་རིམ་འགྲུབ་པའི་རྒྱུ་རུ་བསྐྱེད་རིམ་མེད་ཐབས་མེད་པའི་གནད་ཆེན་ཡིན། དེ་ལྟར་སྨྲས་ཚེ་འོ་ན་བསྐྱེད་རིམ་ལས་དང་པོ་བ་ལས་མ་དགོས་པ་རེད། ལས་དང་པོ་བའི་ཚད་དེ་ཅི་འདྲ་ཞིག་ལ་འཇོག་པ་རེད་ཟེར་ན། ལས་དང་པོ་བའི་ཚད་དེ་བསྐྱེད་རིམ་རྐྱང་པའི་ཕྱོགས་ནས་བཤད་ན་རགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱེད་ནུས་པ་ཚུན་ཆད་ལ་འཇོག་པའང་ཡོད་པ་དང་། ཡང་བསྐྱེད་རྫོགས་གཉིས་ཀའི་ཆ་ནས་བཞག་པའི་སྐབས་སུ་བསྐྱེད་རིམ་པ་ཐམས་ཅད་ལས་དང་པོ་བ་རུ་འཇོག་པའང་ཡོད་པ་རེད། སྤྱིར་བསྐྱེད་གཞི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དེ་སོ་སོའི་སྐྱེ་བོའི་སར་རྗེས་དཔག་ཙམ་ཞིག་ཡིན་པ་དེའི་ཕྱིར། ཆོས་ཐམས་ཅད་བསམ་དུ་མེད་པའི་དེ་ཁོ་ན་ཉིད་ཀྱི་གཟུགས་བརྙན་ཙམ་དུ་སྣང་བའི་ཏིང་ངེ་འཛིན་ལྟར་གྱུར་བའི་དེ་བཞིན་ཉིད་དེའི་གདངས་སྙིང་རྗེ་ཆེན་པོར་ལངས་པ་མོས་པས་སྤྱོད་པའི་སེམས་བསྐྱེད་ཡིན་དགོས་པས། དེ་ལ་ཀུན་སྣང་གི་ཏིང་ངེ་འཛིན་ཞེས་བཏགས་ནས། དེའི་འཕེན་པ་དེའི་སྟེང་ནས་བསྐྱེད་རིམ་གྱི་རྒྱུ་ཚོགས་བསྒྲུབ་པ་དེ་ཉིད་ཐབས་དང་ལམ་མ་ནོར་བ། རང་ལུགས་སྙིང་ཐིག་གི་གྲུབ་མཐའི་ཐུན་མིན་གྱི་མན་ངག་ཡིན་པ་རེད། དེའི་ཕྱིར་ན་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་གསལ་སྣང་ལྷའི་མཚན་མར་ཤར་ནའང་། སྣང་དུས་ཉིད་ནས་རང་བཞིན་གྱིས་མ་གྲུབ་པར་སྣང་སྟོང་གཉིས་མེད་ཀྱི་རང་བཞིན། མེ་ཏོག་དང་དྲི་བསུང་ལྟར་ཐབས་ཤེས་འབྲེལ་བ་བསྐྱེད་རྫོགས་ཟུང་འཇུག་གི་དོན་མ་འཁྲུལ་བ་ཡིན། དེས་ན་རྟེན་གཟུགས་སྐུ་རྣམ་པ་གཉིས་ཐོབ་པའི་རྒྱུ་བསྐྱེད་རིམ་གྱིས་བྱེད། བརྟེན་པ་ཐུགས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཐོབ་པ་བསྐྱེད་རིམ་དེ་ལ་རྫོགས་རིམ་གྱི་ལྟ་བས་རྗེས་ཐེབས་པ་དེས་བྱེད། མདོར་ན་ཏིང་འཛིན་ལྷ་ཡི་གཟེར་ཞེས་གསུངས་པ་དེ་ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་ལྷ་དང་ལྷ་མོར་གསལ་བ་གཞིར་བཞག་གི་ཐོག རང་ལུས་ལྷ་སྐུར་གསལ་བ་དེ་ཉིད་ཏིང་འཛིན་ལྷ་ཡི་གཟེར་ཡིན། འདི་ལ་དག་རྫོགས་སྨིན་གསུམ་ཇི་ལྟར་ཚང་བ་རེད་ཅེ་ན། མར་འཁོར་བའི་གནས་སྐབས་ཀྱི་སྐྱེ་བ་ལུས་ཀྱི་བག་ཆགས་དག ཡར་སངས་རྒྱས་ཀྱི་སྐུར་གང་ལ་གང་འདུལ་གྱི་འཕྲིན་ལས་རྫོགས་ཏེ། བར་ཉམས་ལེན་གྱི་སྐབས་སུ་ལུས་བསྐྱེད་བྱེད་ཀྱི་རྩ་ཡི་དྲ་བ་དག་ནས་རྡོ་རྗེའི་ལུས་སུ་གནད་དུ་སྨིན་པའི་སྨིན་བྱེད་དུ་འགྲོ་བ་ཡིན་པ་རེད། སྙིང་པོ་སྔགས་ཀྱི་གཟེར་ནི། སེམས་དཔའ་སུམ་བརྩེགས་ཀྱི་ཐུགས་ཀར་སྔགས་ཕྲེང་འཁོར་བཞིན་ཡོད་པར་སེམས་རྩེ་གཅིག་གཏད་དེ་བཟླས་པ་བྱས་ནས་བསྙེན་པ་བཏོན་ཚེ། རླུང་འབྱིན་འཇུག་གནས་གསུམ་སྔགས་སུ་ཤེས་པའི་རྡོ་རྗེའི་བཟླས་པ་བྱེད་པ་དེ་ཉིད་རེད། འདི་ལ་དག་རྫོགས་སྨིན་གསུམ་ཅི་ལྟར་སྦྱར་བ་རེད་ཅེ་ན། མར་འཁོར་བའི་གནས་ཀྱི་བརྗོད་པའི་སྒྲ་སྐད་ཐམས་ཅད་སྔགས་སུ་དག ཡར་དག་པ་སངས་རྒྱས་ཀྱི་གསུང་གི་འབྲས་བུ་རྫོགས། བར་ཉམས་ལེན་གྱི་སྐབས་ཀྱི་ངག་རླུང་གི་རང་བཞིན་ཐམས་ཅད་སྙིང་པོ་སྔགས་ཀྱི་རང་བཞིན་དུ་གྱུར། འདི་ཕ་རྒྱུད་ལྟར་བྱས་པ་ཡིན་ན་རླུང་གི་རྫོགས་རིམ་ཐམས་ཅད་ཀྱི་སྨིན་བྱེད་དུ་འགྲོ་བ་ཡིན། གསུམ་པ་དགོངས་པ་མི་འགྱུར་བའི་གཟེར་ནི། ཆོས་ཉིད་ཀྱི་ལྟ་བས་རྩིས་ཟིན་པ་ལ་གསུངས་པ་རེད། ཁར་སང་གོང་དུ་ཡང་ཤེས་པ་གཏད་མེད་ངང་ལ་ཐོངས། ཞེས་གསུངས་པ་དང་དོན་གཅིག་རེད། སྤྱིར་ན་ལྟ་བས་གཞི་བཟུང་། སྒོམ་པས་ཉམས་སུ་བླངས། སྤྱོད་པས་བོགས་དབྱུངས་ཏེ། མཐར་ཐུག་གི་འབྲས་བུར་སྦྱོར་བ་རྒྱུད་སྡེ་སྤྱིའི་ཆོས་སྐད་ཡིན་པ་རེད་མོད། འོན་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ལམ་འདི་ནས། ཟང་ཐལ་རིག་སྟོང་གི་ལྟ་བ་མངོན་སུམ་དུ་མཐོང་བ་དེའི་རང་ངོར་གནས་པ་སྒོམ་པ་དང་། ལྟ་བ་དེས་ཟིན་པའི་སྤྱོད་པའི་ཆ་ཐམས་ཅད་བླང་དོར་འཛིན་ཞེན་དག་པ་སྤྱོད་པ། གཞི་ལྟ་བའི་ངོ་བོ་དེ་ཉིད་ཡེ་གྲོལ་གྱི་ཆོས་ཉིད་དུ་གནས་པ་འབྲས་བུ་ཡིན་པ་རེད། མ་བཅོས་རང་བཞག་གི་ཆོས་ཉིད་གཅིག་གི་ཀློང་དུ་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་ཡེ་ཤེས་སུ་རོ་གཅིག་པ་རྫོགས་ཆེན་གྱི་ལམ་ཡིན་པ་རེད། དེ་ཡང་། ཞི་གནས་མི་རྟོག་དངོས་པོ་མཁའ་དང་འདྲ། །ལྷག་མཐོང་མ་རྨོངས་མཁའ་ལ་གཟའ་སྐར་འདྲ། །འོད་གསལ་མི་རྟོག་མཁའ་ལ་ཉི་ལྟར་གསལ། །ཟུང་འཇུག་གཉིས་མེད་ཉི་མ་འོད་ཀྱི་ཚུལ། ཞེས་གསུངས་པ་ལྟར་རེད། དགོངས་པ་མི་འགྱུར་བའི་གཟེར་འདི་ལ་དག་རྫོགས་སྨིན་གསུམ་ཇི་ལྟར་འཇོག་པ་རེད་ཅེ་ན། འདིས་མར་འཁོར་བའི་གནས་སྐབས་ཀྱི་སེམས་ཀྱི་ཆ་དག ཡར་སངས་རྒྱས་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ཉམས་ལེན་གྱི་གནས་སྐབས་སུ་སྟོང་ཉིད་ཀྱི་རྫོགས་རིམ་བསྒོམ་པའི་སྨིན་བྱེད་དུ་འགྲོ་བ་ཡིན་པ་རེད། དེ་ཡིས་ཏིང་འཛིན་ལྷ་ཡི་གཟེར་དང་སྙིང་པོ་སྔགས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར་གསུམ་སོང་ནས། བཞི་བ་འཕྲོ་འདུ་འཕྲིན་ལས་ཀྱི་གཟེར་ནི། འདི་ཉིད་མཆོག་ཐུན་མོང་གི་ཞི་རྒྱས་དབང་དང་དྲག་པོའི་ལས་བཞི་རང་རང་དུ་མདེལ་ཁ་བསྒྱུར་བ་དེ་ཡིན་ཞེས་གསུངས་ཡོད་པ་རེད། མདེལ་ཁ་ཞེས་པ་ཅི་ལ་ཟེར་བ་རེད་ཅེ་ན། བོའུ་ཁ་གང་ལ་བསྐོར་ཏེ་འཕངས་ན་མདའ་ཡིས་དེར་ཕོག་པ་ལྟར། ལས་བཞི་གང་བསྒྲུབ་དགོས་ན་དེ་རུ་དམིགས་པའི་ཁ་བསྒྱུར་བ་དེ་ཉིད་རེད། འདི་ལ་དག་རྫོགས་སྨིན་གསུམ་ཇི་ལྟར་ཚང་བ་རེད་ཅེ་ན། མར་འཁོར་བའི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་སྦྱོང་ཞིང་དག ཡར་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་འབྲས་བུ་གཞི་ལ་རྫོགས། བར་ཉམས་ལེན་གྱི་གནས་སྐབས་སུ་དམིགས་མེད་ཡེ་ཤེས་ཀྱི་དགོངས་པ་མངོན་སུམ་འོད་གསལ་རྣལ་འབྱོར་གྱི་སྨིན་བྱེད་དུ་འགྲོ་བ་རེད། འདིའི་གཟེར་བཞི་ལྟ་སྒོམ་སྤྱོད་འབྲས་དང་སྦྱར་ན། དགོངས་པ་མི་འགྱུར་བའི་གཟེར་དེ་ལྟ་བ་ཡིན་པ་དང་། ཏིང་འཛིན་ལྷའི་གཟེར་དེ་སྒོམ་པ། སྙིང་པོ་སྔགས་ཀྱི་གཟེར་སྒོམ་པ་རེད་ལ་སྤྱོད་པའང་ཡིན་པ་རེད། འཕྲོ་འདུ་འཕྲིན་ལས་ཀྱི་གཟེར་སངས་རྒྱས་ཀྱི་འཕྲིན་ལས་ཡིན་པས་ན་འབྲས་བུ་རུ་འཇོག་དགོས། དེ་ལྟར་འདི་ཉིད་ལ་གཞི་ལམ་འབྲས་གསུམ་ཚང་བ་རེད། འོ་ན་སྲོག་སྡོམ་གཟེར་བཞི་ཞེས་པ་དེ་དག་ཡིན་ཞིང་དེ་རེ་རེ་ལའང་དག་རྫོགས་སྨིན་གསུམ་ཚང་བ་ཡིན་ན། དེ་དག་གིས་བསྡམ་བྱའི་སྲོག་གང་རེད་ཟེར་ན། དེའི་སྐོར་འུ་ཅག་གིས་ཁར་སང་བཤད་པ་ཡིན་ཡང་ཡང་བསྐྱར་བཤད་ན། འདི་ལྟ་སྒོམ་སྤྱོད་གསུམ་དང་སྦྱར་ནས་བཤད་ཆོག་པ་རེད། དེ་ཡང་གཞི་ལྟ་བ་ཡེ་ཤེས་ཀྱི་འཁོར་ལོ་སྟེ། འཁོར་འདས་མཉམ་ཉིད་དུ་རྟོགས་ཚེ་སྲིད་པ་ཁམས་གསུམ་འཁོར་བ་ཟེར་བའི་ངན་པ་ཞིག་དང་། ཞི་བ་མྱ་ངན་ལས་འདས་པ་ཟེར་བའི་བཟང་པོ་ཞིག་སོ་སོར་མེད་པར་འཁོར་འདས་རོ་མཉམ་དུ་རྟོགས་ཚེ། སྲིད་དང་ཞི་བའི་སྲོག་ལ་དབང་ཐོབ་སྟེ་རང་དབང་བསྒྱུར་ཐུབ་སོང་བ་རེད། ལམ་སྒོམ་པ་ལྷ་དང་སྔགས་ཀྱི་འཁོར་ལོ་སྟེ། ལྷ་སྔགས་ངོ་བོ་དབྱེར་མེད་དུ་རྟོགས་ནས་ལྷ་སྔགས་སུ་ཤར། སྔགས་སྐྱེ་མེད་ཡེ་ཤེས་ལྔ་ཡི་ངོ་བོར་རྫོགས་པའི་ཚེ། བསྐྱེད་རྫོགས་གཉིས་ཀའི་སྙིང་པོའི་སྲོག་ལ་དབང་ཐོབ་སྟེ་བསྐྱེད་རྫོགས་དབྱེར་མེད་ཉམས་ལེན་ལ་རང་བྱན་ཚུད་སོང་བ་རེད། སྤྱོད་པ་དོན་གཉིས་ལྷུན་གྲུབ་ཆགས་མེད་ཤུགས་འབྱུང་དུ་བསྐྱངས་ནས་ཆགས་སྡང་དགའ་སྡུག་རེ་དོགས་ཐམས་ཅད་ལས་གྲོལ་བའི་ཚེ། ཐབས་ཆེན་བསམ་གྱིས་མི་ཁྱབ་པའི་སྲོག་ལ་དབང་ཐོབ་སྟེ། དཔེ་གཟའ་སྒྲ་གཅན་གྱིས་ནམ་མཁའི་ཟླ་བ་གཅིག་ཁར་བཟུང་བའི་ཚེ་ས་སྟེང་གི་ཆུ་མཚོ་ཡོད་ཚད་ཀྱི་ཟླ་གཟུགས་ཡོད་ཚད་དུས་གཅིག་ལ་རང་ཤུགས་སུ་ཟིན་སོང་བའི་གནད་དང་འདྲ་བར། བསྐྱེད་རྫོགས་ཀྱི་ཉམས་ལེན་བྱེད་མཁན་ཞིག་གིས་གཟེར་བཞིའི་མན་ངག་གི་གནད་ཤེས་པས་མདོ་རྒྱུད་མང་པོའི་བསམ་གྱིས་མི་ཁྱབ་པའི་དགོངས་གནད་ཐམས་ཅད་དུས་གཅིག་ལ་ཤེས་ནས། མདུད་པ་གཅིག་བཤིགས་པས་འགག་བརྒྱ་དུས་གཅིག་ལ་གྲོལ་བ་ལྟར། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནད་གསང་ཤེས་ནས་རིག་སྔགས་ཀྱི་བདེན་ཚིག་གྲུབ། གདུལ་བྱ་སྨིན་ཅིང་གྲོལ། གྲུབ་མཐའི་འཛིན་པ་དག སྐུ་གསུམ་ལྷུན་གྱིས་གྲུབ་སྟེ། གང་ལ་ཡང་རེ་དོགས་དང་ཉམ་ང་མེད་པ་སེང་གེས་གངས་ཟིན་པ་ལྟ་བུ་ཞིག་རེད་རྒྱུ་ཡོད་པ་རེད། དེས་ན་གསང་སྔགས་རྡོ་རྗེའི་ཐེག་པའི་ལམ་གནད་ཐམས་ཅད་སྲོག་སྡོམ་གཟེར་བཞིའི་མན་ངག་གི་ནང་དུ་འདུས་པ་རེད་ཅེས་བཤད་ཆོག འདིར་གསུངས་པ་དག་དང་མི་ལྡན་པའི་ལམ་དག་ནི་ཤི་བའི་རོ་དང་འདྲ་བ་ཡིན་ཞེས་གསུངས་པ་རེད། འདིའི་དཀའ་གནད་ཚང་མ་ཞིབ་པར་རྒྱུད་སྡེ་སྒྱུ་འཕྲུལ་དང་སྒྲུབ་སྡེ་བཀའ་བརྒྱད་སོགས་ཀྱི་ནང་དུ་གཟིགས་དང་མཁྱེན་པ་ཡོང་། དེས་ན་འུ་ཅག་གི་སྐབས་བབས་ཀྱི་དོན་གནད་བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་ཚེ་འདིའི་བསྙེན་ཡིག་གི་ནང་དུ། ཐོག་མར་བསྙེན་པའི་སྐབས་སུ་ལྷ་ལ་གསལ་སྣང་ཐོན་རྒྱུ་གནད་ཆེ། དེ་མ་ཐོན་གྱི་བར་དུ་འོད་ཟེར་སྤྲོ་བསྡུ་བྱེད་མི་དགོས་ཅེས་གསུངས་ཡོད་པ་རེད། རྟེན་དང་བརྟེན་པའི་ལྷའི་གསལ་སྣང་དེ་ཡང་རྣམ་པ་གསལ། རྣམ་དག་དྲན་པའི་ཐོག་ནས། མདོར་ན་སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ་མ་སོང་ཚེ་བསྙེན་པའི་ས་མི་ཆོད་ཅེས་གསུངས་ཡོད། སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །སྒྲ་གྲག་བདེ་ཆེན་སྔགས་སུ་དག །དྲན་རྟོག་འོད་གསལ་ཆོས་སྐུར་སྨིན། ཞེས་འདིའི་ཆོ་གའི་མཇུག་གི་བཀྲ་ཤིས་ཀྱི་ནང་དུ་ཡོད་པ་རང་ལུགས་ཀྱི་དག་རྫོགས་སྨིན་གསུམ་གྱི་མདོ་ཆིངས་ཡིན་གསུངས་ཡོད་པ་རེད། ད་རེས་ཀྱི་བདུན་ཕྲག་གསུམ་གྱི་ནང་གི་བདུན་ཕྲག་སྔོན་མ་བསྙེན་པ། གཉིས་པ་ཉེ་བསྙེན། གསུམ་པ་སྒྲུབ་པ། དེ་ལྟར་བདུན་གསུམ་ཉེར་གཅིག་ཚང་བར་ཉེ་ཚེ་མཇུག་གི་དངོས་གྲུབ་ལེན་པ་སྒྲུབ་ཆེན་དང་སྦྱར་ན། བསྙེན་པ་འདིའི་སྐབས་ཀྱི་དམིགས་གནད་གཙོ་བོ་ལྷའི་གསལ་སྣང་ཡིན་པ་ཞུས་མ་ཐག་པ་ལྟར་རེད། འདི་ཐམས་ཅད་ཀྱི་སྐབས་སུ་རྫོང་འཕྲང་སྲོག་གསུམ་ལྷག་པར་གལ་ཆེ། ལྟ་བའི་རྫོང་། སྒོམ་པའི་འཕྲང་། སྤྱོད་པའི་སྲོག་སྟེ། ལྟ་བའི་རྫོང་ཟིན་དགོས་པ་ཡིན་ན་སྒོམ་པའི་འཕྲང་ནས་བརྒྱུད་དགོས་པ་རེད། མ་བསྒོམ་པར་སངས་རྒྱས་པ་ཞིག་རྡོ་རྗེ་སེམས་དཔས་ཀྱང་གསུངས་ཡོད་ནི་མ་རེད། སྒོམ་པའི་འཕྲང་བརྒྱུད་ནས་ལྟ་བའི་རྫོང་ཟིན། དེ་ནས་སྤྱོད་པའི་སྒོ་ནས་སྲོག་འཕྲོག་སྟེ་འཁོར་འདས་ཀྱི་སྟོང་སྲོག་རང་གི་ལག་ཏུ་ཟིན་དུས་གང་ལ་ཡང་འཇིགས་པ་མི་དགོས་པའི་གཏན་སྲིད་རྒྱལ་ས་ལྟ་བུ་དེ་ཟིན་སོང་བ་རེད། དེའི་མིང་ལ་རྣལ་འབྱོར་དབང་ཕྱུག་ཆེན་པོའི་དགོངས་པ་ཟེར་བ་རེད། འོན་ཀྱང་སྒོམ་པའི་འཕྲང་ལས་བརྒྱུད་དགོས་ན་བསྒོམ་རྒྱུ་ཅི་ཞིག་ཡིན་པ་ལྟ་བ་མིག་ལྟ་བུ་དེས་རིག་ནས་ཤེས་ཏེ། རིག་པ་དང་རྐང་པར་ལྡན་པ། མིག་གིས་བལྟས་ནས་ལྟ་སར་རྐང་པས་བརྫིས་ན་མི་འཕྱུགས་པའི་སྟབས་ཀྱིས། ལྟ་བའི་རྫོང་སྔོན་དུ་བཞག་ནས་རྫོང་འཕྲང་སྲོག་གསུམ་གྱི་གོ་རིམ་དེ་ལྟར་སྒྲིག་པ་རེད། དེས་ནས་སྒོམ་པ་ཏིང་འཛིན་གྱི་ལྷ་བསྒོམ་པའི་སྐབས་སུ་ཡུལ་གསུམ་གྱད་དུ་གྱུར་བའི་ལྷ་ཞེས་པ་སྟེ། ཡུལ་གསུམ་གྱད་དུ་གྱུར་བའི་དོན་ནི་ཡུལ་གསུམ་སྟོབས་སུ་གྱུར་པ་ཞེས་པའི་དོན་དང་མཚུངས་པ་ཡིན། དང་པོ་ཡིད་ཀྱི་ཡུལ་དུ་གསལ་དགོས་པ་རེད། ལྷ་རྩ་བ་ནས་བསྒོམ་མ་མྱོང་པ་དག་གིས་ཐང་ཀ་དང་རས་བྲིས་སོགས་ལ་བལྟས་ཏེ་ཡིད་ཡུལ་དུ་གསལ་བདེ་བའི་ཐབས་ལ་བརྟེན་ནས་ཁོང་དུ་ཆུད་པར་བྱས་ནས་བསྒོམ། དེའི་ཚེ་ཡུལ་གསུམ་གྱད་དུ་གྱུར་པ་ཞེས་གསལ་བ་གསུམ་གྱི་དང་པོ་ཡིད་ཡུལ་དུ་བཀྲ་ལམ་མེར་ནམ་བསྒོམ་ན་ནམ་གསལ་ཐུབ་པ་ཞིག་བྱེད། གཉིས་པ་དབང་པོའི་ཡུལ་དུ་གསལ་དགོས། མིག་གིས་བལྟས་ན་མཐོང་དུ་ཡོད་པའི་ཚད་ཙམ་གྱི་གསལ་སྣང་ཡོད་པ། གསུམ་པ་ལ་ལུས་ཀྱི་ཡུལ་དུ་ཐུག་རེག་ཡོད་པ། བསྙབས་ན་འཛིན་རྒྱུ་ཡོད་པ་ལྟ་བུའི་གོམས་ཆ་མ་བརྟན་གྱི་བར་དུ་བསྒོམ་དགོས་པ་རེད། དེ་ཡང་གཟེར་བཞིའི་མན་ངག་དང་ལྡན་དགོས་པ་ཡིན་པས། ལྟ་བའི་རང་ངོ་འཕྲོད་པ་གཞིར་བཞག་གི་ཐོག་ནས་བསྒོམ་དགོས། དེ་ཡང་རིམ་པ་དབང་གིས་བགྲོད། གཞི་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ཉམས་སུ་ཏིང་ངེ་འཛིན་གྱིས་ལོངས། ལ་སྤྱོད་པས་དོར། དོན་མན་ངག་གིས་སྒྲུབས་གསུངས་པའི་གསང་སྔགས་ཀྱི་བསླབ་པའི་མཐའ་དྲུག་ཚང་དགོས་པ་རེད། དེ་འདྲའི་རྣལ་འབྱོར་བས་གསང་བའི་དགྲ་གསུམ་སོད། འཇིགས་པའི་བདུད་བཞི་ཆོམས། འགྲོ་དྲུག་གི་གཡང་ས་ཆོད་པ་རེད། དེ་ཡན་ཆོད་ཀྱིས་བསྙེན་སྒྲུབ་ཡན་ལག་བཞིིའི་ནང་གི་བསྙེན་པ་བཤད་པའི་ས་ཁོངས་སོང་བ་རེད། གཉིས་པ་ཉེ་བསྙེན་ནི། ད་རེས་ཀྱི་སྐབས་ལྟ་བུ་ལ་ཞག་བདུན་ཕྲག་གཉིས་པའི་སྐབས་སུ་རེད། འདིའི་སྐབས་སུ་འོད་ཟེར་སྤྲོ་བསྡུ་བྱེད་དགོས་པ་ཡིན། འདི་དུས་ལྷ་ལ་གསལ་སྣང་གང་ལ་གང་འཚམ་ཐོབ་ཡོད་དགོས། ཐུགས་ཀའི་སྔགས་ཕྲེང་ཤིན་ཏུ་ཕྲ་བ་ལས་འོད་ཟེར་འཕྲོས། ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་མཆོད། དེ་ཡིས་བསོད་ནམས་ཀྱི་ཚོགས་རྫོགས། ཡང་འོད་ཟེར་ཚུར་འདུས། རང་ཉིད་ལ་ཐིམ་པས་ལུས་ངག་ཡིད་གསུམ་ཀུན་གཞིའི་སྒྲིབ་པ་དང་བཅས་པའི་སྒྲིབ་པ་བཞི་དག ཆོས་ལོངས་སྤྲུལ་སྐུ་ངོ་བོ་ཉིད་སྐུ་དང་བཅས་པའི་སྐུ་བཞི་མངོན་དུ་བྱས་པར་བསམ་ཏེ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་ན་ཡེ་ཤེས་ཀྱི་ཚོགས་རྫོགས་པ་རེད། དེ་ལྟ་བུའི་ཚོགས་གཉིས་རྫོགས་པ་ལ་བརྟེན་ན་ལྷ་དང་ཉེ་བའི་བསྙེན་པ་རེད་ཐུབ་པ་རེད། བདག་བྱིན་གྱིས་བརླབས་པ་དེ་ཡིས་རང་དོན་སྔོན་དུ་སོང་བ་རེད། ཡང་འོད་ཟེར་འཕྲོས་སེམས་ཅན་ལ་ཕོག་ནས་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་ན་ཡོད་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་བག་ཆགས་སྦྱངས། འཁོར་བའི་སྣོད་བཅུད་རང་རྒྱུད་དུ་སྣང་བའི་ཞེན་རྟོག་ཐམས་ཅད་ཉི་མས་བ་མོ་བཞུས་པ་ལྟར་སྦྱངས་ནས། སྣོད་གཞལ་ཡང་ཁང་དང་། བཅུད་རིག་འཛིན་གྱི་ལྷ་ཚོགས་སུ་དག་པར་བསྒོམ་དགོས། དེས་གཞན་དོན་འཕྲིན་ལས་ཀྱི་རྟེན་འབྲེལ་བསྒྲིགས་ཏེ། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་སར་སྦྱོར་བ་ཡིན་ཞེས་གསུངས། ལྷ་སྔགས་ཆོས་ཉིད་གསུམ་པོ་དབྱེར་མེད་ཡིན་པས་སྔགས་ལ་བརྟེན་ནས་གཞན་གཉིས་སྒྲུབ་ཀྱིན་ཡོད་པ་རེད། བཟླ་རྒྱུའི་སྔགས་དེ་ཅི་འདྲ་ཞིག་ཡིན་པ་རེད་ཅེ་ན། སྐྱེ་མེད་ཀྱི་ངང་ལས་འགག་མེད་དུ་ཤར་བའི་རང་སྒྲ་ཡིན་དགོས། སྔགས་བཟླ་ལུགས་ལ་དབྱེ་བ་རྣམ་གྲངས་མང་པོ་ཡོད། རིགས་བསྡུས་ཏེ་བཤད་ན་ཡིད་བཟླས་ཞེས་པ་དང་། ཤུབ་བུར་བཟླ་བ། དབྱངས་སུ་བཟླ་བ་སྟེ་གསུམ། དེ་ལས་ཡིད་བཟླས་ནི་སྤྱིར་བཏང་སྙིང་ཁའི་ས་བོན་དང་སྔགས་ཕྲེང་ལ་དམིགས་པ་གཏད་ནས་རང་སྒྲ་སྒྲོག་པའི་ཚུལ་གྱིས་ཡིད་ཀྱིས་ཡང་ནས་ཡང་དུ་བཟླ་བ་ལས། མཆུ་འགུལ་བ་ལ་སོགས་པའི་རྩོལ་བ་དང་བྱེད་པ་དགོས་པ་མ་རེད། ཡིད་བཟླས་ལ་དེ་ལྟ་བུའི་ཡིད་བཟླས་ཙམ་དང་། རླུང་དང་སྦྱར་ན་འགོག་བཟླས། རྡོར་བཟླས། བུམ་ཅན་གྱི་བཟླས་པ་ཞེས་པ་དང་། རླུང་བཟླས་ལ་ཡང་ནང་གསེས་སུ་རྣམ་པ་གསུམ་ཡོད། འགོག་བཟླས་ཞེས་པ་དེ་སྲོག་རྩོལ་འགོག་པའམ་བསྡམས་པ་ལ་འགོག་བཟླས་ཞེས་ཟེར། སྲོག་རྩོལ་ཞེས་པ་ཅི་རེད་ཅེ་ན། སྲོག་ནི་རླུང་དང་རྩོལ་བ་ནི་དྲན་པའམ་ཡིད་ཀྱི་རྒྱུ་བ་ཡིན་པ་རེད། རླུང་གི་རྒྱུ་བ་དང་དྲན་རྩོལ་རྣམས་ནང་དུ་བསྡམས་ནས་ཡིད་ཀྱིས་བཟླས་པ་བྱས་ཚེ་ལུས་ངག་གི་རྩོལ་བ་རང་ཤུགས་ཀྱིས་ཁེགས་ནས་ཡོན་ཏན་ཁྱད་པར་ཅན་འགྲུབ་པ་དེ་འདྲ་ཡིན་པ་རེད། རྡོར་བཟླས་ནི་རླུང་འབྱིན་འཇུག་གནས་གསུམ་སྔགས་དང་སྦྱར་ནས་དམིགས་པ་མ་ཡེངས་པར་བྱེད་པ་དེ་དང་། དེ་ནས་བུམ་ཅན་གྱི་བཟླས་པ་ནི། རླུང་སྦྱོར་བ་བཞི་ལྡན་བུམ་ཅན་དང་སྦྲགས་ནས་ཡིད་བཟླས་བྱེད་རྒྱུ་དེ་རེད། རླུང་སྦྱོར་བ་བཞི་ལྡན་ཞེས་པ་ནི། དགུག་ལྒང་གཞིལ་བཏང་རྣམས་ཏེ། མདའ་ལྟར་འཕེན་པ། གཞུ་ལྟར་དགུག་པ་ལ་སོགས་པ་རླུང་སྦྱོར་གྱི་ནང་དུ་བཤད་ཡོད་པ་དེ་དག་རེད། དེ་ཡན་ཆོད་ཡིད་བཟླས་ཀྱི་རྣམ་གྲངས་རེད། ཤུབ་བུར་བཟླས་པ་ནི། དབྱངས་མཐོན་པོ་ཡོད་པའི་བཟླས་པ་སྒྲ་གདངས་ཐོན་པ་ཅན་མིན་ཡང་། མཆུ་དང་མགྲིན་པ་སོགས་ཀྱི་བྱེད་པ་དང་རྩོལ་བ་ཅུང་ཟད་ཡོད་པར་བྱས་ཏེ་སྒྲ་ཤུབ་བུར་བཟླ་བ་དེ་ཉིད་རེད། གསུམ་པ་དབྱངས་བཟླས་རེད། དབྱངས་བཟླས་འདི་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད། སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པའི་དབྱངས་དང་། འཁུར་བ་དབུགས་ཀྱི་རླུང་འབྱིན་པའི་དབྱངས་དང་། འཁུན་ཞིང་སྡང་པའི་སྒྲ་འབྱིན་པའི་དབྱངས། ཚངས་པའི་དབྱངས་ཀྱི་འདྲེན་ཚུལ་གྱི་དབྱངས་ལ་སོགས་པ་རྒྱུད་ཀྱི་ནང་དུ་མང་པོ་གསུངས་ཡོད་པ་རེད་མོད། དེ་དག་ལས་གཙོ་ཆེ་བའི་དབང་དུ་བྱས་ན་སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པའི་དབྱངས་ཞེས་པ་དེ་ཅི་འདྲ་ཞིག་ཡིན་པ་རེད་ཅེ་ན། འདི་ལ་ཡང་ནང་གསེས་ཀྱི་ཡོན་ཏན་བཅུ་དང་ལྡན་པར་བཟླ་དགོས་ཞེས་གསུངས་ཡོད། ཡོན་ཏན་བཅུ་ནི། སྒྲ་ཧ་ཅང་མི་ཆེ། ཧ་ཅང་མི་ཆུང་། ཧ་ཅང་མི་དལ། ཧ་ཅང་མི་མགྱོགས། སྔགས་ཀྱི་ཚིག་འབྲུ་ལ་ཆད་པ་དང་ལྷག་པ་མེད་པ། སྒྲ་དག་པ། ཚིག་གསལ་མོ། ཡན་ལག་མ་ཉམས་པ་དེ་དག་རེད། གཞན་ཡང་འཁུར་བ་དབུགས་ཀྱི་རླུང་འབྱིན་པའི་དབྱངས་ཞེས་པ་ཞིག་ཡོད། དཔེ་བུང་བའི་སྐད་ལྟར་ཁོང་དལ་ཞིང་རྒྱུན་རིང་པོར་བཟླ་དགོས་ཞེས་གསུངས་ཡོད་པ་རེད། ཚངས་པའི་དབྱངས་ཀྱི་འདྲེན་ཚུལ་གྱི་དབྱངས་ནི་ཚངས་པའི་དབྱངས་ལྟ་བུ་ཡིད་འཕྲོག་གི་ཉམས་དང་ལྡན་པའི་བཟླ་ཚུལ་ཡིན་ཞེས་གསུངས་པ་རེད། འཁུན་ཞིང་སྡང་བའི་སྒྲ་འབྱིན་པའི་དབྱངས་ཞེས་པ། དཔེ་རྔ་མོང་གིས་བུ་སྟོར་བའི་དུས་ཀྱི་སྐད་ལྟ་བུ་གསུངས་ཡོད་པ་དང་། ཟབ་ཅིང་སྒྲོག་པའི་དབྱངས་ཞེས་པ་དཔེ་འབྲུག་གི་སྒྲ་དང་བྲག་མཐོན་པོའི་སྟེང་ནས་ཆུ་དྲག་བབས་པ་ལྟ་བུའི་བཟླ་ཚུལ། གུ་རུ་རིན་པོ་ཆེས། སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ། བྲག་ཀ་ཐོག་ལས་ཆུ་བབས་བཞིན། །དྲག་པོ་བར་མཚམས་མེད་པར་བགྲངས། །ང་ཉིད་དེ་ཡི་དྲུང་དུ་འོང་། ཞེས་གསུངས་པ་ལྟ་བུ་རེད། རྡོ་རྗེ་སྲིན་པོའི་རྔ་སྐད་ཀྱི་དབྱངས་ཟེར་བ་དཔེ་སྲིན་པོ་ཁྲོས་པའི་ངར་སྒྲའི་ཚུལ་དུ་བཟླ་ཚུལ་ལ་སོགས་པ་རྒྱུད་ཀྱི་ནང་དུ་མང་བ་རེད། མདོར་ན་བཟླས་པ་གང་གི་སྐབས་སུའང་གཙོ་བོ་ལྟ་དགོངས་དང་མི་འབྲལ་བ་གནད་ཆེན་པོ་རེད། བསྙེན་པའི་མཚམས་སུ་སླེབ་དུས་བློ་ལྷོད་ལ་ཕབས་ནས་གུ་ཡངས་ཐོབ་སོང་པ་ལྟར་ཅི་བྱས་ཀྱང་ཆོག་པ། ཁ་བརྡ་བཤད་སའི་མཚམས་སུ་སླེབས་སོང་བ་ལྟ་བུ་བྱེད་ཉན་ནི་མ་རེད། ཆེས་གལ་འགག་ཆེ་བ་ཆོ་གའི་སྲོག་གམ་སྙིང་པོ། གཟབ་གཟབ་བྱེད་དགོས་ས་ངོ་མ་ལ་ཐུག་པ་ཡིན་པ་མཁྱེན་དགོས། དེ་ཡན་ཆོད་ཀྱིས་བསྙེན་པ་དང་ཉེ་བསྙེན་གཉིས་ཀ་སོང་བ་རེད། རང་རེའི་དུས་རྒྱུན་གྱི་བཤད་ལུགས་ལྟར་བྱས་པ་ཡིན་ན། ཟླ་བ་སྐར་ཕྲེང་ལྟར་བཟླས་པས་ཏིང་ངེ་འཛིན་ལ་གནས་པར་བྱེད་པའི་གནད་ཡོད་པ་དང་། རྒྱལ་པོའི་ཕོ་ཉ་ལྟར་བཟླས་པས་རང་གཞན་གྱི་དོན་གཉིས་འགྲུབ་པ། མགལ་མེའི་འཁོར་ལོ་ལྟར་བཟླས་པས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ། བུང་བ་ཚང་ཞིག་ལྟར་བཟླས་པས་སྒྲ་གྲག་སྔགས་སུ་འགྲོ་བའི་གནད་ཡོད་པ་དེ་དག་བསྙེན་སྒྲུབ་ཡན་ལག་བཞི་ཀའི་སྐབས་ཀྱི་སྔགས་བཟླ་ལུགས་ཀྱི་ཁྱབ་བྱེད་དུ་འགྲོ་བ་རེད་སྙམ། ད་རེས་ཀྱི་དུས་གྲངས་ཀྱི་སྐབས་དང་བསྟུན་ན་དེ་ཡིས་ཞག་བདུན་གཉིས་བཅུ་བཞི་སོང་བ་རེད། བདུན་ཕྲག་རྗེས་མ་སྒྲུབ་པ་རེད། འདི་ལ་གབ་བྱང་གནད་ཀྱི་མིག་ཚག་ཏུ་ཅི་ཞིག་གི་གབ་པ་ཕྱུང་ཡོད་པ་རེད་ཅེ་ན། སྔགས་ལ་རིག་འཛིན་སྲོག་སྒྲུབ་གབ་ཅེས་གསུངས་ཡོད་པ་རེད། དེ་ཉིད་རང་རེའི་ཡིག་ཆའི་ནང་དུ་རྩལ་འདོན་མཛད་ནས་གསུངས་ཡོད་པ་འདི་ལྟར་ཏེ། བསྙེན་པ་འབྲུ་འབུམ་སྔོན་སོང་ནསཿ རིག་འཛིན་སྲོག་སྒྲུབ་སྙིང་པོ་ནིཿ ཐོག་མཐའ་ཨོཾ་དང་ཧཱུྃ་བཞག་ནསཿ བར་ན་བཅུ་གཉིས་གྲངས་མཛེས་པཿ རིག་འཛིན་སྲོག་གི་ཡང་སྙིང་ཡིནཿ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ འབུམ་ཕྲག་བཅུ་གཉིས་དངོས་གྲུབ་ཐོབཿ ཅེས་གསུངས་སོཿ ཞེས་རྒྱུད་ཚིག་དངོས་སུ་དྲངས་ཡོད་པ་རེད། འོན་ཀྱང་འདིར་གབ་རྒྱུ་གཙོ་བོ་ཅི་ཞིག་གབ་ཡོད་པ་རེད་ཅེ་ན། ཏིང་འཛིན་དོ་ལིའི་བཟླས་པ་གབ། །ལྷ་ལ་གསལ་སྣང་ཐོན་པའི་ཚེ། །ཐུགས་ཀའི་སྔགས་ཕྲེང་གཡས་བསྐོར་ལས། །སྔགས་ཕྲེང་ལུ་གུ་རྒྱུད་དུ་འཕྲོས། །ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན། །ཡུམ་གྱི་ཞལ་ཞུགས་སྐུའི་དབྱིབས་རྒྱུད། །ཐུགས་ཀའི་བཾ་ལ་གཡོན་དུ་འཁོར། །མཁའ་གསང་ནོར་བུའི་ལམ་རྒྱུད་དེ། །མགལ་མེ་ལྟ་བུར་འཁོར་བ་ལས། །ཡབ་ཡུམ་བདེ་བ་ཆེན་པོའི་ཉམས། །བཟོད་དུ་མེད་པར་འབར་བ་ལས། །ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོས། །གཙོ་དང་འཁོར་བཅས་ཐམས་ཅད་ཀྱང་། །བདེ་སྟོང་ཡེ་ཤེས་ཉམས་འུར་བས། །ཅང་ཏེ་དྲིལ་བུ་ཁྲོ་ལོ་ལོ། །ཞལ་ནས་ཧཱུྃ་གླུ་ཀྱུ་རུ་རུ། །དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས། །རྩལ་སྣང་དག་པ་རབ་འབྱམས་ཀྱི། །དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ལ། །རིག་པ་གཏད་མེད་གཡོ་མེད་བཞག ཅེས་གསུངས་པ་འདིའི་ངག་འདོན་དང་སྦྲགས་ཚིག་རྗེས་སུ་དོན་དྲན་ནས། དམིགས་པ་སྒྲ་ཇི་མ་ཇི་བཞིན་དུ་བསྒོམ་དགོས་པ་རེད། དེ་ཉིད་སྒྲུབ་པ་རེད། བཞི་བ་སྒྲུབ་པ་ཆེན་པོ་ནི། ཞག་ཐ་མའི་ཐོ་རངས་ཚེས་མ་ཚེས་ཀྱི་དུས་སུ་དངོས་གྲུབ་ལེན་རྒྱུ་རེད། དེའི་སྐོར་དངོས་གྲུབ་ལེན་ཆོག་གི་སྐབས་སུ་བཤད་པས་འཐུས། འདི་ནས་ལྷག་ཏུ་མ་བཤད་ན་ཆོག་པ་ཞིག་རེད། བསྙེན་སྒྲུབ་ཀྱི་སྐོར་འདི་ཤིན་ཏུ་ནས་ཀྱང་གལ་གནད་ཆེ་བས། འདིའི་སྐོར་ད་དུང་ཡང་བཤད་ཅིག་བྱས་ན། འཛབ་དགོངས་བཞི་འདི་དཔེ་བཞི་ཡི་སྟེང་ནས་བཟླས་དམིགས་ཀྱི་གོ་བ་སོ་སོར་སྦྱར་ན་ཆོག དཔེ་བཞི་ནི་གོང་དུ་བཤད་པ་ལྟར་ཏེ། ཟླ་བ་སྐར་ཕྲེང་གི་བཟླས་པ་དང་གཅིག རྒྱལ་པོའི་ཕོ་ཉ་ལྟ་བུའི་བཟླས་པ་དང་གཉིས། མགལ་མེའི་འཁོར་ལོ་ལྟ་བུའི་བཟླས་པ་དང་གསུམ། བུང་བ་ཚང་ཞིག་གི་བཟླས་པ་ལྟ་བུ་བཅས་བཞི་བོ་དེའི་དཔེའི་སྟེང་ནས་བཤད་ཆོག་ནི་རེད། དེ་ལས་དང་པོ་བསྙེན་པའི་ཡན་ལག་ཟླ་བ་སྐར་ཕྲེང་གི་བཟླས་པ་ནི། ཐོག་མར་ས་བོན་དང་སྔགས་ཕྲེང་ལ་འོད་ཟེར་འཕྲོ་བ་ལ་ཡང་ནས་ཡང་དུ་སེམས་བཟུང་། དེ་ནས་རིམ་པ་བཞིན་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་སྒྲ་སྒྲོག་གིན་ཡོད་པར་བསྒོམ། དེ་དང་མཉམ་དུ་སྔགས་ཀྱི་ཡིག་འབྲུ་ཐམས་ཅད་ལས་ཀྱང་རང་སྒྲ་གྲགས་ནས་གདན་གྱི་སྟེང་ནས་ཅུང་ཟད་འཕར་གྱིན་ཡོད་པ། འཕར་གྱིན་ཡོད་པའི་སྐབས་སུ་སྔགས་ཡིག་ལ་འོད་ཟེར་རེ་འཁྲི་ཞིང་འཁོར་གྱིན་ཡོད་པ། བར་ཞིག་ནས་སྔགས་ཕྲེང་རྣམས་ཇེ་མགྱོགས་ཇེ་མགྱོགས་ཀྱིས་འཁོར་བ་དང་བསྟུན་ནས་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སངས་ཀྱིས་དག་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ་སོང་བར་བསྒོམ་དགོས། དེ་ཟླ་བ་སྐར་ཕྲེང་གི་བཟླས་པ་རེད། འདིའི་མིང་ལ་བཀོད་པའི་བཟླས་པ་ཟེར་ནའང་ཆོག་ནི་རེད། བསྙེན་པ་ཉེ་བསྙེན། སྒྲུབ་པ་སྒྲུབ་ཆེན་བཞིའི་ནང་ནས་འདི་བསྙེན་པའི་ཡན་ལག་ཏུ་འགྲོ་བ་ཡིན། ད་རེས་ཀྱི་སྐབས་ལྟར་ན། བདུན་ཕྲག་དང་པོའི་སྐབས་རེད། གཉིས་པ་ཉེ་བར་བསྙེན་པ་སྟེ། ཉེ་བར་བསྙེན་པ་དེ་ཉིད་ལ་དཔེ་རྒྱལ་པོའི་ཕོ་ཉ་ལྟ་བུས་བཟླས་པ་ཞེས་ཟེར། འདིའི་སྐབས་སུ་སྤྲོ་བསྡུའི་བཟླས་པ་ལ་ཉེ་བ་ཡིན་པས་མིང་ལ་སྤྲོ་བསྡུའི་བཟླས་པའང་ཟེར་ཆོག འདིའི་སྐབས་སུ་འོད་ཟེར་སྤྲོ་བསྡུ་བྱེད་དགོས། སྔགས་བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ནམ་མཁའ་གང་བར་འཕྲོས་པའི་རྩེ་ལས། མཆོད་པའི་ལྷ་མོ་མཆོད་རྫས་ཐོགས་པ་མང་པོ་གྲངས་མེད་པ་འཕྲོས་ནས། མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པར་ཐུགས་མཉེས་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་བས་ལྷ་ཐམས་ཅད་ཀྱི་ཐུགས་བདེ་བ་ཆེན་པོས་མཉེས་པར་བྱས། དེའི་ཐོག་ནས་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་བྱང་སེམས་ཀྱི་རྣམ་པ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་ཚུལ་གྱིས་ཆར་བབས་པ་ལྟར་བྱོན་ནས། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་སྒོ་གསུམ་ལ་ཐིམ་པས། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་དག ཚོགས་གཉིས་ཡོངས་སུ་རྫོགས། དབང་བཞི་ཆིག་རྫོགས་སུ་ཐོབ་པར་བསམ། དེ་ཉིད་བདག་དོན་བྱིན་རླབས་ཀྱི་དམིགས་པ་ཡིན་པ་རེད། ཡང་འོད་ཟེར་འཕྲོས་ཏེ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག ལས་ཉོན་སྡིག་སྒྲིབ་སྤྱི་དང་། བྱེ་བྲག་འགྲོ་དྲུག་སོ་སོའི་སྡུག་བསྔལ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་སྦྱངས་ནས་ཉན་རང་བྱང་སེམས་ཀྱང་ཤེས་སྒྲིབ་ལས་གྲོལ་བར་བྱས་ནས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གནས་འགྱུར་བར་བསམ། དེ་ཉིད་གཞན་དོན་འཕྲིན་ལས་ཀྱི་བཟླས་པ་རེད། འདིའི་སྐབས་སུ་ལས་བཞི་གང་འདོད་ཀྱི་དམིགས་པ་འཕྲུལ་ཆོག་པ་རེད། དེ་ཉེ་བསྙེན་གྱི་སྐབས་རེད། འུ་ཅག་གི་བདུན་ཕྲག་གཉིས་པའི་སྐབས་རེད། གསུམ་པ་སྒྲུབ་པའི་ཡན་ལག་ལ་དཔེ་མགལ་མེའི་འཁོར་ལོ་ལྟ་བུའི་བཟླས་པ་ཞེས་གསུངས། འདི་ལ་མཚན་གཞན་གྱི་སྟེང་ནས་བཤད་ན་ཁྱོགས་ཀྱི་བཟླས་པ་དང་། དོ་ལིའི་བཟླས་པ་ཞེས་གསུངས་སའང་ཡོད་པ་རེད། འདིའི་སྐབས་སུ་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་འཕྲོས། དེ་ཡང་ཡིག་འབྲུ་རྣམས་གཅིག་རྗེས་སུ་གཅིག་གིས་གནོན་པ། བར་མ་ཆད་པ་འབྱར་ལ་མ་རེག་པ་སྔགས་ཀྱི་རང་སྒྲ་དང་བཅས་པ། མགལ་མེའི་འཁོར་ལོ་བསྐོར་བ་ལྟར་འཁོར། འཁོར་ཚུལ་ཇི་ལྟར་འཁོར་བ་རེད་ཅེ་ན། ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའི་ཞལ་ནས་སྔགས་ཕྲེང་ཐོན་ནས། ཡུམ་གྱི་ཞལ་དུ་ཞུགས། ཐུགས་རྒྱུད་བསྐུལ། སྐུ་ཡི་དབྱིབས་བརྒྱུད་པདྨ་ནས་ཐོན་ཏེ་ཡབ་དང་ཡེ་ཤེས་སེམས་དཔའི་རྡོ་རྗེའི་ལམ་ནས་ཡར་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོར་བདེ་ཁྲིལ་ཁྲིལ་བྱུང་བ་ཐུགས་ཀའི་ས་བོན་ལ་ཐིམ་ནས་མཆོག་གི་དངོས་གྲུབ་ཐོབ་པར་བསམ། དེ་ལ་ཡེ་ཤེས་ཀྱི་བཟླས་པ་ཟེར། དེ་ཡིས་བསྙེན་པ་ཉེ་བསྙེན་སྒྲུབ་པ་གསུམ་སོང་ནི་རེད། དེ་འུ་ཅག་གི་བདུན་ཕྲག་གསུམ་པའི་སྐབས་རེད། བཞི་བ་སྒྲུབ་པ་ཆེན་པོ་སྟེ། སྒྲུབ་པ་ཆེན་པོའི་ཡན་ལག་བུང་བ་ཚང་ཞིག་ལྟ་བུའི་བཟླས་པ་གསུངས། ལྷ་དང་སྔགས་ལས་སྤྲོས་པའི་འོད་ཟེར་གྱིས་སྣོད་གཞལ་ཡས་ཁང་དང་བཅུད་ལྷ་ཡི་འཁོར་ལོ་ཐམས་ཅད། སྒྲ་གྲག་སྔགས་ཀྱི་རང་བཞིན། དྲན་རྟོག་ཡེ་ཤེས་ཀྱི་རོལ་བར་གྱུར་པར་བསམ་ནས་འཛིན་ཞེན་མེད་པའི་ངང་ནས་བཟླ་བ། བདག་གཞན་གཉིས་མེད་ཀྱི་བཟླས་པ་ཡིན་པ་རེད། དེ་ཉིད་ཞག་ཐ་མ་དངོས་གྲུབ་ལེན་པའི་སྐབས་རེད། ད་དུང་གབ་པ་བཞི་བ་བཤད་རྒྱུ་ཡོད་ནི་རེད། གབ་པ་བཞི་བ་འབྲས་བུ་ས་ཆོད་ཀྱི་མན་ངག་རེད། འབྲས་བུ་ས་ཆོད་ཀྱི་མན་ངག་འདི་འོག་ནས་གསུམ་པ་འབྲས་བུ་རྣམ་པར་དག་པ་ཟུང་འཇུག་གི་གོ་འཕང་ལ་སྦྱོར་ཚུལ་དང་མཉམ་དུ་བཤད་ན་བདེ་བ་ཞིག་ཡིན། འདི་ནས་ལྷག་ཏུ་བཤད་དགོས་པ་མི་འདུག་སྙམ། དེ་ཡིས་ཆོ་གའི་དངོས་གཞི་སོང་ཟིན་ནས། སྦྱོར་དངོས་རྗེས་གསུམ་གྱི་ནང་ནས་རྗེས་ལ་ཐུག་པ་རེད། འདི་དག་གི་སྐབས་སུ་འདྲི་བ་ཞིག་ཡོང་བའི་དབང་དུ་བྱས་ན། དཔེར་ན་རིག་ངོ་བསྐྱངས་ནས་བསྡད་ན་དེས་བླ་མ་ཡི་དམ་གྱི་སྒྲུབ་པའི་གོ་ཆོད་ནི་ཨེ་རེད་ཅེ་ན། རྩ་གསུམ་གྱི་སྒྲུབ་པའི་བསྐྱེད་རྫོགས་དང་མ་འབྲེལ་བར་རིག་ངོ་རྐྱང་པ་བསྐྱངས་པ་ཡིས་གོ་ཆོད་ནི་རེད་ཟེར་དཀའ་བ་ཡིན་མོད། འོན་ཀྱང་རིག་ངོ་མ་བསྐྱང་ན་དེ་ལས་ཀྱང་རུང་བ་མ་ཡིན་ཏེ། དགོངས་པ་མི་འགྱུར་བའི་གཟེར་མེད་ན་སྲོག་ལྟ་བུ་དེ་མ་ཚང་བ་ཡིན། དེས་ན་ཅི་དགོས་པ་རེད་ཅེ་ན། དང་པོ་རང་གི་རིག་པ་སྐད་ཅིག་མ་འདི། བླ་མ་ཡི་དམ་གང་སྒྲུབ་བཞིན་ཡོད་པ་དེ་དང་དེའི་རང་བཞིན་དུ་སེམས་ཐོག་ནས་གཏན་ལ་ཕབས་ནས། རྩ་བ་གསུམ་དང་དེའི་བྱིན་རླབས་དངོས་གྲུབ་ཐམས་ཅད་རིག་ཐོག་ལ་སེམས་ཀྱིས་ཁྲིད་ནས། གཟོད་དེ་དང་བར་མ་ཆད་དུ་དེའི་ཐོག་ནས་རིག་ངོ་བསྐྱངས་ན། རྩ་གསུམ་སྒྲུབ་པའི་རྒྱལ་པོ་ཡིན་པ་རེད།

གསུམ་པ་རྗེས་ཀྱི་རིམ་པ།

རྗེས་ལ་ཚོགས་ཀྱི་རིམ་པ་ནིཿ སྲིད་པའི་འདོད་ཡོན་མཆོད་པར་བཤམསཿ ཁྱད་པར་ཤ་ཆང་མེད་མི་རུངཿ དང་པོ་བྱིན་གྱིས་རློབ་པ་ནིཿ ཞེས་གསུངས་ཏེ། འདི་ཚོ་ཡང་འདོན་བྱས་ནས་ཉིས་བཤད་བྱས་མ་བྱས་མི་འདུག ཧཱུྃཿ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾཿ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུརཿ འདོད་ཡོན་ནམ་མཁའ་མཉམ་པར་སྤེལཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ ཞེས་གསུངས་ན། གཱ་ན་ཙཀ་ཏྲ་ཞེས་པའི་སྒྲ་ལས་དྲངས་ན་ཚོགས་ཀྱི་འཁོར་ལོ་ཞེས་པའི་དོན་ཏེ། ཚོགས་ཀྱི་འཁོར་ལོ་བསྐོར་བ་འདི་གསང་སྔགས་ཀྱི་ལྷ་ཉེ་བར་མཉེས་པར་བྱེད་པའི་ཐབས་ཁྱད་པར་ཅན་ཞིག་རེད། ཐབས་ཁྱད་པར་ཅན་འདིའི་སྒོ་ནས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་འབད་མེད་དུ་འགྲུབ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་པས་ན་ཚོགས་གཉིས་རྫོགས་པའི་སྒོ་ཡིན་པས་འདི་ཤིན་ཏུ་གལ་ཆེ་བ་ཡིན། མདོར་བསྡུས་ན། མཆོད་པ་ནི་ཡེ་ཤེས་ཀྱི་ལྷ་མཉེས་ཐབས་དང་། མཉེས་པར་བྱེད་པའི་ཐབས་ཀྱི་མཐར་ཐུག་སྔགས་ལ་ཞུགས་པ་དེ་ཉིད་ཡིན་པ་རེད། དེས་ན་ཚོགས་ཀྱི་ཆོ་གའི་སྐབས་སུ་འདི་ལ་ནང་གསེས་སུ་ཚོགས་རྫས་བྱིན་རླབས། ཚོགས་ཞིང་སྤྱན་འདྲེན། དེའི་རྗེས་སུ་ཕུད་བཤགས་བསྒྲལ་གསུམ་ལ་སོགས་པ་ཚོགས་ཀྱིས་གཙོ་བོར་བྱས་པའི་ཆོ་གའི་སྨད་ལས་ལེ་ཚན་བཅོ་ལྔ་ལྟ་བུར་གསུངས་ཡོད་པ་མིན་ནམ།

དང་པོ་ཚོགས་བྱིན་རླབས།

དེ་དག་ལས་དང་པོ་ཚོགས་བྱིན་རླབས་ཡིན་ཞིང་། ས་བཅད་རྣམས་རིམ་གྱིས་ཡིག་ཆུང་གི་ནང་ནས་ཡོང་བ་ཡིན། ཚོགས་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཐམས་ཅད་ཚང་བས་ན། འདི་ལ་ཐུན་མོང་གི་མཆོད་པ་ཞེས་སྨྲས་ཀྱང་ཆོག་པ་ཞིག་རེད། ཡང་འདི་མཆོད་པ་ཉི་ཚེ་བ་ལ་སོགས་པ་མ་ཡིན་པས་ན་ཁྱད་པར་མཆོག་གི་མཆོད་པར་ཡང་བརྗོད་ཆོག བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། ཞེས་རྒྱུད་རྡོ་རྗེ་དྲ་བའི་ལུང་དོན་ལྟར། ཚོགས་བསགས་པའི་ཐབས་ཐམས་ཅད་ཀྱི་ནང་ནས་ཚོགས་འཁོར་མཆོག་ཡིན་པ་རེད། ཚོགས་ཞེས་པ་འདིའི་ངེས་ཚིག་ཇི་ལྟར་འགྲེལ་དགོས་པ་རེད་ཅེ་ན། སྐལ་ལྡན་འདུས་པའི་ཚོགས་ཀྱིས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་འདུ་བྱས་པ་དེ་ཉིད། དངོས་གྲུབ་ལྷའི་ཚོགས་སུ་ཕུལ་བས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་པ་ལ་ཚོགས་ཞེས་གསུངས། སྐལ་ལྡན་འདུས་པའི་ཚོགས་ལ་ཡང་། ཚོགས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རྣམ་གཞག་ཡོད་པ་རེད། འདུས་པ་ཆུང་ངུ་ལ་གཙོ་བོ་ཡབ་ཡུམ་ཟུང་དང་། སྐུ་གསུང་ཐུགས་ཀྱི་རང་བཞིན་ཟུང་གསུམ། རིགས་ལྔའི་མཚོན་བྱེད་དུ་ཟུང་ལྔ་ཚོགས་པ། འདུས་པ་འབྲིང་པོ་ལ། དཀྱིལ་འཁོར་གྱི་ལྷ་གྲངས་དང་མཉམ་པའི་འདུས་པ། འདུས་པ་ཆེན་པོ་ལ་དེ་ལས་མང་བ། མདོར་ན་ཐབས་ཤེས་ཟུང་འབྲེལ་ལ་ཚོགས་ཀྱི་མིང་ཡོད་པ་རེད། ཡང་རྣལ་འབྱོར་ཕོ་མོའི་ཚོགས་མང་ཉུང་གི་དབང་གིས། དཔའ་བོའི་དགའ་སྟོན་དང་། དཔའ་མོའི་དགའ་སྟོན་གྱི་ཐ་སྙད་འདོགས་པ་དེ་འདྲ་ཡང་རྒྱུད་ཀྱི་ནང་དུ་གསུངས་ཡོད། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ལ་མཚོན་ན། ཕྱི་ནང་གསང་བའི་ཡོ་བྱད་ཐམས་ཅད་ཚོགས་དགོས་པ་སྟེ། ཕྱི་ཉེར་སྤྱོད་འདོད་ཡོན། ནང་སྨན་རཀ་གཏོར་མ། གསང་བ་ཕྱག་རྒྱའི་ཡོ་བྱད་དང་། ཁྱད་པར་དུ་ཤ་ཆང་མེད་དུ་མི་རུང་བའི་ཐབས་ཤེས་ཀྱི་རྫས་ཡིན་པ་རེད། རྒྱུད་ལས་ཀྱང་། མ་ཧཱ་མཾ་ས་བདུད་རྩིར་བཅས། །མེད་མི་རུང་བའི་དངོས་གྲུབ་རྫས། ཞེས་གསུངས་ཏེ། མ་ཧཱ་མཾ་ས་ཞེས་པ་ཤ་ཆེན་ལ་གསུངས་པ་རེད། ཟོག་ལུག་གི་ཤ་ལེགས་པོ་མེད་ན་མི་རུང་གསུངས་པ་ཞིག་མ་རེད་མོད། གང་ལྟར་མཚོན་བྱེད་ཙམ་དུ་གསང་སྔགས་ཀྱི་རྫས་རེ་ཚོགས་དགོས་པ་ཡིན་པ་རེད་སྙམ། ཚོགས་ཤ་ཚོགས་ཆང་མི་དགོས་ཞེས་ཟེར་ཐག་མི་ཆོད་ཀྱང་། སྤྱིར་གསང་སྔགས་ཀྱི་སྐབས་སུ་ཤ་ཆང་འདོད་ཡོན་མི་སྤང་བ་རྣལ་འབྱོར་རྟོགས་པ་མངོན་གྱུར། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ལམ་དུ་ལྷོང་ཐུབ་པ་དག་ལ་དགོངས་ཏེ་གསུངས་པ་ཞིག་རེད། སློབ་དཔོན་པདྨ་དང་། ཏེ་ལོ་པ། བིརྦ་པ་སོགས་ལྟ་བུ། ཉི་མ་གཅིག་ལ་ཆང་ཁལ་ལྔ་བརྒྱའི་ཆང་ཐམས་ཅད་བཞེས་ནས། ཆང་རིན་གྱི་དོན་དུ་ཉི་མ་བཙོན་དུ་བཟུང་རབས་ཀྱི་ལོ་རྒྱུས་ལྟ་བུ་དང་། ཆང་གི་ནུས་པས་བཟི་བ་ལ་སོགས་པའི་སྐྱོན་ཐམས་ཅད་ཟིལ་གྱིས་གནོན་ཐུབ་པའི་གྲུབ་ཐོབ་རྣམ་པ་མ་གཏོགས། གང་ཟག་ལས་དང་པོ་བས་ཤ་ཆང་བག་མེད་སྤྱད་ན་སྔགས་ཀྱི་ལྟུང་བ་ཕོག་པ་ཡིན་ཞེས་གསུངས་ཡོད་པ་རེད། དེ་ཡང་རྒྱུད་ཀྱི་དགོངས་པ་ལེན་དུས་མཐའ་དྲུག་ཚུལ་བཞིའི་སྒོ་ནས་གཏན་ལ་འབེབ་པ་མ་གཏོགས། ཐད་ཀར་སྒྲ་ཇི་བཞིན་དུ་བཟུང་ནས་གཡག་སྣ་ཁུ་ཚུར་བྱེད་སར་མི་འགྲོ། ཚོགས་ཀྱི་འཁོར་ལོ་དངོས་གཙང་ཚུལ་ལྡན་ཞེས་པ་དེ་ཡང་། ལྟ་དགོངས་ཏིང་འཛིན་དང་མ་ལྡན་ཚེ་ཅུང་དཀའ་བ་རེད་མོད། འོན་ཀྱང་རང་རེའི་ཡར་མར་གྱི་ཚེས་བཅུ་དང་དབང་བསྐུར་སྒྲུབ་པ་ལ་སོགས་པའི་སྐབས་སུ་ཚོགས་འཁོར་བསྐོར་བ་འདི་ཡང་མེད་ཐབས་མེད་པའི་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཟབ་མོའི་ཆོ་གའི་ཡན་ལག་ཅིག་རེད། ཚོགས་ཀྱི་འཁོར་ལོའི་སྒྲ་དོན་ཐོག་ནས་མ་འཇུག་ཀྱང་། ཚོགས་ཀྱི་མཆོད་པ་རེད་འགྲོ་བར་འདུག་སྙམ་བཞིན་ཡོད། དེས་ན་ཤ་ཆང་དེ་ཚོ་རྫས་ཚོགས་ཙམ་རེ་དང་མཚོན་བྱེད་ཙམ་བྱས་ན་ལེགས་པ་ཨེ་ཡིན་སྙམ། ད་དུང་། བཟང་བཏུང་འབྲུ་བཅུད་ཤིང་འབྲས་དང་། །འདོད་པའི་ཡོན་ཏན་ཐམས་ཅད་དོ། ཞེས་གསུངས་པས། གཟུགས་སོགས་འདོད་པའི་ཡོན་ཏན་དང་། རོལ་མོའི་སྤྲིན་ཕུང་དང་བཅས་པ་ཚོགས་དགོས་པ་རེད། ཚོགས་ཀྱི་ཡོ་བྱད་དེ་དག་ལ་དམ་ཚིག་གི་སྐད་ཀྱིས། ཚོགས་གཏོར། ཚོགས་ཆང་། ཚོགས་ཐུད། ཚོགས་ཤ། ཚོགས་རྫས་ཞེས་བརྗོད་པ་མ་གཏོགས། ཐ་མལ་གྱི་བརྡ་ཁྱད་ཀྱིས་ཤ་དང་། གྲོ་གཅུས། ཆང་ཞེས་འབོད་མི་རུང་བ་རེད། དེ་འདྲ་བྱས་ནས་བོས་ན་དམ་ཚིག་ཉམས་འགྲོ་ཞེས་གསུངས། ཚོགས་རྫས་བཤམས་པའི་དུས་སུ་བཟའ་བ་གཡས་དང་བཏུང་བ་གཡོན་དུ་བཤམས་དགོས་ཤིང་། ཞིང་ལྤགས་སམ་ཡང་ན་གཅན་གཟན་གྱི་ལྤགས་པའི་སྟེང་ལ་ཤོམས་ཞེས་རྒྱུད་ཀྱི་ནང་དུ་གསུངས་ཡོད། དེ་དག་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་རེད། དངོས་གྲུབ་ལྷ་ཡི་ཚོགས་ཞེས་པ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོ་དང་བཅས་པ་རེད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཞེས་པ་ཚོགས་ཀྱི་འཁོར་ལོའི་སྐབས་སུ་ཐབས་བསྐྱེད་རིམ་དང་འབྲེལ་བའི་ཀུན་སྤྱོད་ཐམས་ཅད་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་རྫོགས་རིམ་གྱིས་བསྡུས་པའི་ཉམས་རྟོགས་དང་སྒོམ་པ་ཐམས་ཅད་ཡེ་ཤེས་ཀྱི་ཚོགས་ཡིན་པ་རེད། གསང་སྔགས་བླ་མེད་ཀྱི་ཚོགས་མཆོད་ལ་སོགས་པའི་མཆོད་པ་འབུལ་བ་འདི་དག་འོག་མའི་མཆོད་སྦྱིན་ལས་ཁྱད་པར་འཕགས་དོན་ཅི་རེད་ཅེ་ན། ཡུལ་དང་བསམ་པ་དངོས་པོ་རྣམས་མཆོག་ཏུ་གྱུར་བས་ཡིན་པ་རེད། ཡུལ་བསོད་ནམས་ཀྱི་ཞིང་མཐར་ཐུག་སངས་རྒྱས་ཡིན་ན། སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་དག་པའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པར་ཤེས་པས། ལྷ་གཅིག་མཆོད་ཀྱང་སྲིད་ཞི་མཉམ་ཉིད་ཀྱི་ངོ་བོར་ཡོངས་སུ་རྫོགས་པ་ཐམས་ཅད་དགྱེས་ཤིང་ཚིམ་པ་དང་། སྒོ་གསུམ་རྡོ་རྗེ་གསུམ་གྱི་རྣམ་པས་ཡུལ་ལ་རོལ་བའམ་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་མཆོད་པ་ཕུལ་བས་སངས་རྒྱས་དངོས་ལ་མཆོད་པ་དང་ཁྱད་པར་མེད་པ་རེད། བསམ་པ་གཉིས་མེད་མཉམ་པ་ཆེན་པོའི་ངང་ནས་འཛིན་ཞེན་མེད་པར་རོལ་བ་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་དང་། དད་དང་སྙིང་རྗེ་ལ་སོགས་པ་བྱང་ཆུབ་ཆེན་པོའི་རྒྱུའི་ཆོས་ཐམས་ཅད་ཚང་བས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་བདེ་བ་ཆེན་པོ་རོ་གཅིག་པའི་བདག་ཉིད་དུ་འགྱུར་ཞིང་། དངོས་པོའི་ཕྱོགས་ནས་ཀྱང་ཚོགས་རྫས་ལ་སོགས་པའི་མཆོད་པའི་རྫས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བས་ཐ་མལ་བའི་དངོས་པོ་དང་མི་འདྲ་ཞིང་། དམིགས་པ་དང་སྔགས་དང་ཕྱག་རྒྱ་ཡིས་བསྒྱུར་བ་ལྟར་རྡུལ་གཅིག་གི་ས་ཁྱོན་ལ་མཁའ་ཁྱབ་ཞིང་གི་བཀོད་པ་རྫོགས་ཏེ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་བདེ་བ་ཆེན་པོ་ཟད་མི་ཤེས་པའི་གཏེར་དུ་གྱུར་པ་ཡིན་པ་རེད། ཚོགས་ཀྱི་འཁོར་ལོ་ཞེས་གསུངས་པ་ནི་བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་འཁོར་ལོས་ཉོན་མོངས་པའི་དྲ་བ་གཅོད་པ་མཚོན་པས་ན་དེ་ལྟར་དུ་གསུངས་པ་རེད། ཚོགས་བྱིན་རླབས་ནི། ཧཱུྃཿ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ། །འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས་ལ་སོགས་པ་གསུངས་ཏེ། བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ། ཞེས་པ་བདག་ཉིད་ལྷ་རུ་གསལ་བཞིན་པའི་ཐུགས་ཀ་ནས། མེ་རླུང་ཆུ་གསུམ་གྱི་སྙིང་པོ་རཾ་ཡཾ་ཁཾ་གསུམ་འཕྲོས། འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས། ཞེས་དེ་ལྟ་བུའི་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས་པས་བྱེད་ལས་ཅི་ཞིག་བྱས་པ་རེད་ཅེ་ན། ཡི་གེ་རཾ་ནི་མེ་ཡི་སྙིང་པོ་འབར་ཞིང་བསྲེགས་པའི་བྱེད་ལས་ཅན་ཡིན་པས་རཾ་ལས་མེ་འབར་ཏེ་དངོས་པོར་འཛིན་པའི་རྣམ་རྟོག་བག་ཆགས་ཐམས་ཅད་བསྲེགས། ཡཾ་ནི་རླུང་གི་སྙིང་པོ་གཡོ་ཞིང་གཏོར་བའི་བྱེད་ལས་ཅན་ཡིན་པས་ཡཾ་ལས་རླུང་གཡོས་ཏེ་མ་དག་འབག་བཙོག་གི་དྲི་མ་ཐམས་ཅད་གཏོར། ཁཾ་ནི་ཆུ་ཡི་སྙིང་པོ་སྦྱངས་ཤིང་བཀྲུ་བའི་བྱེད་ལས་ཅན་ཡིན་པས་ཁཾ་ལས་ཆུ་བྱུང་བས་ཉེས་སྐྱོན་རྟོག་གྲིབ་ཀྱི་དྲི་མ་ཐམས་ཅད་བཀྲུས་ཤིང་སྦྱངས། དེ་ནས་ཨོཾ་ཨཱཿཧཱུྃཿ ཞེས་གསུངས་ན། ཡི་གེ་ཨོཾ་གྱིས་སླར་ཡང་མཚན་འཛིན་གྱི་དྲི་མ་སྦྱངས། ཨཱཿཡིས་བཟང་ལ་གྱ་ནོམ་པ་མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་སྤེལ། ཧཱུྃ་གིས་ཐབས་ཤེས་ཀྱི་བཟའ་བཏུང་། ཉེར་སྤྱོད་ཀྱི་འདོད་ཡོན། ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ཏེ། མདོར་ན་ཚོགས་རྫས་འདོད་པའི་ཡོན་ཏན་སྣ་ཚོགས་ནམ་མཁའ་དང་མཉམ་པར་སྦྱངས་སྤེལ་བསྒྱུར་བའི་དམིགས་པ་དང་སྦྲགས་ཏེ། རཾ་ཡཾ་ཁཾཿ ལན་གསུམ་དང་། ཨོཾ་ཨཱཿཧཱུྃཿ ལན་གསུམ་བརྗོད་ཅེས་གསུངས་པ་རེད། ཚོགས་ཀྱི་སྐབས་འདིར་ད་དུང་སྦྱང་བ་གསུམ་དང་། བརླབ་པ་གསུམ། བསྐྱེད་པ་གསུམ་སོགས་གསུངས་ཤིང་། སྦྱང་བ་གསུམ་ནི་རཾ་ཡཾ་ཁཾཿ ལས་མེ་རླུང་ཆུ་གསུམ་བྱུང་ནས་དམེ་བ་དང་བཙོག་པ་སྦྱངས། བརླབ་པ་གསུམ་ནི་འབྲུ་གསུམ་གྱིས་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས། བསྐྱེད་པ་གསུམ་ནི་མཆོད་པའི་དུས་སུ་འདོད་ཡོན་དུ་བསྐྱེད། བཤགས་པའི་དུས་སུ་ཡེ་ཤེས་ལྔར་བསྐྱེད། བསྟབ་པའི་དུས་སུ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསྐྱེད་པ་དེ་འདྲར་གསུངས།

གཉིས་པ་ཚོགས་ཞིང་སྤྱན་འདྲེན།

གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནིཿ ཞེས་གསུངས་ཏེ། ཧཱུྃཿ འོག་མིན་བདེ་ཆེན་ཞིང་ཁམས་དངཿ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིངཿ ཁྱད་པར་རྔ་ཡབ་དཔལ་གྱི་རིཿ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནསཿ རིག་འཛིན་འདུས་པའི་ལྷ་ཚོགས་རྣམསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ ཞེས་གསུངས་ན། འོག་མིན་བདེ་ཆེན་ཞིང་ཁམས་དང་། ཞེས་གསུངས་པའི་འོག་མིན་དེ་ཆོས་དབྱིངས་དོན་གྱི་འོག་མིན་ལ་གསུངས་པ་རེད། ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིང་། ཞེས་གསུངས་པ་གསང་སྔགས་ཀྱི་བསྟན་པ་དར་བའི་གནས་ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིང་དང་། ཁྱད་པར་རྔ་ཡབ་དཔལ་གྱི་རི། ཞེས་གསུངས་ན། གུ་རུ་རིན་པོ་ཆེ་སྐུ་དངོས་ད་ལྟ་ལྷོ་ནུབ་སྲིན་པོའི་ཡུལ་དུ་བཞུགས་ཡོད་པས་ན་ཁྱད་པར་གྱི་གནས། ས་སྤྱོད་ཀྱི་ཞིང་ཁམས། རྔ་ཡབ་གླིང་གི་ཟངས་མདོག་དཔལ་གྱི་རི་བོ་ན། གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནས། ཞེས་གསུངས་ན། ཕྱི་ནང་གསང་བའི་གནས་ཡུལ་དུར་ཁྲོད་བརྒྱད་ལ་སོགས་པ་ནས། རིག་འཛིན་འདུས་པའི་ལྷ་ཚོགས་རྣམས། ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། ཞེས་གསུངས་ན། རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས། བདག་སྒྲུབ་པ་པོས་གནས་འདིར་སྤྱན་འདྲེན་པ་ཡིན་པས་གཤེགས་སུ་གསོལ་ཞེས་གསུངས་ནས་ཚོགས་ཞིང་དུ་སྤྱན་འདྲེན་པ་རེད། འདིའི་མཚམས་སུ་དག་པ་རབ་འབྱམས་ཀུན་ཏུ་བཟང་པོའི་ཞིང་ཁམས། རྒྱ་ཆད་ཕྱོགས་ལྷུང་བྲལ་བ་འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་ཉིད་དོན་གྱི་དཀྱིལ་འཁོར་ལ་དབང་ཐོབ་པའི་བྱིན་དང་དངོས་གྲུབ་བསྐུལ་བའི་ཚིག་ནི། དུར་ཁྲོད་ཚོགས་ཁང་ཉམས་རེ་དགའཿ མཁའ་འགྲོའི་འདུ་བ་བག་རེ་དྲོཿ རྣལ་འབྱོར་ཕོ་མོ་དམ་རེ་གཙངཿ འདོད་ཡོན་ཚོགས་མཆོད་མདངས་དང་ལྡནཿ འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཞེས་གསུངས་ཏེ། དུར་ཁྲོད་ཚོགས་ཁང་ཉམས་རེ་དགའ། ཞེས་གསུངས་ན། སྤྱིར་དུར་ཁྲོད་ཅེས་པ་ལ། ལྟ་བའི་དུར་ཁྲོད། ལུང་གི་དུར་ཁྲོད། སྒྲུབ་པའི་དུར་ཁྲོད། གནས་ཀྱི་དུར་ཁྲོད་བཅས་དབྱེ་བའི་སྟེང་ནས་གསུངས་ཡོད། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ཆོས་སྐུ་ཆེན་པོའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདུས་པ་མེད་པ་ལྟ་བའི་དུར་ཁྲོད་དང་། ཀུན་གཞི་ཆོས་དབྱིངས་ཀྱི་དུར་ལ་རྣམ་ཤེས་ཡེ་ཤེས་སུ་དག་པའི་ཁྲོད་དེ་ལུང་གི་དུར་ཁྲོད། མ་ཏྲཾ་རུ་ཏྲ་བསྒྲལ་བའི་ཁོག་པ་དུར་ཁྲོད་ཀྱི་གནས་བརྒྱད་དུ་གྱུར་པ་སྒྲུབ་པའི་དུར་ཁྲོད་དེ། དེ་ཡང་ཁམས་གསུམ་འདི་ན་དབང་ཆེ་བའི་བདུད་རུ་ཏྲ་འདུལ་བའི་གནས་ཁམས་གསུམ་པོ་ཡིན་ན། སྔོན་ཚེ་དཔལ་ཆེན་པོ་ཀུན་བཟང་ཧེ་རུ་ཀས་བདག་འཛིན་རུ་ཏྲ་བསྒྲལ་བའི་གནས་དང་ཆོས་མཚུངས་པའི་གསང་བ་སྔགས་ཀྱི་དུར་ཁྲོད་དཔའ་བོ་མཁའ་འགྲོའི་ཚོགས་ཁང་འདི་ཉིད་ཉམས་རེ་དགའ་ཞེས་གསུངས་པ་རེད། མཁའ་འགྲོའི་འདུ་བ་བག་རེ་དྲོ། ཞེས་གསུངས་ན། གནས་འདི་ན་སྤྱན་དྲངས་པའི་དཔའ་བོ་མཁའ་འགྲོའི་འདུ་བ་བག་རེ་དྲོ་ཞིང་། རྣལ་འབྱོར་ཕོ་མོ་དམ་རེ་གཙང་། ཞེས་གསུངས་ཏེ། དམ་ཚིག་ཅེས་པ་འདི་ཅི་ལྟ་བུ་ཡིན་སྔར་ཡང་ཞུས་མོད་ད་དུང་ཞུས་ན། བསྲུང་བྱའི་དོན་དེ་ལས་ནམ་ཡང་མི་འདའ་བར་བསྡོམས་པའི་སེམས་པ་ས་བོན་དང་བཅས་པ་ལ་དམ་ཚིག་ཅེས་གསུངས་པ་རེད། དེའི་དབྱེ་བ་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་ས་མ་ཡ་འབུམ་སྡེ་ལ་སོགས་པ་ཇི་སྙེད་པ་ཐམས་ཅད་དང་། བསྡུས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་འདའ་མི་རུང་བ་ཡིན་པ་རེད། དེ་ཡང་བསྡུས་ན་བསྲུང་བྱའི་ཁ་གྲངས་སོགས་དམིགས་སུ་མ་གྲུབ་པ། ཡེ་སྲུང་བཅིང་སྡོམ་མེད་པ། ཡང་གསང་མན་ངག་སྡེའི་ལུགས་ཀྱི་མེད་པ། ཕྱལ་བ། ལྷུན་གྲུབ། གཅིག་པུའི་བདག་ཉིད་ཅན་གྱི་ལྟ་སྒོམ་ལས་མི་གཡོ་བར་ཤུགས་འབྱུང་གི་སྤྱོད་པ་བསྐྱངས་བ་ཡིན། དེ་ལྟ་བུའི་ལྟ་སྤྱོད་དང་ལྡན་པའམ། ལམ་དེ་ལ་སློབ་ནས་དཀྱིལ་འཁོར་གཅིག་ལ་འཚོགས་པའི་འདིར་འདུས་ཀྱི་རྣལ་འབྱོར་ཕོ་མོ་དམ་ཚིག་རེ་གཙང་། ཞེས་གསུངས། འདོད་ཡོན་ཚོགས་མཆོད་མདངས་དང་ལྡན། ཞེས་གསུངས་ན། འདོད་ཡོན་སྣ་ཚོགས་ཟད་པ་མེད་པའི་ཚོགས་མཆོད་ཡེ་ཤེས་ཀྱི་བདུད་རྩི། ཟག་མེད་བདེ་ཆེན་གྱི་ཡེ་ཤེས་ནང་ནས་བརྙེས་པའི་མདངས་དང་ལྡན། འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབ། ཅེས་གསུངས་ན། ཚོགས་ཞིང་མགྲོན་གྱི་ལྷ་ཚོགས་ཐམས་ཅད་དུར་ཁྲོད་ཚོགས་ཁང་གི་གནས་འདིར་གཤེགས་ཏེ་ཚོགས་ལ་བྱིན་ཆེན་ཕོབ་ཅེས་གསུངས་པ་རེད། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཞེས་གསུངས་ན། བདག་ཅག་སྒྲུབ་པ་པོ་ལ་བདེ་ཆེན་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་མཆོག་གི་དངོས་གྲུབ་དང་ཐུན་མོང་གྲུབ་པ་བརྒྱད་ཀྱི་དངོས་གྲུབ་སོགས་དངོས་གྲུབ་རྣམ་པ་གཉིས་སྩོལ་ཅིག་གསུངས་ནས། ཚོགས་ཞིང་སྤྱན་འདྲེན་པ་དང་ཆབས་ཅིག་ཏུ་བྱིན་ཆེན་དང་དངོས་གྲུབ་བསྐུལ་ནི་རེད།

གསུམ་པ་ཚོགས་ཕུད་འབུལ་བ།

གསུམ་པ་ཚོགས་ཕུད་འབུལ་བ་ནིཿ ཞེས་མཚམས་སྦྱར་ནས། ཧཱུྃཿ རྩ་གསུམ་རིག་འཛིན་རྒྱ་མཚོ་དངཿ ཌཱཀྐི་ཆོས་སྲུང་དམ་ཅན་ལཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཞེས་གསུངས་ཏེ། ཚོགས་མཆོད་འབུལ་བའི་ཡུལ་བླ་མ་ཡི་དམ་མཁའ་འགྲོ་རྒྱ་མཚོ། མ་ཚང་མ་འདུས་པ་མེད་པའི་རྩ་གསུམ་རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་གཙོ་བོ་དང་། ཌཱཀྐི་ཆོས་སྲུང་བཀའ་སྡོད་དམ་ཅན་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་རྫོགས་ལ་འདོད་ཡོན་ལོངས་སྤྱོད་ཀྱི་ཚོགས་རྫས་ཟག་མེད་བདེ་ཆེན་གྱི་མཆོད་པ་འདི་འབུལ་བ་ཡིན་པས། བཞེས་ནས་གོང་བཞིན་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཞེས་གསུངས། ག་ན་ཙཀྲ་པཱུ་ཙ་ཁཱ་ཧིཿ ཞེས་གསུངས་ན། ག་ན་ཚོགས། ཙཀྲ་འཁོར་ལོ། པཱུ་ཛ་མཆོད་པ། ཁཱ་ཧི་ནི་བཞེས་ཤིག་ཅེས་པའི་དོན།

བཞི་བ་བཤགས་པ།

བཞི་བ་བཤགས་པ་ནིཿ ཞེས་གསུངས་ནས། ཧཱུྃཿ བདག་གི་ཚེ་རབས་ཐོག་མེད་ནསཿ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེཿ རྩ་བ་ཡན་ལག་དམ་ཉམས་པཿ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགསཿ ཞེས་གསུངས་ཏེ། རྣལ་འབྱོར་སྒྲུབ་པ་པོ་བདག་གིས་ཚེ་རབས་ཐོག་མེད་ནས་ད་ལྟར་མ་ཐུག་གི་བར་དུ། ཐེག་པ་ཆེན་པོ་སྤྱི་དང་། གསང་སྔགས་ཀྱི་ཆོས་སྒོ་དང་། དབང་གི་དཀྱིལ་འཁོར་ཆེན་པོ་རུ་ཞུགས་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བར་ཁས་བླངས་པ་དེ་ཉིད། མི་ཤེས་མ་མཁས་བག་མེད་ཀྱི་དབང་གིས་འགལ་ཉམས་འདས་རལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་འདོད་ཡོན་ཚོགས་ཀྱི་མཆོད་པ་ཕུལ་བ་འདིས་འགྱོད་པ་དང་བཅས་པས་བཤགས་པ་ཡིན་པས། བཟོད་ཅིང་ཚངས་པར་སྩལ་དུ་གསོལ་ཞེས་གསུངས་པ་རེད། ཚངས་པ་ཞེས་གསུངས་ན་ཟླ་བ་གཟའ་བྲལ་བཞིན་ཉེས་སྐྱོན་གྱིས་མི་གོས་པ་གཙང་མར་གྱུར་པ་ཞིག་ལ་གསུངས་པ་རེད། ཚངས་པ་སྩོལ་ཞེས་གསུངས་ན་གཙང་མ་རེད་ཚར་ཞེས་པའི་གསུང་གི་གནང་བ་སྦྱིན་རོགས་ཞུ་ཞེས་པའི་དོན་རེད། འདི་ཉིད་ལྟ་བའི་གདེང་དང་ལྡན་པས་བཤགས་ན་དོན་གྱི་བཤགས་པ་རུ་འགྱུར་བ་ཡིན། ཉམས་ཆག་བཤགས་ཤིང་དམ་ཚིག་བསྐང་བའི་རྒྱལ་པོའང་ཚོགས་འཁོར་འདི་ཡིན་པ་རེད། དམ་ཚིག་ཅེས་པ་གོང་ནས་ཀྱང་ཞུས་པ་བཞིན། སྟོན་པ་རྡོ་རྗེ་འཆང་གིས་ཁྲིམས་སུ་བཅས་ཤིང་། སྔགས་པ་ཐམས་ཅད་ཀྱི་བླང་བྱར་གྱུར་པའི་བསླབ་གཞི་ཁྱད་པར་ཅན་ལས་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་ཡིན་ན། འདི་ཉིད་རྡོ་རྗེ་གསུམ་གྱི་བརྟུལ་ཞུགས་སུ་གནས་པའི་ཆ་ནས་དམ་ཚིག་དང་། རྒྱུད་མི་མཐུན་ཕྱོགས་ལས་བསྡམས་པའི་ཆ་ནས་སྡོམ་པའང་ཡིན། སྤྱིར་སྔགས་སྡོམ་དེ་ཉིད་དབང་གི་སྐབས་སུ་ཐོབ་པ་རེད། དཀྱིལ་འཁོར་དུ་འཇུག་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན་པ་དེ་སྡོམ་བཟུང་ཡིན་པས། སྡོམ་བཟུང་གི་མཇུག་ཏུ་སྔགས་སྡོམ་ཙམ་སྤྱིར་བཏང་གིས་ཐོབ་པ་རེད། འོན་ཀྱང་དབང་སོ་སོའི་ངོ་སྐལ་གྱི་སྡོམ་པ་འགའ་རེ་དེའི་ནང་དུ་མ་གཏོགས་པའང་ཡོད་པར་གསུངས་ཡོད། བཛྲ་ས་མ་ཡ་ཨཱཿཞེས་གསུངས་ན། བཛྲ་རྡོ་རྗེ། ས་མ་ཡ་དམ་ཚིག ཨ་སྐྱེ་བ་མེད་པའི་དོན། དམ་ཚིག་ཉམས་པ་ཐམས་ཅད་སྐྱེ་མེད་ཆོས་དབྱིངས་འགྱུར་མེད་ཀྱི་ཀློང་དུ་བཤགས་པའི་དོན་ཅན་གྱི་སྔགས་རེད།

ལྔ་པ་བསྒྲལ་བ།

ལྔ་པ་བསྒྲལ་ཞིང་བསྟབ་པ་ནིཿ ཞེས་གསུངས་ནས། ཧཱུྃཿ མ་རིག་ལས་ཉོན་གཟུང་འཛིན་གྱིསཿ བསྐྱེད་པའི་བདག་འཛིན་རཱུ་ཏྲ་ཀུནཿ གཟུགས་ལ་ཕོབ་ཅིག་ནྲྀ་ཏྲི་ཛཿ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊཿ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལཿ ཞེས་གསུངས་ཏེ། འདི་ཉིད་ཞི་རྒྱས་དབང་དྲག་གི་ལས་བཞིའི་ནང་ནས་དྲག་པོའི་ལས་རེད། དྲག་པོའི་ལས་འདི་ལ་དགུག་ཅིང་དབྱེ་བ། བཅིངས་ཤིང་མནན་པ། བཟློག་ཅིང་བསད་པ་དང་གཟིར་ཞིང་བསྐྲད་པ་ལ་སོགས་པ་མང་ནི་རེད། འདི་ལ་ཡང་བསྲེག་པ་མེ་ཡི་ལས། གདབ་པ་ཕུར་པའི་ལས། འཕེན་པ་ཟོར་གྱི་ལས། མནན་པ་བྲོ་ཡི་ལས་ལ་སོགས་པ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་པ་ལས། འདི་ནས་ལས་ལ་སྦྱོར་བ་ནི་ཞིང་བཅུ་ཚང་བའི་དགྲ་བོ་བླ་སྲོག་དང་ཕྲལ་ནས་རྣམ་ཤེས་བདེ་ཆེན་གྱི་ཞིང་དུ་དྲངས། ལས་ངན་གྱི་རྒྱུན་བཅད་པའི་སྙིང་རྗེ་ཁྲོས་པའི་དྲག་ལས་ཚོགས་བསྒྲལ་དང་སྦྱར་བ་ཞིག་རེད། མ་རིག་ལས་ཉོན་གཟུང་འཛིན་གྱིས། བསྐྱེད་པའི་བདག་འཛིན་རཱུ་ཏྲ་ཀུན། ཅེས་གསུངས་ན། རུ་ཏྲ་འདི་ལ་རྒྱུད་ཀྱི་ནང་དུ་དབྱེ་བ་མང་པོ་གསུངས་ཡོད་པ་སྟེ། མ་ཏྲཾ་ཀ་རུ་ཏྲ། ཁ་ཏྲཾ་ཀ་རུ་ཏྲ། ཨ་ཀར་ཤ་རུ་ཏྲ་བཅས་ཀྱི་དབྱེ་བ་ཕྱེས་ནས་གསུངས་ཡོད། མ་རིག་པས་རྒྱུ་བྱས་ནས་ལས་ཉོན་གྱིས་བསྐྱེད་པའི་ཕྱི་ཡུལ་ལ་དངོས་པོར་བཟུང་བ་མ་ཏྲཾ་ཀ་རུ་ཏྲ་དང་། ནང་སེམས་སུ་ང་རུ་འཛིན་ཏེ་ཞེན་པ་ཁ་ཏྲཾ་ཀ་རུ་ཏྲ། ལས་འབྲས་མེད་པར་ལྟ་བ་ཨ་ཀར་ཤ་རུ་ཏྲ་སྟེ། མདོར་ན་ཕྱིན་ཅི་ལོག་གི་རྟོག་པ་ལས་ཁམས་གསུམ་གྱི་བགེགས་ཐམས་ཅད་སྐྱེས་པ་དང་། མྱང་འདས་ལ་བར་དུ་གཅོད་བྱེད་ཀྱི་བདུད་ཆེན་པོ་དེ་དག་བསྒྲལ་བྱ་དངོས་རེད། རུ་ཏྲ་རྣམ་གསུམ་གྱི་བྱེད་ལས་དང་མཚུངས་པའི་བགེགས་ཐམས་ཅད་ཀྱང་དེ་བཞིན་དུ་བསྒྲལ་བྱ་ཡིན་པར་གསུངས། བསྒྲལ་བའི་སྐབས་འདིར་གོང་དུ་ཇི་ལྟར་བཤད་པ་ལྟར། རྫོང་འཕྲང་སྲོག་གསུམ་གྱི་ལྟ་སྒོམ་སྤྱོད་པའི་གདེང་དང་ལྡན་དགོས་པ་རེད། དེ་ཇི་ལྟར་ཡིན་པ་རེད་ཅེ་ན། ལྟ་བ་བློ་འདས་ཀྱི་རྫོང་། སྒོམ་པ་ཡེངས་མེད་ཀྱི་འཕྲང་། སྤྱོད་པ་ངེས་མེད་ཀྱི་སྲོག་སྟེ་རྫོང་འཕྲང་སྲོག་གསུམ་གྱིས་གཞི་བཟུང་ནས། ལྟ་བའི་གདེང་གིས་ཟིན་པའི་སྟོང་ཉིད་གྱད་ཀྱི་ལྷ། བསྐྱེད་རིམ་ངར་དང་ལྡན་པའི་གཉེན་པོ་ཡེ་ཤེས་ཀྱི་ལྷ། ཟུང་འཇུག་ལས་ཀྱི་ཕོ་ཉ་འགྱེད་པའི་སྤྱོད་པ་ལས་ཀྱི་ལྷ་སྟེ་ལྷ་གསུམ་གྱི་དམིགས་གནད་དང་ལྡན་པ་ཞིག་ངེས་པར་བྱེད་དགོས། དེ་ལས་གཞན་དུ་ཅི་བསམ་འདི་དྲན་དང་། ཅི་སྙམ་འདི་བསྒོམ་མེད་པར་དམིགས་གཏད་འདུན་པ་ཅི་ཡང་མེད་པའི་བསྒྲལ་བ་ལ་སྙིང་པོ་མེད་པ་ཆོ་གའི་གཟུགས་བརྙན་ཙམ་ཞིག་རེད་འགྲོ་བ་རེད། ད་དུང་ཚིག་རྗེས་དོན་དྲན་ཙམ་ཡང་མེད་ན་གཟུགས་བརྙན་ནང་གི་ཡང་བརྙན་ཡིན། སྣང་སེམས་དབྱེར་མེད་རྟོགས་པའི་ཉམས་མྱོང་ཞིག་མེད་ན། །སོད་སོད་ཁུག་ཁུག་ཙམ་གྱིས་དགྲ་བགེགས་ནི་མི་སྒྲོལ། །བསམ་ངན་ཞེ་སྡང་འབར་བའི་ཚིག་རྩུབ་ཀྱི་བྷྱོ་ཟློག །ཟན་གོང་གྲིས་གཏུབ་བྱེད་པའི་བསྒྲལ་ལས་དེས་ཅི་བྱ། ཞེས་གསུངས་པ་ལྟ་བུ་རེད། འདིའི་སྐབས་སུ་གསལ་བ་གསུམ་གྱི་གནད་དང་ལྡན་དགོས། གསལ་བ་གསུམ་ཇི་ལྟར་ཡིན་པ་རེད་ཅེ་ན། ཕྱི་ཡུལ་མཚན་མའི་སྣང་ཆ་རུ་ཏྲ་རུ་གསལ་ནས། ཞིང་བཅུ་ཚང་བའི་དགྲ་གང་ཡིན་དངོས་སུ་གསལ་ན་མི་འབྱམས་པའི་དགོས་པ་ཡོད་པ་དང་། ནང་ཡུལ་རྟགས་ཀྱི་མཚོན་ཆ་སྲས་མཆོག་ཏུ་གསལ་ནས་སྲས་མཆོག་གི་ཕུར་བུས་བསྒྲལ་ན་མི་རྡུགས་པའི་དགོས་པ་ཡོད་པ། གསང་ཡུལ་རྟོག་པའི་འཕྲུལ་འཁོར་ལྷ་སྣང་དུ་གསལ་ནས་བདག་ཉིད་དཔལ་ཆེན་པོར་གསལ་ན་མི་ལྡོག་པའི་དགོས་པ་ཡོད་པ་རེད། དཔེར་ན་དམག་བརྒྱབས་ན་ཕྱིར་ལ་མི་ལྡོག མཚོན་དབྱུགས་ན་རྣོ་སོ་མི་རྡུགས། དགྲ་བསད་ན་གནད་ལ་ཁེལ་བས་སྟོང་འབྱམས་མི་རེད་པ་སྟེ། དེ་ཡང་མི་ལྡོག་མི་རྡུགས་མི་འབྱམས་པ་བཅས་ཀྱི་ཆེད་དུ་བདག་དཔལ་ཆེན། ཕུར་པ་སྲས་མཆོག བསྒྲལ་བྱ་རུ་ཏྲ་རུ་གསལ་ནས་བསྒྲལ་བ་བྱེད་དགོས་ཤིང་། དེ་ལ་ད་དུང་ལྟ་སྒོམ་སྤྱོད་གསུམ་གྱི་རྒྱབ་རྟེན་ཡོད་དགོས་པ་རེད། རང་བཞིན་གྱིས་སྒྲོལ་བའི་ལྟ་བ་དང་། སྙིང་རྗེས་སྒྲོལ་བའི་སྒོམ་པ། དབང་པོ་ཡུལ་དུས་ཀྱི་སྤྱོད་པ་རྣམས་ཚང་དགོས། དེ་ལྟ་བུའི་སྒོ་ནས། གཟུགས་ལ་ཕོབ་ཅིག་ནྲྀ་ཏྲི་ཛཿ ཞེས་གསུངས་ན། འདི་འགུག་འཆིང་སྡོམ་སྨྱོས་ཀྱི་ཚད་མེད་བཞི་ཡི་ཕྱག་རྒྱ་ཡིས་བཅིངས་པ་ཞིག་སྟེ། སྙིང་རྗེ་ཁྲོས་པའི་ཚུལ་གྱིས་གདུག་པ་ཅན་རྗེས་སུ་འཛིན་པས་འགུག་པ་བྱམས་པ། ཤིན་ཏུ་བརྩེ་བ་ཆེན་པོས་བསྡམས་ནས་མྱུར་དུ་སྒྲོལ་བ་སྙིང་རྗེ། ཤེས་པ་འཆོར་མེད་བཅིངས་ཏེ་གནས་ནས་སྤར་ཞིང་ཕུང་པོ་ཚོགས་སུ་བཏབ་པ་དགའ་བ། གདུལ་བྱ་ཡལ་བར་མི་འདོར་བདེ་བས་མྱོས་པའི་བཏང་སྙོམས་སྟེ་ལས་འདི་དག་སྔགས་པའི་ཐུན་མོང་མ་ཡིན་པའི་ཚད་མེད་བཞི་རེད། དེ་ལྟ་བུའི་ཚད་མེད་བཞིའི་ཕྱག་རྒྱ་ཡིས་བཅིངས་ཏེ། བསྒྲལ་བའི་སྔོན་དུ་ནྲི་ཏྲི་བཛྲ་ཨང་ཀུ་ཤ་ཡ་ཛ་ཞེས་གསུངས་ན། དགྲ་བོའི་རྣམ་ཤེས་དང་བླ་སྲོག་ཡི་གེ་ནྲི་ཡིག་དང་ཏྲི་ཡིག་གི་རྣམ་པར་རྟེན་གཟུགས་ཕུང་དུ་ཛ་ཡིག་གིས་བཀུག་ནས་སྙིང་གི་དཀྱིལ་དུ་སྲས་མཆོག་གི་ཕུར་པ་བཏབ་པས། ཚེ་བསོད་བཀྲག་མདངས་ཨ་དཀར་པོའི་རྣམ་པར་ཕུར་རྩེའི་ཧཱུྃ་ཡིག་དམར་པོ་རུ་བསྡུས་ནས། རང་གི་ཐུགས་སྲོག་ཏུ་བསྟིམ་སྟེ་རྣལ་འབྱོར་ཚེ་སྲོག་གི་བཅུད་དུ་བླངས། རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ། ཅེས་གསུངས་ན། དེའི་མཚམས་སུ་རྣམ་ཤེས་ཕུར་རྩེའི་ཧཱུྃ་གིས་བསྡུས་ནས་ཆོས་དབྱིངས་ཀྱི་ཀློང་དུ་ཕཊ་གཅིག་གིས་འཕངས་ཏེ། དེ་རྗེས་གཟས་པོའི་གནས་ལྔ་དང་ཁྱད་པར་དུ་སྙིང་ཁའི་བླ་སྲོག་རྣམ་ཤེས་ཀྱི་རྟེན་དུ་ཕུར་པ་བཏབ་པའི་རྐྱེན་གྱིས། འཁོར་བའི་ལས་རྒྱུན་ཐམས་ཅད་བཅད་ནས། གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལ། ཞེས་གསུངས་ན། གཟུགས་ཕུང་ཚོགས་ཀྱི་འཁོར་ལོའི་རྫས་སུ་རོལ་ལ། དཔའ་རྟགས་ཀྱི་ཚུལ་གྱིས་བཞེས་ཤིག་གསུངས་པ་རེད། རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཁཱ་ཧིཿ ཞེས་གསུངས་པའི་སྔགས་དོན་ནི། བདུད་བགེགས་ཐམས་ཅད་བསྟབ་བོ་བཞེས་ཤིག་རོལ་ཅིག་གསུངས་པའི་ཞལ་བསྟབ་ཀྱི་སྔགས་ཡིན་པ་རེད། བསྒྲལ་བ་འདི་ཚང་མས་ཞིབ་ཀྱིས་མཁྱེན་ན་ལེགས་པ་ཡིན། བསྒྲལ་བ་འདི་ལ་ཚེ་ཁྲུས་གནས་གསུམ་ཚང་བ་ངེས་པར་དུ་ཤེས་དགོས། ཚེ་ཁྲུས་གནས་གསུམ་ཞེས་པ་དེ་གང་རེད་ཅེ་ན། ཚེ་ལུང་ཁྲུས་ལུང་གནས་ལུང་གསུམ་པོ་རེད། དེ་གསུམ་ངེས་པར་ཚང་དགོས། ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་རང་ལུགས་སུ་ཀུན་མཁྱེན་འཇིགས་གླིང་གིས་རྒྱུད་དོན་གྱི་གབ་དཀྲུགས་བསལ་ནས་ཇི་ལྟར་གསུངས་ཡོད་པ་རེད་ཅེ་ན། བསྒྲལ་བྱ་གཟས་པོའི་སྙིང་ནང་དུ་སྲོག་གི་དངོས་པོ་ཁྲག་གི་དང་མ་བྱེའུ་ལེབ་མོའི་མགོ་ཙམ་ཞིག་གི་དབུས་སུ། ཚེའི་རང་བཞིན་འོད་ཀྱི་ཨ་དཀར་པོ་ཞིག་དང་དེའི་དཀྱིལ་དུ་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་ཎི་ཡིག་ལྗང་གུ་ཞིག་གསལ་འདེབས་དགོས་གསུངས་ཡོད་པ་རེད། སྒྲོལ་བྱེད་ཕུར་བུའི་དབལ་གྱི་སྣེ་མོའི་ཟུར་གསུམ་གྱི་རྩེ་ལ་ཧཱུྃ་གསུམ་དང་། རྩེ་མོ་དང་ཉེ་བའི་ཟུར་གསུམ་པོར་ཕཊ་རེ་རེ་བཀོད་དེ། བསྒྲལ་བ་དངོས་ཀྱི་སྐབས་སུ་ཕུར་བུ་གཟས་པོའི་སྙིང་ཁར་བསྣུན་པའི་ཚེ། ཚེའི་རང་བཞིན་འོད་ཀྱི་ཨ་དཀར་པོ་དེ་ཉིད་ཕུར་རྩེའི་ཧཱུྃ་གསུམ་གྱིས་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་ཙེན་གྱིས་བླངས་ཏེ་རང་གི་སྙིང་ཁར་བསྟིམ་པས་རང་གི་ཐུགས་སྲོག་དང་འདྲེས། རང་ཉིད་བཀྲག་མདངས་དང་གཟི་བརྗིད་འབར་བར་གྱུར་ཅིང་ཚེ་བསོད་རྣལ་འབྱོར་པའི་བཅུད་དུ་ལེན་པ་ལ་ཚེ་ལུང་ཞེས་ཟེར། དེའི་མཚམས་སུ་གཟས་པོའི་སྙིང་ཁའི་ཎི་ཡིག་གི་སྟེང་དུ་ཕུར་པ་སྒྲིལ་དུས་དེ་ཉིད་ནག་ཐུམ་མེར་དྲན་པ་ཉམས། བྱུང་ཚོར་གྱི་སྒོ་འགག ཉོན་མོངས་པའི་བག་ཆགས་རྩད་ནས་ཆོད་དེ་སྐུ་གསུམ་གྱི་རང་བཞིན་དུ་གོ་འཕོས་ཤིང་། ཕུར་རྩེའི་ཧཱུྃ་ཡིག་གསུམ་དང་དབྱེར་མེད་དུ་འདྲེས་པ་ལ་ཁྲུས་ལུང་ཞེས་ཟེར། ༼མཆན། སྐུ་གསུམ་མཚོན་པའི་ཧཱུྃ་གསུམ་འདི་སྐུ་གཅིག་ཐིག་ལེ་ཉག་གཅིག་གི་ངོ་བོར་གཅིག་ཏུ་དམིགས་ཀྱང་མི་འགལ་ཞེས་གསུངས།༽ དེའི་མཚམས་སུ་ཕུར་རྩེ་ནམ་མཁའ་ལ་དེངས་ཙམ་ཞིག་བྱས་ནས། དེ་ཡང་རིག་འདུས་ཀྱི་སྐབས་ལྟར་ན། རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ་ཅེས་ཕཊ་སྒྲ་དྲག་པོས་བསྐུལ་བའི་རྐྱེན་གྱིས། ཧཱུྃ་གསུམ་པོ་དེ་ཟུར་གྱི་ཕཊ་གསུམ་གྱིས་འཕངས་ཏེ་མེ་སྟག་ཡལ་བ་ལྟར་སྐད་ཅིག་གིས་འོག་མིན་དག་པའི་ཞིང་ལ་སྤྲོས་ཚེ། དེ་རུ་བཞུགས་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཞུགས། ཐུགས་ཀའི་ཧཱུྃ་དེ་ཉིད་ཀྱང་བདེ་བ་ཆེན་པོའི་རྗེས་ཆགས་ཀྱིས་བཞུས་ནས་མགྲིན་པར་བབས། མགྲིན་པའི་ཨ་ཡིག་ལ་ཐིམ། ཨ་དེ་ཉིད་ཞུ་ནས་སྤྱི་བོའི་ཨོཾ་ལ་ཐིམ། ཨོཾ་དེ་ཡང་ཞུ་ནས་བདུད་རྩིའི་ལམ་བརྒྱུད་དེ་དགའ་བཞིའི་འགྲོས་ཀྱིས་བབས་པས་ཡུམ་མཁར་རྒྱལ་བའི་སྲས་སུ་བསྐྲུན་པར་བསམ་པ་གནས་ལུང་ཡིན་པ་རེད། ཚེ་ལུང་ཁྲུས་ལུང་གནས་ལུང་གསུམ་དེ་ལྟར་ཚང་བ་ཡིན། སྙིང་ཁའི་རྣམ་ཤེས་དེ་ཉིད་ཕུར་རྩེས་ནམ་མཁར་དེངས་ཙམ་ཞིག་བྱས་ནས་བདེ་བར་གཤེགས་པའི་སྲས་སུ་བསྐྲུན་པའི་མཚམས་སུ་སླར་ཡང་གནས་ལྔ་རུ་ཕུར་བརྡབ་བྱེད་དགོས་པ་རེད། ཕུར་བརྡབ་བྱེད་དུས་བསྒྲལ་ལས་ཆ་ཚང་མཛད་དགོས། འདི་ལ་འགའ་རེས་དེ་ལྟར་བྱེད་པ་མི་འཐད། གནས་སྤར་ཚར་དུས་ད་དུང་ཕུར་བརྡབ་བྱེད་པ་རོ་ཐོག་ལ་མཚོན་གཡུག་པ་ལྟ་བུ་སྟེ། དེ་ལ་དགོས་པ་མི་འདུག་ཟེར་མཁན་ཡོད་མྱོང་བ་རེད། འོན་ཀྱང་འདི་རྒྱུད་ཀྱི་དགོངས་པ་མ་ལོན་པའི་རྨོངས་གཏམ་ཡིན་ཞེས་གསུངས་ཡོད། སྒྲུབ་འབུམ་དང་གསང་རྫོགས་ཀྱི་རྒྱུད་རྣམས་སུ་ཚེ་ཁྲུས་གནས་གསུམ་རྫོགས་རྗེས་སུ། ཕུར་བརྡབ་རྒྱས་པ་བྱེད་དགོས་ཞེས་དངོས་སུ་གསུངས་ཡོད། དེས་ན་དེ་ལྟར་མ་བྱས་ན་རྒྱུད་དང་དངོས་འགལ་ཡིན་པ་རེད། འདིའི་དགོས་པ་གཙོ་བོ་ཅི་རེད་ཅེ་ན། གནས་སྤར་བའི་རྣམ་ཤེས་དེ་ཉིད་ཕུང་པོ་ལ་ཕྱིར་ལྡོག་དུ་མི་རུང་བར་བྱ་བའི་ཆེད་དང་། ཕུར་བུའི་རྗེས་གདབ་ཀྱིས་ཕྱིན་ཆད་འཁོར་བའི་སྐྱེ་སྒོ་གཅོད་པའི་དོན་ཡིན་གསུངས་ཡོད། འདི་ལ་བག་ཆགས་ཀྱི་རྟེན་གཞི་བསྒྲལ་བའི་བསྒྲལ་བའང་ཟེར། སློབ་དཔོན་གྱིས་ཕུར་བརྡབ་དང་ཐུན་ཆར་ཕབས་པའི་རྗེས་སུ་ཕུར་པ་མཆེད་ལྕམ་ཐམས་ཅད་ཀྱིས་བསྐོར་ནས་རིམ་པར་རྡེབ་པ་དྲག་པོའི་ལས་ལ་དཔུང་ཚན་བསྐྱེད་པ་ཡིན་ཞེས་གསུངས་པ་ཡང་ཡོད། མདོར་ན་འདིའི་སྐབས་སུ་བསྒྲལ་བའི་ཞིང་བཅུ་ཚང་བའི་དགྲ་བོ་ཞེས་པའི་ཞིང་བཅུ་གང་ཞེ་ན། མཆོག་བདུན་དང་མཆོག་ཕྲན་གསུམ་གྱིས་བཅུ་སྟེ། དམ་ལས་ལོག་དང་འཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་བོ་ནི། །རྣལ་འབྱོར་ཀུན་ཀྱིས་དང་དུ་ལོངས། ཞེས་གསུངས་པ་རེད། ངན་སོང་གསུམ་མཆོག་ཕྲན་གསུམ་ཡིན་པ་དང་། གཞན་བདུན་པོ་མཆོག་བདུན་རེད། དེ་ཡན་ཆོད་བསྒྲལ་བ་རེད། འདིའི་མཚམས་སུ་བསྐང་བཤགས་དང་ཚོགས་གསོག་རྒྱུ་ཡིན་པ་རྒྱུན་གྱི་ཕྱག་སྲོལ་བཞིན་ཏེ། ལས་རྡོར་གྱིས་ཕྱག་འཚལ་ནས་ཚོགས་དྲངས་དུས། ཐབས་ཤེས་ཀྱི་རྫས་པདྨའི་ཕྱག་རྒྱ་ཡིས་འགྲིམ་དགོས་པ་རེད། ཚོགས་དྲངས་པའི་གནས་སྐབས་སུ་བརྡ་དང་བརྡ་ལན་གྱི་ཚུལ་གྱིས་རོལ་ཚེ། ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་ཐམས་ཅད་ཟག་མེད་བདེ་བ་ཆེན་པོས་ཚིམས་པར་བསམ་ནས་ནང་གི་བསྲེག་བླུགས་ཀྱི་ཚུལ་གྱིས་རོལ་དགོས། རྣལ་འབྱོར་ཕོ་མོ་གཡས་གྲལ་གཡོན་གྲལ་དུ་བྱས་ནས་བཞུགས་ཚེ་བཟའ་བ་གཡས་གྲལ་གྱི་འགོ་བཟུང་ནས་འགྱེད་རྒྱུ་དང་། བཏུང་བ་གཡོན་གྲལ་གྱི་འགོ་བཟུང་ཏེ་འགྱེད་དགོས་གསུངས་ཡོད། ཚོགས་འཁོར་གྱི་དུས་སུ་ཐ་མལ་བའི་སྣང་ཞེན་སྤངས་ནས་ལྷ་སྔགས་ཏིང་འཛིན་གྱི་རོལ་བ་འབའ་ཞིག་གི་ངང་དུ་གནས་པ་ལས། ཐ་མལ་གྱི་རྩེད་མོ་དང་། འཕྱ་སེམས་དང་ཟུར་ཟ། འཐབ་རྩོད་ཀུ་ཅོ་ལ་སོགས་པ་བྱེད་མི་རུང་། གཙང་དམེ་དང་བྲལ་བའི་ངང་ནས་ཚོགས་རྫས་ལ་རོལ་ནས། རྡོ་རྗེའི་གླུ་གར་བདེ་སྟོང་གི་སྦྱོར་མཆོད་ལ་སོགས་པ་རྣལ་འབྱོར་བའི་ཉམས་རྟོགས་ཀྱི་ཚོད་དང་སྦྱར་དགོས་གསུངས་ཡོད་པ་རེད། དངོས་སུ་ཕྱག་ལེན་དུ་འདེབས་པ་ནི་ཁྱད་པར་དུ་ཚོགས་རྫས་བཞེས་དུས་དཀྱིལ་འཁོར་རྣམ་པ་ལྔ་ཡི་རང་བཞིན་དུ་དག་དྲན་མཛད་དགོས་པ་སྟེ། རྣལ་འབྱོར་པ་རང་ཉིད་ཀྱི་ལུས་རྩ་ཡི་དཀྱིལ་འཁོར། རྩ་ཡི་གེའི་དཀྱིལ་འཁོར། ཁམས་བདུད་རྩིའི་དཀྱིལ་འཁོར། རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་འཁོར་རྣམ་པ་ལྔའི་རང་བཞིན་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པ་ལ། ལག་པའི་སོར་མོ་ལྔ་འདོད་ཡོན་གྱི་ལྷ་མོ་ལྔ་ཡིན་པར་བསམ་སྟེ། བཟའ་བཏུང་གི་ཚོགས་རྫས་རྣམས་བླངས་བར་བྱ་ཞིང་། ལེན་ལུགས་ལའང་བཟའ་བ་གཡས་བཏུང་བ་གཡོན་གྱིས་བླངས་ནས་དབང་བཞིའི་དམ་ཚིག་དང་བསྟུན་ཏེ་རོལ། གཞན་ཡང་ཐབས་ལམ་པ་ཡིན་ན་བདེ་སྟོང་གི་བདུད་རྩི། གྲོལ་ལམ་པ་ཡིན་ན་ཟག་མེད་ཀྱི་བདུད་རྩིར་བསམ་ནས་གདན་གསུམ་ཚང་པའི་ལྷའི་དཀྱིལ་འཁོར་དུ་མཆོད་པ་འབུལ་བའི་ཚུལ་གྱིས་ལོངས་སྤྱད་དགོས་པ་རེད། འདིའི་སྐབས་སུ་ཤགས་དང་རྩོད་པ་ཀུ་ཅོ་མེད། ཅེས་གསུངས་པས། རང་སེམས་འཁྲུགས་པའི་རྩོད་པ་དང་། གཟུང་འཛིན་སྐྱེ་བའི་འཁྲུལ་གཏམ། ཐེག་པ་འོག་མའི་འབག་བཙོག་གི་རྟོག་པ་དག་ཡོད་མི་རུང་བ་རེད། ད་དུང་མི་བསམ་པ་གསུམ་དང་མི་སྨྲ་བ་གསུམ་སོགས་ཏེ། ཚོགས་རྫས་ཀྱི་དངོས་པོ་མཐོང་ཚེ་ཟ་སྙམ་འཐུང་སྙམ་ཞིམ་སྙམ་དག་མི་རུང་བ་དང་། གཞན་ལ་ཚོགས་རྫས་ཆེ་སོང་ང་ལ་ཆུང་སོང་སྙམ་པ། ན་ནིང་གིས་བཟང་འདུག་ད་ལོའི་ཅུང་ཞན་འདུག ཁར་སང་སྔོན་མ་མང་ངོ། ད་རེས་ཉུང་འདུག་བསམ་པ་དང་ཟེར་བ་མི་ཉན་གསུངས། མདོར་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡོངས་སུ་རྫོགས་པར་བྱ་དགོས་པ་རེད།

དྲུག་པ་ལྷག་མ་བསྔོ་བ།

དྲུག་པ་ལྷག་མ་བསྔོ་བ་ནིཿ ཞེས་གསུངས་ནས། ཧཱུྃཿ དཀྱིལ་འཁོར་ཆེན་པོའི་མུ་རན་ལཿ གནས་པའི་དབང་ཕྱུག་གིང་ལངྐཿ ལྷག་མའི་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངསཿ ཞེས་གསུངས་ཏེ། དཀྱིལ་འཁོར་ཆེན་པོའི་མུ་རན་ལ་ཞེས་གསུངས་ན། དཀྱིལ་འཁོར་ཆེན་པོའི་རྟེན་དང་བརྟེན་པ་གཙོ་བོ་གཅིག་གི་ཀློང་ནས་ཤར་བ་ཡིན་པས་དོན་ལ་གཙོ་འཁོར་ཐ་དད་ཡོད་པ་མིན་ཡང་། རྣམ་པ་ཡི་སྣང་ཚུལ་དུ་སྔོན་ཚེ་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་གནས་སྐབས་སུ་བྲན་དུ་ཁས་བླངས་ཤིང་ཅི་བགྱིས་བཀའ་ཉན་ལ་གནས་ཡོད་པའི་ཁྱམས་ཀྱི་མུ་རན་དུ་གནས་པའི་འཁོར་ཡོད་པ་རེད། སྤྱིར་འཁོར་ལ་རིག་པ་ཁྱད་པར་ཅན་གྱི་འཁོར་དང་། དད་པས་ཉན་པའི་འཁོར་ཞེས་སོགས་ཀྱི་དབྱེ་བ་ཕྱེ་དུས་ཡོད། སྒོ་སྐྱོང་ཁྲོ་བོ་ཡབ་ཡུམ་ཡན་ཆད་རིག་པ་ཁྱད་པར་ཅན་གྱི་འཁོར་དང་། ལེགས་ལྡན་མ་ཧཱ་དེ་ཝ་ལ་སོགས་པ་སྟོན་པ་ལས་རྒྱུད་ཐ་དད་པ་དད་པས་ཉན་པའི་འཁོར་ཡིན་ཞེས་གསུངས་པ་ཡོད་མོད། འོན་ཀྱང་སྐབས་ཐོབ་ཀྱི་གོ་བའི་འགྲོས་དེད་པ་ལས་ཞྭ་དཔེ་ལྷམ་འགེབ་མང་པོ་མི་དགོས་པར་སེམས། གནས་པའི་དབང་ཕྱུག་གིང་ལངྐ། ཞེས་གསུངས་ན། དེ་ལྟ་བུའི་དཀྱིལ་འཁོར་ཆེན་པོའི་མུ་རན་ལ་གནས་པའི་དབང་ཕྱུག་མ་ཧཱ་དེ་ཝ་དང་། གིང་ཕོ་གིང་མོ་ལངྐའི་བདག་པོ། གིང་ཟེར་བ་འདི་ལས་བྱེད་པའི་ཐ་སྙད་ལྟ་བུ་ཞིག་མིན་ནམ། མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་རྣམས་ཀྱིས། ལྷག་མའི་གཏོར་མ་འདི་བཞེས་ལ། ཞེས་གསུངས་ན། ཕུད་ཀྱི་མཆོད་པ་ལ་མི་དབང་བས་ལྷག་མའི་ཞལ་ཆབ་གནང་བར་བཀའ་གནང་ཞིང་། ཅི་བཅོལ་འཕྲིན་ལས་བསྒྲུབ་པར་ཁས་བླངས་པའི་མ་སྲིང་ལྷག་མགྲོན་ཐམས་ཅད་ཀྱིས་ལྷག་མའི་གཏོར་མ་འདོད་ཡོན་ལྔ་ལྡན་གང་འདོད་ཟད་མེད་ཀྱི་བདུད་རྩི་འདི་བཞེས་ལ། རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངས་ཤིག་ཅེས་གསུངས། ཨུཤྩི་ཊ་བྷ་ལིངྟ་ཁཱ་ཧིཿ ཞེས་གསུངས་ཏེ། ཨུཤྩི་ཊ་ལྷག་མ། བྷ་ལིངྟ་གཏོར་མ། ཁཱ་ཧིཿབཞེས་ཤིག་ཅེས་པའི་དོན། ལྷག་གཏོར་བཞེས་ཞེས་པའི་སྔགས་ཚིག་འདིའི་ཤུགས་བསྟན་དུ་གང་བཅོལ་བའི་ལས་བསྒྲུབ་ལ་དམ་ལས་མ་འདའ་ཤིག་ཅེས་པ་བསྟན། ལྷག་གཏོར་མཆོད་ཚེ་དུས་མཚན་དང་གདོང་ཐུག་སྲུང་བའི་ཆེད་དུ་ལྷག་གཏོར་གྱི་སྟེང་དུ་ཉིན་དཀར་སྤོས་མེ་དང་མཚན་མོ་དང་དགོང་མོར་ཉེ་ན་དཔལ་འབར་གྱི་མེ་སྒྲོན་འཛུགས་དགོས་པ་རེད། ལས་རྡོར་གྱིས་པད་བསྐོར་སྔོན་དུ་སོང་བའི་མཁའ་ལྡིང་གི་རྒྱ་ཡིས་བླངས་ནས་སྒྲུབ་ཁང་གི་སྒོ་དྲུང་བར་དུ་ཕྱི་གྱེད་ཀྱིས་སོང་ཏེ། ཕྱི་རོལ་གྱི་གོམ་པ་བདུན་ཅུའི་མཚམས་སུ་སྲིན་མོའི་ཟ་ལམ་ཡིན་པས་དེ་རུ་སྤུངས་དགོས་པ་རེད། ལྷག་གཏོར་ལ་ཁ་ཕྲུ་འདེབས་དུས་ཡ་རྐན་དཔའ་བོ་དང་མ་རྐན་དཔའ་མོར་བསམས་བཞིན་དེ་གཉིས་མཉམ་པོར་སྦྱོར་བའི་བྱང་སེམས། ཛ་གད་ཀྱི་ཁ་ཕྲུ་དང་རོ་གཅིག་དུ་འདེབས་པར་བསམ་ནས། མཁའ་དབྱིངས་ཀྱི་ཕྱག་རྒྱས་བདུད་རྩིའི་ཁ་ཆུས་བྲན་དགོས་གསུངས་ཡོད་པ་རེད། རང་ལུགས་སུ་ལྷག་མའི་རྗེས་ལ་གཏོར་འབུལ་རེ་བཏང་བ་སྤྱི་འགྲོས་ལྟར་ཏེ།

བདུན་པ་ཐུགས་དམ་བསྐུལ་བ།

བདུན་པ་ཐུགས་དམ་བསྐུལ་བ་ནིཿ ཞེས་མཚམས་སྦྱར་ནས། ཧཱུྃཿ བཞེངས་ཤིག་རིག་འཛིན་འདུས་པའི་ལྷཿ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ ཅེས་གསུངས་ཏེ། བཞེངས་བསྐུལ་འདི་རིགས་འདིའི་སྐབས་སུ་མིན་ཡང་ཞི་རྒྱས་དབང་དྲག་གི་ལས་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པར་ནམ་ཡང་ཐུགས་རྒྱུད་བསྐུལ་ནི་རེད། ཀ་དག་སྐྱེ་མེད་རྡོ་རྗེའི་ཕོ་བྲང་ནས། །ལྷུན་གྲུབ་བདེ་བའི་སྐུ་ཅན་པདྨ་འབྱུང་། །རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་སྤྱི་དཔལ་ཆེ། །གངས་ཅན་བསྟན་འགྲོའི་མགོན་པོར་ད་བཞེངས་ཤིག ཅེས་དབྱིངས་ནས་བཞེངས་བསྐུལ་བྱེད་པ་དང་། གཞན་ཡང་། མཐའ་དམག་དམ་སྲིའི་རུ་མཚོན་གཟེང་བའི་ཚེ། །རིག་འཛིན་མཁའ་འགྲོའི་གཙོ་མཆོག་པདྨ་འབྱུང་། །ཐུགས་རྗེའི་ཐུགས་དམ་མ་གཡེལ་དུས་ལ་བབས། བདུད་འདུལ་གར་དགུའི་མཐུ་བྱིན་ད་སྐྱེད་ཅིག ཅེས་གསུངས་ཏེ་བདུད་འདུལ་དཔའ་བོའི་གཟུ་དཔུང་དུ་བསྐུལ་བ་ལྟ་བུ་རེད། ད་རེས་ཀྱི་སྐབས་འདིར་ཡིན་ཡང་། བཞེངས་ཤིག་རིག་འཛིན་འདུས་པའི་ལྷ། ཞེས་གསུངས་ན། གང་བཞེངས་པར་བསྐུལ་བའི་ཡུལ་དེ་རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས། གང་ལས་བཞེངས་པར་བསྐུལ་བ་ནི་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ་ཞེས་ཆོས་ཀྱི་དབྱིངས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ནང་གསལ་གསང་བའི་སྦུབས་ནས། ཇི་ལྟར་བཞེངས་པར་བསྐུལ་བ་ནི། གཟུགས་སྐུ་རྣམ་པ་གཉིས་དང་ཁྱད་པར་དུ་གང་འདུལ་སྤྲུལ་པའི་རོལ་གར་རིག་འཛིན་འདུས་པའི་སྐུར་བཞེངས་ལ། བཞེངས་ནས་འཕྲིན་ལས་གང་ཞིག་སྒྲུབ་པར་བསྐུལ་བ་ནི། བྱང་ཆུབ་སྒྲུབ་པའི་བར་ཆད་ཐུལ། །རྩ་རླུང་དབང་ཐང་ཉམས་པ་གསོས། །སྒྲུབ་པའི་འབྲས་བུ་མཆིས་པར་མཛོད། ཅེས་གསུངས་ཏེ། བདག་ཅག་རྣལ་འབྱོར་མཆེད་ལྕམ་གྱི་བྱང་ཆུབ་སྒྲུབ་པའི་ལམ་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་སོལ། རྩ་རླུང་གི་བྱེད་པ་འཁྲུགས་པས་དབང་ཐང་གི་དཔལ་ཡོན་ཉམས་ནས་མི་འདོད་སྣ་དགུ་ཞོར་ལ་འབྱུང་བའི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་སོལ་ལ། བསྒྲུབས་པའི་འབྲས་བུ་མྱུར་བ་ཉིད་དུ་ཐོབ་ཅིང་མཆིས་པར་མཛད་དུ་གསོལ་ཞེས་གསུངས། བཞེངས་བསྐུལ་འདི་དང་སྦྲེལ་ནས་ཞི་རྒྱས་དབང་དྲག་གི་ལས་བཞིའི་འཕྲིན་ལས་ཀྱི་ཁ་བསྒྱུར་འདོགས་ཆོག་གསུངས་ས་ཡང་ཡོད་པ་རེད།

བརྒྱད་པ་ཆད་ཐོ་བྱ་བ།

བརྒྱད་པ་ཆད་ཐོ་བྱ་བ་ནིཿ ཞེས་གསུངས་ན། ཆད་ཐོའི་ཆད་ཅེས་པ་ཁས་བླངས་བའི་དོན་ལ་གོ་བ་ཡིན། རང་རེས་ཁ་ཆད་ཟེར་སྲོལ་མེད་དམ། དེའི་ཆད་དང་གཅིག་པ་རེད། ཐོ་ཞེས་པ་ལས་འདི་དག་བྱེད་རུང་འདི་དག་བྱེད་མི་རུང་ཞེས་བླང་དོར་གྱི་མཚམས་འཛིན་བྱེད་ཀྱི་ཐོའམ་ཐ་ཚིག་བསྒྲགས་པའི་མདོ་བྱང་། མཚམས་མཚམས་སུ་ཆད་མདོ་གསུངས་ས་ཡང་ཡོད་པ་ལྟར་རེད། སྔོན་ཚེ་དཔལ་ཆེན་པོ་ནས་རིམ་བྱོན་རིག་འཛིན་བརྒྱུད་པའི་སྤྱན་སྔར་ཁས་བླངས་པའི་གཡར་དམ་རྣམས་དྲན་གསོས་བྱས་ནས་བསྒྲགས་པ་ཞིག་རེད། ཧཱུྃཿ སྔོན་ཚེ་འོག་མིན་བདེ་ཆེན་ཞིངཿ ལྷ་གནས་གསུམ་སོགས་ཉམས་དགའ་བརཿ གསང་ཆེན་རྒྱུད་སྡེའི་གནས་བསྟན་ཚེཿ རྡོ་རྗེ་ཐེག་པའི་བཀའ་སྲུང་རྣམསཿ དམ་ཚིག་གཉན་པོའི་གྲལ་དུ་བཞགཿ ཅེས་གསུངས་ཏེ། སྔོན་ཚེ་འོག་མིན་བདེ་ཆེན་ཞིང་། ཞེས་གསུངས་ན། འདིའི་སྔོན་ཚེ་འདི་དུས་གསུམ་དུས་ཀྱི་རྣམ་གཞག་དང་བྲལ་བའི་ཀ་དག་གཞིའི་དུས་ལ་གསུངས་པ་རེད། ཀ་དག་སྟོང་པ་ཆེན་པོ་ཆོས་སྐུའི་ངང་ལས་རིག་གདངས་ལྷུན་གྲུབ་ཀྱི་སྣང་བ་འགག་མེད་བདེ་ཆེན་གྱི་རྒྱན་དུ་ཤར་བའི་འོག་མིན་བདེ་ཆེན་གྱི་ཞིང་དང་། ལྷ་གནས་གསུམ་སོགས་ཉམས་དགའ་བར། །གསང་ཆེན་རྒྱུད་སྡེའི་གནས་བསྟན་ཚེ། ཞེས་གསུངས་ན། སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་གནས་གསུམ་མམ། ཡང་ན་ལྷ་ཀླུ་གནོད་སྦྱིན་གྱི་གནས་གསུམ་སོགས་ཉམས་དགའ་བར། ཀུན་བཟང་རྡོ་རྗེ་འཆང་ཆེན་རྡོ་རྗེ་སེམས་དཔའ་དང་གསང་བདག་དཔའ་བོའི་སྐུར་བཞེངས་ནས། གསང་ཆེན་འབྲས་བུའི་ཐེག་པའི་རྒྱུད་སྡེའི་གནས་རྣམས་བསྟན་ཅིང་། གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་ཚེ། རྡོ་རྗེ་ཐེག་པའི་བཀའ་སྲུང་རྣམས། དམ་ཚིག་གཉན་པོའི་གྲལ་དུ་བཞག ཅེས་གསུངས་ན། གསང་ཆེན་རྡོ་རྗེ་ཐེག་པའི་བཀའ་ཡི་སྲུང་མ་ཐམས་ཅད། དཀྱིལ་འཁོར་གཉན་པོའི་བཀའ་སྡོད་དུ་བཞག་ཅིང་དམ་ཚིག་གཉན་པོ་སྲུང་ཞིང་དེ་ལས་མི་འདའ་བའི་དམ་ཅན་གྱི་གྲལ་དུ་བཞག་པ་དང་། བར་དུ་གངས་ཅན་བོད་ཀྱི་ཡུལཿ སློབ་དཔོན་པདྨ་ཐོད་ཕྲེང་གིསཿ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེཿ སྲིད་པའི་ལྷ་སྲིན་ཆེ་དགུ་ཡིཿ སྲོག་སྙིང་ཕྲོགས་ཏེ་རྩིས་སུ་ཕབཿ ཅེས་གསུངས་ན། བར་དུ་གངས་ཅན་བོད་ཀྱི་ཡུལ། ཞེས་གསུངས་ན། སྔོན་ཚེ་དཔལ་ཆེན་པོས་དམ་ལ་བཞག་ཅིང་། བར་དུ་བོད་གངས་ཅན་བསིལ་བའི་ལྗོངས་སུ་གསང་སྔགས་ཀྱི་བསྟན་པ་སྤེལ་བའི་སྐབས་སུ། སློབ་དཔོན་པདྨ་ཐོད་ཕྲེང་གིས། ཞེས་གསུངས་ན། འཇིག་རྟེན་འདི་ན་ཆེ་བའི་རིག་སྔགས་འཆང་བ་ཆེན་པོ་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་གྱིས། བསམ་ཡས་གཙུག་ལག་ཁང་གི་ས་འདུལ་མཛད། གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ། ཞེས་གསུངས་ན། གསང་སྔགས་རྒྱུད་སྡེ་གསུམ་གྱི་ཆོས་འཁོར་བསྐོར་བའི་ཚེ། ཧས་པོ་རི་ཡི་ཡང་རྩེ་ནས་ལྷ་སྲིན་དམ་བསྒྲགས་མཛད། དྲག་པོ་ཧཱུྃ་གི་སྣང་གླུ་དང་བཅས་ཏེ་རྡོ་རྗེའི་གར་སྟབས་ཀྱི་འགྲོས་ཀྱིས། དབང་སྡུད་ཟིལ་གྱིས་མནན་པའི་གཟིགས་སྟངས་མཛད་དུས། སྲིད་པའི་ལྷ་སྲིན་ཆེ་དགུ་ཡི། །སྲོག་སྙིང་ཕྲོགས་ཏེ་རྩིས་སུ་ཕབ། ཞེས་གསུངས་ན། སྲིད་པའི་ལྷ་སྲིན་ཆེ་དགུ་གཉན་དགུ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་ཕྲོགས་ཏེ་རྡོ་རྗེ་ཐེག་པའི་བཀའ་སྲུང་གི་རྩིས་གྲངས་སུ་ཕབས་པ་རེད། དེ་ཡང་སྲིད་པའི་ལྷ་འདྲེ་ཟེར་ན་མང་པོ་ཞིག་ཡིན་ཡང་། དེ་ཐམས་ཅད་རིགས་ཚུར་བསྡུས་པ་ཡིན་ན་སྡེ་བརྒྱད་ཀྱི་ནང་དུ་འདུས་པ་ཡིན་ཏེ། དཀར་པོ་ཐམས་ཅད་གིང་གི་ནང་དུ་འདུས། དམར་པོ་ཐམས་ཅད་བཙན་གྱི་ནང་དུ་འདུས། ནག་པོ་ཐམས་ཅད་བདུད་ཀྱི་ནང་དུ་དང་། སྨུག་པོ་ཐམས་ཅད་སྲིན་པོའི་ནང་དུ་འདུས་པ་རེད། སྟེང་ཕྱོགས་ཀྱི་དབང་ཆེན་ཐམས་ཅད་གཟའ་དང་། འོག་ཕྱོགས་ཀྱི་དབང་ཆེན་ཐམས་ཅད་ཀླུ། མོ་རྒྱུད་ཐམས་ཅད་མ་མོ་རུ་འདུས་པ་དེ་འདྲ་ཡིན་པ་རེད། སློབ་དཔོན་པདྨ་ཐོད་ཕྲེང་རྡོ་རྗེ་གྲོ་ལོད་ཀྱི་སྐུ་རུ་བཞེངས་ནས་དེ་ཐམས་ཅད་དབང་དུ་བསྡུས་ན། དེ་དག་ཐམས་ཅད་ཀྱིས་རང་རང་གི་སྲོག་གི་སྙིང་པོ་ཕུལ་བ་རེད། གུ་རུ་རིན་པོ་ཆེ་ནི་རྫོང་འཕྲང་སྲོག་གསུམ་གྱི་གནད་ལ་དབང་འབྱོར་བའི་བརྟུལ་ཞུགས་གྲུབ་པའི་ཧེ་རུ་ཀ་ཡིན་པས། གསང་བའི་དགྲ་གསུམ་བསད། འཇིགས་པའི་དགྲ་བཞི་བཅོམ། འགྲོ་དྲུག་གི་གཡང་ས་བཅད་དེ་རྟོགས་པས་བདག་རྒྱུད་གྲོལ་བའི་སྟབས་ཀྱིས། ཐུགས་རྗེས་གཞན་རྒྱུད་སྒྲོལ་བའི་འཕྲིན་ལས་ལ་ཐོགས་པ་མེད་པའི་བཀའ་བབས་པས་སྡེ་བརྒྱད་ཀྱི་སྲོག་གི་སྙིང་པོ་བླངས་པ་རེད། སྲོག་ཅེས་པ་ཅི་འདྲ་ཞིག་རེད་ཅེ་ན། ཀུན་ལ་ཁྱབ་པ་གཉུག་མ་རྡོ་རྗེའི་སྲོག འཁོར་འདས་ཐམས་ཅད་ལ་ཁྱབ་པའི་ཆོས་དབྱིངས་ཆེན་པོ་དེ་ཉིད་རེད། དེ་ལ་འཕྲོག་བྱ་འཕྲོག་བྱེད་ཡོད་པ་མིན་ཡང་། ཆོས་ཅན་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་ཤར་ཡོང་ཚེ། རྒྱུད་དེའི་ཐོག་གི་སྒོ་གསུམ་དབང་པོ་དང་བཅས་པ་གང་ལ་བརྟེན་པར་བྱེད་པའི་རྩ་བ། དཔེ་ལྗོན་ཤིང་ཞིག་ལ་བཞག་ན་རྩ་རྟིང་ལྟ་བུ་དེ་ལ་སྲོག་ཅེས་ཟེར་བ་རེད། སྐབས་སུ་བབས་པའི་བཤད་དོན་སྡེ་བརྒྱད་ཀྱི་སྲོག་རྟེན་དེ་ཅི་འདྲ་ཞིག་ཡིན་པ་རེད་ཅེ་ན། ཞེ་སྡང་གི་དབང་གིས་བྱུང་བའི་བདུད་དང་གཤིན་རྗེའི་སྲོག་ལྕགས་ཀྱི་སྤྱང་ཀི་བོང་བ་ཙམ་དེ་རིའི་རྒྱལ་པོའི་རི་རབ་ཀྱི་མར་ཞབས་དཔག་ཚད་བརྒྱད་ཁྲིའི་འོག་རོལ་ན། ལྕགས་མཁར་སྒོ་མེད་ཅིག་གི་ནང་དུ་བསེ་སྒྲོམ་ནག་པོའི་ནང་དུ་བཅུག་སྟེ་ལྕགས་ཀྱི་ཐམ་ཀ་རྒྱབ་ནས་ཡོད་གསུངས་པ་ལྟ་བུ་དང་། འདོད་ཆགས་ཀྱི་དབང་གིས་བྱུང་བའི་དྲེགས་པ་མ་མོ་དང་གནོད་སྦྱིན་གྱི་རིགས་ཀྱི་སྲོག ཟངས་ལས་གྲུབ་པའི་ཕྱེ་མ་ལེབ་བྱེའུ་སྐྱིག་མོའི་མགོ་ལྟ་བུ་དེ་རྒྱ་མཚོའི་ཆེན་མོའི་གཏིང་རུམ་ན་གཡུའི་གུར་ཕུབ་པའི་ནང་དུ་གཡུ་སྒྲོམ་གྱི་ནང་དུ་བཅུག་སྟེ། ཡང་ལྕགས་ཀྱི་ཐམ་ཀ་རྒྱབ་ནས་ཡོད་གསུངས་པ་ལྟ་བུ་དང་། གཏི་མུག་གི་དབང་གིས་དྲེགས་པ་ཅན་དུ་གྱུར་སོང་བའི་ཀླུ་བ་སུ་རིགས་བཞིའི་སྲོག དུག་སྦྲུལ་ནག་པོ་གཤོག་པ་ཅན་ལྟ་བུ་དེ་རུས་སྦལ་གྱི་ཁོག་པའི་སྒྲོམ་དུ་བཅུག་སྟེ། མཐིང་གི་འཛེར་མ་བཏབ་ནས་སྤོས་ངད་ལྡན་པའི་རྒྱ་མཚོའི་ནང་དུ་ཡོད་གསུངས་པ་དང་། དེ་དག་དང་མཚུངས་པར་ང་རྒྱལ་གྱི་དབང་གིས་བྱུང་བའི་དྲེགས་པ་གཟའ་དང་རྒྱལ་པོ། ཕྲག་དོག་གི་དབང་གིས་བྱུང་བའི་དམུ་དང་བཙན་ལ་སོགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག རང་རང་གི་གནས་ས་སོ་སོར་དེ་བཞིན་ཡོད་པ་རེད། སྡེ་བརྒྱད་དེ་དག་གི་སྟོབས་རྩལ་ནུས་པ་ནི། འཆི་བདག་གཤིན་རྗེའི་ཁྲོམ་ཀ་དེ་རི་དྭགས་ལ་རྒྱ་བཙུགས་པ་ལྟ་བུ་བཟུང་ན་ཐར་རྒྱུ་མེད་པ། འདོད་ཁམས་མ་མོའི་ནད་རྐྱལ་ནི། རིམས་ནད་ཁོང་དུ་སོང་བ་ལྟ་བུ་ཐེབས་ན་དྲག་རྒྱུ་མེད་པ། ཀུན་ཁྱབ་གཟའ་ཡི་དུག་གྲིབ་དེ་ཐོག་དམར་པོ་དགུང་ནས་བབས་པ་ལྟ་བུ་ཕོགས་ཚར་ནས་གཟུར་ཐབས་མེད་པ། གདུག་རྩུབ་གནོད་སྦྱིན་གྱི་སྦྱོར་བ་ནི་བཙན་དུག་ངར་མ་ཁོག་པའི་ནང་དུ་སོང་བ་ལྟ་བུ་དེས་ཟིན་ནས་ཐར་ཐབས་མེད་པ་དེ་འདྲ་ཡིན་པ་རེད། དེ་དག་བཀའ་བསྒོས་དམ་འོག་ཏུ་བཅུག་ཚར་རྗེས། སྒྲུབ་ན་དངོས་གྲུབ་ཐོབ་པའི་གྲོགས་ཡིན་པ་ལས་གཞན། དེ་དག་སྒྲུབ་ལུགས་ཀྱི་རིམ་པ་སོ་སོར་ཡོད། དཔེར་ན་མ་མོ་དབང་སྡུད་ཀྱིས་སྒྲུབ་པ་དང་། སྲིན་པོ་ཨར་གཏད་ཀྱིས་སྒྲུབ་པ། ཀླུ་ལོག་གནོན་གྱིས་སྒྲུབ་པ། གཟའ་རྒོད་ལྟོ་དཀྲུགས་ཀྱིས་སྒྲུབ་པ། བཙན་སེ་ལོང་གིས་སྒྲུབ་པ་ལ་སོགས་པའི་མན་ངག་སོ་སོར་ཡོད་པ་རེད། ད་དུང་སྡེ་བརྒྱད་སོ་སོའི་སྔགས་ཀྱི་རྣོ་སོའི་སྐོར་ལ། འཆི་བདག་གཤིན་རྗེའི་སྔགས་ནི་མཚོན་ཆའི་འཁོར་ལོ་བསྐོར་བ་ལྟ་བུ་འཁོར་ཏེ་བསྐྱོད་པ། འདོད་ཁམས་མ་མོའི་སྔགས་ནི་རྩལ་ཆེན་གྱིས་མདའ་འཕང་བ་ལྟ་བུ་མཐུ་རྩལ་ཆེ་བ། ཁྱབ་འཇུག་གཟའ་ཡི་སྔགས་ནི་སྟོབས་ཆེན་གྱི་སྒྱོགས་རྡོ་ལྟ་བུ་དྲག་ལ་མྱུར་བ། གླེན་པ་ཀླུ་ཡི་སྔགས་ནི་ས་འོག་གི་རལ་གྲི་ལྟ་བུ་མི་ཚོར་བར་བསྐྱོད་པ་ལ་སོགས་པ། སྡེ་བརྒྱད་ལ་མཚོན་ཆ་བརྒྱད་ཀྱི་སྔགས་ཡོད་པའི་སྒྲུབ་པ་ལོག་གནོན་གབ་བྱང་དང་བཅས་པ་མཛད་ཡོད་པ་རེད། དེ་ཡང་འཆི་བདག་གཤིན་རྗེའི་དྲག་སྔགས་དེ་ཉིད་སྐྱེས་པ་དར་མའི་སྙིང་ཤུན་དུ་སྒྲུབ་ལུགས་ལྟ་བུ་དང་། ནད་བདག་མ་མོའི་དྲག་སྔགས་དེ་དག་སྣེལ་གྲི་མོ་ཡི་སྙིང་ཤུན་ལ་བསྒྲུབ་དགོས་གསུངས་པ་ལྟ་བུ། གདུག་རྩུབ་གནོད་སྦྱིན་གྱི་དྲག་སྔགས་དེ་དག་ར་ཁམ་པ་གདན་དམར་གྱི་སྙིང་ཤུན་ཏུ་སྒྲུབ་པ་ལ་སོགས་པ་མདོར་ན་སྒྲུབ་ཐབས་གནད་ཀྱི་ཡིག་ཆུང་དང་བཅས་པ་མཛད་དེ་གཏེར་དུ་སྦས། སློབ་དཔོན་པདྨ་ཐོད་ཕྲེང་གིས་སྲིད་པའི་ལྷ་སྲིན་ཆེ་དགུའི་སྲོག་སྙིང་འཕྲོག་སྟེ་རྩིས་སུ་དེ་ལྟར་ཕབས་པ་ཡིན་ཞིང་། ཐ་མ་འོད་གསལ་དག་པའི་ཞིངཿ བདེ་བ་ཆེན་པོའི་ཕོ་བྲང་དུཿ རིག་འཛིན་པདྨ་དབང་ཆེན་ལཿ པད་འབྱུང་དྲི་མེད་འོད་ཟེར་གྱིསཿ ཀློང་ཆེན་ཟབ་བརྒྱའི་དབུགས་དབྱུང་ཞིངཿ ཞེས་གསུངས་ཏེ། ཐ་མ་འོད་གསལ་དག་པའི་ཞིང་། ཞེས་གསུངས་ན། དང་པོ་ཀུན་བཟང་དཔལ་ཆེན་ཧེ་རུ་ཀས་དམ་ཚིག་གཉན་པོའི་གྲལ་དུ་བཞག བར་དུ་པདྨ་འབྱུང་གནས་ཀྱིས་སྲོག་སྙིང་འཕྲོག་སྟེ་རྩིས་སུ་ཕབས། ཐ་མ་འོད་གསལ་དག་པ་རབ་འབྱམས་ཀྱི་སྣང་ཆ་རུ་ཤར་བའི། བདེ་བ་ཆེན་པོའི་ཕོ་བྲང་དུ་ཞེས་གསུངས་ན། བདེ་ཆེན་དག་པའི་ཞིང་བདེ་བ་ཆེན་པོའི་ཕོ་བྲང་དུ། རིག་འཛིན་པདྨ་དབང་ཆེན་ལ། ཞེས་གསུངས་ན། ཀུན་མཁྱེན་འཇིགས་མེད་གླིང་པའམ། མཚན་གཞན་རིག་འཛིན་པདྨ་དབང་ཆེན་ལ། པད་འབྱུང་དྲི་མེད་འོད་ཟེར་གྱིས། ཀློང་ཆེན་ཟབ་བརྒྱའི་དབུགས་དབྱུང་ཞིང་། ཞེས་གསུངས་ན། གསང་བ་ཆེན་པོའི་ཉམས་སྣང་རྟོགས་བརྗོད་ཆུ་ཟླའི་གར་མཁན་གྱི་ནང་དུ་གསུངས་པ་ལྟར། ཡབ་རིག་འཛིན་པདྨ་འབྱུང་གནས་ཏེ། །སྐུ་གསུམ་རིག་འདུས་ཀྱི་རྣམ་རོལ་ཅན། །རྟེན་མེད་དུ་བར་སྣང་དབྱིངས་ལ་བཞུགས། །དེའི་གཡས་གཡོན་ན་བཱི་མ་པ་གོར་ཞབས། །འཁོར་དཔའ་བོ་ཌཀྐིའི་ཚོམ་བུས་མཛེས། ཞེས་པད་འབྱུང་བཱི་མ་བཻ་རོ་གསུམ་གྱིས་ཞལ་གཟིགས་པའི་སྐབས་སུ། དེ་ཡང་ཀུན་མཁྱེན་འཇིགས་གླིང་རང་ཉིད་ཀྱིས། མོས་གུས་ཀྱི་དྲན་པ་དབང་མེད་སྟོར། །རིག་པ་སྐར་མདའ་འཕངས་བ་བཞིན། །རྗེ་བཙུན་གུ་རུའི་ཐུགས་ཀར་ཐིམ། །དེར་རིག་པ་རྩལ་གྱི་དབང་ཆེན་ཐོབ། ཅེས་གསུངས་པ་དང་། གཞན་ཡང་། རྒྱལ་སྲས་པདྨ་དགེ་བའི་བཤེས་གཉེན་གྱི། །རྫུ་ལ་ཞུགས་པ་ཀློང་ཆེན་དྲི་མེད་ཀྱི། །ཞལ་མཐོང་ཙམ་གྱིས་བག་ཆགས་སྡིག་སྒྲིབ་ཟད། །གསུང་ཐོས་ཙམ་གྱིས་རྟོགས་པའི་ཀློང་ཆེན་རྡོལ། ཞེས་གསུངས་པ་དང་། ཡང་དངོས་སམ་ཉམས་སྣང་དུ་རྔ་ཡབ་དཔལ་རིར་གུ་རུའི་དྲུང་དུ་ཕེབས་ནས་བྱིན་རླབས་ཀྱི་དབང་ཆེན་ཐོབ་པའི་རྣམ་ཐར་ལྟར། པདྨ་འབྱུང་གནས་ཀྱིས་ཀློང་ཆེན་ཟབ་བརྒྱའི་དབུགས་དབྱུང་མཛད་པ་དང་། ཡང་ན་པད་འབྱུང་དྲི་མེད་འོད་ཟེར་གྱིས། ཞེས་གསུངས་པ་པད་འབྱུང་དངོས་སུ་བྱོན་ནས་སླར་ཡང་གསང་སྔགས་ཀྱི་དམ་ཆོས་བསྟན་པ་དང་གཉིས་སུ་མ་མཆིས་པ་པད་འབྱུང་དྲི་མེད་འོད་ཟེར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་རྫོགས་ཆེན་བསྟན་པའི་ཤིང་རྟ་བ་གཅིག་པུ་དེས་ཞེས་གོ་བ་བླངས་ནའང་ཆོག་པ་རེད། ཕྱི་ལྟར་འགྲོ་འདུལ་དྲི་མེད་ཧཱུྃ་ཆེན་རྗེ། །ནང་ལྟར་སེངྒེའི་སློབ་དཔོན་མཉྫུ་ཤྲི། །གསང་བ་ཡེ་ཤེས་སྐུ་ཅན་ཀློང་ཆེན་པས། །བརྡ་ཐབས་རྟེན་འབྲེལ་དུ་མས་དོན་བརྒྱུད་བྱིན། ཞེས་གསུངས་པ་ལྟར། ཀུན་མཁྱེན་འཇིགས་མེད་གླིང་པ་ལ་རྒྱལ་བ་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ། ཡེ་ཤེས་དབྱིངས་ཀྱི་བརྡ་ཚིག་གི་སྒོ་ནས་བརྗོད་བྱ་དོན་གྱི་དགོངས་བརྒྱུད་འཕོ་བར་གྱུར་ཅིག འཕོ་བར་གྱུར་ཅིག རྗོད་བྱེད་ཚིག་གི་བརྒྱུད་པ་རྫོགས་པར་གྱུར་ཅིག རྫོགས་པར་གྱུར་ཅིག ཅེས་གསུངས་ནས་ཀློང་ཆེན་ཟབ་བརྒྱའི་དབུགས་དབྱུང་མཛད་དེ། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ ཀློང་གསལ་བརྡ་རིས་སྤྲད་པའི་ཚེཿ ཞེས་གསུངས་ན། ཡེ་ཤེས་ཀྱི་མཁའ་འགྲོ་མ་སྔགས་ཀྱི་སྲུང་མས་སྙོམས་འཇུག་གི་བདེ་ཆེན་བསྟབ། ཚེ་རིང་མཆེད་ལྔས་ལམ་གྲོགས་མཛད་དེ། ཀློང་གསལ་དགོངས་པའི་བརྡ་རིས་སྤྲད་པའི་སྐབས་སུ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་གྲོལ་ཏེ་དགོངས་པའི་གཏེར་ཆེན་བརྡོལ། གང་སྣང་བརྡ་དང་དཔེ་ཆར་ཤར་བའི་ཚེ་ན། གཟའ་རྒོད་སྲོག་གི་སྤུ་གྲི་སོགསཿ བཀའ་སྲུང་གཉན་པོས་ཁས་བླངས་བཞིནཿ མཆོད་གཏོར་རྒྱན་ལྡན་འདི་བཞེས་ལཿ ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོདཿ ཅེས་གསུངས་ཏེ། བརྡ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་དེ་ཉིད་དགོངས་པའི་ཀློང་ནས་ཕྱུངས་པའི་སྐབས་སུ། གཟའ་རྒོད་སྲོག་གི་སྤུ་གྲི་དང་བཀའ་སྲུང་མ་མགོན་ལྕམ་དྲལ། དམ་ཅན་རྡོ་རྗེ་ལེགས་པ་ལ་སོགས་པས་བཀའ་སྲུང་བར་དམ་ཚིག་གཉན་པོ་བར་ལ་བཞག་ནས་ཁས་བླངས་པའི་ཆད་ཐོ་བཞིན་དུ། མཆོད་གཏོར་རྒྱན་ལྡན་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། ཅེས་གསུངས་ན། བཀའ་སྲུང་མཆོད་པའི་གཏོར་མ་འདོད་དགུ་འབྱུང་བའི་གཏེར་ཆེན། མཐུན་རྫས་སྤྱན་གཟིགས་ཀྱི་རྒྱན་དང་ལྡན་པ་འདི་དང་འདི་དག་བཞེས་ལ། ཞི་རྒྱས་དབང་དྲག་ལ་སོགས་པའི་ལས་ཀྱི་འཕྲིན་ལས་གང་བཅོལ་བ་དེ་འགྲུབ་པར་མཛོད་ཅེས་འཕྲིན་ལས་བཅོལ་བ་རེད། ཆོས་བྱེད་སྒྲུབ་ལ་བར་གཅོད་ཡོང་བའི་སྐབས་སུ་མངོན་སྤྱོད་གློ་བུར་བ་བྱེད་པ་ལས་ཚོགས་ཐ་མ་དང་སྦྲེལ་ནས་ཆད་ཐོ་ཟོར་དུ་འཕེན་པའི་ལུགས་ཀྱང་ཡོད་པས་དེ་ལྟར་བྱས་ནའང་ཆོག་པ་རེད། སྔར་གཏོར་འགུག་སྐབས་ཀྱི་དམིགས་བྱའི་དགྲ་བོ་མདུན་དུ་བཀུག་སྟེ་གཏོར་འབུལ་གཟུ་དཔུང་གི་ཚུལ་དུ་བྱས་ནས། བཞེངས་བསྐུལ་གྱིས་ཐུགས་རྒྱུད་བསྐུལ། ཆད་ཐོ་ཟོར་དུ་འཕེན་པ་དྲག་པོའི་ལས་ལྟར་སྦྱར་ནའང་ཆོག་པ་རེད།

དགུ་བ་བསྟན་མ་སྐྱོང་བ།

དགུ་བ་བསྟན་མ་སྐྱོང་བ་ནིཿ ཞེས་གསུངས་ན། བོད་སྐྱོང་བསྟན་མ་བཅུ་གཉིས་འདི་སློབ་དཔོན་ཆེན་པོའི་ཐུན་མོང་མ་ཡིན་པའི་བཀའ་ཡི་ཕོ་ཉ་ཡིན་ཞིང་། དེའི་སྟབས་ཀྱིས་གསང་སྔགས་སྔ་འགྱུར་པའི་ཆོ་ག་ཐམས་ཅད་ལ་བསྟན་མ་སྐྱོང་བའི་རྣམ་གཞག་འདི་འབྱུང་བ་རེད། བསྟན་མ་བཅུ་གཉིས་བོད་གངས་ཅན་སྤྱིའི་ཡུལ་ལྷ་རུ་མངའ་གསོལ་མཛད་དེ། མུ་སྟེགས་ཀྱི་རྒོལ་བ་སྲུང་བའི་བཀའ་བསྒོས་མཛད་ཡོད་པས། དེའི་གཡར་དམ་ལས་ནམ་ཡང་མི་འདའ་བ་ཡིན་པ་རེད། འཕྲོག་བྱེད་དགའ་བོ་མ་ཐར་བར་ས་མཚམས་ཤིག་ནས་ཤི་བའི་ལོ་རྒྱུས་ལྟ་བུ་རེད། བསྟན་མ་སྐྱོང་བའི་སྐབས་འདིར་འབྲུ་གསུམ་ཨོཾ་ཨཱ་ཧཱུྃ་གིས་བསྟན་མའི་གཏོར་མ་བདུད་རྩིའི་རྒྱ་མཚོར་ཆེན་པོར་བྱིན་གྱིས་རླབས་ནས། ཧཱུྃཿ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོངཿ མ་སྲིང་བསྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཅེས་གསུངས་ཏེ། དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང། །མ་སྲིང་བསྟན་མ་བཅུ་གཉིས་རྣམས། ཞེས་གསུངས་ན། གོང་དུ་ཞུས་པ་ལྟར་སློབ་དཔོན་པདྨ་འབྱུང་གནས་ཀྱིས། སྣང་སྲིད་དབང་དུ་སྡུད་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་བའི་སྐབས་སུ། དབང་དང་དྲག་པོ་གཉིས་ཀ། ཁྱད་པར་དུ་དྲག་པོའི་དཔལ་གྱི་ཚམ་རྔམ་གྱིས་གཟིར་བའི་སྐབས། སློབ་དཔོན་ཆེན་པོའི་བཀའ་བསྒོས་དམ་འོག་ནས་བཀའ་ཉན་བྲན་དུ་ཁས་བླངས་ཤིང་བོད་ཁམས་སྐྱོང་བར་ཞལ་གྱིས་བཞེས་པའི་མ་སྲིང་བསྟན་མ་བཅུ་གཉིས་ནི། བདུད་མོ་བཞི་དང་། གནོད་སྦྱིན་མོ་བཞི། སྨན་མོ་བཞི་བཅས་བཅུ་གཉིས་ཏེ། བདུད་མོ་བཞི་ནི། བྱང་གི་གནམ་མཚོ་ཕྱུག་མོའི་འགོ་ཡུལ་ཇོ་མོ་ལྷ་རི་གསང་མཚན་དུ་རྡོ་རྗེ་ཀུན་གྲགས། ལ་སྟོད་བྱང་གི་དཔལ་ལྡན་ཧ་རི་གསང་མཚན་དུ་རྡོ་རྗེ་གཡའ་མ་སྐྱོང་། གཙང་ཉང་སྟོད་ཀྱི་གནོད་སྦྱིན་གང་བཟང་གི་ཡུམ་གསང་མཚན་དུ་རྡོ་རྗེ་ཀུན་བཟང་མ། ཡར་འབྲོག་གི་འབྲོག་ཆེན་འཁོར་འདུལ། འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། ཞེས་གསུངས་ཡོད་པ་དེ་བཅས་བདུད་མོ་བཞི་དང་། གནོད་སྦྱིན་མོ་བཞི་ནི། གངས་དཀར་ཤ་མེད། ཁ་རག་ཁྱུང་བཙུན། མཁའ་ལྡིང་ཀླུ་མོ་རྒྱལ། རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ་དང་བཅས་བཞི། སྨན་མོ་བཞི་ནི། ཀོང་བཙུན་དེ་མོ། བཙན་ལ་ལ་རོ། གཙང་གི་ཇོ་མོ་ནགས་རྒྱལ། གཡུ་དྲིལ་ས་ལེ་སྨན་བཅས་བཞི་རེད། འདི་དག་གི་རྟེན་པའི་གནས་གསང་བའི་ཡུལ་ཇི་ལྟར་དམ་ལ་བཏགས་པ་ཞིབ་པར་ཐང་ཡིག་སྡེ་ལྔ་སོགས་སུ་ཡོད་པ་རེད། བསྟན་མ་བཅུ་གཉིས་འདི་ངེས་དོན་གྱི་དབང་དུ་བཏང་ན་ཡེ་ཤེས་ཀྱི་དབྱིངས་ན་བཞུགས་པའི་མཁའ་འགྲོ་མ་རྐྱང་རྐྱང་ཡིན་པས། གཞིའི་དུས་ན་རྟེན་འབྲེལ་བཅུ་གཉིས་དང་དུས་སྦྱོར་བཅུ་གཉིས་དག་པའི་སྣང་ཆ། ལམ་གྱི་དུས་སུ་དགའ་བ་བཅུ་གཉིས་ཀྱི་འགྲོས་དག་པ་དང་སྦྱར་ཏེ་གསུངས་ཡོད་པ་རེད། འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། ཅེས་གསུངས་ན། དེ་ལྟ་བུའི་བསྟན་མའམ་བསྟན་སྐྱོང་ཆེན་མོ་རྣམས་སྒྲུབ་པའི་གནས་འདིར་བྱོན་ནས་གཏོར་མའི་བཤལ་ཆུ་བཞེས་ལ། ཅི་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད་ཅེས་གསུངས། མ་མ་ཧྲཱིཾ་ཧྲཱིཾ་བྷ་ལིངྟ་ཁཱ་ཧིཿ ཞེས་གསུངས་པའི་སྔགས་དོན་ནི། མ་མོ་བཅུ་གཉིས་འདིར་འདུས་ཏེ་གཏོར་མ་བཞེས་གསུངས་པའི་དོན་རེད། བཤལ་ཆུ་ཞེས་གསུངས་པ་ནི་འདིའི་སྔོན་དུ་ཆད་ཐོའི་གཏོར་མ་ལ་བྲན་པའི་བདུད་རྩིའི་ཆབ་གཙང་དེ་རེད། སྤྱིར་གཏོར་མ་ཞེས་པ་འགའ་ཞིག་སྒྲུབ་རྟེན་ཡིན་པ་དང་། མཚམས་རེ་མཆོད་རྫས་ཡིན་པ། ཡང་སྐབས་རེ་འགར་བགེགས་དང་འཕྲོག་མ་ལ་གཏོར་མ་སྦྱིན་དགོས་པས་འདི་དག་ཇི་ལྟར་རེད་སྙམ་ན། གཏོར་མ་ཟེར་ཚད་ཐམས་ཅད་གཅིག་མཚུངས་མ་རེད། གཏོར་མའི་དབྱིབས་དང་ཁ་དོག རྒྱན། ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་ཚུལ་ཡང་མི་འདྲ་བས། བསྒྲུབ་པའི་གཏོར་མ། མཆོད་པའི་གཏོར་མ། འཕྲིན་བཅོལ་གྱི་གཏོར་མ། ཐ་ན་ཟག་པ་རྒྱུན་གྱི་གཏོར་མ་ལའང་གཏོར་མའི་སྒྲ་འཇུག་པ་རེད། དེ་ལ་སོགས་པ་གཏོར་མའི་མིང་ཐོག་ས་མང་ཡང་། དོན་གྱི་ཁྱད་པར་གྱི་རྣམ་དབྱེ་ཤེས་དགོས་པ་རེད། ཡང་སྒོས་སུ་སྐབས་དང་བསྟུན་ནས་ཏིང་ངེ་འཛིན་གྱིས་འཕྲལ་དང་འཕྲལ་དུ་ཁ་བསྒྱུར་དགོས་པ་ཤིན་ཏུ་མང་། འདིའི་ལག་ལེན་གཙོ་ཆེ་བ་ཤེས་པ་བཞིའི་སྟེང་ནས་ངེས་པ་བསྟན་ཡོད། མཆོད་པར་ཤེས་དགོས་པའི་དུས་དང་། ལྷར་ཤེས་དགོས་པའི་དུས། དམག་དཔུང་དང་ཟོར་དུ་ཤེས་དགོས་པའི་དུས། དེ་བཞིན་མཆོད་པ་སྦྱིན་པ་སོ་སོར་ཤེས་དགོས་པ་ལ་སོགས་སྐབས་བབས་ཀྱི་དགོས་པ་དང་དགོངས་གནད་ཀྱི་འགྲོས་དེད་ན་མཁྱེན་ངེས་རེད། གཏོར་མ་འདི་ལ་མི་བཟུང་བར་གཏོང་དགོས་པའི་གཏོར་མའི་རིགས་ཤིག་དང་། མི་གཏོང་བར་བཟུང་དགོས་པའི་གཏོར་མའི་རིགས་ཏེ་གཉིས་ཡོད་པ་རེད། བསྒྲུབ་པ་བྱེད་པའི་དུས་སུ་དཔལ་གྱི་གཏོར་མ་བཟུང་དགོས་པ་དང་། རྒྱུན་གཏོར་དང་འབྱུང་པོའི་གཏོར་མ་ནང་ནུབ་བཞིན་བཏང་དགོས་པ་ལྟ་བུ་རེད། གཏོང་དགོས་རྒྱུའི་གཏོར་མ་བཟུང་ན་བགེགས་འདུས་པ་དང་། བཟུང་དགོས་རྒྱུའི་གཏོར་མ་བཏང་ན་དངོས་གྲུབ་ཡལ་བ་སོགས་དེ་འདྲའི་རྣམ་གཞག་དང་དབྱེ་བ་ཡོད།

བཅུ་པ་རྟ་བྲོ་བྱ་བ།

བཅུ་པ་རྟ་བྲོ་བྱ་བ་ནིཿ ཞེས་གསུངས་ཏེ། འདིའི་སྐབས་ཀྱི་དམིགས་གནད་གཏོར་གཞུང་རི་རབ་ཏུ་གསལ་ནས་དེའི་འོག་ཏུ་རྡོ་རྗེའི་རྒྱ་གྲམ་ཞིག་ཡོད་པར་བསམ་སྟེ། སྲིད་པ་སྤྱི་ནོན་གྱི་དགོངས་པ་དང་ལྡན་པའི་ངང་ནས་རྟ་བྲོ་འདི་བརྡུང་དགོས་པ་རེད། ཧཱུྃཿ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿ ནམ་ཡང་ལྡང་བར་མ་གྱུར་ཅིགཿ ཅེས་གསུངས་ཏེ། རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ། དཀྱིལ་འཁོར་ཆེན་པོ་དེ་ལ་ཞུགས་པའི་སྐབས་འདིར། བདག་ཅག་རྣལ་འབྱོར་པ་ལ་དམ་ལས་འགལ་ཞིང་ཉམས་པར་གྱུར་པའི་ལོག་པར་འདྲེན་པའི་འདྲེ་གདོན། སྔར་དབང་གི་དཀྱིལ་འཁོར་གཅིག་ཏུ་ཞུགས་ནས། རྗེས་སུ་དམ་ལས་ཉམས་ཤིང་དམ་འདྲེ་རུ་གྱུར་སོང་བའི་སྟབས་ཀྱིས། ད་ཡང་ནང་འདི་ཞིག་ན་འཚང་ནས་སྲུང་བའི་གུར་ཁང་གི་ནང་དུ་གབ་ཡོད་པའི་དམ་སྲི་ཀུན། སྟོང་ཆེན་སྲིད་པའི་མར་ཞབས་ས་འོག་རིམ་པ་དགུའི་མ་མཐའ་རུ་མནན་ནས། ཐེག་པ་རིམ་པ་དགུའི་རྒྱ་རིམ་པ་དགུ་བརྩེགས་ཤིག་བཏབ་སྟེ། ནམ་ཡང་ཐར་མེད་གྲུ་གསུམ་ཨེ་ཡི་བཙོན་ཁང་དུ་བཙུད་པ་ཡིན་པས་ལྡང་བར་མ་གྱུར་ཅིག་ཅེས་གསུངས་པ་རེད། དམ་སྲིའི་མནན་པ་འདི་སྒོ་ཕྱི་ནང་གཉིས་ཀའི་མཚམས་སུ་བྱེད་དགོས་པ་ནི། ཕྱི་ནང་གཉིས་ཀའི་མཚམས་འདི་ན་མ་རུངས་པ་ཞིག་ཡོད་པས་ན། ཕྱི་ནང་གཉིས་ཀའི་མཚམས་སུ་དམ་སྲི་མནན་དགོས་པ་རེད། འདི་འདྲ་བ་ཤོར་སོང་བའམ་མནན་པའི་འོག་ཏུ་མ་ཆུད་པ་མིའི་ཁོག་ཏུ་ཞུགས། ཁྱད་པར་དུ་སྒྲུབ་པའི་གྲལ་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་བསྟན་པའི་སེལ་ཆེན་པོ་བྱེད་པ་རེད། རྗེ་མི་ལ་རས་པས། ཕྱི་ཙནྡན་ནགས་ཀྱི་ལྗོན་ཤིང་ལ། །ཤིང་སྟར་ཡུ་ནང་ནས་མ་ཤོར་ན། །ཕྱི་མོན་པ་སྟར་ཐོགས་ཡོང་དོན་མེད། །ཤིང་ནང་སྲིད་སྡོམ་ཤིག་རྗེ་འབངས་རྣམས། ཞེས་གསུངས་པ་ཡང་དེ་ལྟ་བུར་དགོངས་པ་སྟེ། ཁྱད་པར་དུ་དབང་ཡོད་ཁས་དྲག་མིང་ཆེན་འཛིན་པའི་མིའི་ཁོག་ཏུ་དམ་སྲི་ཞུགས་ན་གནོད་ཚབས་དེ་བས་ཀྱང་ཆེ་བ་རེད། སྟྭཾ་བྷ་ཡ་ནནཿ ཞེས་གསུངས་ཏེ། སྟྭཾ་བྷ་ཡ་ཤོར་མེད་དུ་གནོན་པའི་ཚིག་ཏེ། ནན་ཞེས་པ་བོད་སྐད་རེད། ནན་གྱིས་གནོན་པའི་དོན་ཅན་གྱི་ནན་འདི་སྔགས་ཚིག་ཏུ་བྱིན་གྱིས་བརླབས་པ་ཞིག་རེད། མདོར་ན་རྟ་བྲོ་འདི་གཉིས་འཛིན་ལས་ཤར་བའི་དགྲ་བགེགས་ཐམས་ཅད་ཡེ་ཤེས་ལྔ་ཡི་ཀློང་ལས་ནམ་ཡང་ལྡང་མེད་དུ་རྒྱས་འདེབས་པའི་དོན་ཅན་ཞིག་རེད། སྤྲོས་བཅས་ཀྱི་སྐབས་སུ་མཆེད་ལྕམ་ཐམས་ཅད་ཀྱིས་ཞི་རྒྱས་དབང་དྲག་གི་བྲོ་བརྡུང་བ་ཡང་ཡོད། དུས་རྒྱུན་དམིགས་པ་ཙམ་གྱིས་འགྲུབ། འདི་མངོན་སྤྱོད་ཀྱི་ལས་ཐམས་ཅད་ཀྱི་མཇུག་སྡོམ་ལྟ་བུའང་ཡིན། དེ་ཡན་གྱིས་ཚོགས་ཀྱི་འཁོར་ལོའི་རིམ་པ་ཡོངས་རྫོགས་སོང་ཟིན་ནས། ཚོགས་ཞིང་གི་ལྷ་ཚོགས་མཆོད་པས་ཚིམས། རྣལ་འབྱོར་བ་རྡོ་རྗེའི་བཟའ་ལྟུང་གིས་ཚིམས། ཡེ་ཤེས་ཀྱི་འཁོར་ལོ་བདུད་རྩིའི་དྭངས་མས་ཚིམས། ལུས་དཀྱིལ་གྱི་ལྷ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་ཀྱིས་ཚིམས། ཕྱི་ནང་གི་མཁའ་འགྲོ་རྡོ་རྗེའི་གླུ་ཡིས་ཚིམས། དྲེག་པ་ལས་བྱེད་ཀྱི་འབྱུང་པོ་རྣམས་གཏོར་མས་ཚིམས་ཏེ་ཚིམས་པ་དྲུག་དང་ལྡན་པའི་རྗེས་སུ།

བཅུ་གཅིག་དངོས་གྲུབ་བླང་བ།

བཅུ་གཅིག་དངོས་གྲུབ་བླང་བ་ནིཿ ཞེས་གསུངས། རང་རེའི་འདི་འདྲའི་བསྙེན་སྒྲུབ་ལ་མཚོན་ལ་ཞག་ཐ་མ་སྒྲུབ་པ་ཆེན་པོའི་དངོས་གྲུབ་ལེན་ཚེ། དེའི་སྔ་ནུབ་ལྟ་བུ་ལ་དངོས་གྲུབ་བསྐུལ་བའི་སྔགས་ཀ་ཡ་ཝཱཀྐ་ཙིཏྟ་ཤམ་བུ་རུ་སྦྱར་ནས་ལྡེའུ་གདག་པའི་ཚུལ་གྱིས་གསོག་པ་མན་ངག་གི་དགོངས་པ་རེད། དངོས་གྲུབ་ལེན་ཁར་བྱིན་འབེབ་ཅུང་རྒྱས་པ་རེ་བྱས་ན་ཆོག གཞན་ཧཱུྃ་ཧཱུྃ་ཧཱུྃ་རྗེ་བཙུན་ཆེན་པོ་ཐོད་ཕྲེང་རྩལ་ལ་སོགས་པ་དང་། བཞེངས་ཤིག་པདྨ་སོགས་ཀྱིས་དངོས་གྲུབ་བསྐུལ་ཏེ། དངོས་གྲུབ་ཀྱི་རྫས་སྤྱི་དང་། ཁྱད་པར་དུ་ཤེས་པ་རྣམ་གསུམ་གྱི་ནང་ནས་གཏོར་མ་ལྷར་ཤེས་པའི་ངང་ནས་དབང་དང་དངོས་གྲུབ་ལེན་བྱའི་ཡུལ་དུ་བྱས་ནས། ཡེ་ཤེས་ཀྱི་འཁོར་ལོ་ལོགས་སུ་ཕྱེས་ནས་གཏོར་མ་དང་གཉིས་མེད་དུ་གྱུར་པ་དེ་ལས། རང་ཉིད་དམ་ཚིག་གི་འཁོར་ལོས་དབང་ལེན་དགོས་པ་རེད། དུས་རྒྱུན་ལྟར་ན་ཚིག་དང་མཐུན་པའི་དོན་དྲན་བཞིན་དུ། ཧོཿ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམསཿ བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམསཿ རྡོ་རྗེ་སེམས་དཔའི་ནམ་ཡང་ལངསཿ དངོས་གྲུབ་སྩོལ་བའི་དུས་ལ་བབཿ ཅེས་གསུངས་ཏེ། རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས་ཞེས་པ་སོགས་ཀྱིས་དངོས་གྲུབ་བསྐུལ་བའི་སྙན་གསན་དབབ་པ་རེད། བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམས། ཞེས་གསུངས་ན། རིག་འཛིན་སྒྲུབ་པའི་དཀྱིལ་འཁོར་གྱི་དལ་ཞལ་ཕྱེས། བསྙེན་ཅིང་བསྒྲུབ་པར་དམ་བཅས་པའི་དམ་ཚིག་གི་ཞག་གྲངས་ཚང་བའམ་ཐེམས་པ། ཡང་ན་འགྲུབ་པའི་མཚན་མ་མཐོང་ཞིང་། རྡོ་རྗེ་སེམས་དཔའི་ནམ་ཡང་ལངས། ཞེས་གསུངས་ན། རྒྱུད་ཀྱི་ནང་དུ། མཚན་མ་བརྟན་པོར་བྱུང་བ་ན། །སྒྲུབ་པ་ཆེན་པོ་རྩམ་པར་བྱ། །རྡོ་རྗེའི་ཉི་མ་ནུབ་ནས་ནི། །སྐྱ་རེངས་འཆར་བའི་བར་དུ་བསྒྲུབ། ཅེས་གསུངས། སྒྲུབ་པའི་ཞག་གྲངས་ཚང་བའམ། འགྲུབ་པའི་རྟགས་བྱུང་སྟེ་དངོས་གྲུབ་ལེན་པར་འོས་པའི་ཐ་མའི་ཞག་དེ་རྡོ་རྗེ་དངོས་གྲུབ་སྒྲུབ་པའི་ཞག་ཡིན་པ་རེད། རྡོ་རྗེ་སེམས་དཔའི་ནམ་ཡང་ལངས་ཞེས་གསུངས་པ་སྐྱ་རེངས་འཆར་བའི་དུས་ལ་གསུངས་པ་རེད། འདི་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་ཡོད་པ་ནི། ཕྱི་ལྟར་ན་ཞག་དེའི་མཚན་མོར་དངོས་གྲུབ་བསྒྲུབས་ནས་ཕྱི་ཉིན་མ་ཚེས་ཙམ་གྱི་སྐྱ་རེངས་ཐོག་མར་འཆར་བའི་སྐབས་དང་། ནང་ལྟར་ན་ཤེས་རབ་མའི་དམར་ཆ་ནུབ་ཅིང་ཐབས་ཀྱི་ཐིག་ལེ་སྟོབས་སུ་གྱུར་བའི་སྐྱ་རེངས་འཆར་བ་དང་། གསང་བ་ལྟར་ན་རྣལ་འབྱོར་པའི་རྒྱུད་ཀྱི་ཉོན་མོངས་ནུབ་སྟེ་སྐུ་དང་ཡེ་ཤེས་ཏིང་འཛིན་གྱི་ཉམས་རྙེད་པའི་སྐྱ་རེངས་འཆར་བ་གསུམ་པོ་དང་སྦྱར་ནས་གོ་བ་ལེན་པ་དང་། གཞུང་གཞན་དུ། སྲོད་ལ་འཕྲོ་འདུ་ལམ་དུ་བྱས་ཏེ་ལྷ་ལས་དངོས་གྲུབ་ལེན་པ་དང་། ནམ་གུང་སྒྲོལ་བ་ལམ་དུ་བྱས་ཏེ་དགྲ་ལས་དངོས་གྲུབ་ལེན་པ། ཐོ་རངས་སྦྱོར་བ་ལམ་དུ་བྱས་ཏེ་ལས་རྒྱ་ལས་དངོས་གྲུབ་ལེན་པ་ལ་སོགས་པ་གཙོ་བོ་སྦྱོར་སྒྲོལ་དང་སྦྱར་ནས་གསུངས་པ་དེའང་འདིའི་ནང་དུ་འཐུས་པ་ཞིག་རེད། དེ་ལྟ་བུའི་ཚུལ་དང་སྦྱར་ན། གནས་ཡུལ་ཉེར་བཞི་རུ་བཞུགས་པའི་མཁའ་འགྲོའི་གཙོ་མོ་རྣམས་རྩ་ཁམས་རླུང་གསུམ་དུ་ཞུགས་ཏེ་བྱིན་གྱིས་བརླབས་ཚེ། ལུས་ལ་བདེ་བ་འབར། ངག་ལ་ནུས་པ་འབར། སེམས་ལ་རྟོགས་པ་འབར་ཏེ། འབར་བ་གསུམ་གྱི་དངོས་གྲུབ་འབྱུང་བ་རེད། ནང་ལ་འབར་བ་གསུམ་ཐོབ་ན་ཕྱི་རོལ་དུ་འདུ་བ་རྣམ་གསུམ་རང་ཤུགས་ཀྱིས་ཡོང་བ་སྟེ། འདུ་བ་གསུམ་ནི་ཉིན་པར་མི། ནུབ་མོར་མཁའ་འགྲོ། ནང་ནུབ་ཟས་ནོར་འདུ་བ། འདུ་བ་རྣམ་གསུམ་དབྱར་གྱི་མཚོ་ལྟར་སྐྱིལ། །འབར་བ་རྣམ་གསུམ་དུས་མཐའི་མེ་ལྟར་སྦོར། ཞེས་གསུངས་པའི་འཕྲིན་བཅོལ་དངོས་སུ་འགྲུབ་ཡོང་བ་རེད། མདོར་ན་དངོས་གྲུབ་སྩོལ་བའི་དུས་ལ་བབས་པས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནསཿ མི་གནས་ཡེ་ཤེས་གསང་བ་མཆོགཿ རྡོ་རྗེ་གསུམ་གྱིས་བྱིན་རློབས་ལཿ མཆོག་དང་ཐུན་མོང་དངོས་གྲུབ་ཀུནཿ ད་ལྟ་ཉིད་དུ་ཐོབ་པར་སྩོལཿ ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། ཞེས་གསུངས་ན། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་གསུམ་སྟེ། གསང་བ་གསུམ་གྱི་དཀྱིལ་འཁོར་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དང་། མི་གནས་ཡེ་ཤེས་གསང་བ་མཆོག ཅེས་གསུངས་ན། ཟག་མེད་བདེ་བ་ཆེན་པོའི་རང་བཞིན། སྲིད་ཞི་གཉིས་ཀྱི་མཐར་མ་ལྷུང་ཞིང་། མི་གནས་ཀྱི་ཡེ་ཤེས་གསང་བ་བྱང་ཆུབ་ཀྱི་སེམས་གང་ཐོབ་པར་བྱ་བའི་དངོས་གྲུབ་མཆོག རྡོ་རྗེ་གསུམ་གྱིས་བྱིན་རློབས་ལ། ཞེས་གསུངས་ན། བདག་གི་གནས་བཞིར་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀུན་ད་ལྟ་ཉིད་དུ་སྟན་ཐོག་འདི་ནས་ཐོབ་པ་སྟེ། ད་ལྟ་ཉིད་དུ་ཐོབ་པར་སྩོལ། ཞེས་བསྒྲུབ་བྱ་དང་སྒྲུབ་བྱེད་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ་ཞེས་གསུངས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃཿ ཞེས་གསུངས་ན། ཨོཾ་ཨཱཿཧཱུྃ་ནི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ནི་རྡོ་རྗེའི་བླ་མ་པདྨ་ཐོད་ཕྲེང་རྩལ། བཛྲ་ས་མ་ཡ་ཛཿནི་རྡོ་རྗེའི་དམ་ཚིག་པ་དང་གཉིས་མེད་དུ་གྱུར་པ། ཀཱ་ཡ་ནི་ལུས་སྤྲུལ་སྐུ། ཝཱཀྐ་ནི་ངག་ལོངས་སྐུ། ཙིཏྟ་ནི་སེམས་ཆོས་སྐུ ཨ་ལ་ལ་ནི་ངོ་མཚར་བའི་ཚིག སིདྡྷི་ནི་དངོས་གྲུབ། ཕ་ལ་ནི་བཟང་པོ། ཧཱུྃཿནི་བདག་ལ་རྩོལ་ཅིག་ཅེས་སྔགས་དོན་དེ་ལྟར་ཡིན་པ་རེད། དེ་ཡང་དངོས་གྲུབ་བསྐུལ་བའི་ཚིག་དང་སྔགས་འཕྲོའི་འཕྲོར་འབྱུང་བ་འདི། ཚིག་གིས་དངོས་གྲུབ་བསྐུལ་བ་ཙམ་དང་། སྔགས་ཀྱིས་གནད་ལ་ཕབས་པ་ཡིན་ཞེས་གསུངས་པ་རེད། གཞན་ཡང་། དོན་རྣམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་རྟགས་ཕྱག་རྒྱ་སྔགས་ཀྱི་སྒོ། ཞེས་གསུངས་པ་ལྟར། གསང་སྔགས་ལུང་གི་སྒོ་བཞིའི་ནང་གི་ཚིག སྔགས། ཏིང་འཛིན་གསུམ་གྱིས་བསྐུལ་བ་དང་ཕྱག་རྒྱའི་སྟབས་ཀྱིས་བསྡུ་བ་ཡིན་པས་ན་གོང་གི་ཚིག་དང་སྔགས་གཉིས་ལ་ཟློས་སྐྱོན་ཡོད་པ་མ་རེད། སྐབས་འདི་ལྟ་བུ་དང་བསྟུན་ནས། ཨ་ནུའི་བདེ་ཆེན་བྱང་ཆུབ་མཆོག་གི་དཀྱིལ་འཁོར་ལ་མངའ་བརྙེས་ན། རྫུ་འཕྲུལ་གྱིས་ནམ་མཁར་འགྲོ་ནུས་པ་དང་། སེམས་གསལ་སྟོང་ཡེ་ཤེས་ཀྱི་ངོ་བོར་གྱུར་བའི་སྟོབས་ཀྱིས་མངོན་ཤེས་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པ། ལས་རླུང་དག་པའི་རྐྱེན་གྱིས་ཚེ་ཉི་ཟླ་དང་མཉམ་པའི་རྡོ་རྗེའི་སྐུ་བརྙེས་ཏེ། རང་གཞན་གྱི་དོན་སྒྲུབ་པའི་ས་དང་ལམ་གྱི་མངོན་རྟོགས་བརྙེས་རྒྱུ་ཡོད་པ་རེད། གཞན་ཡང་གནས་སྐབས་ཙམ་དུའང་རལ་གྲི་དང་། མིག་སྨན། རིལ་བུ། རྐང་མགྱོགས་ལ་སོགས་པ་ཐུན་མོང་གི་གྲུབ་པ་ཐོབ་རྒྱུ་ཡོད་པ་ཡིན། དེ་ཡང་ད་ལྟ་ཉིད་ནས་ཀུན་ཏུ་བཟང་པོའི་ས་མཆོག་ཐོབ་སྟེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་འགྲོ་དོན་བྱེད་རྒྱུ་ཅུང་དཀའ་བ་ཡིན་ཡང་། དད་དང་དག་སྣང་རྣམ་པར་དག དབང་ཐོབ་དམ་ཚིག་ལ་གནས་ནས་བསྙེན་སྒྲུབ་ཚུལ་བཞིན་དུ་བགྱིས་ན། མོས་པས་སློབ་པའི་ལམ་འདི་བརྒྱུད་དེ་ངེས་རྫོགས་ཀྱི་ཐོག་ནས་དུས་མི་རིང་བར་དངོས་གྲུབ་ཐོབ་རྒྱུའི་ཡིད་ཆེས་མཛད་ཆོག་པ་རེད། དེ་ལྟར་སྐབས་འདི་དང་བསྟུན་ཏེ་དབུ་ནས་ས་བཅད་བཞག་པའི། རྒྱུ་མ་ནོར་བ་བསྐྱེད་རིམ་ལ་འཇུག་པའི་གཞི་དང་། རྐྱེན་མ་འཁྲུལ་བ་ཇི་ལྟར་བསྒོམ་པའི་ལམ་གཉིས་ཆེ་ལོང་ཙམ་གྱིས་བཤད་པར་བྱས་ནས། གསུམ་པ་འབྲས་བུ་རྣམ་པར་དག་པ་ཟུང་འཇུག་གི་སྦྱོར་ཚུལ་འདི་དང་སྦྲགས་ཏེ་མཚོན་བྱེད་ཙམ་ཞིག་ཞུས་ན། དེ་ཡང་འདིའི་ནང་གི་གབ་པ་བཞི་བ་དེ་གང་ཡིན་པ་རེད་ཅེ་ན། ཐ་མལ་ལུས་ལ་ཡེ་ཤེས་གབ། ཅེསགསུངས་པས། དེས་ཅི་བསྟན་པ་རེད་ཅེ་ན། འབྲས་བུ་རིག་འཛིན་རྣམ་བཞིའི་ས་རང་རྒྱུད་ནས་ཇི་ལྟར་བརྙེས་པ་བསྟན་པ་ཡིན། འདི་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔ་དང་སྦྱར་ནས། ས་བཅུ་དོན་གྱིས་བགྲོད་པ་རིག་འཛིན་རྣམ་པ་བཞིའི་སྒྲོམ་ནས་བཤད་དགོས་པ་རེད། དེས་ན་སྐྱེ་འཆི་ལ་རང་དབང་མ་ཐོབ་པ་རྣམ་པར་སྨིན་པའི་རིག་འཛིན་གྱི་སྐབས་སུ་བཞག་ན། ཚོགས་སྦྱོར་གཉིས་ལ་བསྐྱེད་རྫོགས་ཀྱི་ལམ་ནས་གོམས་པ་བསྐྱེད་དེ་བར་དོའི་གནས་སྐབས་སུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་རྣམ་སྨིན་རིག་འཛིན་དང་། ཆོས་མཆོག་ཆེན་པོ་མཐར་ཕྱིན་མཐོང་ལམ་བསྒོམས་ཏེ་སྐྱེ་འཆི་ལ་རང་དབང་ཐོབ་པ་སྐྱེ་ཤིའི་མིང་ཡང་མེད་པ་ཚེ་དབང་རིག་འཛིན། ས་གཉིས་པ་ནས་བཅུ་བའི་བར་གྱི་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་དུས་སྟེ། རྟེན་དེས་ལུས་དཀྱིལ་ཉམས་སུ་བླངས་ནས་དྲི་མ་ཕྲ་མོ་སྦྱངས་ན། མཐར་ཕྱིན་ལྷུན་གྲུབ་རིག་འཛིན་སངས་རྒྱས་ཀྱི་ས་ཁོ་ནར་གནས་པ་བཅས་རང་ལུགས་ཀློང་ཆེན་བརྒྱུད་པའི་བཞེད་པ་དེ་འདྲ་ཡིན་པ་རེད། དེའི་སྐབས་སུ་སྐུ་ལྔ་ཡང་རྫོགས་པར་ཐོབ་པ་ཡིན་དགོས། དེ་ཡང་འབྲས་བུའི་ས་དང་སྐུ་དང་ཡེ་ཤེས་དག རྣམ་པའི་ཆ་ནས་དབྱེ་བ་ཙམ་ཡིན་པ་སྟེ། ཡོན་ཏན་གྱི་གཏེར་དུ་གྱུར་བས་ན་ས་ཞེས་གསུངས་ཤིང་། སངས་རྒྱས་ཀྱི་ལུས་སུ་གྱུར་པས་ན་སྐུ་ཞེས་དང་། རང་བྱུང་གི་རིག་པར་གནས་པས་ཡེ་ཤེས། འགྲོ་བའི་དོན་མཛད་པས་ན་འཕྲིན་ལས་ཞེས་གསུངས་པ་དག མིང་སོ་སོར་བཏགས་པ་ཙམ་ལས་དོན་ངོ་བོ་གཅིག་ཡིན། དཔེར་ན། རྒྱུ་རྐྱེན་ལས་སྐྱེས་པས་དངོས་པོ། འཇིག་པའི་ཕྱིར་ན་མི་རྟག་པ། ཆུ་སྐྱོར་བའི་ནུས་པ་དང་ལྡན་པས་ན་བུམ་པ་ཞེས་བཏགས་པ་ཙམ་ལས་ངོ་བོ་གཅིག་པ་ཡིན་པ་ལྟ་བུ་རེད། ཐོག་མར་རྒྱུད་གསུམ་གྱི་ས་བཅད་བཞག་པའི་ནང་ནས་གང་དུ་མཐར་ཕྱིན་པའི་འབྲས་བུའི་རྒྱུད་དེ་སྐབས་འདིར་བསྟན་ལ་བདེ་ཆེན་བྱང་ཆུབ་མཆོག་གི་དཀྱིལ་འཁོར་མངའ་བརྙེས། རང་བྱུང་གི་ཡེ་ཤེས་ཉག་གཅིག་གི་ངོ་བོར་གྱུར་བ་རྡོ་རྗེ་ལྟ་བུའི་སྐུ། བདེ་བ་ཆེན་པོ་ཉག་གཅིག་གི་རང་བཞིན། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་མངའ་བདག སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་འབྲས་ཆོས་ཉེར་ལྔའི་རང་བཞིན་ཅན། དེ་ཡང་ཚུར་བསྡུས་ན། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་གསུམ་གྱི་བདག་ཉིད་ཅན། ཕར་ཕྱེས་ན། ཆོས་ཀྱི་དབྱིངས་ཀུན་ནས་འགེང་བའི་ཤེས་བྱའི་རྣམ་པ་ཐམས་ཅད་ལ་ཁྱབ་ཡོད་པ། ཡོན་ཏན་གྱི་ཁྱད་པར་ཚད་དཔག་ཏུ་མེད་པ་དེ་འདྲ་ཞིག་ཡིན་པ་རེད། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག ཅེས་གསུངས་པ་ལྟར། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་དང་བདེ་བའི་མཛད་པ་ནམ་མཁའ་ཇི་སྲིད་འཁོར་བ་མ་ཞིག་གི་བར་དུ་རྟག་ཁྱབ་ལྷུན་གྲུབ་ཀྱིས་འཇུག་པ་རེད། འདི་ལ་འབྲས་བུའི་རྒྱུད་གསུངས་པའི་རྒྱུ་མཚན་ནི། དོན་དུ་གཉེར་བྱ་མཐར་ཐུག་ཡིན་པ་དང་། སྣང་ཚུལ་ལ་གློ་བུར་བའི་དྲི་མ་བསལ་སྟོབས་ཀྱིས་མངོན་དུ་འགྱུར་པ་ཡིན་པས་ན་འབྲས་བུ་དང་། ནམ་ཡང་རྒྱུན་མི་ཆད་པས་ན་རྒྱུད་ཅེས་གསུངས། འབྲས་བུ་ཟུང་འཇུག་གི་གོ་འཕང་ཐོབ་ཚུལ་གྱི་རྣམ་གཞག་ལ་སྔགས་ཀྱི་ཁྱད་ཆོས་ཅི་ཡོད་སྙམ་ན། འདི་ལ་བཞེད་པ་མི་འདྲ་བ་གསུམ་ཡོད་ཅིང་། དེ་དག་གང་རེད་ཅེ་ན། སྤྱིར་མདོ་སྔགས་གཉིས་ཀ་ལམ་གྱི་ཉེ་རིང་ཙམ་ཞིག་མ་གཏོགས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཁྱད་པར་མེད་པའི་བཞེད་པ་ཞིག་དང་། གསང་སྔགས་རྡོ་རྗེའི་ཐེག་པའི་ལམ་ལ་མ་བསྟེན་པར་མཐར་ཐུག་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱེད་མི་ནུས་པར་འདོད་པ་ཞིག ཡང་མདོ་ལམ་ནས་རང་ལམ་གྱི་ས་བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་སའི་བར་འགྲོ་ནུས་པ་ཡིན་ཡང་མདོ་ལམ་གྱི་སངས་རྒྱས་བཏགས་པ་བ་དེས་སྔགས་ཀྱི་སྐབས་སུ་བསྟན་པའི་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མཚན་ཉིད་པ་དེའི་དོད་ཐུབ་ཡོང་བ་མིན་པས། མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱེ་དགོས་གསུངས་པའི་ལུགས་ཤིག་སྟེ་ལུགས་གསུམ་ཡོད་པ་རེད། དེས་ན་གསང་སྔགས་ཀྱི་ལམ་ལ་མ་བསྟེན་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་མི་ནུས་པའི་བཞེད་ཚུལ་དང་། མདོ་ལམ་གྱི་སངས་རྒྱས་བཏགས་པ་བ་དེས་སྔགས་ཀྱི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མཚན་ཉིད་པའི་དོད་ཐུབ་མི་ཡོང་གསུངས་པའི་བཞེད་ཚུལ་རྗེས་མ་གཉིས་དེ་ལ་ཞིབ་ཀྱིས་བརྟགས་ན་སྒྲ་ཡངས་དོག་གི་ཁྱད་པར་ཙམ་མ་གཏོགས་དགོངས་པའི་ཞེ་ཕུག་གི་གནད་གཅིག་ལ་བབས་པ་རེད། དེས་ན་འདི་རྣམས་ཀྱི་དགོངས་པ་འགལ་མེད་དུ་ཇི་ལྟར་ལེན་དགོས་པ་རེད་ཅེ་ན། སྔོན་མའི་བཞེད་པ་ལྟར་གྱི་མདོ་ལམ་ནས་མི་སློབ་པའི་ལམ་སྟེ། བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་གོ་འཕང་མཐར་ཐུག་གི་བསྒྲུབ་བྱར་བསྟན་པ་དེ་སུས་ཀྱང་ཁས་ལེན་དགོས་པ་རེད། དེ་ཉིད་ཁས་མ་བླངས་ཚེ་མཚན་ཉིད་ཐེག་པ་ལ་སྐུར་བ་བཏབ་པ་རེད། མདོ་རང་ལམ་ནས་བཤད་པའི་ལམ་དེར་འབྲས་བུ་ཐོབ་པ་མེད་ན་ལམ་དང་འབྲས་བུ་ཡ་བྲལ་དུ་སོང་སྟེ་མུ་སྟེགས་པའི་ཐར་ལམ་ལྟ་བུར་གྱུར་སོང་བ་རེད། སངས་རྒྱས་ཀྱི་བཀའ་ལ་ལོག་ལྟ་བྱས་པར་འགྱུར་བས། དེ་ལས་ཆེ་བའི་སྐུར་འདེབས་ཤིག་མེད་པ་རེད། དེས་ན་སྔ་མའི་མདོ་ལམ་གྱི་དགོངས་པ་དོན་ལ་གནས་པ་ཡིན་པ་རེད། འོ་ན་བཞེད་པ་ཕྱི་མ་གཉིས་ཀྱིས་སྐུར་བ་བཏབ་པར་འགྱུར་རམ་ཞེ་ན། དེ་ལྟར་མ་ཡིན། འོ་ན་མདོ་ལ་སངས་རྒྱས་གཅིག་དང་སྔགས་ལའང་སངས་རྒྱས་གཅིག་ཡོད་པ་ཨེ་རེད་ཅེ་ན། དེ་ལྟར་ཡང་མ་ཡིན། མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་དགོས་ཤིང་། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་མ་ཟད་མདོ་ལམ་གྱི་གབ་པ་སྔགས་ནས་ཕྱུང་བའི་ཁྱད་ཆོས་དང་ཁྱད་གཞིར་དཔགས་ན་ཁྱད་འབྲས་རང་བཞིན་གྱིས་གསལ་བས། མདོ་ལམ་གྱི་སངས་རྒྱས་དེ་ཉིད་རང་ལམ་གྱི་མཐར་ཐུག་པ་ཡིན་ཡང་། དེ་ཉིད་སྔགས་ལམ་དུ་ཞུགས་པའམ་སྔགས་ཀྱི་དགོངས་པ་དང་འབྲེལ་བའི་དབང་དོན་གྱི་ཡེ་ཤེས་ཁྱད་པར་ཅན་བརྙེས་པ་བརྒྱུད་དེ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་ནས་མཐར་ལམ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་གོ་བ་ལེན་དགོས་པ་རེད། དེས་ན་བཞེད་པ་ཕྱི་མ་དེ་གཉིས་སྔོན་བྱོན་མཁས་གྲུབ་མང་པོའི་བཞེད་པ་ཡིན་པར་མ་ཟད། མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཡོད་པར་བཤད་ཆོག་པའང་ཚད་མའི་ལུང་གིས་མ་གྲུབ་པ་ཞིག་མིན་པ་རེད། དངོས་གྲུབ་ལེན་པ་འདིའི་མཚམས་སུ་སྐུ་དྲིན་གསོ་བའི་གཏང་རག་གི་མཆོད་པ་དང་བསྟོད་པ་དགོས།

བཅུ་གཉིས་ནོངས་པ་བཤགས་པ།

བཅུ་གཉིས་ནོངས་པ་བཤགས་པ་ནིཿ ཞེས་གསུངས་ཏེ། ནོངས་པ་ནི་འགལ་ཉེས་ཤོར་བ་ལ་གསུངས། ནོངས་བཤགས་ནི་ཆོ་ག་ལྷག་ཆད། ཏིང་འཛིན་མ་གསལ། སྒྲུབ་རྫས་མ་ཚང་བ་ལ་སོགས་པའི་ཉེས་པ་བཤགས་བྱེད་ཅིག་རེད། རྫོགས་པ་ཆེན་པོའི་ལུགས་སུ་རུ་བཞིའི་བཤགས་པ་གསུངས་པའང་ཡོད། རུ་བཞིའི་བཤགས་པ་ཞེས་པ་འདི་ལ་ངོས་འཛིན་ཚུལ་ཅུང་ཟད་འདྲ་མིན་ཡོད་ཀྱང་། གཙོ་ཆེ་བའི་དབང་དུ་བྱས་ན་ལུས་ཀྱི་ཕྱག ངག་གི་ཡིག་བརྒྱ། ཡིད་ཀྱི་ཀློང་བཤགས། སྒོ་གསུམ་ཐ་མི་དད་པའི་དམ་ཚིག་ཉམས་ཆགས་གསོ་བའི་ཆེད་དུ་རྫོགས་པ་ཆེན་པོའི་ལྟ་བའི་ངང་སྐྱོང་བ་དེ་བཞི་ལ་རུ་བཞིའི་བཤགས་པ་ཞེས་གསུངས་པ་རེད། གཞན་རུ་ཟུང་བཞི་ཞེས་གསུངས་པའི་སྐབས་ཀྱང་ཡོད་པ་རེད། དེའི་སྐབས་སུ་བཤགས་པ་རུ་བཞི་དང་། དེའི་ཁ་བསྐང་དུ་སྨན་གཏོར་རཀྟ་མར་མེའི་བསྐང་བ་དང་བཅས་བཞི་བསྣན་ནས་རུ་ཟུང་བཞིར་བགྲང་། དེ་ཉིད་ཡ་རུ་རྩིས་ན་ཡ་བརྒྱད་དུ་འགྱུར། དེ་ཚོ་ཟུར་འཕྲོས་ཙམ་ཞོར་དུ་ཞུས་པ་ཡིན། ཧཱུྃཿ རིག་འཛིན་འདུས་པའི་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ ཞེས་གསུངས་ཏེ། དེ་ཡང་རིག་འཛིན་འདུས་པའི་དཀྱིལ་འཁོར་ལ་ཞུགས་ཏེ། སྔོན་འགྲོ་སྦྱོར་བའི་སྐབས་སུ་ཕྱི་ནང་གསང་བའི་མཆོད་རྫས་མ་ཚང་། དངོས་གཞིའི་སྒྲུབ་པའི་དུས་སུ་བསྙེན་སྒྲུབ་ཡན་ལག་བཞི་གཞུང་བཞིན་དུ་མ་བསྲངས་པས་སྒྲུབ་པ་གཡེལ་བ། ཏིང་འཛིན་བསྒོམ་པའི་སྐབས་སུ་བྱིང་རྨུགས་འཐིབ་གསུམ་ལ་སོགས་པའི་དབང་དུ་སོང་བ་སྟེ། དེ་ཡང་བྱིང་བ་ནི་རིག་པའི་གསལ་ངར་གྱི་ཆ་ལྷོད་པ་དང་། རྒོད་པ་ནི་འདོད་པའི་ཕྱོགས་སུ་གཏོགས་པའི་འཕྲོ་བའི་ཆ། རྨུགས་པ་ནི་སེམས་ལ་མུན་པས་བཏུམས་ཏེ་འཐིབས་པའི་རྣམ་པ་ཅན་ནམ། མ་དང་བའི་ཆ་དེ་ཡིན་པ་རེད། དེ་ལྟ་བུའི་བྱིང་རྨུགས་འཐིབས་པའི་ཕྱོགས་སུ་མི་ཤོར་བར་བྱས་ཏེ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་གསལ་འདེབས་དགོས་པ་རེད། རིག་པ་སྡུག་པའི་དགེ་སྦྱོར་ཡུན་རིང་ལས། །རིག་པ་དང་བའི་དགེ་སྦྱོར་ཞག་གཅིག་དགའ། ཞེས་གསུངས། བཟླས་བརྗོད་ལའང་། གཞན་དུ་གཡེང་བའི་སེམས་ཀྱིས་ནི། །བསྐལ་བར་བཟླས་ཀྱང་འབྲས་མི་འབྱིན། ཞེས་གསུངས་པ་ལྟར་རེད། སེམས་ཏིང་ངེ་འཛིན་ལ་རྩེ་གཅིག་གཏད་དགོས་པ་ལས། ཡ་ངེ་ཡེངས་ངེ་བྱས་ཏེ་ཁ་ཡིས་བཏོན་པས་ཕན་ཐོགས་ཆེན་པོ་ཡོད་པ་མ་རེད་ཅེས་གསུངས། དེ་ལྟ་བུའི་བྱིང་རྨུགས་འཐིབས་གསུམ་གྱི་དབང་དུ་ཤོར་བ་ལ་སོགས་པའི་འགལ་ཉེས་ནོར་འཁྲུལ་གྱི་དབང་དུ་སོང་བའི་ནོངས་པའམ་ཉེས་པ་དང་སྒྲིབ་པ་ཅི་མཆིས་པ་ཐམས་ཅད་ཡུན་དུ་མི་འཇོག་པར་སྟོབས་བཞི་ཚང་བའི་སྒོ་ནས་དུས་ད་ལྟ་ཉིད་དུ་བཤགས་པ་བྱེད་པ་ཡིན་པས། བཟོད་ཅིང་ཚངས་པར་བསྩལ་དུ་གསོལ། བཛྲ་ས་ཏྭ་སོགས་བརྗོདཿ ཅེས་ཡི་གེ་བརྒྱ་བས་བཤགས།

བཅུ་གསུམ་རྫོགས་རིམ་བསྡུ་བ།

བཅུ་གསུམ་རྫོགས་རིམ་བསྡུ་བ་ནིཿ ཞེས་གསུངས་ཏེ། དེ་ཡང་ཀུན་མཁྱེན་འཇིགས་གླིང་གིས། བསྐྱེད་རིམ་གྱིས་ནི་སྣང་བའི་བདེན་ཞེན་འགོག །རྫོགས་རིམ་གྱིས་ནི་སྒྱུ་མའི་བདེན་ཞེན་སྤོང་། །བདེ་གསལ་མི་རྟོག་ལྷན་སྐྱེས་ཡེ་ཤེས་འཆར། ཞེས་གསུངས་པ་ལྟར། བསྐྱེད་རིམ་གྱི་སྐབས་སུ་བཞིན་ལག་གི་རྣམ་པར་ཤར་བའི་བསྐྱེད་རིམ་དང་། སྣང་བཅས་མཚན་མ་དང་བཅས་པའི་རྫོགས་རིམ་དམིགས་པ་ཅན་ཐམས་ཅད་མཐར་བསམ་གྱིས་མི་ཁྱབ་པའི་རྫོགས་རིམ་དུ་བསྡུ་དགོས་པ་རེད། དཔེར་ན་བསྐྱེད་རིམ་གྱི་སྐབས་སུ་ལྷ་དང་གཞལ་ཡས་ཁང་དུ་ཤར་བའི་སྣོད་བཅུད་འོད་དུ་ཞུ་ནས་སྙིང་ཁའི་ས་བོན་ལ་བསྟིམ། དེ་ཡང་ན་དཱ་ལ་བསྡུ་བའི་ཚུལ་ལྟར། རྫོགས་རིམ་གྱི་ལྷན་སྐྱེས་བདེ་བ་ཆེན་པོའི་ལྷ་སྐུ་དེ་ཡང་དམིགས་པ་དང་བཅས་པ་ཡིན་པས། ནམ་མཁའི་ཁམས་སུ་འཇའ་ཚོན་སྟོངས་པ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་ངང་དུ་འཇོག་པ་རྫོགས་རིམ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པ་རེད། ཧོཿ ཆུ་ལས་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡངཿ ཞེས་གསུངས་ཏེ། ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་རང་ལས་སྤྲུལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད། དེ་ཡང་ཏིང་འཛིན་རྣམ་གསུམ་དང་བསྟུན་ན། བསྐྱེད་གཞི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྤྲོས་མཐའ་བཞིའམ་བརྒྱད་དང་བྲལ་བའི་སྤྲོས་བྲལ་གྱི་གནས་ལུགས། མ་བཅོས་རྫོགས་པ་ཆེན་པོའི་ཡེ་ཤེས་ཀྱི་དབྱིངས་སུ། བཛྲ་མུཿཞེས་རྟག་མཐའ་གཞིགས་པའི་ཆེད་དུ་རྫོགས་རིམ་དུ་བསྡུས་ནས། ཆད་མཐའ་བསལ་བའི་ཆེད་དུ་རྗེས་ཐོབ་སྟོང་གཟུགས་སྒྱུ་མའི་ལྷ་སྐུར་ལྡང་སྟེ། སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་དུ་འབྱམས་ཀླས་བཞིན་དུ།

བཅུ་བཞི་བསྔོ་སྨོན་མཚམས་སྦྱོར།

བཅུ་བཞི་བསྔོ་སྨོན་མཚམས་སྦྱོར་ནིཿ ཞེས་གསུངས་ན། བསྔོ་བ་དང་སྨོན་ལམ་གཉིས་ཀའི་ཁྱད་པར་རྒྱུན་དུ་ཞུས་མྱོང་མོད། བསྔོ་བ་ལ་གང་བསྔོ་བར་བྱ་བའི་ཁྱད་པར་གྱི་ཆོས་དེ་ཉིད་གཞིར་བཟུང་སྟེ། དེའི་སྟོབས་ཀྱིས་འདི་དང་འདི་ལྟ་བུར་གྱུར་ཅིག་ཅེས་སྨོན་པ་ཞིག་རེད། བུ་སྟོན་གྱིས། རྒྱུ་སྔོན་དུ་བྱས་ནས་འབྲས་བུ་ལ་སྨོན་པ་དེ་བསྔོ་བ་ཡིན། རྒྱུ་སྔོན་དུ་བྱས་མིན་ལ་མ་ལྟོས་པར་འབྲས་བུ་ལ་སྨོན་པ་དེ་སྨོན་ལམ་ཡིན། ཞེས་གསུངས་པ་རེད། བསྔོ་བ་ཡིན་ཚད་སྨོན་ལམ་དང་སྨོན་ལམ་ཡིན་ཚད་བསྔོ་བ་ཡིན་པས་མ་ཁྱབ་ཀྱང་གསུངས་པ་རེད། རྒྱལ་བ་ཀློང་ཆེན་པས་ཀྱང་རྒྱུ་དགེ་བ་སྔོན་སོང་ཡོད་མེད་ཀྱིས་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་དབྱེ་མཛད་པ་རེད། ཧོཿ དུས་གསུམ་བསགས་པའི་དགེ་རྩ་ཀུནཿ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོཿ བདག་སོགས་འདུས་པར་བཅས་པ་རྣམསཿ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོགཿ ཅེས་གསུངས་ཏེ། ཚིག་རྐང་སྔ་མ་གཉིས་ཀྱིས་བསྔོ་བ་དང་། ཕྱི་མ་གཉིས་ཀྱིས་སྨོན་ལམ་བསྟན་པ་རེད། རང་གཞན་སྒོ་གསུམ་གྱིས་དགེ་རྩ་བསགས་པ་དེ་དག་གང་ལ་བསྔོ་དགོས་པ་རེད་ཅེ་ན། བཅོམ་ལྡན་འདས་ཀྱིས་ཡུམ་བར་མ་ལས་འདི་ལྟར་གསུངས། རབ་འབྱོར་དགེ་བའི་རྩ་བ་འདི་ནི་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱའོ། ཉན་ཐོས་དང་རང་སངས་རྒྱས་དང་། དེ་བཞིན་དུ་འདི་གཞན་གྱི་སར་བསྔོ་བར་མི་བྱ། ཞེས་གསུངས། འོ་ན་ཇི་ལྟར་བསྔོ་དགོས་པ་རེད་ཅེ་ན། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། དགེ་བ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱ་སྟེ། ཞེས་གསུངས་པ་ལྟར། དགེ་བ་རྨི་ལམ་ལྟ་བུ། གསོག་པ་པོ་རྨི་ལམ་ལྟ་བུ། སྣང་ཚུལ་མ་འགག་པ། དོན་དུ་བདེན་པར་མི་འཛིན་པ་ཞིག་ལ་འཁོར་གསུམ་ཡོངས་དག་གི་བསྔོ་བ་ཞེས་གསུངས་པ་རེད། དུས་གསུམ་བསགས་པའི་དགེ་རྩ་ཀུན། ཅེས་གསུངས་ན། སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པའི་དགེ་རྩས་མཚོན་ཏེ། རང་གཞན་གྱི་དུས་གསུམ་བསགས་དང་ཡོད་པའི་དགེ་རྩ་ཀུན། རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོ། ཞེས་གསུངས་ན། རྣམ་མཁྱེན་རྫོགས་པའི་སངས་རྒྱས་གཞི་མ་འཁྲུལ་བ་གདོད་མའི་ས། གཞི་འབྲས་དབྱེར་མེད་ཀུན་ཏུ་བཟང་པོའི་གོ་འཕང་དུ་འགྲོ་ཀུན་འགོད་པའི་ཕྱིར་དུ་བསྔོ་བ་ཡིན། དེའི་མཐུས། བདག་སོགས་འདུས་པར་བཅས་པ་རྣམས། ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག ཅེས་གསུངས་ཏེ། བདག་སོགས་འདུས་པར་བཅས་པའི་སྐལ་ལྡན་དཀྱིལ་འཁོར་གཅིག་དང་དབང་གྲལ་གཅིག་ཏུ་འཚོགས་པ་ཐམས་ཅད་ཚོམ་བུ་གཅིག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཅེས་སྨོན་ལམ་བཏབ་པ་སྟེ། རྒྱལ་པོ་ཨིནྡྲ་བོ་དྷི་འཁོར་ཚོམ་བུ་འབུམ་དང་བཅས་ཏེ་བྱ་ཁྱུ་འུར་རྡོས་དཀྲོགས་པ་བཞིན་དུ་རིག་འཛིན་གྱི་དཀྱིལ་འཁོར་གཅིག་ཏུ་སངས་རྒྱས་སོང་བ་ལྟ་བུར་གསུངས་པ་རེད། དེས་མཚོན་ནས་མཐའ་ཡས་སེམས་ཅན་ཐམས་ཅད་བྱང་ཆེན་ཐོབ་པའི་རྒྱུ་རུ་མོས་པ་ཐེག་ཆེན་སྤྱི་འགྲོས་ལྟར་ཏེ། སྨོན་ལམ་བཏབ་པའི་ཕན་ཡོན་དེ་ཅི་འདྲ་ཞིག་ཡིན་པ་རེད་ཅེ་ན། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོར། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་སྨིན་པར་འགྱུར། ཞེས་གསུངས་པ་ལྟར་རེད། དེ་ལྟ་བུའི་སྨོན་ལམ་ཇི་བཞིན་འགྲུབ་པར་ནན་གྱིས་བསྐྱར་ནས། ལན་གསུམཿ བརྗོད་པའི་མཐར།

བཅོ་ལྔ་བཀྲ་ཤིས་བརྗོད་པ།

བཅོ་ལྔ་བཀྲ་ཤིས་བརྗོད་པ་ནིཿ ཞེས་གསུངས། འདིའི་སྐབས་སུ་རིག་འཛིན་བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ནམ་མཁའི་དབྱིངས་ཐམས་ཅད་གང་བར་བྱོན་ནས་ཞལ་ནས་བཀྲ་ཤིས་པའི་བདེན་ཚིག་གི་སྒྲ་དབྱངས་སྙན་མོ་སྒྲོག དེ་དང་ཆབས་ཅིག་ཏུ་ཕྱག་ནས་ཕུན་སུམ་ཚོགས་པའི་ལྷའི་མནྡ་ར་བའི་མེ་ཏོག་གི་ཆར་ཆེན་པོ་གནམ་ས་གང་བར་ཕབས་པས་སྣོད་བཅུད་ཀྱི་བཀྲག་མདངས་ཉམས་པ་ཐམས་ཅད་སྐད་ཅིག་གིས་གསོས་ནས། དགེ་ལེགས་ཡོན་ཏན་གྱི་གཟི་བྱིན་མཆོག་ཏུ་འབར་བར་བསམ་བཞིན་དུ། ཧོཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིསཿ ཞེས་གསུངས་ན། བརྒྱུད་གསུམ་རིག་འཛིན་བླ་མའི་བརྒྱུད་པའི་བྱིན་རླབས་དང་། མཆོག་གསུམ་རྩ་གསུམ་དབྱེར་མི་ཕྱེད་པ་རང་རྒྱུད་དུ་བསྒྲུབ་བྱར་བྱས་པའི་དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་ཟབ་མོའི་ཆོ་ག་བསྙེན་སྒྲུབ་མཐར་ཕྱིན་བགྱིས་པའི་རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། ཞི་རྒྱས་དབང་དྲག་མཆོག་ཐུན་གྱི་ལས་རབ་འབྱམས་དང་བསྟུན་ནས། འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ ཅེས་གསུངས་ཏེ། དེ་ཡང་སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དགྲ་ཇག་ལ་སོགས་པ་ཕྱིའི་འཇིགས་པ། འབྱུང་བཞིའི་འདུ་བ་འཁྲུགས་པ་ལ་སོགས་པ་ནང་གི་འཇིགས་པ། རྣམ་རྟོག་རང་ག་མ་དང་ཉོན་མོངས་པའི་དབང་གིས་འཁྲུལ་བར་འཕྱན་པ་གསང་བའི་འཇིགས་པ་སྟེ། འཇིགས་པ་དེ་དག་གིས་གཙོ་བོར་བྱས་པའི་མི་འདོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ལས་ཀྱིས་ཞི་བར་བྱེད་པའི་བཀྲ་ཤིས་སམ་དགེ་ལེགས་དེང་འདིར་མངོན་དུ་འགྱུར་བར་ཤོག ཚེ་དང་བསོད་ནམས་དབང་ཐང་རླུང་རྟ་ཡོན་ཏན་ཡེ་ཤེས་རྒྱས་པའི་ལས་རྣམས་རྒྱས་པའི་ལས་ཀྱིས་འགྲུབ་པའི་བཀྲ་ཤིས་ཤོག བརྟན་དང་གཡོ་བའི་དྭངས་བཅུད་མི་ཤིགས་གཉུག་མའི་བཅུད་དུ་དྲིལ་ནས་གཞན་སྣང་ཐམས་ཅད་དབང་དུ་འདུས་པའི་དབང་གི་ལས་རྣམས་དབང་གི་ལས་ཀྱིས་འགྲུབ་པའི་བཀྲ་ཤིས་ཤོག ཕྱི་ནང་གསང་བའི་ལོག་འདྲེན་དགྲ་འདྲེ་གདོན་བགེགས་ཐམས་ཅད་ཚར་གཅོད་དྲག་པོའི་ལས་རྣམས་དྲག་པོའི་ལས་ཀྱིས་འགྲུབ་པའི་བཀྲ་ཤིས་ཤོག སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲ་གྲག་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ ཅེས་གསུངས་ན། སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས་ཀྱི་ངོ་བོར་གྱུར་ཏེ། ཨོ་རྒྱན་ཆེན་པོས། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི། །ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན། །སྣང་ཡང་བདག་འཛིན་མེད་པའི་ངང་ལ་ཞོག །གཟུགས་སྣང་དག་པ་གསལ་སྟོང་ལྷ་ཡི་སྐུ། །འདོད་ཆགས་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས། །འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི། །སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན། །གྲགས་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོག །གྲགས་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང། །གྲགས་སྟོང་རྒྱལ་བའི་གསུང་ལ་གསོལ་བ་འདེབས། །འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི། །ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་ཞུགས། །འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །རིག་པ་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས། ཞེས་པ་ལྟར། དྲན་རྟོག་འཕྲོ་འདུའི་གཟུང་འཛིན་སེམས་ཀྱི་ཆོ་འཕྲུལ་དུ་ཅི་ཤར་ཐམས་ཅད་འོད་གསལ་ཆོས་སྐུའི་དགོངས་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་སྨིན་ནས། ཀ་དག་སྤྲོས་བྲལ་ཁྲེགས་ཆོད་ཀྱི་ལམ་ནས་རང་ལུས་རྡུལ་ཕྲན་དུ་དེངས། ལྷུན་གྲུབ་འོད་གསལ་ཐོད་རྒལ་ལ་གོམས་པས་འཕོ་བ་ཆེན་པོའི་སྐུར་བཞེངས་ནས། འཇའ་ལུས་ཟང་ཐལ་ཆེན་པོ་རྨད་བྱུང་ཆོས་སྐུའི་ངོ་བོར་དག་པ་གཉིས་ལྡན་དུ་བྱང་ཆུབ་སྟེ། གཟུགས་སྐུ་གཉིས་ཀྱིས་ནམ་མཁའ་མ་ཞིག་འཁོར་བ་མ་སྟོངས་ཀྱི་བར་འགྲོ་དོན་རྒྱུན་ཆད་མེད་པ་རྟག་ཁྱབ་ལྷུན་གྲུབ་ཏུ་བྱེད་པའི་བཀྲ་ཤིས་ཤོག་ཅེས་གསུངས་ཏེ་ཤིས་སྨོན་གྱིས་མཐའ་བརྒྱན་ནས། གཏེར་གཞུང་གི་རྩ་བའི་མཇུག་ཏུ། ཨེ་མཿ འདི་ལྟར་ཤིན་ཏུ་ཟབ་པའི་གནདཿ གཏེར་བཅུད་འདུས་པ་དགོངས་པའི་གཏེརཿ ཀློང་གསལ་དབྱིངས་ཀྱི་ཕོ་བྲང་དུཿ བརྡ་ཚིག་རྡོ་རྗེའི་རོལ་མོར་འཁྲོལཿ སྙིང་ལ་རྒྱས་བཏབ་སྦ་སྙམ་ཡངཿ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་ནསཿ ལས་ཅན་རྗེས་འཇུག་དོན་དུ་བཀོདཿ སྙིང་ལ་སྦོས་ཤིག་ས་མ་ཡཿ ཞེས་གསུངས་ཏེ། ས་མ་ཡ་ཞེས་དམ་ཚིག་གི་རྒྱ་ཡིས་མནན་ནས་གསང་བར་གདམས་པ་རེད། དེ་ཡིས་ཆོས་ཚན་འདི་ཉིད་མཇུག་ཡོངས་སུ་རྫོགས་པར་འཆད་ཉན་བཤད་ཁྲིད་ཀྱི་ཚུལ་གྱིས་སྐྱོར་སྦྱང་ཚར་གཅིག་བྱས་གྲུབ་པ་རེད། དགོངས་གཏེར་གྱི་ཆོས་སྡེའི་སྒྲུབ་གཞུང་འདི་དག་མཚན་ཉིད་ཐེག་པའི་གཞུང་བཤད་ཀྱི་དཔེ་ཁྲིད་ལྟར་བཤད་རྒྱ་གནར་རྒྱུ་ཞིག་ཅི་ལ་ཡིན། ཡང་མན་ངག་གི་ལག་ཁྲིད་ལྟར་ཁྲིད་རྐང་སོ་སོའི་དམིགས་ཕྱེས་ནས་ཁྲིད་སྦྱང་བྱེད་རྒྱུའི་ཕྱག་སྲོལ་ངོ་མ་ཞིག་ཀྱང་ཡོད་རབས་མི་འདུག་མོད། དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མར། ཆོ་ག་དབྱངས་དང་རོལ་མོའི་སྒྲ་ལ་རེ། །མཁས་གྲུབ་ཡི་ཆད་ཉན་བཤད་བསྟན་པ་ནུབ། ཅེས་གསུངས་པ་དང་། དཔལ་སྤྲུལ་རིན་པོ་ཆེས། བསྐྱེད་རྫོགས་གནད་དང་ལྡན་པའི་རྣལ་འབྱོར་ཞིག་མེད་ན། །བོན་གྱེར་སྐད་གསེང་མཐོན་པོས་ཁྱི་ནག་གི་ཟུག་ཟུག །མཆོད་མཆོད་འུར་སྒྲ་ཙམ་གྱིས་ལྷ་ཚོགས་ནི་མི་དགྱེས། །བསྐང་བསྐང་ཁ་གྲངས་བསགས་པའི་བསྐང་གསོ་དེས་ཅི་བྱ། ཞེས་གསུངས་པ་ལྟ་བུ་རེད་ཟེར་བ་མིན་ཡང་། གང་ལྟར་རྒྱུད་སྒྲུབ་ཐབས་དང་འབྲེལ། སྒྲུབ་ཐབས་མན་ངག་དང་འབྲེལ་དགོས་པས་ན། རྒྱུད་ཀྱི་དགོངས་པ་དེ་རྒྱུད་ཀྱིས་འགྲེལ་ནས་བཀྲལ་དགོས་པ་ཡིན་པས། ཆོ་གའི་ཚིག་གི་དོན་འགྲེལ་ནས་དོན་ལ་མ་སྦྱར་ཐབས་མེད་དུ་མཐོང་གི་ཡོད། གང་ལྟར་དུས་འདིར། སྤྱིར་བསྟན་པ་ངོ་མ་ཉམས་དམའ། ཁྱད་པར་དུ་གསང་སྔགས་དོན་གྱི་བསྟན་པ་ཉག་ཕྲ། ཡང་དགོས་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་རྩ་བའི་བརྒྱུད་པ། ཆོས་བརྒྱུད་སྡོང་པོ་ངོ་མའི་བརྒྱུད་པ་མ་ཆད་པའི་གདན་ས་འདིའི་བསྟན་པ་རྨ་མེད་ཅིག་གཞིར་བཞེངས་སུ་བསླང་རྒྱུའི་ཆེད་དུ་དམིགས་ནས། སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་ཀྱི་ལུང་དང་བཅས་པ་དམ་པ་གོང་མའི་ཐུགས་བསྐྱེད་ཀྱི་སྟོབས་དུས་སུ་བདོ་ནས། ཕ་ནོར་བུ་ཡི་ལག་ལ་སྤྲད་རྒྱུའི་སྐལ་བ་ཞིག་ལྡན་སོང་བ་རེད། དམ་པ་གོང་མས་མངགས་བཅོལ་ཞིག་མཛད་པ་བཀའ་ལུང་ཡལ་བར་མ་དོར་ཙམ་གྱི་དོན་རེ་འགྲུབ་པ་ཡིན་ན། དཔེར་ན་ནམ་མཁའི་ཉི་མ་ལ་ཚ་ཤུགས་ཡོད་པ་ཡིན་ཡང་། ས་ཐོག་གི་རྩྭ་སྐམ་རང་གར་འབར་མི་ཐུབ། དེའི་བར་ལ་མེ་ཤེལ་ཞིག་ཚད་ན། ཉི་མའི་ཚ་དྲོད་རྩྭ་ལ་ཞུགས་ཏེ་རྩྭ་སྐམ་པོ་མེ་ཡི་ཕུང་པོར་འགྱུར་ཐུབ་པ་ལྟ་བུ། དམ་པ་གོང་མའི་ཆོས་བརྒྱུད་དེ་མི་རབས་རྗེས་མའི་ལག་ལ་འཕྲོད་དགོས་ཚེ། བར་དེ་ན་དུས་རབས་བར་གྱི་བརྒྱུད་སྤྲོད་བྱེད་མཁན་ཞིག་མེད་ཚེ་མཐུད་ཐབས་མེད་པ་ཡིན་པས། དེ་ལྟ་བུའི་བར་མི་བང་ཆེན་པ་ཞིག་གི་གོ་ཆོད་སོང་བའི་ངོས་ནས། སྤྱིར་ང་ལྟ་བུ་ཞིག་ལ་མཚོན་པ་ཡིན་ན། ཞེ་བློ་བདེ་བ་ལས་ཀྱང་ཡང་བདེ། མི་ཞིག་བྱས་ཏེ་ས་སྟེང་ལ་ཡོང་ནས་མིང་ཞིག་བཟུང་ནས་རང་འཁྲིའི་ལས་ཀ་ལ་འཐམས་ན། ད་ནི་མི་ཚེའི་དོན་གོ་ཆོད་ཚར་བསམ་པའི་མི་ཞིག་ཡིན་པ་རེད། དེ་ཅིའི་དོན་དུ་བཤད་པ་ཡིན་ཞེ་ན། དབང་ལུང་ཞིག་ཐོབ་པ་ཙམ་ཁོ་ན་ལས། དོན་ཅི་ཡིན་པ་གོ་ཙམ་མ་གོ་ཙམ་རྩེད་མོ་ཧ་དགོད་དང་འདྲེས་མའི་ཆོ་ག་ཞིག་བཏོན་ན། དེ་ལ་བསྙེན་སྒྲུབ་ཀྱི་མིང་མེད་ཅིང་སྒྲུབ་འབྲས་ཀྱི་དོན་སྟོངས། བརྗོད་པ་ཚིག་གི་སྒོ་དེ་ཏིང་འཛིན་བསྒོམ་པའི་གསལ་འདེབས་ཀྱི་ཆེད་རེད། དེ་གསང་སྔགས་ལུང་གི་སྒོ་བཞིིའི་ནང་གི་གཅིག་རེད་མ་གཏོགས་དེ་ལ་གསང་སྔགས་ལུང་གི་སྒོ་བཞི་ཀ་ཚང་ནི་མ་རེད། འབྱུང་འགྱུར་ཕྱི་རབས་པས་གསང་སྔགས་ཀྱི་ཆོ་ག་གཟུགས་བརྙན་ཙམ་དང་ཡང་བརྙན་ཙམ་དུ་མི་འགྲོ་བའི་ཆེད་དུ་བསམས་ནས་དབང་ཁྲིད་སྦྲགས་མ་ཆོ་ག་དངོས་དང་སྦྲེལ་ཞིང་། ཚིག་གི་འབྲུ་གཉེར་བའི་འདི་འདྲའི་རྒྱུན་སྲོལ་ཞིག་ཚུགས་སོང་ན། སྙིང་ཐིག་གི་བསྟན་པ་མོས་པས་སྤྱོད་པ་ཙམ་གྱི་དུས་ལ་སླེབ་པའི་སྐབས་འདིར། ཅུང་ཟད་རེ་ཡིན་ཡང་མཐོངས་སྐར་ནང་གི་ཉི་ཞུར་ཙམ་རེར་བསྒྱུར་ཨེ་ཐུབ་སྙམ་ནས་བཤད་ཁུལ་བྱས་པ་རེད། ད་རེས་གཙོ་ཆེར་པདྨ་ཐང་གི་ཉམས་ལེན་མཚམས་པ་བ་དག་གི་དགོས་མཁོའི་ཆེད་དུ་བྱིན་རླབས་ཀྱི་རྩ་བ་རིག་འཛིན་བླ་མའི་སྒྲུབ་པའི་བསྙེན་ཚད་རེ་མཉམ་དུ་ཞོག་ན། གཅིག་ན་འདུས་པའི་བྱིན་རླབས། གཉིས་ན་སྒྲུབ་པའི་མཐུན་རྐྱེན། དེའི་སྟེང་དུ་ཕྱག་བཞེས་ལ་སོགས་པ་སེལ་མེད་གཅིག་གྱུར་ཡོང་བར་དམིགས་ཏེ་འདིའི་འཆར་འགོད་བྱས་པ་ཡིན། དུས་འདིའི་རྫོགས་ཆེན་ཚང་གི་བསྟན་པའི་བདག་པོ་རྣམས་ཀྱི་ཐུགས་བཀོད་ཀྱི་འོག་ནས། དབུ་མཆོད་བརྒྱད་ཅུའི་ནང་གི་མང་ཆེ་བས་གཙོ་བོར་བྱས་པའི་མཁན་སྤྲུལ་གྲྭ་ཚང་བརྒྱ་ཕྲག་ཁ་ཤས་འདི་ལྟར་མཉམ་དུ་ཞུགས་མཛད་པ་ཡིན་ན། འདི་དག་ལ་རྗེས་སུ་ཡི་རང་གི་སྔགས་བརྗོད་ཀྱི་མེ་ཏོག་འཐོར་ནི་ཡིན་ཞེས་ཁར་སང་ནས་ཞུས་པ་ལྟར་རེད། དེ་རིང་ཁར་སང་ས་གང་དུ་སོང་ན། དགེ་འདུན་པའི་རྟགས་ཆ་ལུགས་འཆང་བའི་སེར་གཟུགས་ཅན་མང་པོ་མཐོང་རྒྱུ་ཡོད་དུས་རེད། ཐ་ན་ཚོང་ར། གྱོད་ར། རྒྱན་པོ་འགྱེད་ས། གཉེན་སྟོན་བྱེད་ས་ཡན་ཆོད་ལ་མང་པོ་མཐོང་རྒྱུ་ཡོད་ནི་རེད། དེའི་ནང་གི་འགའ་རེ་རྟགས་ཙམ་འཛིན་པ་རེད་ཟེར་དགོས་ན་ཟེར་ཅི་ཤེས། གང་ཟག་གི་ཚོད་གང་ཟག་གིས་སུས་ཟིན་ཏེ་མི་ཟིན་མོད། འོན་ཀྱང་ཉུང་ཤས་རེ་རྐུ་ཐབས་སུ་གནས་པ་ཡོད་མི་སྲིད་པ་མ་རེད། ཐར་བའི་གྲོང་ན་ཐུབ་པའི་རྗེས་འབྲང་སྟེ། །འགྲོ་བའི་མགོན་དུ་གཤེགས་ལ་དགའ་མིན་པར། །འཁོར་བའི་གྲོང་ན་ཁྱིམ་པའི་གཡོག་བགྱིད་པའི། །དམར་སེར་ཅན་དེ་བདུད་ཀྱིས་བསླུས་པ་ལགས། ཞེས་གསུངས་པ་ལྟ་བུ་དང་། བསྐྱེད་རྫོགས་ཕར་ཞོག་མ་ཎི་རྡོག་པོ་གཅིག །མེད་པར་གཤིན་གསོན་རྫས་ལ་ཧབ་ཤ་བྱེད། །ཉིན་མོ་སེར་གོས་གྱོན་ནས་དཀོར་ལ་ཟ། །མཚན་མོ་ཆང་འཐུང་བུད་མེད་སྟེང་དུ་རྩོད། །ངན་སྤྱོད་སྣ་དགུ་བྱེད་ཀྱིན་ངོ་སོ་མཐོ། །ད་དུང་འུ་བུའི་བསྟན་པ་དར་ཞེས་གླེང་། ཞེས་གསུངས་པ་ལྟ་བུའི་མཚན་གཞི་མང་པོ་འཇོག་དགོས་ན་འཇོག་རྒྱུ་ལོན་པའི་དུས་ཚོད་ཡིན་ནི་རེད། སྤྱིར་བསྟན་པའི་གནས་ཚད་ལ་ཟབ་མོ་གཏེར་ཕྱོགས་ནས་བཤད་ན། ཟབ་གཏེར་ཆེན་པོའི་སྒྲུབ་པའི་འབྲས་བུ་མཐོང་ཆོས་སུ་འབྱིན་པ་འབྲས་བུའི་དུས་ཡིན་པ་དང་། ཉམས་ལེན་ཚད་ལྡན་བྱེད་མཁན་མང་པོ་ཡོད་དུས་སྒྲུབ་པའི་དུས་ཡིན་ཞེས་གསུངས་པ་རེད་ཀྱང་། འབྲས་བུའི་དུས་དེ་རིང་ཁར་སང་ཅི་ལ་ཡིན། སྒྲུབ་པའི་དུས་རེ་ཨེ་མི་ཡིན་སྙམ་མོད། སྤྱིར་བཏང་གི་ངོས་ནས་བཤད་ན་དེ་ཡང་ཅིག་དཀའ་ན་ཡང་དབང་ལུང་ཁྲིད་ཀྱི་རྒྱུན་རྣལ་མ་རེ་ཡོད་དུས་ལུང་གི་དུས་ཡིན་ཞེས་གསུངས་ན། མ་མཐར་དེ་ཡིན་དགོས་པ་རེད་སྙམ། དེས་ན་བསྟན་པའི་གནས་ཚད་ད་དུང་རྫོགས་ཡོད་ནི་མ་རེད། ཀུན་བཟང་ཐུགས་ཀྱི་བསྟན་པའི་གནས་ཚད་ད་དུང་ཅི་ལ་རྫོགས་ཏེ། དམ་ཆོས་འདུལ་བའི་བསྟན་པའི་གནས་ཚད་ཀྱང་ད་དུང་རྫོགས་ཡོད་ནི་མ་རེད་བསམས་ནས། མཚམས་རེ་གློ་བ་དགའ་ཚུལ་བྱེད་པ་རེད། དབང་ལུང་གི་རྒྱུན་ཙམ་ཡོད་པ་དེ་ཡང་མེད་པར་གྱུར་ཚེ་རྟགས་ཙམ་འཛིན་པ་ཡིན་ཞེས་གསུངས་པ་ཡིན་ན། རྟགས་ཙམ་འཛིན་པའི་བསྟན་པ་དེ་བསྟན་པ་སྤྱི་ངོས་ནས་ད་དུང་ཚེས་མེད་པར་སྙམ། གང་ཟག་སྒེར་ངོས་ནས་བཤད་ན་དེང་སང་གིས་མི་ཚད། དུས་བཟང་པོ་སྟོན་པ་ཞལ་བཞུགས་དུས་སུའང་ལྷས་བྱིན་ལ་སོགས་པ་ངན་པ་འགའ་རེ་ཡོད་མྱོང་བ་རེད། དེ་ལ་ཅི་ལྟ་བསམ་ནས་སེམས་གསོ་རེ་བྱས་ན། མང་པོ་བལྟས་ན་གོ་རྒྱུ་དང་ཤེས་རྒྱུ་མང་པོ་ཡོད་ནི་རེད། ངན་པ་མ་རིག་ན་བཟང་པོ་མི་ཤེས་གི། རྫོགས་ཆེན་ཚང་གི་བླ་སྤྲུལ་མཁན་གསུམ་གྲྭ་ཚང་དང་བཅས་པ་དུས་རབས་འདིའི་གཞོན་སྐྱེས་པ་ཁྱེད་རྣམ་པ་ལ་བལྟས་ན་འདི་འདྲའི་ཐུགས་མཐུན་བསམ་པ་གཅིག་སྒྲིལ། བསླབ་པ་སློབ་གཉེར་དང་། ཆོས་ཕྱོགས་ལ་དོན་གཉེར་ཅན། གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་ངང༌། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །དཔལ་དང་ལྡན་ཞིང་འབྱོར་ཡང་དྲེགས་པ་མེད། ཅེས་གསུངས་པ་ལྟར། དམ་པའི་རང་རྟགས་ཅན་རྐྱང་རྐྱང་ཡོད་པ་འདི་ལ་ངས་འདི་ལྟར་བསམ་བློ་བཏང་ན། ལྔ་བཅུ་ང་དགུ་ལོའི་ཡར་སྔོན་དུ་བྱོན་པའི་མཁས་གྲུབ་རྒྱལ་བ་ཡབ་སྲས་རྣམས་ཀྱི་ཐུགས་བསྐྱེད་དང་། དེའི་རྗེས་སུ་མུན་པའི་བསྐལ་བ་མི་ལོ་བཅུ་ཕྲག་གཉིས་གསུམ་ཞིག་ཚེས་པ་ཡིན་ཞིང་། དེའི་སྐབས་སུ་འོ་བརྒྱལ་མྱངས་པའི་ལྷག་བསམ་ཅན་དག་གིས་སྨོན་ལམ་བཏབ། སྨོན་ལམ་ཐེབས་ནས་ད་ལྟ་ཚང་མ་ཚུར་དཀྱིལ་འཁོར་གཅིག་ཏུ་འཚོགས་པ་ཨེ་ཡིན་སྙམ་གིན་ཡོད། འབྱུང་འགྱུར་ཕྱི་རབས་ཀྱི་བསྟན་འགྲོའི་རྒུད་མུན་སེལ་བའི་ཆེད་དུ། འཐབ་རྩོད་དགག་པ། རྡུང་ངན་བརྒྱག་བཙོག་ཚང་མ་སྐུ་ལུས་ཀྱི་ཐོག་ལ་བཞེས་པས་མ་ཚད། བསྟན་དོན་དུ་སྐུ་སྲོག་གཏོང་མཁན་གང་མང་མང་ཡོད་པས། དེ་དག་དུས་འདིར་བསྟན་པ་ཡང་དར་གྱི་སྲོག་འཛིན་པར་བསམ་བཞིན་དུ་ཚུར་ལ་ལས་དང་སྨོན་ལམ་སྣ་ཚོགས་ཀྱི་དབང་གིས་སྐྱེ་བ་བཞེས་ནས་ཕེབས་པ་ཡིན་ན་ཆོག་ནི་རེད། ད་རེས་ནི་བར་ཆད་ཀྱིས་མི་ཚུགས་པའི་ལས་འཕྲོའི་ལྷག་མ་སྔོན་ཆད་སྦྱངས་སྟོབས་ཀྱིས་ཅུང་དྲག་རྒྱུ་རེད་བསམ་གི་ཡོད། ཡིན་ཡང་སྲི་ཟེར་བ་ཞིག་ཞུགས་རྒྱུ་ཡོད་པ་རེད། མཚམས་མཚམས་སུ། ཨེ། དེ་ཚོ་སྔོན་མ་དང་འདྲ་བ་ལ། འོན་ཀྱང་དེ་ཙམ་དྲགས་ཐལ་དྲགས་ཐལ་བསམ་རྒྱུ་དེ་འདྲ་ཡོད་ཐལ་མོ། དེས་ན་ད་རེས་བསྙེན་མཚམས་འདི་ཚད་ལྡན་ཞིག་བྱས་ནས་འཇོག་དགོས། བྱ་བའི་འགོ་རེད། གཏོར་མའི་རྩེ་རེད། ལས་འགོ་མ་ལེགས་ན་མཇུག་མའང་ལེགས་ངེས་རེད། ད་ཕན་ཆད་ཀྱང་ཐམས་ཅད་ཀྱིས་ཡི་དམ་གྱི་བསྙེན་སྒྲུབ་རེ་མཛད་དེ། ཞི་ཁྲོའི་བསྙེན་ཚད་དང་འབུམ་ལྔའི་བསགས་སྦྱང་སྔོན་སོང་ཅན་ཞིག་མིན་ཚེ་རྫོགས་ཆེན་ཚང་གི་བླ་གྲྭ་རང་དགར་གྲོང་ཆོག་ལ་ཕེབས་ནི་མ་རེད་ཟེར་བ་ཞིག་དང་། སྒྲུབ་ཆེན་གྱི་འཚོགས་པ་དེ་ཚོ་ཡང་། བསྙེན་ཚད་ཅན་རྐྱང་རྐྱང་ལས་འཚོགས་ནི་མ་རེད་ཟེར་རྒྱུ་ཅན་ཞིག་རེད་ན་ཅི་འདྲའི་མི་ལེགས་སམ། བསྟན་པའི་མིག་རྒྱན། སེམས་ཅན་གྱི་འགྲོ་དོན་ལ་དེ་བས་ཡན་ཞིག་དགོས་ནི་མ་རེད། བསྟན་པ་འདི་ལ་ཞུགས། དགེ་འདུན་པའི་བཞུགས་གྲལ་བསྙེགས་པ་ཞིག་ཡིན་ཚེ། དམ་པའི་ཆོས་འཛིན་པ་དེ་བྱ་བའི་དོན་པོ་རེད་ཅེས་ཁར་སང་ཡང་ཞུས་པ་ཡིན། སྨོན་ལམ་ཐམས་ཅད་ཀྱི་མཆོག སྨོན་ལམ་ཚིག་གཅིག་གི་ནང་དུ་དོན་ཐམས་ཅད་འདུས་པ་དེ་དམ་པའི་ཆོས་འཛིན་པར་སྨོན་ལམ་འདེབས་རྒྱུ་དེ་རེད། དེ་ཡིན་པ་དཔལ་ཕྲེང་སེང་གེའི་སྒྲའི་མདོའི་ནང་དུ་གསུངས་ཡོད་པ་རེད། དམ་ཆོས་ཞེས་པའི་ངོས་གཟུང་ཡུལ་མཛུབ་མོ་བཙུགས་ས་དེ་ལུང་རྟོགས་གཉིས་ཡིན་ཞིང་། ལུང་གི་ཆོས་བཤད་པ་དང་། རྟོགས་པའི་ཆོས་སྒྲུབ་པས་འཛིན་དགོས། དེ་འཛིན་པའི་ཐབས་ལ་བཤད་སྒྲུབ་ལས་གསུམ་རྒྱལ་བསྟན་འཁོར་ལོ་གསུམ་གྱི་མཛད་བཟང་སྐྱོང་བ་འདི་ལས་ལྷག་པ་མེད་ཕྱིར། སྟོན་པ་སངས་རྒྱས་དངོས་བྱོན་ཡང་རྒྱུགས་འཕྲོད་ནི་ཅན་པོ་ཡིན་ནི་རེད། ལྷ་དང་བླ་མ་དབྱིངས་ནས་མི་ཁྲེལ་བའི་ཐུགས་དགྱེས་བྱེད་དེ་འགྲུབ་བཞིན་ཡོད་ན། རྨི་ལམ་ལྟ་བུའི་མི་ཚེ་འདིར་གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ་ནི་རེད། དམུ་རྒོད་སྐྱེ་བོ་མགུ་རུང་མ་མགུ་རུང་། །བླུན་པོ་རྣམས་ཀྱིས་བསྟོད་དམ་སྨད་ཀྱང་རུང་། །ཤི་ཚེ་རང་ལ་འགྱོད་པ་མེད་པ་ཞིག །བྱུང་ཚེ་དེ་ལས་ལྷག་པའི་ཆོས་མི་དགོས། ཞེས་གསུངས་པའི་འདོན་པ་དེའི་ཁ་བསྒྱུར་ཏེ། དམུ་རྒོད་སྐྱེ་བོ་མགུ་རུང་མ་མགུ་རུང་། །བླུན་པོ་རྣམས་ཀྱིས་བསྟོད་དམ་སྨད་ཀྱང་རུང་། །བསྟན་པ་སྤྱི་ལ་སྨན་པའི་ལག་རྗེས་ཤིག །ཞོག་ཚེ་དེ་ལས་ལྷག་པའི་ཆོས་མི་དགོས་བསམ་འདུག་གི། ཁྱེད་རྣམ་པས་ཀྱང་དེ་བཞིན་དུ་དམ་པའི་ཆོས་བཟུང་སྟེ་རྒྱལ་བའི་དགོངས་པ་སྒྲུབ་རྒྱུར་ཐུགས་སྟོབས་བསྐྱེད། མཐའ་ཡས་སེམས་ཅན་ལ་ཕན་རེ་འདོགས་རྒྱུ་ཐུགས་ལ་འཆང་རྒྱུ་གཙོ་བོ་ཡིན་དགོས་པ་རེད། དེས་ན་འགའ་རེས་ཐོས་བསམ་འཆད་ཉན་གྱིས་མདོ་སྔགས་ཀྱི་ཆོས་ལ་སྦྱང་པ་ངོམས་མེད་མཛད། འགའ་རེས་རྒྱུད་དོན་ལག་ལེན་ལ་འདེབས་རྒྱུའི་མཐོང་བརྒྱུད་ཀྱི་ཕྱག་བཞེས་ཕྱག་ལེན་ལ་བསྟར། འགའ་རེས་དེ་དང་འབྲེལ་བའི་བྱ་བ་ལས་ཀྱི་འཁོར་ལོའི་རྟེན་གཞི་བཞེངས་བསྐྲུན་ལ་སོགས་པའི་བཀའ་དྲིན་བསྐྱང་། ཐམས་ཅད་ཀྱིས་ཀྱང་སྒྲུབ་པ་ཉམས་ལེན་ལ་ཐུགས་གཞོལ་ཏེ། བསྐྱེད་རྫོགས་རིམ་གཉིས་ཀྱི་ཕྱག་ལེན་མཛད་ན། དེའི་ཡན་གྱི་རྒྱལ་བ་དགྱེས་པའི་མཆོད་པ། ཕ་མ་དགའ་བའི་དྲིན་ལན་ཅི་ཞིག་དགོས། བུ་སྐྱེས་ནས་བསང་དུད་ཅིག་བདུག་པའི་དོན་གོ་ཆོད་སོང་ནི་རེད། ད་རེས་ཀྱི་བསྙེན་མཚམས་ཞག་མ་བདུན་གསུམ་ཉེར་གཅིག་གི་དུས་ཡུན་རེད། གཙོ་བོ་བསྙེན་རྐྱང་ལས་རུང་ཞིག་ཚོགས་སྒྲུབ་དང་ཚུལ་འདྲ་བར་བྱས་པ་ཡིན་ཞིང་། སིདྡྷི་འབྲུ་འབུམ་ཁ་སྐོང་དང་བཅས་པ་ཐུན་གྱི་ནང་ཁོ་ནར་ཆེ་འགྲོ་ཆུང་འགྲོ་གྱིས། རིག་འཛིན་སྲོག་སྒྲུབ་ཀྱི་སྙིང་པོ་ཡང་སྒྲུབ་པ་སྒྲུབ་ཆེན་གཉིས་ཀ་དང་འབྲེལ་ནས་གང་འཚམ་རེ་གསོག་དགོས། གཙོ་བོ་སིདྡྷི་སོག ཐུན་བཞི་ཀ་ཆག་མེད་གྱིས། ཐོ་རངས་ཀྱི་ཐུན་དེ་རང་རེས་འདི་ནས་མཉམ་དུ་བསྡམ་དགོས། གཙོ་བོ་སྔོན་འགྲོའི་ངག་འདོན་དང་སྦྲེལ་ནས་བླ་མའི་རྣལ་འབྱོར་ལ་འབད་དགོས་པ་ཡིན། དགོང་ཐུན་གྱི་མཇུག་ཏུ་མཉམ་དུ་ལུས་སྦྱིན་རེ་གཏོང་གིན་ཡོད་ན། སྔགས་ཀྱི་ནུས་པ་ཡུན་རིང་བསྒྲུབས་ཀྱང་འགྲུབ་རྒྱུ་མེད་ན་སྐོང་བ་དང་ཚོགས་བསགས་ཀྱི་དཔུང་བསྐྱེད་དགོས་པའི་རྟགས་རེད། བསོད་ནམས་ཀྱི་དཔུང་བསྐྱེད་དུས་སྦྱིན་པ་གཏོང་བ། རང་རྒྱུད་སྦྱོང་བ། མདོ་སྡེ་ཀློག་པ། གཏོར་མ་བསྔོ་བ། ལུས་སྦྱིན་གཏོང་བ་སོགས་གནད་ཆེ། སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས་སྒྱུ་མ་ལྟ་བུའི་སྦྱིན་པ་བྱས་ན་སྒྱུ་མ་ལྟ་བུའི་ཚོགས་རྫོགས་པར་འགྱུར་བ་ཡིན། རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་སོག་པའི་ཐབས་བྱེད་དགོས་པ་རེད། ཚེགས་ཆུང་ལ་དོན་ཆེ་བ། བསང་། ཆུ་གཏོར། གསུར། ལུས་སྦྱིན་སྟེ་ཆོས་སྤྱོད་སྦྱིན་པ་རྣམ་བཞི་འདི་ལ་བརྩོན་ན་ཁྱད་པར་དུ་འགྱུར་ཁྱད་ཆེ་བ་རེད། མཁའ་འགྲོའི་གད་རྒྱངས་འདི་ཚོ་རྫོགས་ཆེན་མན་ངག་སྡེའི་ཉམས་ལེན་དང་སྦྱར་བའི་ཟབ་ཆོས། ཀློང་ཆེན་སྙིང་ཐིག་གི་ཆོས་ཚན་རེད། དེས་ན་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་བསྙེན་ཚད་ཡོད་པ་དག་གིས་གཙོ་བོར་མཛད་ནས་གསུངས་བཞིན་པ་ཡིན་ན་ཐམས་ཅད་ཀྱིས་ཀྱང་དེ་ལྟར་གནང་རོགས། ཐུན་གྱི་སྐབས་སུ་ཀུན་ཀྱིས་ངག་བཅད་མཛད་དགོས། གཙུག་ལག་ཁང་གི་ནང་འདིར་ཡར་ལ་ཞུགས་པ་ནས་ཐུན་གྲོལ་ཏེ་གཙུག་ལག་ཁང་གི་ཕྱི་རོལ་དུ་མར་བྱོན་མ་ཚར་བར་ཞལ་གྲག་མི་ཉན། གུ་རུ་རིན་པོ་ཆེས། ལོ་གཅིག་འབག་བསྙེན་བྱེད་པ་བས། །ཟླ་གཅིག་སྨྲ་བཅད་བྱས་པ་དགའ། ཞེས་གསུངས། ཐུན་གྱི་ནང་དུ་དཔེ་བལྟས་མཛད་རྒྱུ། ཡི་གེ་འབྲི་རྒྱུ། ཡི་གེ་འཕེན་རེས་བྱེད་རྒྱུ་སོགས་ཅི་ལ་མཛད་དེ་མཛད་མི་རུང་། བྱིང་རྨུགས་འཐིབས་གསུམ་བྱུང་ན་གཉེན་པོར་བསྟེན་ནས་རང་བློ་དག་པའི་ཐུན་སྤུས་དག་ཞིག་བསྡོམ་མཛོད། མཚམས་ཀྱི་ནང་དུ་ཞུགས་འདོད་མེད་ན་དང་པོ་ནས་མ་ཞུགས་ན་དགའ་ནི་རེད། ཞུགས་ཚར་ནས་བཟུང་ཞུགས་གོ་ཆོད་ནི་ཞིག་གྱིས། ཐུན་མཚམས་དང་སེམས་ཡེངས་བཞིན་དུ་བསྙེན་པ་བཟླས་པས་བསྙེན་པའི་གོ་མི་ཆོད་ཅེས་གསུངས་ཡོད་པ་ཡིན་ཡང་། ཐུན་མཚམས་ཀྱི་སྐབས་སུའང་ངག་འཆལ་སྨྲ་བ་དང་ཁ་བཙུམ་ནས་མི་སྡོད་པར་ཅི་ནུས་ཀྱིས་བསྙེན་པ་སོག་དང་བསྙེན་པ་ངོ་མའི་བཟླས་པའི་གྲངས་སུ་མ་སོང་ཡང་། གྲོག་མཁར་དང་སྦྲང་རྩི་ལྟར་གྲངས་སོག་རྒྱུ་དང་ནུས་པ་སྨིན་རྒྱུ་གཉིས་ཀ་ཡོད་ནི་རེད། དེས་མི་ཚད་པར་བར་ཆད་སེལ་བ། སྒྲིབ་པ་དག་པ། སྔགས་ཀྱི་ཆད་ལྷག་བསྐང་བ། ལྷའི་ཐུགས་རྒྱུད་བསྐུལ་བ་ལ་སོགས་པའི་ཕན་ཡོན་མང་པོ་ཡོད་པས་བབས་ས་གཅིག་ཏུ་འབབ་པ་རེད། ངོ་མ་བཤད་ན་མཚམས་དམ་པོ་ཞིག་སྡོད་པའི་སྐབས་སུ་སྒྲུབ་པའི་མལ་མི་སྤོ་བ། སྒྲུབ་ཕྲེང་མི་ལག་ལ་ཤོར་མི་ཉན་པ། སྐྲ་སེན་ཁ་སྤུ་མི་འབྲེག་པ། དེས་མ་ཚད་སྟན་གྱི་དྲོད་ཀྱང་ཡལ་མི་ཉན་པ་རེད། ཆབ་གསང་ལ་ཕེབས་དུས་སྒྲུབ་ཕྲེང་ཁྲོ་ཞལ་དུ་བསམས་ནས་སྟན་སྲུང་དུ་བཞག་དགོས་པ་དེ་འདྲ་གསུངས་ཡོད། གནའ་ངེད་ཚོའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ་ཚང་དང་འཇིགས་བྲལ་ཚང་བཅས་ངེད་དཔོན་གཡོག་ཕོ་བྲང་གི་ཡང་སྟེང་དུ་སྐུ་མཚམས་སུ་བཞུགས་དུས། མཁན་པོ་ཚང་ཉིན་གུང་གི་ཐུན་སེང་སྐབས་ཚོམས་ཆེན་དུ་སྐར་མ་བཅོ་ལྔ་ཉི་ཤུ་ཙམ་ལ་བྱོན་བཞུགས་དགོས་དུས། བཞུགས་གདན་གྱི་སྟེང་དུ་སྐུ་དྲོད་སྲུང་ཕྱིར་ང་ཐེངས་མང་འདུག་མྱོང་། གཟིམས་ཁྲི་གྲུ་བཞི་མ་ཞིག་ཡོད། དེའི་ནང་དུ་ཉིན་མཚན་གཉིས་ཀར་མཉམ་བཞག་རེད། སྐུ་ཆིངས་རྩ་བ་ནས་བཤིགས་མི་སྲིད། ཁོང་བཞུགས་ཤུལ་དུ་སྡོད་གསུངས་དུས་ཡ་ཞུས་ནས་འདུག་འཇོག་ནི་ཡིན། དེ་དུས་བྱིས་པ་རེད། བླ་མའི་བཞུགས་གདན་གྱི་སྟེང་དུ་འདུག་མི་ཉན་པ་མི་ཤེས་པས། འདུག་ཨེ་རུང་ཙམ་ཡང་ཞུ་མ་མྱོང་། མཉམ་འགྲོགས་ཀྱི་བདུད་ཟེར་བ་དེ་འདྲ་ཞིག་ཡིན་པ་རེད། མཚམས་དམ་པོ་ཞིག་ལ་བསྡད་དུས་མིས་ཚུར་ལ་མཐོང་མི་ཉན་པས་མ་ཚད་རང་གིས་ཕར་ལའང་བལྟ་ཉན་ནི་མ་རེད། ཕར་ལ་བལྟས་པས་མཚམས་བུག་ནི་ཡིན། ཚུར་ལ་བལྟས་པས་མཚམས་རལ་ནི་ཡིན་ཞེས་གསུངས་ཡོད། འོན་ཀྱང་མཚམས་འདི་ལ་རྒྱུད་སྡེ་གོང་འོག་གི་ཁྱད་པར་དང་། དང་པོ་ནས་དམ་བཅའ་བྱེད་ལུགས་ཀྱི་ཁྱད་པར་ཡང་ཡོད་པ་རེད། ཚོགས་ཀྱི་སྒྲུབ་པ་དང་སྦྲེལ་བ་འདི་རིགས་མང་པོ་ཚོགས་པའི་སྒྲུབ་པ་ཡིན་པས་ལྷག་པར་གུ་ཡངས་པ་རེད་ཅེས་ཟེར་བ་མིན་ཡང་། གཅིག་པུར་མཚམས་ལ་སྡོད་པ་ཞིག་དང་མི་འདྲ། དེ་ལ་མཐུན་རྐྱེན་ཡང་གང་འཚམ་ཞིག་ཚོགས་དགོས་པ། རྒྱུད་རང་གཞུང་ལས་ཀྱང་། འཚོ་བ་ཟས་ཀྱི་ཡོ་བྱད། བགོ་བ་གོས་ཀྱི་ཡོ་བྱད། ནད་བཟློག་སྨན་གྱི་ཡོ་བྱད། དགྲ་བཟློག་མཚོན་གྱི་ཡོ་བྱད་དང་། དུས་འཛིན་པ་ཟེར་བའི་ནམ་ཚོད་འཛིན་མཁན། དྲོད་ཉུལ་པ་དང་། མ་བྱན་ལ་སོགས་པ་མང་པོ་ཞིག་དགོས་པ་ཡིན་པས། དེ་དག་དང་འབྲེལ་སྦྱར། འུ་ཅག་གི་ཡུལ་དུས་གནས་དབང་དང་བསྟུན་ན་མཚམས་ཀྱི་རྟགས་དེ་ཚོ་རང་རེས་ཕྱོགས་གསུམ་གྱི་རི་འགོར་སྦྱར། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མཚམས་ཆེན་པོ་ཞིག་བཅད་བཏང་ཟེར་བ་མིན་ཡང་། མདོར་ན་མཆོད་རྟེན་དཀར་པོ་ཡན་ཆོད་མཚམས་ཀྱི་ཚད་དུ་བཟུང་ན་སྤྱོད་ལམ་ཐམས་ཅད་སྟབས་བདེ་བ་ཞིག་རེད་བསམ་ནི་ཡིན། འདི་རྒྱུན་གྱི་ཉམས་ལེན་གནད་ཀྱི་སྲང་ལ་གཅུན་ནས་ཉིན་མཚན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གོམས་པ་བསྐྱེད་ཐབས་ཡིན་ཞེས་ཁར་སང་གོང་དུ་བཤད་པ་ལྟར་རེད། གང་ལྟར་ཐུན་གྱི་ནང་གི་ཐུགས་དམ་དེ་ཤིན་ཏུ་ལེགས་པོ་ཞིག་རེད་རྒྱུ་དེ་མཚམས་ཀྱི་གཙོ་བོའི་དམིགས་བྱ་ཡིན། དེ་ནི་རང་ལག་ཡིན་པས། ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་གི་བསམ་གཞིགས་བཏང་སྟེ་རང་ངོས་ནས་འཕྱུག་མི་ཉན། ཡང་ཆེས་སྒྲིམ་ཆེ་བ་ཡིན་ན་གེགས་འབྱུང་ནི་རེད། དེས་ན་ཧ་ཅང་གྲིམ་མི་ཆེ། ཧ་ཅང་ལྷོད་མི་ཆེ་བའི་ཐང་ལྷོད་རན་པོ། པི་ཝང་དང་གཞུ་ཡི་རྒྱུད་ལྟར་དམ་ལྷོད་རན་པོ་མཛད་རྒྱུ་སྒོམ་སྒྲུབ་ཐོས་བསམ་ཉམས་ལེན་གང་གི་སྐབས་སུའང་དགོས་རྒྱུའི་མན་ངག་ཡིན་པ་ཞུ་མི་དགོས་གི། གཞན་ཡང་སྒྲུབ་ཐབས་རང་གཞུང་གི་སྐབས་སུ་ཞུས་པ་བཞིན། རིག་འཛིན་འདུས་པ་ནི་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ། བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཐམས་ཅད་ཀྱིས་སྔོན་དུ་བླ་མའི་སྒྲུབ་པ་བྱེད་རྒྱུ་འདི་ལ་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པ་རེད། དུས་ནམ་དུ་ཡང་སྔགས་བགྲང་པའི་སྐབས་སུ། རང་གཅིག་པུས་སྔགས་ཚིག་རེའི་ཕྲེང་སྐེ་དཀྱུ་བ་ཙམ་ཡིན་པར་མི་བསམ་ནས། སྤྱི་བོའི་རིགས་བདག་གི་ལྷ་ཚོགས། དཔག་ཡས་ཞིང་ཁམས་ཀྱི་རྡུལ་སྙེད། དེ་བཞིན་དུ་མཐའ་ཡས་ཀྱི་སེམས་ཅན། རང་ལུས་རྒྱལ་བའི་ཞིང་ཁམས་ཀྱི་གནས་ཡུལ་སོ་སོ་ན་བཞུགས་པའི་གཙོ་དང་འཁོར་གྱི་ལྷ་ཚོགས་གྲངས་མེད་མང་པོ་ཞིག་གིས་བཟླས་པ་དེའི་གྲོགས་བྱས་ཏེ། ཆོས་ཉིད་ཀྱི་རང་སྒྲ་སྒྲོག་བཞིན་ཡོད་པར་བསམ་ན་འགྱུར་ཁྱད་ལྷག་པར་ཆེ་བ་རེད། གསང་སྔགས་ཟེར་རྒྱུ་དེ་མོས་པ་ལམ་བྱེད་ཡིན་པས་དད་པ་དང་འདུན་པའི་ཕྱོགས་སུ་འགྲོ་བ་ཡིན། ལུས་ངག་གཉིས་ལས་ད་དུང་ཡིད་ཀྱི་ནུས་པ་རྒྱ་ཆེ་བ་རེད། འདི་ལྟ་བུའི་བསྙེན་མཚམས་སུ་བཞུགས་ནས་བསྙེན་པ་བཏང་ཚར་དུས། གོང་ནས་ཞུས་པ་ལྟར་ཐུན་བར་དང་མཚམས་གྲོལ་ཚར་རྗེས་སུ་ཡང་དུས་རྒྱུན་བསྙེན་པ་གསོག་དང་རིམ་གྱིས་མང་པོ་སོག་རྒྱུ་ཡོད་པ་རེད། བྱིས་པ་འཚར་ལོངས་ཡོང་བ་དང་ལྗོན་ཤིང་སྐྱེ་འཕེལ་གྱི་ཚུལ་ལ་ལྟོས་དང་འཕེལ་མཚམས་མ་བཞག་ཚེ་རྒྱུན་ཆད་མེད་པར་འཕེལ་ནི་རེད། ཆུ་ཐིགས་བསགས་པས་རྒྱ་མཚོ་ལྟར་མཐོང་རྒྱུ་ཅན་ཞིག་ཡོང་བ་ཡིན། མ་བསྡད་ན་ཞ་ནུད་བྱས་པས་ཀྱང་རི་རྩེ་རུ་སླེབ་འགྲོ་རྒྱུ་ཡོད་པ་དང་། ཉལ་ནས་བསྡད་ན་རྒྱུག་རྒྱུ་ཡོད་རུང་སླེབ་རྒྱུ་མེད་པ་ལྟར། དེས་ན་ཆེ་ལ་མ་རྔམ་ཆུང་ལ་མ་བརྙས་ཟེར་བ་ཡིན་པས། ཚང་མས་ཅི་ཞིག་གི་ཕྱོགས་སུ་ཡིན་ཡང་གོམ་པ་རིམ་བགྲོད་ཀྱིས་གསོག་དགོས་པ་རེད། ཐག་རིང་རྒྱ་གར་རྡོ་རྗེ་གདན་ལ་གོམ་པ་སྤོས་ནས་འགྲོ་དགོས་པ་ཡིན་ན། མིག་གིས་རྡོག་སྣེ་ལ་བལྟས་ནས་སོང་སྟེ་སླེབ་དགོས་པ་ཡིན་ཚུལ་དང་གཅིག་པ་རེད། འདི་ལྟ་བུའི་གཞི་བསྙེན་བསྙེན་རྐྱང་ལས་རུང་ཞིག་སོག་སོང་རྗེས། རྒྱུན་ཁྱེར་རེ་ཆག་མེད་བྱས་ནས་ཁ་ཞོར་ལག་ཞོར་གྱིས་རྒྱུན་དུ་བསྙེན་པ་རེ་གསོག་ཐུབ་ན་རྒྱུན་ཁྱེར་གྱིས་གཞི་བསྙེན་གྱི་ནུས་པ་ཁ་གསོས་ཏེ་གོང་འཕེལ་དུ་འགྲོ་བ་རེད། དེ་གོང་འཕེལ་དུ་འགྲོ་བའི་དཔེ་ཅི་འདྲ་ཞིག་བཞག་ཡོད་པ་རེད་ཅེ་ན། མེ་ཏོག་གི་ལྡུམ་རའི་ནང་དུ་དུས་རྒྱུན་ཆུ་བཀྲམ་པ་ལྟ་བུ་ཡིན་ཞེས་གསུངས་ཡོད་ནི་རེད། ཡང་གཞི་བསྙེན་གྱིས་ཚུར་རྒྱུན་ཁྱེར་གྱི་ནུས་པ་ཇེ་ཆེར་སྦར་ནི་རེད། དེའི་དཔེ་ཉི་ཟེར་ལ་མེ་ཤེལ་ཚད་པ་ལྟར་ཡིན་ཞེས་གསུངས་ཡོད། གང་ལྟར་སྔ་ཕྱི་གཉིས་ཀ་གདིང་གིས་འདྲེ་འགྲོ་ནི་རེད། དེ་ལ་དཔེ་ཇི་ལྟ་བུ་ཞིག་བཞག་ཡོད་པ་རེད་ཅེ་ན། ས་རློན་པའི་སྟེང་དུ་ཆུ་གཤོས་པ་ལྟ་བུ་ཡིན་ཞེས་གསུངས་ཡོད། ཕྱི་མའི་ནུས་པས་སྔ་མའི་རྣོ་སོ་འདོན་ནི་རེད། དེའི་དཔེ་བཞག་ན་སེག་རྡར་གྱིས་རལ་གྲིའི་ཁ་བླངས་པ་ལྟ་བུ་ཡིན་ཞེས་གསུངས། བསྙེན་པ་གསོག་མ་མྱོང་བ་ཞིག་གིས་མང་པོ་འདོན་པ་ལས། བསྙེན་པ་སྔོན་སོང་ཅན་གྱིས་ཉུང་ཉུང་བཏོན་པའི་ནུས་པ་ཆེ་བ་རེད། དེའི་དཔེ་རྩལ་མེད་ཅིག་གིས་མདའ་བརྒྱ་འཕངས་བ་ལས། རྩལ་ཆེན་ཞིག་གི་མདའ་གཅིག་གི་ཕོགས་ཚད་དང་གཅོད་ཚབས་ཆེ་བ་ལྟར་དང་། ཤིང་ཐུར་བརྒྱ་ཡིས་འབིགས་མི་ཐུབ་པ་ཁབ་གཅིག་གིས་སླ་མོར་ཕུག་འགྲོ་བ་ལྟ་བུ་ཡིན་ཞེས་གསུངས་ཡོད་པ་རེད། དེ་བཞིན་དུ་ད་དུང་། དག་དང་མ་དག་བརྒྱ་འགྱུར། །ཏིང་འཛིན་ཡོད་མེད་འབུམ་འགྱུར་ལ་སོགས་པ་དུས་རྒྱུན་གྱི་བཤད་སྲོལ་ལྟར་རེད། གཞན་ཡང་དབང་ལུང་ཐོབ་དང་མ་ཐོབ་ལ་ཁྱད་པར་ཡོད་རྒྱུ་དང་། བསྐྱེད་རྫོགས་ཀྱི་གདེང་ཡོད་མེད་ལ་ཁྱད་པར་ཆེ་བ་ཞུ་མི་དགོས་གི། མདོར་ན་ཁྱེད་འདིར་བཞུགས་ཀྱི་བླ་གྲྭ་གཞོན་རབས་པ་རྣམ་པ་ནི། འདས་པའི་བསྟན་རྒྱུན་མཐུད་མཁན། ད་ལྟའི་བསྟན་སྲོག་འཛིན་མཁན། མ་འོངས་པའི་བསྟན་རྒྱུན་སྤེལ་མཁན། སྔར་གྱི་དུས་རབས་སོ་སོའི་མི་རབས་གང་དང་ཡང་མི་འདྲ་བའི་གལ་ཆེན་འགག་ལ་ཁེལ། བསྟན་སྲོག་ཆགས་འཇིག་གི་གནད་འགག་ལ་ཐུག་པའི་ལས་འགན་ལྗིད་མོ་ཕྲག་ཐོག་ལ་ལེན་དགོས་པའི་དུས་རབས་སུ་ཁེལ་བ་ཡིན་ན། གང་བྱུང་དེས་ཆོག་གིས་ཐུགས་ལྷོད་གནང་རུང་བ་མ་ཡིན། སྒྱིད་ལུག་དང་རང་བརྙས་མཛད་རྒྱུ་མེད། འགན་ང་ལ་མི་བབས་ཁོང་ལ་བབས་བསམ་རྒྱུ་ཡོད་ནི་མ་རེད། རྒྱ་ཚ་སྐྱེས་ན་གླིང་གི་བུ། ཇོ་རུ་སྐྱེས་ན་གླིང་གི་བུ་ཡིན་པ་རེད། ཐམས་ཅད་མ་བགོས་ཐུན་མོང་གི་ལས་དེ་གང་ནས་འཐུས་ཤོར་སོང་ན་ཚང་མས་མ་འཇོན་པ་རེད། སུ་ཞིག་བཟང་ཡང་གཞན་དེ་ཤིན་ཏུ་ངན་པས་དེ་འདྲར་གྱུར་སོང་ཟེར་རྒྱུའི་མིང་གི་བྱེ་བྲག་དང་དོན་གྱི་རྣམ་དབྱེ་ཡོད་ནི་མ་རེད། ལ་ཞིག་གི་ཕར་རྒྱབ་ལ་སོང་ཚེ་དེ་ཚང་གིས་འཇོན་མ་སོང་ཟེར་ནི་རེད། མི་རིགས་ཀྱི་ཐད་ནས་བཤད་ནའང་དཔེ་དེ་བཞིན་མཚུངས་པ་རེད། ཁྱད་པར་དུ་གདན་ས་འདི་སྔ་འགྱུར་པའི་བསྟན་སྲོག་དང་འབྲེལ་བས་ལེགས་ཉེས་གང་བྱུང་ཡང་ཚོར་བ་རྣོ་ས་ཞིག་རེད། དེས་ན་ཁྱེད་རྣམ་པ་གར་སྟེགས་མཐོན་པོ་ཞིག་གི་སྟེང་ལ་བུད་ཡོད་པའི་མི་སྣ་རྐྱང་རྐྱང་ཡིན་པས། མིག་ལྟོས་འོས་པའི་འཁྲབ་སྟོན་ལྟད་མོ་ཅི་ཞིག་སྟོན་དང་། རྒྱལ་ཁམས་ཀྱི་མིག་ལ་བཟང་ངན་ཅི་ཞིག་བཀོད་ཁྱེད་རྣམ་པའི་ཐུགས་སྟོབས་དང་འཆར་འགོད་ལ་རགས་ལས་པ་ཞིག་རེད། འདི་ནས་ངས་ཁྱེད་རྣམ་པ་ཟེར་ནས་ཞུ་ས་ནི་གཞི་བྱེས་གཉིས་ཀའི་དགེ་འདུན་པ་ལ་ཞུ་བ་ཡིན། རྫོགས་ཆེན་ཚང་གི་བསྟན་པ་ལ་མཚོན་ན། གཞི་གྲྭ་གཙོ་ཆེ་བ་ཡིན་ཡང་། བྱེས་གྲྭ་དེ་བས་ཀྱང་གཙོ་ཆེ་བ་རེད། བླ་མ་བཀྱག་བྱེད་གྲྭ་བ་རེད། གུར་དཀར་ཆུང་བཀྱག་བྱེད་ཀ་བ་རེད། དགོན་ལག་སུམ་བརྒྱའི་བྱེས་གྲྭ་མེད་ན་འབྲོག་རུའི་གྲྭ་བ་རྐྱང་པ་ལ་མདོ་ཁམས་སྨད་ཀྱི་གསང་སྔགས་སྔ་འགྱུར་རྙིང་མའི་ཆ་ཤས་གལ་ཆེན་བཟུང་བའི་མྱིང་ཡོད་ནི་མ་རེད། ལར་གདན་ས་ཡར་རྒྱས་སུ་འགྲོ་དགོས་ན་བྱེས་གྲྭས་ལུང་པ་གང་དགོས། དབང་བྱེས་གྲྭས་བཟུང་དུས་བཟང་བ་ཡིན། དཔེ་དབུས་ཀྱི་གྲྭ་ས་ཁག་གསུམ་ལ་ལྟོས། ཕྱོགས་རིས་འཐེན་ཁྱེར་སྔར་ནས་ད་ཡི་བར་དུ་བོད་ཕུང་བྱེད་ཀྱི་གཞི་མ་ཡིན་པ་རེད། ལོ་ཉི་ཤུའི་ཡར་སྔོན་ངས་ཤྲཱི་སེང་ཆོས་གྲྭ་དབུ་བཙུགས་ཏེ། གླིང་ཕྱོགས་བཞིའི་གྲྭ་རྒྱུན་གྱི་ཁང་ཚན་བགོ་དུས་གཞི་བྱེས་བསྲེ་མ་བྱེད་དོན་རྒྱུ་མཚན་དེ་ཡིས་ཡིན། ལུགས་གཉིས་ལེགས་པའི་འདུན་མ་ཡང་རྩེར་སོན་རྒྱུ་དེ། བཤད་ན་བདེ་ཡང་ལས་ན་དེ་འདྲའི་སྟབས་བདེ་ཞིག་ག་ལ་ཡིན། དེ་འདྲའི་བསྟན་སྲིད་ཆེན་པོའི་ལ་རྒྱའི་མཐོང་རྒྱ་ཤེས་རྒྱའི་རྒྱང་ཐག་མཐོང་བ་ལ། ཡང་ན་སྐྱེ་བས་ཐོབ་པའི་རང་བཞིན་གྱི་རྣམ་དཔྱོད་ཡོད་པ་ཞིག་དང་། དེ་མིན་སྦྱང་སྟོབས་ཉམས་མྱོང་གི་ཐོག་ནས་ཡང་རྩེར་བསྙེགས་མཁན་ཞིག་མིན་ན། ཐད་ནས་བལྟས་ན་གླེན་པ་མཁས་ཀྱང་། ལག་ཏུ་བཞག་ན་ཐོན་དཀའ་བས། ཁ་གྲགས་ཚད་ཀྱིས་ཤེས་རྒྱུ་ཐོན་རྒྱུ་ཞིག་ཡིན་པ་མ་རེད། བུ་ཐམས་ཅད་འདྲ་ན་ཚང་མ་གེ་སར་ལོས་ཡིན། རྟ་ཐམས་ཅད་འདྲ་ན་ཚང་མ་རྐྱང་ལུ་ལོས་ཡིན། བྱིས་པ་ཚོའི་མིག་མ་ཕྱེས་གོང་རྒན་པ་རེ་གཉིས་ཀྱིས་བསྟན་པ་སྲོག་གིས་བསྲུངས་བའི་ལག་རྗེས་བཞག་ཚར་བ་རེད། དེའི་རྡོག་ལམ་དེད་རྒྱུ་མི་རབས་རྗེས་མའི་ལས་སྐལ་རེད། བན་སེར་མོ་ཞིག་གི་གྲལ་དུ་བསྡད་ནས་བཟུང་སྟེ་ཆོས་ལམ་ངོ་མ་ཞིག་ཨེ་ལོན་བལྟ་དགོས་པ་རེད། རང་གི་རྡོག་ལམ་ལེགས་པོ་ཞིག་འཚོས་ནས་སྣ་ཚུགས་ཁུར་དུ་མ་འཇོག་དང་གཞན་འགྲིག་མིན་གྱི་དོ་སྣང་གནས་སྐབས་ཉམས་འོག་མ་ཚུད་ན་ཡང་དྲགས་ནི་རེད། དེ་ལྟར་རྣམ་པ་ཐམས་ཅད་ཀྱིས་མ་འོངས་འབྱུང་འགྱུར་འཇིག་རྟེན་གྱི་ཁམས་སུ་སྤྱིར་རྒྱལ་བའི་བསྟན་པ། ཁྱད་པར་དུ་གསང་ཆེན་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་རྩ་བའི་བརྒྱུད་པ་འདི་མི་ཉམས་ཡུན་དུ་གནས་རྒྱུའི་མཛད་རྒྱུན་སྐྱོང་རྒྱུ་འཕྱུག་མི་ཉན། འདི་རྩ་བའི་བརྒྱུད་པ་རེད། ང་སློབ་མའི་སློབ་མ་མ་རེད། བླ་མའི་སློབ་མ་རེད་ཟེར་ནས་ངས་དུས་རྒྱུན་མཐོ་བཤད་བྱེད་ཀྱིན་ཡོད། འདིའི་བརྒྱུད་གསུམ་དགོངས་པའི་བྱིན་རླབས་ཀྱི་བརྒྱུད་པ་ང་ལ་འཕོས་ཡོད་ཟེར་མི་ཕོད་ཀྱང་། ངའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ་ནི། ཀུན་མཁྱེན་འཇིགས་གླིང་དང་འདྲ་བར་བརྒྱུད་གསུམ་གཅིག་ལ་རྫོགས་པའི་བླ་མ་སངས་རྒྱས་དངོས་བྱོན་ཡིན། འཇིགས་མེད་གླིང་པ་སླར་བྱོན་པ་དང་འདྲ་འདྲ་ཡིན་ནི་རེད། སྐྱེ་བཙུན་སེངྒེ་དབང་ཕྱུག་དང་འཇིགས་མེད་གླིང་པ་རྣམ་གཉིས་ཀྱི་སྤྲུལ་པ་ཡིན་པར་ཁོང་རང་ཉིད་ཀྱིས་ཀྱང་ཞལ་བཞེས་གནང་བ་རེད། ཁོང་གི་གསུང་གི་ནང་དུ། བརྒྱུད་པ་གསུམ་གྱི་བྱིན་རླབས་ཀུན། །ད་ལྟ་བདག་དང་གཉིས་སུ་མེད། །བརྒྱུད་གསུམ་གུ་རུའི་རྒྱལ་ཚབ་ནི། །ཡོན་ཏན་མགོན་པོ་ཞེས་སུ་གྲགས། ཞེས་གསུངས་ཡོད་པ་དང་། དེའི་འཕྲོ་ཞིག་ཏུ། ང་རང་ཐོག་མའི་སངས་རྒྱས་དང་། །སྐལ་བ་མཉམ་ཞེས་ཁོ་བོས་རྟོགས། །སངས་རྒྱས་ཡོན་ཏན་མགོན་པོ་ཞེས། །ཕྱོགས་བཅུ་ཀུན་ན་རབ་ཏུ་གྲགས། ཞེས་གསུངས་ཡོད། དེ་འདྲའི་བླ་མ་རྫོགས་པའི་སངས་རྒྱས་ཀྱི་ཞལ་ཆབ་གསུང་གི་བདུད་རྩི། མ་ཟག་མ་འཐོར་བར་བྱིན་རླབས་ཀྱི་བརྒྱུད་པ་སྤྲད་ས་ཁྱེད་རྣམ་པ་ཡིན་ན། ཁྱེད་རྣམ་པས་ཀྱང་དེ་བཞིན་དུ་ཐུགས་སྟོབས་བསྐྱེད་པ་ལ་དཔའ་མ་ཞུམ་དང་། གངས་སེང་གེ་དཀར་མོའི་རྒྱུད་པ་རེད། གང་ལྟར་བཤད་ཀྱང་རྡ་ལིའི་རྫིག་རྔམ་རེ་དང་བསྡུར་ཐབས་མེད། རང་ཆེ་བཤད་ནི་མིན། ཆོས་བརྒྱུད་ཀྱི་བསྔགས་པ་དོན་མཐུན་རང་བཞིན་བརྗོད་པའི་ངག་གིས་བཤད་ནི་ཡིན། ད་མ་བཤད་ན་གོ་ནི་མ་རེད། དོན་གནད་འགའ་རེའི་ཐད་ནས་མཚམས་མཚམས་སུ་དམན་ས་བཟུང་ཆེ་རང་ཚུལ་སྦས་ཆེ་བས། དུས་ངན་གྱི་སྐབས་སུ་ཧམ་པ་སུ་ཆེ་འགོ་འཕང་མཐོ་ནས། བཟང་པོ་མིང་མེད་དུ་འགྲོ་བའི་ཉེན་ཁ་མེད་པ་ཞིག་མ་རེད། ང་ནི་ཐ་མལ་ནང་གི་ཐ་མལ་ཞིག་རེད། སོ་སྐྱེ་འཆིང་བ་ཀུན་ལྡན། ལས་ཉོན་གཉིས་ཀྱི་གཞན་དབང་ཅན་ཞིག་རེད་མོད། ལམ་ཞུགས་ཀྱི་ཆོས་པ་ཞིག་མ་རེད་ཅེས་ཟེར་མི་བཏུབ། བདེ་མཆོག་རྡོ་རྗེ་མཁན་པོ་པད་རྡོར་གྱི་དེ་མ་ཐག་པ་མ་རེད་མི་བསམ་གི། ང་བདེ་མཆོག་རྡོ་རྗེའི་ཡང་ཚ་རེད་མ་གཏོགས་སྐྱེ་བ་མིན་ལས་ཆེ་བསམ་གིན་མེད། སྐྱེ་བ་སྔ་ཕྱི་ཁས་ལེན། ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་ཡོད། བླ་མ་གོང་མ་ཚོའི་གསུང་ཚད་མར་འཛིན་ནི་རེད། སྐྱེ་བ་འདྲ་དང་མི་འདྲ་ཅི་འདྲ་བླངས་མྱོང་མེད། ཚངས་དང་དབང་པོ་བརྒྱ་བྱིན་གྱི་ལུས་ཀྱང་གྲངས་མེད་བླངས་ཡོད་རྒྱུ་རེད། ཟུར་ཆོས་དབྱིངས་རང་གྲོལ་ཚུན་ཆད་སྔགས་ལ་མོས་པའི་རྟེན་ཅན་གྱི་ཆོས་སྨྲ་བའི་སྐྱེ་བ་འགའ་རེ་བླངས་ཡོད་སྲིད་བསམ་གི། སྐྱེ་སྤྲུལ་འདི་ཚོའི་ཐད་ལ་བསམ་བློ་བཏང་ན། ང་ནི། སྤྲུལ་རྫུན་ལ་དགག་པ་བརྒྱག་མཁན། རང་དགྲ་རང་གཤེད་བྱེད་པའིི་ཕུགས་པོ་གཅིག་རེད། ཙིའུ་དམར་གྱི་སྐྱེ་རྒྱུད་གསུངས་པའི་སྐབས་སུ། ཁྱོད་ནི་སྔོན་གྱི་ལས་དང་བག་ཆགས་མཐུས། །རྒྱལ་རིགས་བསྟན་གཤིགས་ཡོངས་ཀྱི་བདུད་དུ་ཆེ། ཞེས་གསུངས་པ་དེ་ཉིད་ཚིག་བསྒྱུར་བ་ཇི་བཞིན། ང་ནི་སྔོན་གྱི་དམུས་༼ཡིད་སུན་པའི་དོན་༽པའི་བག་ཆགས་ཀྱིས། །སྤྲུལ་རིགས་བསྟན་བཤིགས་ཡོངས་ཀྱི་བདུད་དུ་ཆེ། ཞེས་ཟེར་བ་ལྟ་བུ་རུ་གྱུར་ཡོད་པ་རེད། འོན་ཀྱང་ཐམས་ཅད་སྤྲུལ་རྫུན་ཡིན་པའི་ཁྱབ་མཐའ་ངས་ཀྱང་ཁས་མི་ལེན། འདིའི་ཐད་ལ་ཚད་མར་གྱུར་བའི་བསྟན་བཅོས་ཀྱི་ནང་དུ་ཇི་ལྟར་གསུངས་ཡོད་པ་རེད་ཅེ་ན། རྒྱུད་བླ་མའི་ནང་དུ། འཕགས་པས་འཆི་དང་ན་བ་དང་། །དགའ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། ཅེས་གསུངས་པ་རེད། འཕགས་པ་རྣམས་ལ་སྐྱེ་འཆི་རང་མཚན་པ་ཡོད་པ་མ་རེད། འོན་ཀྱང་མདོ་སྡེ་རྒྱན་ལས། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་དོན་སྨོན་ལམ་དབང་དག་དང་། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གི་སྐྱེ་བར་འདོད་པ་ཡིན། ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་བཞེས་པའི་རྒྱུ་བཞི་བཤད་པའི་སྐབས་སུ། མོས་སྤྱོད་ཀྱི་ས་ལ་གནས་པའི་བྱང་སེམས་ཀྱི་སྐྱེ་བ་ཕལ་ཆེར་ལས་ཀྱི་རྒྱུ་ལས་སྐྱེ་བ་རེད། དེ་ཇི་ལྟར་རེད་ཅེ་ན། དེ་དག་ད་དུང་སེམས་ལ་དབང་མ་ཐོབ་པས་ན་གང་དུ་བསམ་ཞིང་སྨོན་ལམ་བཏབ་པ་དེར་གདོན་མི་ཟ་བར་སྐྱེ་བའི་ངེས་པ་ཡོད་པ་མ་རེད། སྐབས་རེ་འགར་སྨོན་པ་ལྟར་དུ་སྐྱེ་བ་ཡིན་ཡང་། གཙོ་ཆེར་བསོད་ནམས་ཀྱི་ཚོགས་བསགས་པའི་ལས་ཀྱིས་བདག་གཞན་ལ་ཕན་པར་འགྱུར་བའི་གནས་ལ་སྐྱེ་བ་ཡིན་པ་རེད། ས་དང་པོ་དང་གཉིས་པ་ལ་ཏིང་འཛིན་གྱིས་སྐྱེ་བ་ཡོད་ཀྱང་། ཕལ་ཆེ་བ་སྨོན་ལམ་གྱི་དབང་གིས་སྐྱེ་གསུངས་ཡོད། ས་གསུམ་པ་ནས་བདུན་པའི་བར་ཏིང་ངེ་འཛིན་གྱིས་སྐྱེ་བ་དང་། དག་པ་ས་གསུམ་ལ་དབང་འབྱོར་གྱི་སྐྱེ་བ་ལེན་པ་ཡིན། སངས་རྒྱས་ཀྱི་ས་ལ་ལྷུན་གྱིས་གྲུབ་པའི་སྤྲུལ་བས་དབང་འབྱོར་བ་ཆེན་པོའི་ཚུལ་གྱིས་སྤྲུལ་བའི་མཛད་པ་སྟོན་པ་ཡིན་པར་གསུངས་ཡོད་པས། ང་ལྟ་བུར་མཚོན་ན་བསོད་ནམས་དང་སྨོན་ལམ་གྱི་དབང་གིས་རེད་ཅེས་མ་བཤད་ན་གོང་མ་རྣམས་ལ་སྐུར་འདེབས་སུ་འགྱུར་བ་ཨེ་ཡིན་ནམ། འཕགས་ས་ལ་གནས་པའི་སྤྲུལ་བ་ཡིན་ཞེས་སྨྲས་ན་ནི་ཁྱད་ཆོས་མེད་པའི་ཁྱད་གཞི། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་སྟོན་རྒྱུ་མེད་ཚེ་སྒྲོ་འདོགས་ཀྱིས་མི་ཚད་མི་ཆོས་བླ་མའི་རྫུན་བླ་མའི་ཁ་ནས་བཤད་པ་ཞིག་དང་མཚུངས་པས་མ་ཚད་དོན་ངོ་མ་ཡང་དེ་འདྲ་རེད། གང་ལྟ་བུ་ཞིག་ཡིན་ཀྱང་། སྤྱིར་བསྟན་འགྲོའི་རྒུད་པ། ཁྱད་པར་དུ་དམ་སྲིའི་འཚེ་བ་སྣ་ཚོགས་ཀྱི་དབང་གིས། ང་ལ་མཚོན་ན་སྐྱེ་བ་སྔོན་མར་ཚེའི་བར་ཆད་ཡོང་བ་དང་། རྟེན་འདིར་སྐྱིད་སྡུག་སྣ་ཚོགས་ཤིག་ལུས་ཐོག་ཏུ་ཡོང་བས། འདི་དགོས་དབང་གིས་དེའི་ཚུལ་བསྟན་པ་ཞིག་མ་རེད། ལས་ཀྱི་རྣམ་པར་སྨིན་པ་ཐོག་ཏུ་བབས་པ་ཞིག་རེད། འོན་ཀྱང་དེ་ཚོས་བསྟན་པ་འདི་ལ་གོ་ཆེ་བ་རེ་བཅད་ཡོད་པ་དང་། གེགས་ཆེ་བ་རེ་ལྡོག་ཡོད་རྒྱུ་རེད་བསམ་གྱིན་ཡོད། དེ་ལྟར་སྨོན་ལམ་ཡང་འདེབས་བཞིན་ཡོད། གང་ལྟར་མི་ཚེ་བར་མ་མདོ་ནས་ཤོར་ཡོད་ན། དབང་པོ་སྐྱོན་ཅན་གྱི་ཚེ་མཇུག་ལས་མཇུག་ཞིག་ལ་འུ་ཅག་མཉམ་དུ་འཛོམས་ཏེ། སྔོན་སྨོན་གྱི་ལས་འཕྲོ་ལ་མཉམ་དུ་འཇུས་ན། འདི་བཞིན་སྐྱེ་བ་ཚེ་རབས་སུ་བསྟན་དང་འགྲོ་བར་སྨན་པའི་སྨོན་ལམ་མཉམ་དུ་ལོས་འདེབས། ཐ་ན་མིང་ཙམ་ཐོས་པ་དང་རླུང་ཕྱོགས་ཕོགས་ཚད་དང་བཟང་ངན་ལས་ཀྱིས་འབྲེལ་ཚད་ལ། བདེ་བ་རེ་ཐོབ་རྒྱུའི་སྨོན་འདུན་བྱས་དང་བྱེད་བཞིན་ཡིན་ན་ཡང་། བྱང་ཆུབ་སེམས་བསྐྱེད་བླངས་པའི་མི་ཞིག་ལ་མཚོན་ན་དེ་ལ་ཡ་མཚན་རྒྱུ་ཅི་ཡང་མེད། འདུས་བྱས་ཀྱི་ཆོས་ལ་རྟག་བརྟན་ཡོད་པ་མིན་པས། སྐད་ཅིག་སྐད་ཅིག་གིས་འགྱུར་བའི་རང་བཞིན་ཅན་ཏེ། གཞོན་དང་དར་མ་རྒན་པོའི་བརྒྱུད་རིམ་གྱི་ཐོག་ནས་ཐམས་ཅད་འགྱུར་བའི་ཕྱོགས་སུ་འགྲོ་བཞིན་ཡོད་པས་མི་རྟག་མཐའ་བཞིས་བསྡུས་པའི་ཆོས་སྤྱི་དང་ཁྱད་པར་ལུས་འདི་ལ་སྙིང་པོ་ཡོད་པ་མ་རེད། མི་ཚེ་དབ་མ་ཡུག་རེད། དེས་ན་ན་ཚོད་གཞོན་པའི་དུས་སུ་དམ་པའི་ལྷ་ཆོས་ཤིག་མ་འགྲུབ་ན། རྒས་རྒྱུ་ལ་བསྒུག་ལོང་ཨེ་ཡོད་ཅི་ཤེས། བསྒུག་ལོང་ཡོད་ཀྱང་རྒ་བའི་སྡུག་བསྔལ་གྱིས་མནར་བའི་ཉི་མ་ཤར་ན། ངས་སྔར་ནས་དམ་པའི་ཆོས་ཤིག་བསྒྲུབས་ཡོད་ན་ད་ཚོད་སྐྱིད་པའི་ཉི་མ་མགོ་ལ་ཤར་ཡོད་རྒྱུ་རེད་བསམ་རྒྱུའི་འགྱོད་པ་སྐྱེ་ངེས་ཡིན། འོན་ཀྱང་དེ་དུས་བྱ་བ་སྔོན་སོང་བྱ་རྒྱལ་རྒོད་པོས་ཀྱང་རྗེས་སླེབས་ནི་མ་རེད། ད་སྔོན་འདས་པའི་དུས་ཚོད་ཕྱིར་འཐེན་བྱ་ཐབས་མེད། མི་ཚེར་བསགས་བསགས་ཀྱི་བུ་ལོན་རང་གཅིག་པུའི་སྐེ་ཐོག་ལ་བབས་དུས། མ་ཤི་སྔོན་གྱི་ཤི་སྡུག་དེ་ངན་སོང་མིན་ཡང་ངན་སོང་འདྲ། སྤྱིར་མི་ཚེའི་སྡུག་བསྔལ་མང་། དེའི་སྟེང་ལ་ནད་པ་རྒས་པ་རེད་དུས་སྔོན་ན་རྟེན་ས་མེད། ཆོས་སྔོན་སོང་མེད། རྒྱབ་ན་སྐྱོར་མ་མེད། ཉམས་ལེན་དྲོད་རྟགས་ཀྱི་གདེང་རང་ལ་འདི་ཡོད་བསམ་པ་ཞིག་མེད་ཚེ་འདི་ཕྱི་གཉིས་ཀ་གཅེར་བུ་ལག་སྟོང་ཡིན་པ་རེད། དེས་ན་གྲྭ་གཞོན་རྣམས་ཀྱིས་ཐོག་མར་དགེ་བ་འདུལ་ཁྲིམས་མིག་ལྟར་དུ་སྲུང་དགོས། ཡོན་ཏན་ཀུན་ཀྱི་གཞི་རྟེན་ཚུལ་ཁྲིམས་ཡིན་པ་རེད། སྲིད་གསུམ་བདག་པོར་སྔར་ཡང་ལན་བརྒྱར་སྐྱེས། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ད་རེས་ཙམ། ཞེས་གསུངས་པ་རེད། བསོད་ནམས་བསགས་པ་སྔོན་སོང་ཞིག་མེད་ན་རབ་ཏུ་བྱུང་བའི་རྟེན་ཐོབ་དཀའ། ཐོབ་ཀྱང་དམ་པ་སྔོན་སྦྱང་ཅན་ཐུགས་བསྐྱེད་སྨོན་ལམ་རྣམ་པར་དག་པ་ཞིག་མིན་ན་སྲུང་དཀའ། དམ་པ་མིན་པས་སྲུང་དཀའ་བའི་རྒྱུ་མཚན་ནི་བསླབ་པ་འགངས་ཆེ་བས་རེད། དམ་པ་མིན་པས་ཤིན་ཏུ་སྲུང་དཀའ་དང་། །དམ་པར་གྱུར་པས་ནན་གྱིས་སློབ་དགོས་པ། །བསླབ་པ་འགངས་སུ་ཆེ་བའི་རྟགས་ཡིན་པས། །རང་གི་རིན་ཆེན་ཆུད་ཟོས་མ་བྱེད་ཨང་། ཞེས་གསུངས་ཏེ་གདམས་ཡོད། ཚུལ་ཁྲིམས་ཡོད་ན་ཐོས་ཉུང་བློ་དམན་ཡང༌། །ཏིང་འཛིན་ཤེས་རབ་སྐྱེད་ལ་དཀའ་བ་མེད། །རྩ་བ་མེད་ལ་ལོ་མེད་འབྲས་བུ་མེད། །དེ་སླད་ལམ་གྱི་རྟེན་འབྲེལ་འགོ་ནས་སྒྲིགས། ཞེས་གསུངས་པ་རེད། བར་དུ་དགེ་བ་ཐོས་པ་སློབ་གཉེར་ལ་བརྟེན་དགོས། ཚེ་འདི་ཕྱི་རང་གཞན་གཉིས་ཕན་གྱི་ཤེས་རབ་ཀྱི་མིག་ཞིག་དེ་རུ་འཚོལ་དུ་ཡོད། ཤེས་རབ་ཀྱི་མི་མཐུན་ཕྱོགས་དེ་འཆལ་བའི་ཤེས་རབ་ཡིན། འཆལ་བའི་ཤེས་རབ་གང་རེད་ཅེ་ན། འཆལ་བའི་ཤེས་རབ་དོན་ཚན་གསུམ་དུ་བསྡུ་ཆོག ཤེས་རབ་ཀྱིས་ཡོན་ཏན་མི་འཚོལ་བ་དང་གཅིག ཤེས་རབ་ཀྱིས་ཡོན་ཏན་འཚོལ་ཡང་ཕྱིན་ཅི་ལོག་ཏུ་འབད་སོང་བ་དང་གཉིས། ཕྱིན་ཅི་ལོག་མིན་ཡང་སངས་རྒྱས་ཀྱི་རྒྱུ་རུ་མི་འགྱུར་བ་དང་གསུམ་བཅས་འཆལ་བའི་ཤེས་རབ་སྟེ། དེ་གསུམ་གྱི་མཚན་གཞིའི་སྟེང་ནས་བཤད་ན། བླུན་པོ་ལྟར་དུ་ཤེས་རབ་ཀྱིས་ཡོན་ཏན་འཚོལ་མི་ཤེས་པ་དང་གཅིག མུ་སྟེགས་པ་ལྟ་བུ་འཚོལ་ཡང་ཕྱིན་ཅི་ལོག་ཏུ་འབད་སོང་བ་དང་གཉིས། ཉན་ཐོས་ལྟ་བུ་ཕྱིན་ཅི་མ་ལོག་ཀྱང་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་རུ་མི་འགྱུར་བ་དང་བཅས་གསུམ་རེད། དེ་ལྟ་བུའི་ཤེས་རབ་མེད་པའམ་ཤེས་རབ་འཆལ་བ་དེ་ལ་སྐྱོན་ཅི་ཞིག་ཡོད་པ་རེད་ཅེ་ན། མི་མཁས་པའི་སྟབས་ཀྱིས་རང་ཉིད་ཀྱི་སེམས་ཞུམ་ཞིང་དཔའ་འཁུམ་སྟེ་གནས་པ་དང་། བྱ་བ་དང་བྱ་བ་མ་ཡིན་པའི་ཆ་སོ་སོར་རྣམ་དཔྱོད་ཀྱིས་འབྱེད་མི་ནུས། དེའི་སྟབས་ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་བརྙས་བཅོས་ཀྱི་ཡུལ་དུ་འགྱུར། དཔེར་ན་སེང་གེའི་ནང་དུ་ཝ་སྐྱེས་སླེབ་སོང་བ་ལྟ་བུ། མཁས་པའི་གྲལ་དུ་མི་ཆུད་ཅིང་ཆུད་ཀྱང་ཉམས་དམའ་བ་ལ་སོགས་པའི་ཉེས་པ་མང་བ་རེད། རྐང་གཉིས་པ་ལ་མངོན་སུམ་ཕྱུགས། །བླུན་པོ་ཡོངས་སུ་སྤང་བར་བྱ། ཞེས་གསུངས། ཐོས་པའི་ནོར་མེད་ས་སྟེང་འདི། །ལོང་བ་ཡིན་སྙམ་བསམ་སྟེ་བྱ། ཞེས་གསུངས་པ་རེད། ས་སྐྱ་པཎ་ཆེན་གྱིས་ཀྱང་། བླུན་པོའི་དབུས་ན་དགའ་ཞིང་རྩེ། །མཁས་པའི་འདུན་ན་ཞུམ་ཞིང་འཛུར། །ནོག་དང་ལྐོག་ཤལ་མེད་ན་ཡང་། །ཡ་སོ་ཅན་གྱི་བ་ལང་ཡིན། ཞེས་གསུངས་པ་ལྟ་བུ་རེད། ཤེས་རབ་མེད་ན་ཚེ་འདིས་མ་ཚད་སྐྱེ་བ་ཐམས་ཅད་དུ་དབང་པོ་རྟུལ་བོ་རུ་འགྱུར། དབང་པོ་རྟུལ་བའི་སྟབས་ཀྱིས་ཆོས་བྱས་པ་ཡིན་ཡང་ནོར་སོང་བ་ཞིག་ལས་རྙེད་པ་མིན། བསྒོམ་བྱས་པ་ཡིན་ཡང་བདག་འཛིན་གྱི་རྩ་བ་མི་ཆོད། གལ་ཏེ་ཆོད་ཁུལ་བྱས་ཀྱང་ཐབས་ལ་མི་མཁས། དེ་མ་མཁས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་འགོག་པ་ལ་ལྷུང་བ་ལ་སོགས་པའི་སྐྱོན་མང་བ་རེད། དེས་ན་ཤེས་རབ་འཆལ་འགྲོ་བའི་རྒྱུ་རྐྱེན་ཅི་རེད་ཅེ་ན། ཤེས་རབ་འཆལ་བའི་རྒྱུ་མ་རིག་པ་དང་རྐྱེན་དགེ་བའི་བཤེས་གཉེན་ངན་པ་ལ་གུས་པའི་དབང་གིས་བྱུང་བ་རེད། དེས་ན་དེ་སྤོང་ཐབས་སུ་ཐོས་བསམ་ལ་འབད་དགོས་པ་གནད་ཆེན་པོ་ཡིན། ཐ་མར་དགེ་བ་ཉམས་ལེན་གནད་ཐོག་ཏུ་དྲིལ་དགོས། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོས་པ་དངོས་བདག་འཛིན་འདུལ་བའི་ནང་དུ་འདུས་ནི་རེད། བདག་འཛིན་དེ་ཅི་ཞིག་རེད་ཟེར་ན། དངོས་པོ་ལ་ཞེན་པ་གང་ཟག་གི་བདག་འཛིན་དང་། འཇིག་ཚོགས་ལ་ལྟ་བ་ཆོས་ཀྱི་བདག་འཛིན་མ་ཡིན་ནམ། བདག་འཛིན་གྱི་གཉེན་པོར་མ་སོང་ཚེ་ཆོས་བྱས་ཚད་དོན་མེད་རེད་སོང་ནི་རེད། བུག་པ་འདག་ཞལ་བྱས་ནས་ཀུན་འབྱུང་སྒོམ། །ཐུགས་དམ་གཙིགས་སུ་མཛད་པའི་རྟོགས་ལྡན་པ། །ཐུགས་རྒྱ་ཆེ་རུ་སོང་བའི་འདུག་ཆིས་འདི། །འཆི་བ་ཐུགས་ལ་མ་བཞག་བཀའ་དྲིན་ཡིན། ཅེས་གསུངས་པ་ལྟ་བུ་རེད། ཆོས་བྱས་ཚད་བདག་འཛིན་གྱི་གཉེན་པོར་སོང་ན་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན་པ་རེད། ཆོས་ཆོས་སུ་སོང་དང་མ་སོང་གི་ཚད་གཞི་འཇོག་ས་དངོས་འདི་ཡིན་པས། འདི་ཆོས་པ་ཡང་ལྗིད་བཀྱག་བྱེད་ཀྱི་རྒྱ་མ་ཡིན་ཞེས་གསུངས། དེ་བཞིན་མཉམ་བཞག་གི་རྟོགས་པའི་ཡེ་ཤེས་དེ་ཡང་དག་པ་རེད་ཡོད་མེད་རྗེས་ཤེས་རབ་དང་སྙིང་རྗེའི་རྩལ་འབར་མིན་གྱིས་དབྱེ་བ་འབྱེད་ཐུབ་པ་རེད། གནས་ལུགས་ཀྱི་དགོངས་པ་ཟབ་མོ་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་ཡོད་ན། མཉམ་རྗེས་སྟོང་དང་སྙིང་རྗེ་གཉིས་ཀ་གཅིག་གྲོགས་གཅིག་གིས་བྱས་ཏེ་གོང་ནས་གོང་འཕེལ་གྱིས་ཚོགས་གཉིས་འབད་མེད་དུ་རྫོགས་པ་རེད། ལར་ཆོས་པ་བཟང་པོ་ཡིན་མིན་གཞན་གྱིས་མི་ཁྲེལ་བ་དཔང་པོ་ཡིན་མོད། འོན་ཀྱང་འཇིག་རྟེན་པ་ཕལ་བ་རྣམས་ཀྱིས་གཞན་སེམས་མི་ཤེས། དེ་མ་ཤེས་པས་སྤྱོད་ལམ་ལེགས་པ་སྣ་རེ་ཙམ་གྱིས་མགུ་སླ་བ་རེད། དེ་ཉིད་གཙོ་བོར་མི་བཟུང་པར་གཙོ་བོ་རང་གི་སེམས་ཀྱིས་མི་ཁྲེལ་བ་དེར་འཛིན་དགོས་པ་ཡིན་པས། རང་གི་སེམས་ཀྱིས་རང་ལ་མི་ཁྲེལ་བའི་རང་སེམས་གཙང་མ་དཔང་པོར་འཇོག་ཆོག་པ། ད་ལྟ་ཤི་ཡང་མི་འཚེར་བའི་དཔའ་གདེང་ཞིག་ཡོད་ཆུགས་དང་། བླ་རབ་གྲྭ་རབ་ཚང་མ་དེ་ཡིན་པ་རེད། ཁྱིམ་ཕ་མ་ལ་དེས་མ་ཕན་ན་ལོག་འཚོའི་ཟས་ནོར་གྱིས་ཕན་ཐོགས་མི་ཆེ། བོད་སྤྱི་ལ་བསམ་མནོ་བཏང་ན། ཆོས་ཚུལ་བཞིན་བྱེད་པའི་དགེ་འདུན་པ་དགོས་པ་རེད། འཛམ་གླིང་བསྐོར་ནས་སོང་ཡང་རྙེད་རྒྱུ་མེད་པའི་རིན་ཐང་ཅན་དེ་ནང་པའི་ཆོས་དང་རིག་གཞུང་འདི་ཡིན་ཞིང་། འདི་གང་ཟག་གི་རྒྱུད་དུ་ཡོད་པ་རེད། ངས་འཛམ་གླིང་གཡས་སྐོར་གཡོན་སྐོར་འགའ་རེ་བྱས་ཟིན། སོང་སོང་སོང་ཚར། བཤད་ན་སྙན་པ་ལྟ་བུ་དེ་བལྟས་ན་དེ་འདྲ་མ་རེད། གཏུགས་གཏུགས་གཏུགས་ཟིན། ད་མི་དང་གཏུགས་ནས་ལབ་གླེང་བསམ་གིན་མེད། སྐྱོན་མེད་ཀྱི་མི་དཀོན་པས་ན་ཉོན་མོངས་ཀྱི་མཁྲིས་ནད་ཅན་ལ་དུང་དཀར་པོ་ཡིན་ཡང་རང་མདོག་སྣང་མི་སྲིད་པ་རེད་འདུག དེ་ལ་འཁང་ར་བྱེད་རྒྱུ་མེད། སྦྲུལ་ཚང་ནང་དུ་སྦྲུལ་ཞི་འཇམ་ཅན་མི་འདུག་ཅེས་བཤད་པ་དང་འདྲ་འདྲ་རེད། ད་བཤད་བཤད་བཤད་སོང་། བཤད་ནས་ཚར་རྒྱུ་མི་འདུག ལས་ལས་ལས་སོང་། ལས་ནས་ཟད་རྒྱུ་མེད་པའི་འཁྲུལ་བའི་བྱ་གཞག་ལ་སྙིང་པོ་མེད་པ་མཐོང་སོང་ནི་རེད། འཁོར་བའི་བྱ་གཞག་དེ་ནམ་བཞག་ན་དེ་དུས་ཚར་བ་རེད། ཚར་བསྒུག་བྱས་ན་ཤི་ཁ་ཡིན་ཡང་ཚར་མི་སྲིད། དེ་བཟང་གི་ངེས་འབྱུང་སྐྱེས་པ་ཞིག་མ་ཡིན་ཞིང་། ངན་གྱི་བློ་སྣ་ཐུང་བས་དམུས་པ་མིན་ནམ། གྲོགས་བྱ་དང་རི་དྭགས་བྱས་ནས་རི་ཁྲོད་ལ་འདུག་རྒྱུའི་འདུན་པ་བྱས་ན། མི་དང་གཏུགས་ནས་སྐད་ཆ་བཤད་སྙིང་སྤྲོ་གི་མེད། ཕྱིན་ཆད་དེ་བས་ཀྱང་གཏུག་འབྲེལ་ཇེ་ཉུང་བྱེད་འཆར་ཡོད། གཏུགས་ནས་བཤད་པས་འུ་ཅག་རང་རོགས་ཚང་མ་ལ་ཕན་ཐོགས་མི་འདུག རང་རོགས་གཉིས་ཀའི་མི་ཚེའི་དུས་ཚོད་རིན་ཐང་ཅན་འཕྲོ་བརླག་རེད། གོང་དུ་བཤད་པ་ལྟར། གཏུགས་ཚར་བ་རེད། བཤད་ཚར་བ་རེད། རང་བསྟོད་བྱས་ན་རང་ལེགས་སྤྱད་མི་འདུག རང་སྨ་རང་གིས་ཕབས་པ་ལྟ་བུ་རེད། གཞན་སྨོད་བྱས་ན་གཞན་ཐུབ་པ་མ་ཡིན། ཐ་མའི་ལ་ཡོག་རང་ལ་འཁོར་རྒྱུ་རེད། ལར་དགྲ་གྲོགས་དགའ་སྡུག་ཟེར་བ་བྱིས་པའི་རྩེད་མོ་རེད། ཆགས་སྡང་དགའ་སྡུག་གི་རྩ་བ་རང་ཁུངས་ནས་ཡོང་བ་ཞིག་རེད། ལེ་ལན་ཐམས་ཅད་རང་ལ་གདའ་ཞེས་གསུངས་པ་ཐུགས་མད། ང་ལྟ་བུ་ལ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམ་པས་གསུངས་པའི་བུད་བསྙེགས་ཐོབ་གསུམ་སྟེ། མི་གྲལ་ནས་བུད། ཁྱི་གྲལ་དུ་བསྙེགས་ན། ལྷ་གྲལ་ཐོབ་རྒྱུ་ཅན་པོ་དཀའ་ཡང་། འོན་ཀྱང་མི་གྲལ་ལ་བསྡད་པའི་དུས་ཚོད་རིང་ཆེ་སྟབས་ཀྱིས། ད་ཆོག་ཐལ་བསམ་པའི་ས་ཚོད་དུ་ཐོན་པ་རེད། བླ་མ་རེད་སྙམ་མཁན་དག་གིས་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་དང་བསྟུན་ནས་ཐུགས་ཡིད་དབྱེར་མེད་དུ་བསྲེས་དང་། ང་མ་བཟང་རུང་ཆོས་བརྒྱུད་བཟང་སྟོབས་ཀྱིས་དད་པ་དང་མོས་པའི་སྟོབས་ཀྱིས་བྱིན་རླབས་ཐོབ་རྒྱུ་རེད། གྲོགས་པོ་ངོ་ཤེས་ཡིན་བསམ་པ་དག་གིས་ལྷག་བསམ་ལྷད་མེད་ཀྱི་གཏམ་ལ་ཉོན་དང་ལུགས་གཉིས་ལེགས་པའི་འདུན་མའི་ཁ་ཕྱོགས་རེ་རྙེད་སྲིད། གཞན་ཡང་བཟང་ལན་ངན་གྱིས་འཇལ་ཟེར་བ་མིན་ཡང་། རྐྱེན་སྣ་ཚོགས་པའི་དབང་གིས་ཐུགས་འཁོན་འཛིན། ཕྲག་དོག ངན་སེམས་འཆང་དགོས་ཀྱི་གཞི་རུ་ང་གྱུར་སོང་བ། སྤྱིར་ཚད་པའི་ནད་ལ་ག་བུར་བཟང་བ་ཡིན་ཡང་། ཚད་པ་མ་སྨིན་པ་ལ་དུག་ཏུ་འགྱུར་བའང་སྲིད་པས། དེ་འདྲའི་རིགས་ལ་མས་བུ་ལ་ཁྱད་པར་མེད་ཀྱང་ན་བའི་བུ་ལ་ལྷག་པར་བརྩེ་བ་བཞིན། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་པ་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་རྗེ་དང༌། །ལོག་པར་མངོན་པར་ཞེན་ལ་སྙིང་རྗེའོ། ཞེས་གསུངས་པ་ལྟར། བཟང་ངན་ལས་ཀྱིས་འབྲེལ་ཚད་ལ་སྨོན་ལམ་བཟང་པོ་རེ་བརྒྱག་བཞིན་ཡོད། ཚང་མས་ཐུགས་སེམས་བདེ་མོ་གྱིས། ཆོས་པ་ཞིག་ཡིན་དུས་གུ་ཡངས་བློ་བདེ་ཡིན་དགོས་པ་རེད། རི་ཁྲོད་འདི་ལ་ཕེབས་ནས། དམ་པའི་ལྷ་ཆོས་ལ་ཐུགས་གཞོལ་ན། དང་པོ་ཕྱི་དབེན་པས་མ་ཚད་ནང་དབེན་པ་ཞིག་བྱས་པའི་ཐོག་ལ། གསང་བའི་དབེན་པ་རང་རྒྱུད་ནས་བཙལ་ཏེ། ད་སྔོན་ཐོག་མེད་ནས་དཀའ་ཞིང་ངལ་ནས་ཐང་ཆད་ཡོད་པའི་སེམས་དེ་ལ་ངལ་ཞིག་གསོ་རུ་ཆུགས། འདུ་འཛི་བྲེལ་ཟིང་གི་ནང་ནས་བསླད་སྐྱོན་ཕོགས་པའི་དུག་རོ་ཁོག་ཏུ་ཡོད་པ་ཚང་མ་སྔོན་འགྲོ་རང་རྒྱུད་སྦྱོང་བའི་ཆོས་ཀྱིས་གཙང་མར་བྱས་པའི་རྗེས་སུ། ཀུན་མཁྱེན་ཡབ་སྲས་ཀྱི་གདམས་ཟབ་གསུང་གི་བདུད་རྩི། སྙིང་ཐིག་སྙིང་གི་ཐིག་ལེའི་གསོལ་སྨན་ཞིག་བཞེས་དང་། ལང་ཚོ་གསར་བའི་གཟི་མདངས་ཤིག་གཞི་ནས་རྙེད་དེ། མཐོང་སྣང་གཟིགས་ཕྱོགས་གསར་པ། རང་གཞན་གཉིས་ཕན་གྱི་རང་གཞན་གཉིས་དོན་ལ་ཐུགས་རྒྱ་མདུན་ལམ་སྔར་ལས་ཡངས་བ་ཞིག་འཆར་རྒྱུ་ཡོད་པ་ཡིན་པས། ཚང་མས་དེ་བཞིན་ཐུགས་སེམས་སྐྱིད་པོ་བག་ཕེབས་མོ་ཞིག་གི་སྟེང་ནས་ཚེ་ཆོས་གཉིས་ཀ་མཐར་ཕྱིན་ཡོང་རྒྱུའི་སྨོན་འདུན། ད་སྐྱིད་ལ་ཆོས་འཕེལ་གྱི་ཚིག་མཚམས་འདིའི་ཐོག་ནས། ཐེངས་འདིའི་ཆོས་ཁྲིད་ཀྱི་མཚམས་རེ་ཞིག་འདི་ནས་བཞག དེ་རིང་དགོང་མོ་ནས་ང་ཡང་མཚམས་ལ་བསྡད་འགྲོ་བ་ཡིན། ཆོས་ཁྲིད་རེ་རན་པའི་སྐབས་སུ་གཙུག་ལག་ཁང་གི་ནང་འདི་ནས་ཡང་ཕལ་ཆེ་བ་དང་མཉམ་འཛོམས་རེ་ཡོང་གི། ངོ་རེ་མཐོང་ནི་རེད། ཆོས་ཕྱོགས་ཀྱི་གླེང་མོལ་རེ་ཞོར་གྱིས་རེད་རྒྱུ་རེད། དེས་ན་ཚང་མ་སྐུ་ཚེ་རིང་། ཚེ་ཆོས་མཐར་ཕྱིན་སྒྲུབ་ལ་བར་ཆད་མེད་པའི་སྨོན་ལམ་འདེབས།


previousཉིན་གསུམ་པའི་ཆོས་ཁྲིད། no next