Nitartha Digital Library
Tibetan
 
previousའགོ་བརྗོད། next

འགོ་བརྗོད།

སྤྲོས་པའི་མཚན་མ་ཡང་ཡེ་མི་མངའ་རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པའི་དབྱིངས།།

འོད་གསལ་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་སྣང་བའི་དཀྱིལ་འཁོར་ཟླུམ།།

མ་འགགས་ཐུགས་རྗེའི་རོལ་པ་ཕན་བདེའི་འོད་སྟོང་གང་འདུལ་འགྲོ་བའི་དཔལ་དུ་ཆས།།

སྐུ་གསུམ་སྟོན་པའི་བདག་ཉིད་རིགས་ཀུན་འདུས་ཞལ་དཔལ་ལྡན་བླ་མ་རྒྱལ་གྱུར་ཅིག།

རྨད་བྱུང་ཐུགས་བསྐྱེད་ལྔ་བརྒྱའི་སྨོན་ཤུགས་ཀྱིས།།

བཅུ་གཉིས་མཛད་པའི་འདོད་དགུ་ཡིད་བཞིན་སྤྲིན།།

རྩོད་ལྡན་འགྲོ་བའི་དཔལ་དུ་ཉེར་འཚོ་བ།།

སྟོན་མཆོག་ལྷ་མིའི་བླ་མར་གུས་ཕྱག་འཚལ།།

སྲིད་རྩའི་ཀུན་རྟོག་འཇོམས་པའི་གཉེན་གཅིག་པུ།།

ཐེག་གསུམ་ཞི་བསིལ་དམ་པའི་བདུད་རྩི་དང་།།

ལུང་རྟོགས་ནོར་བུའི་རྒྱན་གྱིས་ལེགས་སྤུད་པའི།།

བསྟན་པའི་རྩ་ལག་ཚོགས་ཀྱི་དམ་པར་འདུད།།

སྐུ་ཡི་བཀོད་པ་རབ་འབྱམས་ཞིང་གི་རྒྱན།།

གསུང་གི་སྣང་བ་ཐར་པའི་ལམ་སྒྲོན་ཏེ།།

ཐུགས་ཀྱི་མཁྱེན་པ་ཤེས་བྱའི་རྗེས་འགྲོ་བ།།

སངས་རྒྱས་གཉིས་པ་པདྨ་ཀཱ་རས་སྐྱོངས།།

གཞི་དབྱིངས་མི་འགྱུར་དག་པ་གཉིས་ལྡན་བྱ་རྩོལ་མེད་པའི་ཀློང་ཆེན་པོར།།

རྣམ་བྱང་ཟག་མེད་ཡེ་ཤེས་ལྔ་རྫོགས་འཛམ་བུའི་གསེར་གྱི་སྙིང་པོ་ཅན།།

མདོ་སྔགས་རབ་འབྱམས་ཟབ་ཅིང་རྒྱ་ཆེའི་མ་དྲོས་མཚོ་ཡི་རླབས་ཕྲེང་འཕྱོ།།

ཐེག་དགུའི་ལེགས་བཤད་ཁ་འབབ་རྣམ་བཞིའི་རྒྱུན་མཆོག་སྩོལ་མཁས་ངག་གི་དབང་།།

རྟོགས་གྲོལ་དུས་མཉམ་དགོངས་པའི་རྩལ་རྫོགས་དགའ་རབ་དཔའ་བོའི་རྣམ་ཐར་སྙེག།

རིག་པའི་ཀློང་ནས་ཆོས་གཏེར་རབ་བརྡོལ་ཤིང་རྟ་ཆེན་པོའི་གཞུང་ལ་འགྲན།།

ཟབ་དོན་སྙིང་ཐིག་གདམས་པས་རྣམ་གྲོལ་འབྲས་བུའི་དུས་སྟོན་སླར་ཡང་བསུས།།

མཁྱེན་རབ་ཐུགས་བརྩེའི་འོད་ཟེར་སྟོང་ལྡན་ནམ་མཁའི་རྣལ་འབྱོར་སྙིང་ནས་དྲན།།

ཕུན་ཚོགས་རིན་ཆེན་བདུན་གྱི་འབྱོར་པ་ཆེ།།

བསོད་ནམས་སྟོབས་ཀྱི་འཁོར་བསྒྱུར་ལོངས་སྤྱོད་དེ།།

སྙིང་ཐིག་གསང་བའི་མན་ངག་སེམས་སྦྱོང་བདུན།།

ཐར་འདོད་སྐལ་བཟང་སྙིང་གི་ནོར་བུ་ཉིད།།

རྒྱལ་དབང་པདྨའི་ཞལ་སྐྱིན་མཚུངས་མེད་རྗེས།།

ལུང་རིགས་མན་ངག་བཅུད་ཀྱི་ལྗགས་ཆབ་བཅས།།

ལས་ཅན་དག་པའི་འཁོར་ལ་ལེགས་བསྩལ་བའི།།

ཞལ་ལུང་ཉམས་མེད་འགྲོ་ལ་ཕན་ཕྱིར་དགོད།།

དེ་ཡང་གསང་ཆེན་སྔ་འགྱུར་བའི་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་དུ། མེ་མོ་གླང་གི་ལོའི་ཆུ་སྟོད་ཟླ་བའི་ཆོས་འཁོར་དུས་བཟང་ནས་དབུ་བརྩམས་ཏེ། ལས་ཅན་དག་པའི་འཁོར་ཚོགས་རྒྱ་མཚོ་ལ། རྒྱལ་དབང་པདྨའི་ཞལ་སྐྱིན། མཁས་བཙུན་གྲུབ་པའི་དབང་ཕྱུག ཡང་དར་བསྟན་པའི་ཤིང་རྟ། དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཁྱབ་བདག་འཁོར་ལོའི་མགོན་པོ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གིས། བརྗོད་པ་རབ་སྤངས་བློ་འདས་ཀ་དག་ཆེན་པོའི་དགོངས་ཀློང་ལས་མ་གཡོས་བཞིན་དུ། ལྷུན་གྲུབ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་འབྱམས་སུ་ཀླས་པའི་རང་བཞིན་ཉིད། འགག་མེད་ཐུགས་རྗེའི་རོལ་རྩལ་ཅིར་ཡང་བསྒྱུར་བའི་ངོ་མཚར་ལས། ཟབ་ཅིང་རྒྱ་ཆེའི་བདེན་དོན་རབ་གསལ་ཐབས་ཆེན་གསང་བའི་མྱུར་ལམ་ནས་ཟུང་འཇུག་གི་འབྲས་བུ་ཕངས་མེད་བསྩལ་བའི་ལེགས་བཤད་ཚངས་པའི་དབྱངས་ཀྱིས་འདི་ལྟར་གསུངས་སྟེ།


previousའགོ་བརྗོད། next