Nitartha Digital Library
Tibetan
 
previousཉིན་དང་པོའི་ཆོས་ཁྲིད། next

ཉིན་དང་པོའི་ཆོས་ཁྲིད།

ཐེག་པ་ཆེན་པོའི་ཆོས་མདོ་སྔགས་གང་ཞིག་འཆད་ཉན་བྱེད་པའི་སྐབས་ཡིན་ཡང་མེད་དུ་མི་རུང་བ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ། དམ་པའི་ཆོས་ཟབ་མོ་ཉན་ནས། དེའི་ནང་དོན་ཇི་ལྟ་བ་བཞིན་དུ་ལག་ལེན་ལ་ཐེབས་པར་བྱས་ནས་འགོད་དགོས་སྙམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཁྱད་ཆོས་ཐུན་མིན་གྱི་ལྟ་སྤྱོད་ཟབ་མོའི་ཉམས་ལེན་གྱི་གནད་དང་མི་འབྲལ་བར་ཉན་རྒྱུ་འདི་ཅིས་ཀྱང་གལ་ཆེ་བ་རེད། སྤྱིར་འུ་ཅག་བོད་ན་དར་བའི་དམ་ཆོས་འདི་ཐུབ་པའི་མདོ་སྔགས་ཀྱི་ཆོས་ཚུལ་རབ་འབྱམས་སྐྱེས་བུ་གསུམ་གྱི་ལམ་རིམ་ཆ་ཚང་བ་ཡིན་ཞིང་། འགྱུར་སྔ་ཕྱི་ཆོས་བརྒྱུད་གསར་རྙིང་གི་ཆོས་ལམ་ཞུགས་པ་ཚང་མ་ཐེག་ཆེན་མདོ་སྔགས་ཀྱི་ཉམས་ལེན་གནད་དུ་དྲིལ་བ་རྐྱང་རྐྱང་ཡིན་པའི་དབང་དུ་བཏང་ན། ཐམས་ཅད་ཐེག་ཆེན་གྱི་ཆོས་སྒོར་ཞུགས་པ་ཤ་སྟག་ཡིན་པ་དང་། བསྟན་པ་ཐམས་ཅད་འགལ་མེད་དང་། གཞུང་ལུགས་ཐམས་ཅད་གདམས་པར་དྲིལ་བའི་ཉམས་ལེན་ལ་འདུ་བ་ལམ་གནད་དུ་འཛིན་པ་ཁོ་ན་ཡིན་དགོས། འོན་ཀྱང་གདུལ་བྱའི་སེམས་ཅན་གྱི་བློ་སྟོབས་མི་འདྲ་བའི་དབང་གིས་སེམས་ཅན་མོས་པ་སྣ་ཚོགས་ཅན་གྱི་ཁམས་དང་བསམ་པ་ཐ་དད་ཡིན་པས། དང་པོ་ཆོས་སྒོར་ཞུགས་དུས་ནས་ཐེག་ཆེན་གྱི་རིགས་སད་པ་དང་། སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་ངེས་ཤེས་འདྲོངས་པ་གཞིར་བྱས། སྙིང་རྗེས་རྒྱུད་གང་བ་ཤ་སྟག་ཡིན་པ་དཀའ་བར་མ་ཟད། རང་དོན་བདེ་བ་ཆུང་ཆུང་ཞིག་གི་དོན་ཡིན་ཡང་གྲི་མདུང་གཉིས་ཀྱི་ཁར་ལྕེབ་དགོས་བྱུང་ན་དེ་ལ་འཚང་ཁ་བྱེད། གྱོང་ཕམ་ཁ་ཞིག་ཁུར་འདུག་བསམ་ན་མཁན་སློབ་ཕ་མ་དང་། གྲོགས་དགའ་མཛའ་ཡིན་ཡང་དེའི་མགོ་ལ་བརྡེག་མཁན། མཐོན་པོ་ལ་ཕྲག་དོག དམའ་མོ་ལ་ང་རྒྱལ། མཉམ་པ་ལ་འགྲན་སེམས། བསྟོད་འདུག་བསམ་དུས་ང་རྒྱལ་གྱིས་དྲེགས་པ་སྐྱེས། སྨད་འདུག་བསམ་དུས་ཁོང་ཁྲོ་ཞེ་སྡང་གིས་ཁོག་པ་གང་། བསམ་པ་ངན་པ། གཡོ་སྒྱུའི་དྲན་འཕྲུལ། སྐྱིད་ན་སྐྱིད་མི་ཐེག་པ་སྲན་མ་རྔ་ཐོག་ཏུ་བཞག་པ་འདྲ་འདྲ། སྡུག་ན་སྡུག་མི་ཐེག་རྔ་མ་སྒྱིད་ཁུག་ཏུ་དྲངས་འགྲོ་བ་སྟེ། སོ་སོའི་སྐྱེ་བོའི་སེམས་ནི་དེ་འདྲའི་ཅོལ་ཆུང་ཡིན། འཁོར་བ་ཐོག་མེད་ནས་ད་ལ་མ་ཐུག་གི་བར་དུ་སེམས་ཅན་སེམས་ཀྱི་གཞན་དབང་ཅན་དུ་སོང་། སེམས་ཀྱང་ཉོན་མོངས་པའི་གཞན་དབང་དུ་སོང་། ཉོན་མོངས་པ་དེས་འཁོར་བའི་རྩ་བ་ལས་མངོན་པར་འདུ་བྱེད་པའི་རྒྱུ་རྐྱེན་དེ་རྣམས་ཚོགས་ནས་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་འདི་མྱོང་བ་ཡིན་པས། ཆོས་འཆད་དུས་བླ་མས་ཚིག་གཅིག་གིས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མ་ཡིན་གསུངས་པ། ཁ་ཡིས་རྗེས་ཟློས་ཙམ་ཤེས་ངེས་མོད། དོན་ལ་དེ་འདྲ་བསམ་པ་དཀའ་བར་སེམས། དེ་ལྟ་ན་ཐུབ་པའི་ཆོས་སྒོ་རབ་འབྱམས་སྐས་ཀྱི་ཐེམ་པ་བཞིན་དུ་གསུངས་ཡོད་པའི་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་ནས། ཚེ་ལུས་འདིའི་ཐོག་ནས་འཁོར་བའི་སྡུག་བསྔལ་དང་བྲལ་བ་ཞིག་བྱ་དགོས་ན། ཇི་སྐད་དུ། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་བསྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །ཅེས་གསུངས་པ་བཞིན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་གི་ནོར་བུ་དེ་རྒྱུད་ལ་མི་སྐྱེད་ཐབས་མེད་ཡིན། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་རང་གཞན་གཉིས་ཀའི་སྡུག་བསྔལ་སེལ་ཨེ་ཐུབ་བསམ་མཁན་ཞིག་ཡིན་ན་ལམ་དེ་ནས་མ་བརྒྱུད་པར་འགྲོ་ས་མེད། ཐེག་ཆེན་གྱི་ལམ་ལ་ཞུགས་དུས་དཀའ་ན་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས། སླ་ནའང་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ་ཡིན། ཐེག་དམན་ཉན་རང་གི་ལམ་ལ་འཇུག་བསམ་ན་དེ་ནི་སོ་སོ་རེད། དེའི་ཕྱིར་ན་བློ་སྦྱོང་གི་ཆོས་འདི་དང་པོར་གནད་ཆེ་བས་མ་ཚད། བར་དུ་བློ་སྦྱོང་གི་ཆོས་དེ་དང་མི་འབྲལ་བར་ཉན་པར་བྱེད་ཅིང་། ཐ་མར་ཡང་དེའི་ཐོག་ནས་རང་གཞན་གཏན་བདེའི་ལམ་རྙེད་པའི་བཙན་སར་ཟིན་དགོས་ཏེ། བློ་སྦྱོང་བློ་སྦྱོང་རང་གི་བློ་སྦྱོངས་ཤིག །བློ་ལྡོག་རྣམ་བཞིས་རང་གི་བློ་སྦྱོང་ན། །ལུས་ངག་དགེ་བ་སྣ་གཅིག་མེད་ན་ཡང་། །ཐར་པའི་ལམ་ལས་འགྲོ་ས་གཞན་དུ་མེད། །ཅེས་གསུངས་པ་ཡིན་ན། ཐར་པ་ཞེས་པ་འཁོར་བའི་སྡུག་བསྔལ་ལས་ཐར་པ་ལ་གསུངས། སྡུག་བསྔལ་ལས་ཐར་ན་བདེ་བ་ཐོབ་པ་ཡིན། དེའི་ནང་ནས་བདེ་བའི་མཆོག་ཐེག་ཆེན་གྱི་ཐར་པའི་ལམ་སྣེ་ཟིན་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་རིམ་གྱིས་ཐོབ་དགོས་པ་ཡིན་དུས། བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་ཐེག་ཆེན་ཐར་པའི་ལམ་སྣེ་ཟིན་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད། དེས་ན་རང་གཞན་བར་གསུམ་ཚང་མས་ཉིན་མི་ཁོམ་མཚན་མི་དལ་བར་རྒྱུག་རྒྱུག་འདུར་འདུར། ལས་ལས་བཅས་བཅས་ཀྱི་དམིགས་ཡུལ་བདེ་བ་ཞིག་ཨེ་ཐོབ་བསམ་པར་མ་གཏོགས་སྡུག་བསྔལ་ལས་མི་ཐར་བའི་ཆེད་དུ་ཅི་ལ་ཡིན། བདེ་བ་དེ་ཡང་ཆོས་ཀྱི་ལམ་ནས་ཐོབ་དགོས་པའི་ཚུལ་ལ་འདང་རྒྱག་ན་མིའི་བདེ་སྡུག་གི་ཡོང་སའི་གཞི་རྟེན་དེ་ལུས་སེམས་གཉིས་མ་གཏོགས་མེད་ལ། དེ་ལས་ཀྱང་གཙོ་བོ་སེམས་ཡིན། སེམས་ཀྱི་བདེ་སྐྱིད་དེ་དམ་པའི་ཆོས་ལས་མ་གཏོགས་རྙེད་ཐབས་མེད་ཅིང་། སེམས་ཀྱི་བདེ་བ་ཆོས་ཀྱི་ཐོག་ནས་རྙེད་དེ་བདེ་སྐྱིད་ཀྱི་ཉི་མ་ནང་ནས་ཤར་དུས། ཚེ་འདིར་བདེ་ཕྱི་མར་སྐྱིད། ཚེ་འདིར་་སྐྱིད་ངེས་ཏེ་ཉོན་མོངས་དུག་ལྔའི་སྟོབས་ཀྱིས་བསྐྱེད་པའི་མི་འདོད་པའི་སྡུག་བསྔལ་ན་ཚ་ཐམས་ཅད་རང་ཞིར་འགྲོ། ཕྱི་མར་སྐྱིད་ངེས་ཏེ་དག་པའི་ཞིང་ཁམས་གང་དགའ་རེར་ཉུལ་ནས། གཞན་ཕན་སྙིང་རྗེའི་སེམས་ཀྱིས་འཁོར་བའི་སེམས་ཅན་གྱི་སྡུག་བསྔལ་སེལ་བའི་ཕྱིར་དུ། དམྱལ་བའི་མེ་དཔུང་དུ་འགྲོ་དགོས་ནའང་དེ་དུས་དགའ་ཞིང་སྤྲོ་བཞིན་དང་དུ་བླངས་ཏེ། དཔེར་ན་ངང་པ་པདྨའི་མཚོར་ཞུགས་པ་དང་འདྲ་བ་ཡིན་པས་སོ། །དེས་ན་དམ་པའི་ཆོས་སྒྲུབ། ཆོས་དང་སེམས་རྒྱུད་འདྲེས། སྒྲུབ་འབྲས་མངོན་དུ་གྱུར་པའི་མི་དེ་ཚེ་འདིར་གནམ་ས་ཁ་རྡེབ་ཀྱང་ཡ་ང་བག་ཚ་དང་རེ་དོགས་མེད་ཅིང་། ཕྱི་མར་གཤིན་རྗེ་ཆོས་རྒྱལ་ལ་སྐྲག་མི་དགོས་པར་དམྱལ་བ་དག་པའི་ཞིང་ཁམས་དང་དམྱལ་སྲུང་ཡི་དམ་གྱི་ལྷ་ཚོགས་སུ་འཆར་བ་རེད། དེས་ན་བདེ་སྐྱིད་འདོད་མཁན་ཞིག་ཡིན་ཕྱིན། ཕྱི་དངོས་པོའི་འབྱོར་པས་བདེ་སྐྱིད་ཡང་དག་པར་སྒྲུབ་མི་ཐུབ། དེ་སྒྲུབ་མ་ནུས་ནས་གནའ་རྒྱལ་པོ་ང་ལས་ནུ་ཟེར་བ་དེ་འཛམ་བུ་གླིང་གིས་མི་ཚད་པར་གླིང་བཞིའི་རྒྱལ་པོར་བྱས་ཀྱང་། དེས་མ་འཚེངས་པར་ལྷ་ཡུལ་དུ་སོང་སྟེ་སུམ་ཅུ་རྩ་གསུམ་གྱི་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་སོ་བདུན་གྱི་རིང་ལ་དབང་བསྒྱུར། དེ་དང་གདན་གཅིག་ཏུ་བྱས་ནས་འདོད་པའི་ཡོན་ཏན་ལོངས་སུ་སྤྱོད་ཀྱང་། དེས་ཀྱང་མ་འཚེངས་པར་བློ་ངན་གཅིག་དྲན་པས་འཇིག་རྟེན་མི་ཡུལ་དུ་ལྷུང་ནས་ཤི་ལུགས་སྡུག་པོར་གྱུར་ཏེ་ཤི་སོང་བའི་ལོ་རྒྱུས་ལྟ་བུ་རེད། དེས་ན་བདེ་སྐྱིད་ངོ་མ་ཆོས་ཀྱི་ནང་ནས་རྙེད་རྒྱུ་ཡོད། འུ་ཅག་གིས་དུས་རྒྱུན་གཏམ་དཔེ་བཀོད་དུས། རྒྱགས་པས་ཆོས་དྲན། །ལྟོགས་པས་རྐུ་དྲན། །ཟེར་བ་དེ་ལ་གོ་བ་ཞིབ་ཏུ་བླངས་ནས་ཞིབ་འཇུག་བྱ་རྒྱུ་ཡོད་དེ། མི་ལྟོགས་པ་ལ་འདང་རྒྱག་ཡོད་པ་མ་རེད། དཔེར་ན། མི་ལྟོགས་པའི་ཁ་ལ་མེ་འབར་ན། །མཐོ་རྒྱལ་པོའི་མཁར་ལ་སྐས་འཛུགས། །ཟེར་བ་རེད། རྒྱལ་པོའི་མཁར་ལ་སྐས་བཙུགས་ན་སྐྱིད་པོ་ཞིག་ཡོང་རྒྱུ་མེད་ཀྱང་། གྲི་ཤི་མུག་ཤི་འདྲ་འདུག་བསམ་ནས་ཕྱི་འདང་རིང་པོར་མ་བྱས་པ་རེད། རྒྱགས་པས་ཆོས་དྲན་ཟེར་བ་དེ། མི་རྒྱགས་པས་ཅི་བྱེད་མེད་པར་ཆོས་དྲན་ཟེར་བའི་གོ་བས་མི་ཚད་པར། དེ་ལ་གོ་བ་ཟབ་མོ་ཞིག་ཡོད་དེ། རྒྱུ་ནོར་ལོངས་སྤྱོད། དཔལ་འབྱོར་མངའ་ཐང་ཅི་ཙམ་འབྱོར་ཞིང་རྒྱས་ནའང་། སྡུག་བསྔལ་ཇེ་ཆེ་མ་གཏོགས་བདེ་བ་མ་རྙེད་ན། བདེ་བ་བཙལ་ས་ཆོས་མ་གཏོགས་མེད་པས་ཆོས་བཙལ་བ་རེད་ཅེས་པའི་གོ་བ་རང་ཤུགས་ལ་འབྱུང་བ་ཡིན། ཁྱད་པར་དུ་ཁ་སང་དེ་རིང་སྤྱི་ཚོགས་ཡར་རྒྱས་ཀྱི་སྐབས་སུ་སྔོན་ཐོན་གྱི་ས་ཆའི་མི་ཐམས་ཅད་ཀྱིས་ནང་ཆོས་ལ་དོན་གཉེར་བྱེད་ཀྱིན་ཡོད་ན། བྱ་བ་དངོས་པོའི་ཐོག་ནས་ཤེས་རྒྱུ་ཡོད་པ་ཞིག་རེད། དེས་ན་ཆོས་ཟེར་རྒྱུ་འདི་ནང་གི་བདེ་བ་འཐོབ་བྱེད་ཀྱི་གཞི་རྩ་ངོ་མ་དེ་རེད། དེ་ཡིན་ན་ད་རང་གི་བདེ་བའི་རྒྱུ་ཆོས་དེ་ཅི་འདྲར་བྱས་ནས་སྦྱོང་དགོས་པ་རེད་ཟེར་ན། དམ་པའི་ཆོས་ཟེར་བ་དེ་སྒྲུབ་པའི་དུས་སུ་བློ་སྦྱོང་ནས་འགོ་བཟུང་སྟེ་ཆོས་ཀྱི་འགོ་འཛུགས་དགོས། བློ་སྦྱོང་ཡག་པོ་ཞིག་འགྲུབ་ཡོད་དུས་གཞན་ཅི་ཡང་མེད་ཀྱང་ཆོག་ལ། བློ་སྦྱོང་ཡག་པོ་ཞིག་མེད་ན་ཅི་འདྲའི་ཉམས་རྟོགས་ཀྱི་ཡོན་ཏན་ཡོད་ཟེར་ནས། གྲུབ་པའི་རྟགས་ནམ་མཁར་འཕུར་ནུས་ཀྱང་ཁོ་རང་ལོག་པའི་རིགས་སྔགས་འདྲ་གྲུབ་པ་ཡིན་ན་མ་གཏོགས་ཐར་པའི་ལམ་དང་འབྲེལ་བ་མ་རེད། དེ་ཅི་རེད་ཟེར་ན་བློ་སྦྱོང་གི་སྙིང་པོ་ངེས་འབྱུང་དང་སྙིང་རྗེ་ཡིན་པས་ངེས་འབྱུང་དང་སྙིང་རྗེ་མེད་ན་དམ་པ་མིན་པས་ཁྱབ། ངེས་འབྱུང་དང་སྙིང་རྗེ་མེད་ཚད་དང་དམ་པ་མིན་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཟེར་རྒྱུ་དེ་འདྲ་རེད། དེས་ན་རང་རེ་ཆོས་རའི་ནང་དུ་འཛུལ་རྒྱུའི་དོན་ཆོས་ལག་ལེན་བྱས་ནས་ཉན་དགོས་པ་དང་། ཉན་ན་ཕན་ཐོགས་སུ་ལ་ཡོད་ཟེར་བའི་འགྲོ་ཕྱོགས་འདྲ་བ་ཧ་ལམ་ཤེས་སོང་བ་རེད། གཏམ་ཚིག་གཅིག་མ་གཏོགས་མ་བཤད། ལམ་ལས་གོམ་གསུམ་མ་གཏོགས་མ་སྤོས་རུང་ཁོ་རང་གི་ཚོད་ཀྱི་དམིགས་ཡུལ་མེད་པ་ཞིག་ནི་སེམས་ཐོག་ན་མེད་པའི་སྨྱོན་པ་དང་། མགོ་ནད་ཅན་འདྲ་ཡིན་ན་མི་ཤེས་མ་གཏོགས། དུད་འགྲོ་ཟོག་དང་ལ་ཁའི་རི་དྭགས་ཤིག་ཡིན་ཡང་ལ་ཁར་འགྲོ་ན་ལྟོགས་པ་སེལ་བྱེད་ཀྱི་རྩྭ་གང་ཡག་ཅིག་ཟ་རྒྱུ་ཨེ་རྙེད་དང་། ལུང་ཁུང་དུ་འགྲོ་ན་སྐོམ་པ་སེལ་བྱེད་ཀྱི་ཆུ་ཧུབ་གང་བཏུང་རྒྱུ་ཨེ་ལོན་བསམ་པའི་དམིགས་ཡུལ་ཞིག་ལོས་ཡོད། དེས་ན་ང་ཚོ་མི་ཞིག་ཡིན་དུས་དེ་བས་མཆོག་གི་རིན་ཐང་ཡོད་པའི་དམིགས་ཡུལ་ཞིག་འཛིན་དགོས། དེ་དགོས་ན་རང་རེའི་ལྟ་བ་ཡས་འབེབས་ཡིན་ཡང་སྤྱོད་པ་མས་འཛེག་བྱེད་པའི་སྒོ་ནས་ལམ་ལ་རིམ་པ་བཞིན་དུ་བསླབ་དགོས་པ་རེད། དེ་ཅི་འདྲ་རེད་ཟེར་ན། མ་སེམས་ཅན་ཐམས་ཅད་ལ་རང་འདྲ་ཞིག་གཅེས་མ་ཤེས་པ་དང་གཅེས་མ་ཐུབ་པའི་སྔོན་དུ་དང་པོ་ང་རང་ཉིད་གཅེས་ལུགས་ཤེས་པ་སྦྱོང་དགོས། རང་གིས་རང་གཅེས་མི་ཤེས་པ་ཞིག་གིས་གཞན་ཅི་འདྲ་གཅེས་ཤེས་ཐུབ། རང་གིས་རང་ཉིད་གཅེས་ལོས་ཤེས། རང་གིས་རང་ལ་གཅེས་ནས་ཁེ་རྒྱལ་ཁ་ཡོད་ན་གྲི་མདུང་གི་རྩེར་ལྕེབ། གྱོང་ཕམ་ཁ་ཡོད་ན་དྲིན་ཆེན་ཕ་མ་ཡིན་རུང་མགོ་སྐོར་གཏོང་མི་ཟེར་རམ། དེ་གཅེས་པ་མིན་ན་ཅི་ཡིན། གཅེས་ཆེ་བའི་གནད་མེད་ན་ཆུང་བའི་གནད་ཡོད་པ་མ་རེད། རང་འདོད་དེ་གཞན་གྱིས་མ་བསླབས་རང་གིས་མ་སྦྱངས་ཀྱང་ལོབས་ནས་ཡོད་པ་རེད་བསམ་ན། གོང་དུ་བཤད་རྒྱུ་དེ་རང་གིས་རང་གཅེས་མ་ཤེས་པའི་རྒྱུ་མཚན་འགོད་པ་ཡིན། ཅིའི་ཕྱིར་ཞེ་ན། རང་གིས་རང་གཅེས་ན་རང་གནས་སྐབས་ཤིག་ཏུ་བདེ་བར་མ་ཟད་ཡུན་ནས་ཡུན་དུ་བདེ་ཐབས་ཤིག་བྱེད་དགོས་ཀྱང་། ལས་ཅི་བྱས་ཀྱིས་བདེ་བ་ཞིག་ཨེ་ཐོབ། སྐྱིད་པོ་ཞིག་ཨེ་ཡོང་བསམ་པ་ཡིན་ན། བདེ་ཐབས་སྐྱིད་ཐབས་ཀྱི་རྒྱུ་ངོ་མ་ཞིག་སྒྲུབ་ཤེས་དགོས་པ་རེད། འགྲོ་ས་ཤར་བྱས་ནས་ཁ་ནུབ་ཏུ་འཁོར་ན་འགྲིག་མེད་པ་བཞིན་དུ། རང་བདེ་ཐབས་སྐྱིད་ཐབས་བསམ་ནས་དེའི་རྒྱུ་ངོ་མ་བསྒྲུབས་མ་ཤེས་ན་རང་གིས་རང་གཅེས་མ་ཤེས་པ་རེད། རང་ཉིད་ཚེ་རིང་བ་དང་ནད་མེད་ན་བཟང་། དེ་བཟང་ན་དེ་འགྲུབ་པའི་ཐབས་སྲོག་གཅོད་ལ་སོགས་པ་གཞན་གནོད་སྤངས་ཤིང་སྲོག་བླུ་ལ་སོགས་པའི་གཞན་ཕན་སྒྲུབ་དགོས། དེ་སྒྲུབ་ན་ཚེ་འདི་ཕྱི་གཉིས་ཀར་ཚེ་རིང་ནད་མེད་ཡོང་། འོན་ཀྱང་དེ་མ་ཤེས་པས་རང་བདེ་བའི་ཆེད་དུ་གཞན་ལ་འཚེ་བར་བྱེད་ཀྱིན་ཡོད། རྒྱུ་ལོངས་སྤྱོད་དང་འབྱོར་པ་རྒྱས་ན་ལེགས། དེའི་རྒྱུ་སྦྱིན་པ་གཏོང་བ་དང་མཆོད་པ་འབུལ་བ་ལ་སོགས་པ་བསོད་ནམས་གསོག་དགོས་པ་ལས། དེ་མ་ཤེས་པས་ཚེ་འདིར་སྤར་ཁ་བསྡམས་ནས་མཆོད་སྦྱིན་མ་ཟད་རང་གིས་བཟའ་གོན་གཉིས་ཀའང་ལོངས་པོ་ཞིག་སྤྱོད་མི་ཐུབ། དེའི་ཐོག་རྐུ་འཕྲོག་ལ་སོགས་པས་གཞན་ནོར་ཧམ་པས་ལེན། སྙན་གྲགས་རྒྱས་པ་དང་གཞན་གྱིས་བསྟོད་བསྔགས་འདོད་ཀྱང་དེའི་རྒྱུ་ཚུལ་ཁྲིམས་བསྲུང་རྒྱུ་ཕར་ཞོག་སོར་བྱང་སྔགས་ཀྱི་སྡོམ་དམ་ཚིག་གང་ཡིན་ཞེ་ལ་དྲན་པ་ཙམ་ཡང་མི་བྱེད། དེ་ལ་སོགས་པ་རྣམས་ལ་ཡུན་རིང་པོར་འདང་རྒྱག འཁོར་བའི་སྡུག་བསྔལ་ལས་ཐར་པའི་སྤོབས་པ་སོགས་མེད་ཀྱང་སྐྱེས་བུ་ཆུང་ངུའི་ལམ་ཚེ་ཕྱི་མ་ལྷ་མིའི་ལུས་ཙམ་ཐོབ་པའི་ཐབས་ཞིག་སྒྲུབ་ཤེས་དགོས། མི་ཞིག་ཡིན་ན་འདང་རྒྱག་ཅིག་ཡོད་ངེས། རྟག་འཛིན་ལ་ཞེན་ཆེ་བས་འཆི་བ་མི་རྟག་པ་དྲན་མི་ཤེས་པར་ཞག་གཅིག་འདུག་རྒྱུའི་ཚེ་མེད་ནའང་ལོ་བརྒྱར་འདུག་རྒྱུའི་ལས་བྱེད་ཀྱིན་ཡོད་རེད། དེས་ན་རང་རེས་འདང་རེ་བརྒྱབ་ན། རང་གི་བསམ་པ་བཞིན་ལོ་བརྒྱ་ཐམ་པར་འདུག་འཆར་གྱིས། ལོ་སུམ་ཅུ་ཅན་གྱི་མི་ཞིག་ལ་དཔེར་བླངས་ན། ད་སྔ་མི་ལོ་སུམ་ཅུ་སོང་ཤུལ་ན་ལྷག་ཡོད་པའི་ལོ་བདུན་ཅུ་ལ་ཁྱོད་ཀྱིས་ཅི་ཞིག་བྱེད་རྩིས་ཡོད། གང་ཞིག་འགྲུབ་པའི་དམིགས་ཡུལ་ཡོད། ལོ་བཅུ་རེ་ཅན་གྱི་ཚན་པ་བདུན་ཡོད་པ་ལས་བཅུ་ཕྲག་དང་པོ་ལ་ཅི་བྱེད་རྩིས་ཡོད། དེ་བཞིན་དུ་བཅུ་ཕྲག་གཉིས་པ་དང་གསུམ་པ་སོགས་ལ་ཅི་བསྒྲུབ། གང་ཨེ་འགྲུབ་བལྟ་འཆར་ཡིན། ཐ་མར་ཤི་རན་དུས་མཐར་ཐུག་གི་དམིགས་ཡུལ་ཅི་འགྲུབ་དགོས། མིའི་ལུས་འདི་ལྕགས་ལས་གྲུབ་པ་དང་ཁྲོས་བླུག་པ་ཞིག་མ་རེད། འདི་ཁྲག་གི་ཆུ་བུར་ཞིག་རེད། ལོ་བརྒྱ་པོ་མ་ཚང་བར་མི་འཆི་བའི་སྐད་ཆའི་ཐོག་ནས་བཤད་ཀྱིན་ཡོད་ཀྱང་། ད་ལྟའི་ན་ཚོད་ལོ་སུམ་ཅུའི་ཐོག་ནས་མི་འདུག་སྟེ་ད་སྔོན་ཡང་བསྡད་མ་སོང་། །དང་པོ་བྱིས་པའི་དུས་སུ་མི་གཙང་བ་རང་གིས་འདོར་མི་ཐུབ་པ་ཞིག་ཡིན་པ་དང་། དེ་ནས་ལོ་མང་པོ་ཞིག་ལ་རང་ཁ་རང་གིས་མི་སོས་པའི་བྱིས་པ་ཉམས་ཆུང་བསམ་མེད་མི་གྲལ་དུ་མི་ཐོན་པ་ཞིག་ཡིན། ཁ་སང་དེ་རིང་ལུས་ཀྱི་སྟོབས་རྫོགས། སེམས་ཀྱི་ནུས་ཤུགས་རྒྱས། ནད་ན་ཚ་ཡིས་མ་མནར་བར་ཕོ་ལུ་རེ་འགྲངས་པའི་དབང་གིས་གནས་སྐབས་སྣང་ལུ་རེ་མཐོ་ཁུལ་ཡོད་ཀྱང་དེ་རྟག་བརྟན་ཅན་ཞིག་ག་ལ་ཡིན། ལོ་བཞི་བཅུར་སོན་དུས་ནས་པུས་མོའི་ཚིགས་ལ་ན་ཟུག་འབྱུང་། མིག་དང་རྣ་བའི་ནུས་པ་ཇེ་ཞན་དུ་འགྲོ། ལོ་ལྔ་བཅུ་དྲུག་ཅུར་སོན་དུས་ནད་ན་ཚ་ཇེ་མང་ནད་ཀྱིས་ཨ་ར་གདོན་གྱིས་ཨུ་རུ་འདོན་གྱིན་རྒས་སེམས་སྣེ་ལོར་སོང་ནས། གནའ་དུས་ལྟ་བུའི་སེམས་ཀྱི་ཤེད་ཤུགས་ད་ལྟ་མེད་པར་གྱུར་པ་དང་། རང་ལ་ནུས་པ་མེད་དུས་ཁྱིམ་ཚང་གིས་གཙིགས་མེད་བྱས་ནས་གྲུ་ཡི་ཁུག་ཏུ་ལྷུང་དུས་སྐྱིད་པོ་མེད། དེ་དུས་གསོན་མི་འདོད་པར་ཤི་རྒྱུའི་སྨོན་ལམ་འདེབས་ཀྱིན་ཡོད་པ་རེད། དེ་ཤི་བ་སྐྱིད་ནས་མ་རེད་དེ་གསོན་པ་སྡུག་པས་རེད། ཚེ་གང་གི་ལས་ཅི་བྱས་ཀྱི་རྣམ་སྨིན་རང་ཉིད་དང་མ་བྲལ་བར་ཡོད་པ་མ་གཏོགས། རྒྱུ་ནོར་ལོངས་སྤྱོད་ཐད་རང་གིས་གསོག་པ་གཞན་གྱིས་འཁྱེར་རྒྱུ་ཡིན་པས། ལར་བཟའ་རྒྱུ་དང་ཆག་འགྲོ་རྒྱུ་ཅན་ཞིག་མིན་ཚད་ནི་འཛམ་གླིང་གི་རྒྱུ་ནོར་ཡོད་ཚད་པོ་ཐུན་མོང་གི་རྒྱུ་ནོར་ཡིན། ཤི་དུས་སུ་གཅིག་གིས་འཁྱེར་ཐུབ་པ་མ་རེད། ཉི་མ་འགའ་ཞིག་གི་ཚེ་ངའི་ཡིན་བསམ་ནས་བདག་གིར་བྱས་ཀྱང་། ཡང་ཉི་མ་འགའ་རེ་འདས་དུས་གཞན་ཞིག་གིས་ཁོའི་ཡིན་བསམ་ནས་བདག་རྒྱག་རྒྱུ་རེད། དེ་ལའང་ཡུན་རིང་མི་དབང་བར་གཞན་ཞིག་གིས་བདག་བྱེད་འགྲོ་བ་རེད། སྔོན་གྱི་མི་དབང་འབྱོར་ཅན་འགའ་རེས་རྒྱུ་ནོར་རོ་དང་མཉམ་དུ་བཞག་མཁན་དེ་འདྲའང་ཡོད་དར་སྲིད་མོད། དེའང་ཡུན་རིང་ལོན་ན་ས་ཁར་ཐོན་ནས་གཞན་དང་ཐུན་མོང་གི་རྒྱུ་རེད་འགྲོ། དེས་ན་རྒྱུ་ནོར་གྱི་སྙིང་པོ་བླངས་ནས་བསོད་ནམས་ཀྱི་ཚོགས་བསགས་ན་དེ་ལ་ཕར་རྒྱབ་ཏུ་འཁྱེར་ས་ལོན་པ་རེད། ཚེ་གང་གི་འཆར་གཞི་ཞོགས་མེད་པ་དེས་ན། རང་གིས་རང་གཅེས་ཤེས་ཡོད་མ་རེད་ཟེར་རྒྱུ་དེ་འདྲ་ཞིག་རེད། ལོ་བརྒྱ་མི་དགོས་ལོ་བཅུ་ཡིན་ན། དེ་མ་ཟད་ལོ་གཅིག་ལའང་མི་ཤི་རྒྱུའི་འགན་འཁུར་དགོས་ན་རང་གཞན་སུ་ལའང་དེའི་ཚོད་ཐིག་པའི་གདེང་ཚོད་ཡོད་པ་མ་རེད། ན་ནིང་འུ་ཅག་གི་ཆོས་གྲལ་ན་ཡོད་པ་མང་པོ་ཞིག་ད་ལོ་ཚེ་ཕྱི་མར་སོང་ཚར་འདུག ན་ནིང་དེ་ཚོས་ད་ལོར་མེད་འདང་ཡོད་མ་རེད། སང་ཕོད་སུ་དང་སུ་མེད་ད་དུང་རང་རེས་མི་ཤེས། ཚེ་འདིའི་དོན་དུ་བློ་སྣ་སྤོས་རྒྱའི་རི་མོ་འདྲ་བ་འདི་ན་ཟད་སོང་ཟེར་རྒྱུ་མེད་པར་ལས་བྱ་བ་འདི་ལ་བྲེལ་ཟིང་ཆེ་བས། ཡར་མར་ཚང་མ་ལ་འཐམ་ཁུལ་བྱེད་ཀྱང་ཐ་མར་སྡུག་མུན་པའི་ཁུར་བོ་རི་རབ་འདྲ་རང་གི་མགོར་སྤུངས་ཏེ་མི་ལུས་ཐོབ་པའི་སྐལ་བ་ལྡན་པ་དེ་ཆུད་ཟོས་རེད་སོང་བ་རེད། འདང་དེ་ཚོ་རྒྱག་ན། སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །དྲན་སྔ་ཕྱི་མ་གཏོགས་འདྲ་འདྲ་ཡིན། །བློ་སྔོན་ན་དྲན་ན་མཁས་པ་ཡིན། །རྗེས་སུ་དྲན་པ་འགྱོད་པ་ཡིན། །འགྱོད་པ་ལས་ཀྱི་ཐ་མ་ཡིན། །ད་རང་ཆུས་རང་གིས་འཚོལ་ཤེས་དགོས་པ་ཡིན་ན། ཤེས་ཤེས་གསལ་གསལ་མིག་ཡོད་བཞིན་དུ་ཆུ་ལ་མཆོང་བ་བཞིན་དུ་རེད་འདུག་རྒྱུ་འདི། རྩ་བ་ལས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པོར་མེད་པའི་སྟོབས་ཀྱིས་རེད། འུ་ཚོ་སེམས་ཅན་ཟེར་རྒྱུ་དེ་ཤི་ཚར་ནས་མར་མེ་མནལ་བ་དང་། ཆུ་སྐམ་པ་ལྟ་བུར་མེད་འགྲོ་བ་ཞིག་ཡིན་ན་དེ་རང་རེད་དེ། སྐྱེ་བ་ཕྱི་མ་མེད་རྒྱུའི་ཁས་ལེན་མཁན་ཆད་ལྟ་མུ་སྟེགས་རྒྱང་འཕེན་པ་དང་། དེའི་ཕྱོགས་གཏོགས་འགའ་རེ་རེད་མ་གཏོགས་འཛམ་བུ་གླིང་གི་ནང་པ་ཡིན་མིན་གྱི་ཆོས་ལུགས་མང་ཆེ་བས་སྐྱེ་བ་ཕྱི་མ་ཁས་ལེན་པ་རེད། དེ་མི་ལེན་ཀ་མེད་རེད། རྒྱུ་འབྲས་རྟེན་འབྲེལ་གྱི་ཕྱོགས་ལ་བསམ་བློ་བཏང་ན་ས་བོན་ལས་མྱུ་གུ་སྐྱེ་བ། དཔྱིད་ཀར་ས་བོན་ས་ལ་བཏབ་ན་སྟོན་ཁར་ཞིང་ལས་མྱུ་གུ་འཁྲུངས་པ་ལྟ་བུ་ཕྱིའི་རྒྱུ་འབྲས་རྟེན་འབྲེལ་དང་། མ་རིག་ལས་འདུ་བྱེད། དེ་ལས་རྣམ་ཤེས་ནས་སྐྱེ་བ་ལས་རྒ་ཤི་འབྱུང་བ་ནང་གི་རྟེན་འབྲེལ་སོགས་གང་ལ་བསམ་བློ་བཏང་ན་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་གྲུབ་ངེས་རེད། མིག་ལག་པས་བཀབ་ནས་ངས་མིག་གིས་མི་རིག་པས་ཡོད་པ་མ་རེད་ཅེས་མི་བརྗོད་པར། རང་གི་སྐྱིད་སྡུག་གི་མདུན་ལམ་རང་གིས་མ་འཚོལ་ན་ཁོག་པའི་ནང་སེམས་མེད་པ་དང་འདྲ་འདྲ་རེད། དེས་ན་དམ་པའི་ཆོས་ཀྱི་ཕན་ཐོགས་ཅི་ཞིག་ཡོད་རེད་ཟེར་ན། ཚེ་འདིར་བདེ་ཐབས་ཕྱི་མ་སྐྱིད་ཐབས་ཅི་འདྲ་ཤིག་སྒྲུབ་དགོས་དེ་ཤེས་པའི་ཆེད་དུ་དམ་པའི་ཆོས་སྦྱོང་སྒྲུབ་བྱེད་ཀྱིན་ཡོད། དེ་ཡིན་ན་རང་རེ་སོ་སོའི་སྐྱེ་བོ་རྣམས་རྨོངས་པ་མ་རིག་པའི་དབང་དུ་སོང་ནས་མིག་མེད་པའི་ལོང་བ་ལྟ་བུ་ཞིག་ཡིན་ལ། མིག་དང་ལྡན་པ་མ་རིག་པའི་གཉིད་ལས་སད་པ་ནི་སངས་རྒྱས་རེད། སངས་རྒྱས་ཀྱིས་བསྟན་པའི་ལམ་ཡང་དག་པར་ཞུགས་པ་ནི་དམ་པའི་ཆོས་སྒྲུབ་ཟེར་བ་ཡིན། སངས་རྒྱས་མི་ཡུལ་དུ་བྱོན་ནས་མི་ལོ་ཉིས་སྟོང་ལྷག་སོང་བ་མ་ཡིན་ནམ། སངས་རྒྱས་ཀྱིས་ཅི་ཞིག་གསུངས་ཡོད་པ་སུས་ཤེས། ད་དུང་ལོག་ལྟ་ཅན་ཞིག་ཡིན་ན་སངས་རྒྱས་ནི་ད་ལྟ་ང་ཚོས་བཤད་པ་འདྲ་ཨེ་ཡིན་ཅི་ཤེས་བསམ་སྲིད་མོད། སངས་རྒྱས་ཁོང་གིས་སྐུ་ནར་སོན་ཚེ་དམ་པའི་ཆོས་གསུངས་ཡོད་ལ། དེ་ཡང་གདུལ་བྱའི་བློ་དང་འཚམ་པའི་ཆོས་སྒོ་ཐེག་པ་ཆེ་ཆུང་མདོ་སྔགས་ཀྱི་རིམ་པ་མང་པོ་གསུངས་ཡོད་པའི་སྟོབས་ཀྱིས་སངས་རྒྱས་ཅི་འདྲ་ཞིག་ཡིན། སངས་རྒྱས་ཀྱི་གསུང་ལས་དཔག་ན་ཤེས། ད་སྐབས་ཚན་རིག་ལ་མཁས་པ་རྣམས་ཀྱིས་ཧ་ལམ་ཤེས་རྩིས་བྱས་ཡོད་པའི་ལྐོག་གྱུར་གྱི་དོན་འགའ་རེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་ལོ་ཉིས་སྟོང་གི་ཡར་སྔོན་ནས་དེ་བས་གསལ་དེ་བས་ཟབ་ཅིག་བྱས་ནས་གསུངས་མྱོང་། དེས་ན་ཆོས་ཚིག་རེ་གོ་ན་ཐོས་པའི་ཕན་ཡོན་ཡོད་པར་མ་ཟད་ཐོས་པའི་ཤེས་རབ་སྔར་མེད་ཀྱི་མིག་གསར་པ་ཞིག་རྒྱུད་ལ་ཐོབ་ཡོང་རྒྱུ་ཡོད། མིག་གསར་པ་དེ་གསར་དུ་རྙེད་ནས་དོན་གསར་པ་སྔོན་ཆད་མ་རིག་པ་ཞིག་གསར་དུ་རིག་ཐུབ། དེའི་དོན་དེ་ལ་བརྟགས་ཤིང་དཔྱད་ན་བསམ་པའི་ཤེས་རབ་ཟེར་བ་སྔར་མ་ཤེས་པ་ཞིག་ཤེས་ཡོང་། ཤེས་ཡོང་རྒྱུའི་དོན་དེ་ལག་ལེན་ལ་བསྟར་ནས་སེམས་ཐོག་ལ་སྦྱར་དུས་སྔར་ཡོད་མ་མྱོང་བའི་ནང་གི་བདེ་བ་གསར་རྙེད་ཡོང་རྒྱུ་ཡོད། དེའི་མིང་ལ་སྒོམ་པའི་ཤེས་རབ་ཟེར། དེ་ལ་གོམས་ཆ་བརྟན་དུ་བཅུག་ནས་རྒྱུན་བསྐྱངས་ཏེ་སྦྱོང་ན། བར་སྐབས་ཤིག་ཏུ་ལུས་སེམས་གཉིས་ལ་སྔར་མེད་ཀྱི་ཡོན་ཏན་ནམ་ནུས་པ་ཁྱད་པར་ཅན་གསར་པ་ཞིག་སྐྱེས་ནས། རང་གཞན་བདེ་བའི་ཐབས་ལམ་གསར་པ་ཞིག་རང་ལས་རྙེད་རྒྱུ་ཡོད། དེའི་ཡོན་ཏན་དེ་ནི་འགངས་ཆེན་རྩ་ཆེན་འཇིག་རྟེན་གྱི་རྒྱུ་ནོར་དངོས་པོ་ཞིག་ལས་རྩ་བ་དང་དོན་ཤིན་ཏུ་ཆེ། དེ་ཕྱིའི་རྒྱུ་ནོར་གྱིས་ཉོ་ཐབས་མེད་པར་ནང་རང་གི་སེམས་ཐོག་ནས་རྙེད་དགོས་པའི་དོན་འགངས་ཆེན་ཞིག་ཡིན། དེའི་དོན་རྩ་ཆེན་དེ་ཆོས་ཐོས་པར་བརྟེན་ནས་ཤེས་དགོས། མ་ཐོས་ན་ཅི་ཞིག་གོ མ་གོ་ན་ཤེས་རྒྱུ་དང་། མ་ཤེས་ན་རྒྱུད་ལ་སྦྱར་རྒྱུ་དང་ཕན་འབྲས་ཐོབ་ཡོང་རྒྱུ་ཞིག་མེད་དེ། མ་བསླབ་ཁ་རོག་འདུག་པ་ལ། །ལོ་བརྒྱ་སོང་ཡང་བཟང་བསྐྱེད་མེད། །ཅེས་གསུངས་ཡོད། དེའི་ཕྱིར་ན་ཆོས་ཞུ་དུས་དང་པོ་རང་གིས་རང་ལ་གཅེས་ན་གཅེས་ལུགས་འདི་འདྲ་དགོས་ཚུལ་ཤེས་རྒྱུ་དེའི་མིང་ལ་སྐྱེས་བུ་བློ་ཆུང་འཇིག་རྟེན་པའི་ལམ་ཟེར་། དེའང་ལས་རྒྱུ་འབྲས་ལ་ཡིད་ཆེས་རྙེད་དེ་འཇིག་རྟེན་ཡང་དག་གི་ལྟ་བར་བརྟེན། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུངས་ནས་ཟག་བཅས་ཀྱི་དགེ་བ་བསྒྲུབས་ན། ཚེ་ཕྱི་མར་ངན་སོང་དུ་མི་ལྟུང་བར་ལྷ་དང་མིའི་ལུས་རྟེན་ཐོབ་འགྲོར་གསུངས་ནས་བསྟན་ཡོད། དེ་བསྟན་པའི་རྒྱུ་མཚན་ཅི་རེད་ཅེ་ན། སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཐར་པ་དམ་པའི་གོ་འཕང་ལ་བཀྲི་བའི་མཛད་པ་ཕྲིན་ལས་སྐྱོང་བ་ཡིན། དེས་ན་ཐར་པ་སྒྲུབ་པའི་རྟེན་ལྷ་དང་། ཁྱད་པར་དུ་མིའི་ལུས་རྟེན་ཁམས་དྲུག་ལྡན་གྱི་རྟེན་འདི་ཉིད་གལ་ཆེ་བ་ཡིན་ན་དེ་ཐོབ་པའི་དོན་དུ་གསུངས་པ་ཡིན་ཏེ། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་ལ་ཐག་མི་རིང་། །མི་དང་ལྷ་ཡི་རྟེན་བརྟེན་ནས། །འཛེགས་ན་ཐར་པ་ཐོབ་པ་ཡིན། །ཞེས་གསུངས་པས་སོ། །དེ་ལ་འཇིག་རྟེན་པའི་ལམ་ཟེར། འཇིག་རྟེན་ལས་མ་འདས་པའི་ལམ་དེས་འཁོར་བ་ལས་ཐར་པའི་ཐར་པ་ཐོབ་མི་ནུས། ཐར་པ་མ་ཐོབ་པ་དེ་དཔེར་ན་བུམ་ནང་གི་བུང་བ་ལྟ་བུ་རེད། བུམ་པའི་ནང་གི་བུང་བ་དེ་བུམ་པའི་སྟོད་དུ་འཁོར་ན་བུམ་པའི་ནང་རེད་ལ། སྨད་དུ་འཁོར་ནའང་བུམ་པའི་ནང་རེད། དེ་དང་འདྲ་བར་སྐབས་རེར་ལྷ་མིའི་ལུས་རྟེན་ཐོབ་ནས་ཟག་བཅས་དགེ་བའི་ལས་ཀྱིས་ཟག་བཅས་ཀྱི་བདེ་བ་རེ་མྱོང་ཡང་དེ་སྐྱེ་བ་ཐམས་ཅད་དུ་སྤྱོད་ཆོག་པ་ཞིག་མ་ཡིན་ཏེ། གནམ་རྡོ་གྱེན་དུ་འཕངས་ཀྱང་ཤུགས་ཟད་ན་ཐུར་དུ་མི་ལྷུང་འགྲོ་ས་མེད་པ་ལྟར། ལྷ་མིའི་བདེ་འབྲས་ཟད་ན་སྔོན་བསགས་ལས་ངན་གྱིས་ཁྲིད་དེ་ངན་སོང་གི་གཏིང་རྡོར་འགྲོ་བའང་ཡོད་པས། དེས་ཀྱང་ཕན་ཐོགས་ཆེན་པོ་མེད་པས། ཡུན་ནས་ཡུན་དུ་སྡུག་བསྔལ་མི་མྱོང་བ་ཞིག་འབྱུང་དགོས་ན་འཇིག་རྟེན་ལས་འདས་པའི་ལམ་ཞིག་ཅིས་ཀྱང་བསྟེན་དགོས། འཇིག་རྟེན་ལས་འདས་པའི་ལམ་དེ་ལའང་སྐྱེས་བུ་འབྲིང་ནི་ཉན་རང་གི་ཐེག་པ་རེད། དེའི་རང་ལམ་གྱི་རྗོད་བྱེད་སྡེ་སྣོད་གསུམ་ལ་འཆད་ཉན་དང་། བརྗོད་བྱ་བསླབ་པ་གསུམ་ལ་ཉམས་ལེན། ཁྱད་པར་དུ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱིས་གཞིར་བཟུང་སྟེ་ལྟ་སྒོམ་སྤྱོད་པའི་ཉམས་ལེན་མཐར་ཕྱིན་ན་ཉན་ཐོས་སྐྱེས་བུ་ཟུང་བཞི་ཡ་བརྒྱད་དང་། རང་རྒྱལ་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ། ཁམས་གསུམ་གྱི་ཟག་པ་ཉོན་མོངས་པའི་དགྲ་བཅོམ་པས་འཁོར་བར་སྐྱེས་ནས་འཁོར་བའི་སྡུག་བསྔལ་མྱོང་མི་དགོས། འོན་ཀྱང་རང་ཉིད་གཅིག་པུ་ཐར་འདོད་པའི་རང་འདོད་ཀྱི་བློ་ཞི་བ་ཕྱོགས་གཅིག་པའི་ཀུན་སློང་དེས་མཐའ་གཉིས་ལ་མི་གནས་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ། དེ་མ་ཐོབ་པས་གཞན་དོན་རླབས་ཆེན་ཞིག་མི་འབྱུང། དེས་ན་རང་འདོད་ཡིད་བྱེད་ཀྱི་བློ་དེ་ཐེག་པ་ཆེན་པོའི་ལུགས་ལ་དུག་ལྟར་འཛེམ་དགོས། ཁྱད་པར་དུ་རང་ལུགས་ཀུན་མཁྱེན་ཡབ་སྲས་ཀྱིས་རང་འདོད་ཡིད་བྱེད་ཀྱི་བློ་ལྡོག་དགོས་ཚུལ་ཐུན་མིན་གྱི་རྩལ་འདོན་མཛད་ནས་གསུངས་ཡོད། འུ་ཅག་གིས་འདང་རེ་བརྒྱབ་ན་ང་རང་ཉིད་ཐར་ནས་འཁོར་བའི་སྡུག་བསྔལ་མྱོང་མ་དགོས་ཀྱང་། ད་དུང་དྲིན་ཆེ་བའི་ཕ་ཡོད། ལུས་སྦྱིན་པའི་མ་ཡོད། ཨ་ཕྱི་ཨ་མེས་ཁྱིམ་བཟའ་ཚང་། མིང་སྲིང་སྤུན་ཟླ་རྣམས་ཡོད། ཚེ་འདིའི་ཕ་མ་སྤུན་གྲོགས་དང་འདྲ་བའི་ཚེ་སྔ་མའི་ཕ་མ་སྤུན་ཟླ་སོགས་ལ་བསམ་བློ་གཏོང་ན། སྐྱེ་བའི་ཡ་མཐའ་བགྲང་བ་ལས་འདས་པས། ཚེ་འགའ་རེའི་ཕ་མ་ལ་གཅེས་དང་ཚེ་འགའ་རེའི་ཕ་མ་ལ་མི་གཅེས་ཟེར་རྒྱུ་ག་ལ་ཡོད། ན་ནིང་གི་ཨ་མ་དང་ད་ལོའི་ཨ་མ་གཉིས་དྲིན་ཆེ་ཆུང་མེད་ལུགས་འདྲ་འདྲ་རེད། ད་ལྟ་རིག་རྒྱུ་ཡོད་མེད་ཀྱིས་འདང་ཆེ་ཆུང་བྱེད་རྒྱུ་ཡོད་པ་མ་རེད། ཨ་མ་རྒྱ་གར་ན་ཡོད་ན་འདང་ཆུང་རྒྱུ་དང་། དྲུང་འདིར་ཡོད་ན་འདང་ཆེ་རྒྱུ་ཞིག་མེད་པ་དང་གཅིག་པ་རེད། ད་འུ་ཚོས་འདང་དེ་འདྲ་ཞིག་བརྒྱབ་ན་རང་གཅིག་པུ་ཐར་པས་ཕན་ཐོགས་མེད། མདོར་ན་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ལྷག་འགྲོ་བཞིན་ཡོད། དེ་འདྲའི་བསམ་བློ་གཏོང་ན་བདེ་དོན་སྡུག་བསྔལ་གྱི་རྒྱུ་ཁོ་ན་བསྒྲུབས་ནས་མེ་ཆེ་ཐོག་ཤིང་སྣོན་གྱིན་ཡོད་པ་དང་འདྲ་བའི་སེམས་ཅན་མཐའ་ཡས་པར་སྙིང་མི་རྗེ་བའི་ཐབས་ཤིག་ག་ལ་ཡོད། སེམས་ཅན་མིག་གིས་རིག་ན་སྙིང་རྗེ་དབང་མེད་དུ་སྐྱེ་བའི་ཚད་ལ་སླེབ་རྒྱུ་ཡོད། དེའི་ཚེ་ན་གོང་དུ་བཤད་རྒྱུའི་སྐད་ཆ། ཕ་མར་མ་གྱུར་པ་མེད་པའི་འགྲོ་བ་སེམས་ཅན་ཐམས་ཅད་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་སར་དགོད་པའི་ཆེད་དུ། དམ་པའི་ཆོས་ཟབ་མོ་ཉན་ནས་དེའི་དོན་ཚུལ་བཞིན་དུ་ཉམས་སུ་ལེན་དགོས་ཟེར་བ་ནི། ཚིག་བཟང་ལ་ཁ་ན་དེ་བཞིན་ཐོད་ཐུག་པ་རེད། དེ་ལྟར་བསམ་བློ་ཞིག་བཏང་ནས་ཆོས་ཞུ་བའི་དོན་སྙིང་ཤེས་དགོས་པར་མ་ཟད། ཆོས་ཞུས་ནས་དེའི་དོན་སྒྲུབ་རྒྱུ་དེ་བྱ་བ་གཞན་གང་ལས་ཀྱང་གལ་ཆེན་ཞིག་རེད། འདི་ནི་སྔ་དྲོ་ཕྱི་དྲོ་གཉིས་ལས་སྔ་དྲོར་སྒྲུབ་དགོས་བསམ་པའི་སེམས་ཤུགས་བཟློག་མེད་ཅིག་ཡོད་དུས་ཆོས་སྒྲུབ་པ་གལ་ཆེ་བའི་གོ་བ་ལོན་པའི་རྟགས་ཡིན། སྨན་འཆི་གསོས་ཀྱི་བདུད་རྩི་ལྟ་བུའི་དམ་པའི་ཆོས་ཉན་དུས། དང་ཞིང་སྤྲོ་བའི་ངང་ནས་ཉན་དགོས།

འདིར་སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བ་ནི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་སེམས་སྦྱོང་བདུན་པའི་དོན་ཁྲིད་འདི་ཡིན། འདིའི་གླེང་གཞིའི་ཐོག་ནས་བཤད་ན། རྫོགས་ཆེན་རང་གི་ཆོས་སྐད་ལྟར་ན་དུས་གསུམ་དུས་མེད་ཀ་དག་གཞི་རྫོགས་ཀྱི་དུས་ཆེན་པོ་ན། ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དེས་ཆོས་དབྱིངས་ཀུན་ཁྱབ་ཆེན་པོར་བྱང་ཆུབ་ནས་ལྷུན་གྲུབ་ཐུགས་རྗེའི་རྩལ་སྣང་གི་རྣམ་པར་འཕྲོ་བ། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་རིགས་ལྔ་གངས་ཆེན་མཚོའི་སྐུ་ལུས་ཀྱི་བཀོད་པ་ལས་ཞིང་ཁམས་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པ་ཞིག་བཀོད་ལ། ཞིང་ཁམས་སྣ་ཚོགས་བཀོད་པའི་སྣང་བ་དེའི་ནང་ནས་རྣམ་སྣང་གངས་ཆེན་མཚོའི་སྐུ་ལུས་ཀྱི་བཀོད་པའི་ཆ་ཤས་མི་མཇེད་ཀྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རུ། སྟོན་པ་ཤཱཀྱའི་རྒྱལ་པོ་བྱོན་ནས་སྐུ་དངོས་དང་རྡོ་རྗེ་འཆང་གི་སྐུར་བཞེངས་པ་སོགས་སྣ་ཚོགས་པའི་སྒོ་ནས་གདུལ་བྱའི་གང་ཟག་ཐམས་ཅད་ཀྱི་བློ་རིམ་དང་མཐུན་པའི་མདོ་སྔགས་ཀྱི་ཆོས་ཚུལ་ཟབ་རྒྱས་ཐུན་མོང་དང་ཐུན་མིན་གྱི་ཆོས་འཁོར་བསྐོར་ན། དེ་ལ་རང་རེས་གང་འཆད་ཉན་བྱ་རྒྱུའི་ཆོས་འདི། གསང་སྔགས་སྔ་འགྱུར་བའི་རང་ལུགས་ལྟར་ན་ཐེག་རིམ་རྣམ་པ་དགུ་ལས་ཕྱེས་པའི་ཐེག་རྩེ་རྫོགས་པ་ཆེན་པོའི་ཆོས་ཚན། དེ་ལས་ཀྱང་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་སེམས་སྦྱོང་བདུན་པའི་དོན་ཁྲིད་འདི་འཆད་པའི་སྐབས་ཡིན། འདི་ཉིད་ཇི་ལྟར་འཆད་ཚུལ་ནི་མན་ངག་དང་བསྟན་བཅོས་སྤྱིའི་འཆད་ཚུལ་ལྟར་དགེ་བ་རྣམ་པ་གསུམ་གྱི་སྒོ་ནས་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་གྱི་སྒོ་ནས་འཆད་པ་ཡིན། དང་པོ་ལ་མཚན་སྨོས་པ་དང་། ཕྱག་འཚལ་བ། མཆོད་པར་བརྗོད་པ། ཐེག་རྩེའི་ཆོས་ཀྱི་ཆེ་བ་བསྟན་པའི་སྒོ་ནས་བརྩམ་པར་དམ་བཅའ་བ་དང་བཅས་པས་བསྟན་ཡོད། གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་ཐོག་མའི་རྟེན་འབྲེལ་གྱི་སྒོ་དང་པོ་ཆོས་འཆད་ཉན་གྱི་སྔོན་དུ་འཆད་ཉན་ཇི་ལྟར་བྱ་ཚུལ་དང་། དངོས་གཞི་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་དེ་ལུང་གིས་རྗེས་སུ་དཔག་ནས་བསྟན་པ་དང་། མན་ངག་གི་སྒོ་ནས་རྒྱུད་དང་སྦྱར་ཏེ་སྒོམ་ཚུལ་གྱི་ཁྲིད་རྐང་བདུན་ཡོད། བདུན་པ་དེ་ལའང་ནང་གསེས་གསུམ་དུ་ཕྱེས་ནས་ཁྲིད་རྐང་རྣམ་པ་དགུའི་སྟེང་ནས་མན་ངག་གིས་བཀྲལ་བའི་ལུས་ཡོངས་སུ་རྫོགས་པ་བསྟན་ཡོད། གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་དེ་ལྟ་བུའི་ལག་ཁྲིད་ཀྱི་སྒོ་ནས་རིམ་གྱིས་རྒྱུད་དུལ་ཞིང་ལས་རུང་དུ་གྱུར་པའི་སྐལ་ལྡན་ལས་ཅན་གྱི་སློབ་མ་དེ་དག རྡོ་རྗེ་ཐེག་པའི་དངོས་གཞི་སྨིན་གྲོལ་གྱི་ལམ་ལ་ཇི་ལྟར་ཞུགས་ཤིང་། འབྲས་བུ་ཚེ་འདིར་འཐོབ་པར་བྱ་བའི་རིམ་པ་དེ་ཇི་ལྟར་བྱ་བ་གདམས་པ་དང་། མཇུག་ཞལ་གདམས་སྨོན་ལམ་མཛད་བྱང་དང་བཅས་པས་མཐར་བརྒྱན་ཏེ་བསྟན་པ་ནི་མན་ངག་གི་གཞུང་འདིའི་ལུས་ཀྱི་རྣམ་པར་བཞག་པའོ། །

༼ཨོྃ༽ ཐོག་མར་དགེ་བ་ཀླད་ཀྱི་དོན།

དང་པོ་མཚན་སྨོས་པ།

དེ་ལས་ཐོག་མར་དགེ་བ་ཀླད་ཀྱི་དོན་རྣམ་པ་ལྔ་ཙམ་གྱི་སྒོ་ནས་འཆད་པ་ལས། དང་པོ་མཚན་སྨོས་པ་དངོས་ནི། ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས། ཞེས་བཀོད་ཡོད། སྤྱིར་ན་རྒྱུད་ལུང་མན་ངག་གི་སྐོར་དེ་འཆད་ཚུལ་མང་སྟེ། སྤྱི་དོན་གྱིས་ཁོག་དབུབ། དཀྱུས་ཀྱིས་ས་བཅད། ཚིག་གིས་འབྲུ་གནོན། བརྒལ་ལན་གྱིས་གཏན་ལ་ཕབ་ནས་བཤད་པ་སོགས་རྒྱུད་གཞུང་སྤྱིའི་འཆད་ཐབས་དང་། ཡང་ལྟ་བ་བརྒལ་བརྟག་གིས་བཤད་པ་དང་། སྤྱོད་པ་འཇུག་ཐབས་ཀྱིས་བཤད་པ་སོགས་རྒྱུད་ཀྱི་དངོས་པོ་བཅུ་གཅིག་དང་འབྲེལ་བའི་བཤད་ལུགས་དང་། ཡང་རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་པའི་སྣང་ཚུལ་སོགས་ཆོས་ལྔས་འཆད་པ་སོགས་མང་ཡང་། འདིར་རང་རེས་རྒྱུད་དོན་མན་ངག་གིས་བཀྲལ་བའི་ལུགས་ལ། པཎ་ཆེན་བི་མ་ལའི་བཞེད་པ་ལྟར། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་གསུངས་པ་བཞིན་མགོ་སྨོས་པ་ཙམ་གྱིས་གོ་བའི་གདུལ་བྱ་དབང་པོ་རབ་ལ་མཚན་བསྟན། ཅུང་ཟད་ཕྱེ་སྟེ་གོ་བའི་དབང་པོ་འབྲིང་ལ་སྤྱི་དོན་ས་བཅད་ཀྱི་རྣམ་དབྱེ་བསྟན། གཞུང་དོན་སྤྲོས་ཏེ་བཤད་ན་གོ་བའི་དབང་པོ་ཐ་མ་ལ་ཚིག་ཡིག་འབྲུ་རེ་རེའི་དོན་བཀྲལ་ཏེ་རྒྱས་བཤད་བྱས་ནས་འཆད་ཚུལ་ཡོད་ལ། རང་རེས་དེ་དང་མཐུན་པར་འཆད་པའི་ཚུལ་ཡིན། ཡང་འདི་ལ་གོ་བ་ལེན་ལུགས་ཡོད་དེ། མཚན་བསྟན་པ་ནི་དབང་པོ་རྣོན་པོའི་དོན་ཡིན་ན་ང་ལ་དེ་མི་དགོས་ཞེས་བསམ་པར་མི་བྱ་སྟེ། མཚན་བསྟན་པ་མགོ་སྨོས་པས་གོ་བའི་གདུལ་བྱ་དབང་རྣོན་གྱི་ཆེད་དུ་ཡིན་ཡང་དེ་ཁོ་ནའི་དོན་དུ་བསྟན་པ་མ་ཡིན་ཞིང་། དབང་པོ་འབྲིང་དང་ཐ་མ་གཉིས་ལའང་མགོ་སྨོས་པ་ཙམ་གྱིས་གོ་བའི་བག་ཆགས་རྒྱུད་ལ་འཇོག་པའི་དགོས་པའང་ཡོད་པས་སོ། །དབང་པོ་འབྲིང་ལ་སྤྱི་དོན་དང་ས་བཅད་ཀྱི་སྒོ་ནས་དོན་གྱི་གོ་བ་རྙེད་པའི་ཐབས་སུ་གསུངས་པ་ཡིན་ཡང་། དབང་པོ་ཐ་མ་ལའང་ཚིག་འབྲུ་གཉེར་གྱི་གོ་དོན་དགྲོལ་བའི་སྔོན་དུ་སྤྱི་ཁྱབ་ཀྱི་ལུས་རྣམ་བཞག་གི་ཚད་ཙམ་ཤེས་ན་ཕྱོགས་འདྲ་བ་ཧ་ལམ་གོ་ནས་ཚིག་དོན་གྱི་གོ་བ་རྙེད་པའི་དགོས་པ་ཡོད། དེས་ན་དང་པོ་མཚན་དོན་འགྲེལ་ན། སྤྱིར་རྒྱལ་བའི་ཆོས་སྒོ་མཐའ་དག་གདུལ་བྱ་སེམས་ཅན་སྣ་ཚོགས་པའི་ཁམས་དབང་དང་མོས་པའི་བྱེ་བྲག་དང་བསྟུན་ནས་གསུངས་པ་དེ་ཇི་ལྟར་ཡིན་ཞེ་ན། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པ་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་གསུང་པའི་ཐེག་པ་དགུ་པོ་དེ་ཐམས་ཅད་ཀྱི་རང་ལམ་ན་གཞི་ལྟ་བས་གཏན་ལ་འབེབ་ཚུལ། ལམ་སྒོམ་པས་ཉམས་སུ་ལེན་ཚུལ། དེའི་འབྲས་བུ་ཇི་ལྟར་ཐོབ་ཚུལ་དང་བཅས་པ་རྣམས་བཀའ་རྒྱ་ཆེ། ལུང་གྲངས་མང་། མན་ངག་མཐའ་ཡས་པའི་སྒོ་ནས་གསུངས་ཡོད་ལ། ཇི་ལྟར་གསུང་ཚུལ་ཡང་ནི། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །ཞེས་གསུངས་པ་ལྟར་གདུལ་བྱའི་འགྲོ་བ་སྣ་ཚོགས་ཀྱི་སྤྱོད་ཡུལ་དང་མཐུན་པར་སྐུའི་རྣམ་པ། གསུང་གི་སྒྲ་དབྱངས། ཐུགས་ཀྱི་ཆོ་འཕྲུལ་མི་ཟད་པའི་སྒོ་ནས་གསུངས་ཡོད། ཐུབ་བསྟན་མདོ་དང་སྔགས་ཀྱི་ཆོས་ཚུལ་གང་ཡིན་ཡང་། ཐུན་མོང་དང་ཐུན་མིན་གྱི་དགོས་ཆོས་སྔོན་འགྲོ་དང་དངོས་གཞིའི་ཐབས་ཀྱིས་བསྟན། དེ་ལྟར་བསྟན་པ་དེའང་། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་ཐོས་བསམ་སྒོམ་གསུམ་གོ་མ་ལོག རྐང་མ་འཁྲུགས། མགོ་རྔ་མ་ནོར་བས་སངས་རྒྱས་ཀྱི་བསྟན་པའི་བབས་དང་རིམ་པ་དེ་སྐས་ཀྱི་གདང་བུ་ལྟར་དུ་རིམ་བགྲོད་བྱས་ཏེ། འདི་ནི་དབང་པོ་རྣོ་བརྟུལ་དང་། སྐྱེས་བུ་ཆེ་འབྲིང་ཐུན་མོང་གི་ལམ་ཡིན་པས་ཐུན་མོང་གི་སྔོན་འགྲོ་ཞེས་བྱ། སྔོན་འགྲོ་སྔོན་དུ་མ་སོང་ན་དངོས་གཞིའི་ལམ་ལ་འཇུག་ཐབས་མེད་པ་ནི། དཔེར་ན་མཁར་ཞིག་བརྩིག་པ་ལ་རྩིག་རྨང་བརྟན་པོ་ཞིག་བཞག་མེད་ན་དེ་བརྩིགས་ནས་མཁར་མཐོན་པོའི་མིང་དོན་ལྡན་པ་ཞིག་འགྲུབ་པར་མི་འགྱུར་ཏེ། རྨང་གཞི་མེད་པའི་ཐོག་བརྩེགས་ཤིག་བར་སྣང་དུ་འདུག་ཐབས་མེད་པས་སོ། །དེ་དང་འདྲ་བ་དང་པོ་སེམས་སྦྱོང་གིས་བློ་སྦྱངས་ནས་སེམས་ལས་སུ་རུང་བ་གཏོང་འགྲོ་བཞག་སྡོད་འཕེར་བ་ཞིག་བྱུང་། དེ་ནས་ད་གཟོད་དངོས་གཞིའི་ལམ་ཉམས་སུ་ལེན་དགོས། དེ་ལྟར་བརྗོད་ན་རང་གི་སེམས་ནི་རང་ལ་རང་དབང་ཅི་ལ་མེད། རང་གིས་ཅི་བསམ་ན་དེ་ཡིན་བསམ་རྒྱུ་ཡོད་པ་མ་རེད། བློ་ངན་གོམས་ཀྱི་བག་ཆགས་ངན་པའི་རྗེས་སུ་འབྲངས་ནས། བཟང་དགེ་བའི་ལས་ལམ་ཞིག་དང་འཕྲད་ན་བཟློག་དཀའ་བའི་གྱེན་ལ་འགྲོ་བ་དང་འདྲ་ཞིང་། ངན་མི་དགེ་བའི་སྡིག་ལས་ཤིག་ལ་ཐུག་དུས་འབད་རྩོལ་མི་དགོས་པར་ཆུ་སྣ་ཐུར་དུ་རྒྱུག་པར་འདྲ་བ་ཞིག་ཡོད་པ་དེ་རང་སེམས་རང་ལ་རང་དབང་མེད་པས། ངན་གོམས་ཀྱི་བག་ཆགས་ཤོག་གུ་དྲིལ་ལམ་དུ་རྒྱུག་འདྲའི་ངན་གཤིས་སུ་སོང་ཚར་བས་རེད། དེའི་དབང་གིས་འཁོར་བ་བཙོན་ཁང་འདྲ་བའི་ནང་དུ་སྡུག་བསྔལ་སྣ་ཚོགས་མྱོང་དགོས་ཐུག་པ་རེད། དེས་ན་ད་རེས་ལས་དང་སྐལ་བ་ལྡན་པས་དལ་འབྱོར་གྱི་རྟེན་འདི་རྙེད་ནས་དམ་པའི་ཆོས་ཟབ་མོ་འདི་འདྲ་བ་དང་འཕྲད་པ་ཡིན་ན། རང་གཞན་འཁོར་བའི་སྡུག་བསྔལ་ལས་སྐྱོབ་བྱེད་སེམས་སྦྱོང་ཐབས་རྣམ་པ་བདུན་གྱི་དོན་ཁྲིད་དེས་རང་བློ་འདུལ་སྦྱོང་དགོས་པས་ན། སེམས་སྦྱོང་རྣམ་པ་བདུན་ཞེས་གསུངས་པ་རེད། དེ་ལྟ་བུའི་སེམས་སྦྱོང་རྣམ་པ་བདུན་དེ་ཇི་ལྟར་གཏན་ལ་ཕབ་ཡོད་ཅེ་ན། བི་མའི་གསང་བ་སྙིང་ཐིག་ལས་ཟངས་ཡིག་ཅན་དུ་གསུངས་ཡོད། ཟངས་ཡིག་ཅན་ལས། ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་རྣམས་ཉོན་ཅིག རིག་པ་མངོན་སུམ་གྱི་དོན་སྣང་བ་ལ་བློ་མི་ཕེབས་ཤིང་དབང་པོ་དམན་ལ་སྐལ་བ་ཞན་པའི་མི་རྣམས་ཀྱིས་འདི་ལ་ཡིད་མི་ཆེས་པ་འགའ་འབྱུང་སྲིད་པས། དེ་དག་རྣམས་རིག་པ་མཐོང་བར་བྱ་བའི་ཆེད་དུ་འདི་ལ་བསླབ་པར་བྱའོ། །ཞེས་ཚིག་དེ་ཙམ་གྱིས་སེམས་སྦྱོང་བདུན་གྱི་རིམ་པ་དགོས་པ་དང་བཅས་བསྟན་ཡོད། དེ་ལྟར་བི་མའི་དགོངས་དོན་ཇི་ལྟ་བ་བཞིན་དུ་སེམས་སྦྱོང་རྣམ་པ་བདུན་དེ་ལུང་དང་མན་ངག་གཉིས་ཀའི་སྒོ་ནས་དོན་མ་ནོར་མ་འཁྲུལ་བར་མངོན་སུམ་བསྟན་དོན་ལག་ཁྲིད་དུ་བསྟར་པ་ཡིན་པས་དོན་ཁྲིད་ཅེས་བྱ། འདིའི་མིང་ལ་ཐར་པའི་ཐེམ་སྐས་ཞེས་བཏགས་ཏེ། སྤྱིར་མཚན་བཏགས་པའི་དགོས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་ལྟར་མིང་མེད་ན་ཚིག་མེད། ཚིག་མེད་ན་ཐ་སྙད་མེད། དེ་མེད་པས་འཇིག་རྟེན་ཕན་ཚུན་བརྡ་སྤྲོད་པའི་ཐབས་མེད་པས། སྐད་བརྡ་སྤྲོད་བྱེད་བཤད་བྱ་འཆད་བྱེད་མེད་པར་འགྱུར་བ་རེད། དེས་ན་འཇིག་རྟེན་གྱི་མགོན་པོས་ཐབས་ལ་མཁས་པའི་སྒོ་ནས་ཆོས་རྣམས་མིང་དུ་བཏགས་པར་མཛད་ནས་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཏན་ལ་ཕབ་སྟེ། མ་འཁྲུལ་བའི་ཆོས་ཉིད་ཀྱི་དོན་དེ་བསྟན་ནས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་རེད། མིང་ལའང་འདོད་རྒྱལ་དང་རྗེས་གྲུབ་ཀྱི་སྒོ་ནས་འདོགས་ཚུལ་གཉིས་ཡོད། འདོད་རྒྱལ་གྱི་མིང་ནི་གཅན་གཟན་སེང་གེ་ལ་སེང་གེ་ཞེས་བཏགས་པ་ལྟ་བུ། དེའི་དོན་འགྲེལ་རྒྱུ་མེད་ལ། མི་ཁ་ཆེན་པོ་ཞིག་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས་སེང་གེ་ཞེས་བཏགས་པ་ལྟ་བུ་འདྲ་འབྲེལ་གྱི་སྒོ་ནས་བཏགས་པར་འགྲེལ་རྒྱུ་ཡོད་པ་ནི་བཏགས་མིང་རྗེས་གྲུབ་ཀྱི་མིང་ཡིན། དེས་ན་ཡི་གེ་ལས་ཀ་བ། བུམ་པ། སྣམ་བུ་སོགས་ཀྱི་མིང་བྱུང་སྟེ་དོན་གྱི་ངོ་བོ་ཙམ་སྟོན། དེས་རྩོམ་གཞིར་བྱས་ཏེ་དོན་གྱི་ཁྱད་པར་སྟོན་པའི་ཚིག་དང་བརྡ་བྱུང་བ་རེད། དཔེར་ན་རྒྱལ་པོས་བྲམ་ཟེ་ལ། བྲམ་ཟེ་ཆུ་ལ་ཅི་ཙམ་ཞིག བྲམ་ཟེས་མིའི་བདག་པོ་པུས་ནུབ་ཙམ་ཟེར་བ་ལྟ་བུ། སྒྲར་སྣང་བ། སྒྲར་གྲག་པ། བརྡར་གྱུར་པ་ཞེས་པ་དེ་འདྲ་ཡོད་དོ། །སྐབས་བབ་བསྟན་བཅོས་ཀྱི་མཚན་འདོགས་ཚུལ་ལའང་། བརྗོད་བྱ་དོན་དང་འབྲེལ་བའི་འདོགས་ཚུལ། རྗོད་བྱེད་ཚིག་དང་འབྲེལ་ནས་བཏགས་པ་ལ་སོགས་པ་མང་པོ་ཞིག་ཡོད་པ་ལས། འདིའི་སྐབས་སུ་བརྗོད་བྱ་དོན་དང་འབྲེལ་ནས་མཚན་བཏགས་པ་ཡིན་ཏེ། དཔེར་ན་སྐས་མེད་ན་ཁང་ཐོག་ཏུ་འགྲོ་མི་ཐུབ་པ་བཞིན་དུ། མན་ངག་གི་གཞུང་ལུགས་ཐེམ་སྐས་འདི་མེད་ན་ཐར་པའི་ཁང་བཟང་དུ་བགྲོད་མི་ཐུབ་པའི་རྒྱུ་མཚན་གྱིས། འདྲ་བ་རྒྱུ་མཚན་དུ་བྱས་ནས་བློ་ངོར་མིང་དོན་ལ་འབྲེལ་བ་གྲུབ་པར་འཛིན་པའི་སྒོ་ནས་མཚན་དེ་བཏགས་པས། དབང་པོ་རབ་ཀྱིས་དབུའི་མཚན་མཐོང་བས་གཞུང་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་པ་དང་། འབྲིང་གིས་གང་གི་ཕྱོགས་སུ་གཏོགས་པར་ཤེས་བྱེད་དང་། ཐ་མས་ཀྱང་གླེགས་བམ་འཚོལ་སླ་བ་སོགས་ཀྱི་དགོས་པ་དང་ལྡན་པའི་སྒོ་ནས་མཚན་དེ་ལྡན་གྱི་གཞུང་དེ་ལ་གཙོ་བོར་འཇུག་པ་ཡིན་པས་ན་དེ་ལྟར་བཏགས། དེས་ན་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་ཞེས་པ་ནི། མཚན་དེ་ལྡན་གྱི་དོན་དང་འབྲེལ་བའི་མན་ངག་གི་གླེགས་བམ་འདིའི་ནང་སྔོན་འགྲོ་སེམས་སྦྱོང་ཆ་ཚང་ཞིབ་རྒྱས་སུ་གསལ་བར་བཀོད་ཡོད་ཅེས་པའི་དོན་ཡིན་ནོ། །འདི་ལ་རྩིས་མགོ་ཡན་ལག་ལྔ་དང་སྦྱར་ནས་བཤད་ན། རྩོམ་པ་པོ་སུས་བརྩམས། འདིའི་བརྗོད་བྱ་གང་། ཕྱོགས་གང་དུ་གཏོགས། ལུང་གང་ལས་བཏུས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན། དགོས་པ་གང་གི་ཆེད་དུ་མཛད་ཅེ་ན། དང་པོ་འདི་རྩོམ་པ་པོ་ནི་ཀུན་མཁྱེན་འཇིགས་མེད་གླིང་པའམ། མཚན་གཞན་མཁྱེན་བརྩེའི་འོད་ཟེར་པད་མ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེ་ཞེས་པས་མཛད། ཆོས་ཁུངས་བཙུན་པར་ཤེས་པར་བྱ་བའི་ཕྱིར་སྐབས་འདི་དང་བསྟུན་ནས་བསྟན་བཅོས་རྩོམ་པ་པོའི་ངོ་མཚར་བའི་རྣམ་ཐར་དང་། ཁྱད་པར་དུ་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ཚང་ཚུལ་ཅུང་ཟད་བཤད་ན། འུ་ཅག་གིས་དམ་པའི་རྣམ་ཐར་གྱི་ཆ་ཤས་ཙམ་ཐོས་ནས་དད་མོས་སྐད་ཅིག་ཙམ་ཞིག་སྐྱེས་ན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན། དེས་ན་མཛད་པ་པོའི་ཆེ་བ་རྣམ་ཐར་དང་འབྲེལ་ཏེ་རགས་ཙམ་ཞིག་ཤ་ཟིན་སྤུ་ཟིན་གྱི་ཚུལ་དུ་བརྗོད་ན། ཀུན་མཁྱེན་འཇིགས་མེད་གླིང་པ་ཚང་ནི་ས་ཆ་གང་ནས་འཁྲུངས་པའི་བླ་མ་ཞིག་ཡིན་ཞེ་ན། བོད་དབུས་གཙང་རུ་བཞི་ཞེས་པ། དབུས་ལ་དབུ་རུ་གཡོ་རུ་དང་། གཙང་ལ་གཡས་རུ་དང་རུ་ལག་ཟེར་བའི་ཐ་སྙད་ཅིག་སྔར་བོད་བཙན་པོའི་གདུང་རབས་ནའང་ཡོད། ལར་བོད་ཟེར་བའི་མིང་དེ་བྷོ་ཊ་ཞེས་པའི་བརྡའི་ཟུར་ཆག་ནས་ཐུ་བོད་ཅེས་བརྗོད་པ་དེ་ད་ལྟ་འཛམ་གླིང་སྤྱི་སྐད་ལ་ཡོངས་སུ་གྲགས་པ་ཐུ་བོད་ཐུ་ཞེས་མིང་དེ་ཐོགས་པ་རེད། བོད་ལ་བོད་དང་བོད་ཆེན་པོའི་ལྗོངས་ཞེས་གཉིས་ཀྱི་ཐ་སྙད་ཆགས་ཡོད་པ་ལས། བོད་ཆེན་པོའི་ལྗོངས་ནི། སྟོད་མངའ་རིའི་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཐམས་ཅད་ཀྱི་སྤྱི་མིང་དུ་བཏགས་པ་ཡིན། དེ་ལྟར་སྟོད་དབུས་གཙང་ཆོས་ཀྱི་ཆོལ་ཁ། བར་མདོ་སྟོད་མིའི་ཆོལ་ཁ། སྨད་མདོ་སྨད་རྟའི་ཆོལ་ཁ་གསུམ་དུ་ཡོད་པ་ལས། ཀུན་མཁྱེན་འཇིགས་གླིང་འཁྲུངས་ས་དབུས་གཙང་ཆོས་ཀྱི་ཆོལ་ཁའི་དབུས་གཡོ་གཉིས་ལས་གཡོ་རུ་གྲ་ཡི་ཕྱོགས་སུ་འཁྲུངས། དེའང་གཡོ་རུ་གྲ་ཡི་ཕྱོགས་ཀྱི་ཀུན་མཁྱེན་ཀློང་ཆེན་པ་འཁྲུངས་པའི་ས་ཕྱོགས། རྒྱལ་བའི་དབང་པོ་ཀློང་ཆེན་པ་དང་སྐུའི་ཆོ་འབྲང་གཅིག་ཏུ་གཏོགས་པའི་ཡབ་ལས་འཁྲུངས། ཁོང་གསང་སྔགས་སྔ་འགྱུར་བའི་བསྟན་པ་དར་བའི་བསྟི་གནས། སྟོད་ན་རྡོར་སྨིན་དཔལ་གསུམ་ཞེས་པའི་སྔ་འགྱུར་གདན་ས་དྲུག་གི་ནང་ཚན་འཕྱོང་རྒྱས་དཔལ་རིའི་གདན་སར་ཚོགས་ཞུགས་མཛད། ཀུན་མཁྱེན་འཇིགས་གླིང་སྐུ་ན་ཆུང་དུས་ནས་སྙིང་རྗེ་ཆེ་ཞིང་འཛིན་ཆགས་ཆུང་བ་སོགས་དང་རྡོ་རྗེ་ཐེག་པའི་རིགས་སད་པའི་ཉམས་དང་རྨི་ལམ་དུས་རྒྱུན་དུ་འབྱུང་། སྐུ་ན་ཆུང་བའི་སྐབས་ཤིག་ཏུ་འཇིག་རྟེན་འདི་སྣང་གི་སྣང་བ་ཐམས་ཅད་རྨིི་ལམ་ལྟར་ནུབ་ནས་ཉམས་དང་རྨི་ལམ་འདྲེས་མའི་སྣང་བར་སྐྱེ་བ་སྔ་མའི་བག་ཆགས་ཐམས་ཅད་དྲན་ནས། རྒྱའི་ལོ་ཙཱ་བའི་སྐྱེ་བ་བཞེས་སྐབས་ཀྱི་གསལ་སྣང་ཤར་ཚུལ། ཆུ་ཀླུང་ཆེན་པོ་འབབ་པའི་འགྲམ་དུ་རྡོ་ཕ་བོང་ཆེན་པོའི་སྟེང་ན་རྒྱའི་ལུགས་ཀྱི་བཙུན་པའི་ཆས་སྟོད་ལྭ་སེར་པོ་ཞིག་གྱོན་ནས་ཉམས་འ་འུར་གྱི་སྤྱོད་པ་བྱུང་རྒྱལ་དུ་བསྐྱངས་པ་དྲན་རབས་རང་རྣམ་དུ་གསུངས་ཡོད། གུ་རུའི་ལུང་བསྟན་ལས། བསྟན་པ་བྱེར་ཟུག་སྐབས་སུ་ངའི་སྤྲུལ་པ། །ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་རྗེས་བཟུང་། །སེམས་ཅན་གང་གི་དོན་བྱེད་མ་འོངས་དུས། །དེ་ཝ་ཨ་ཀར་ཙནྡྲ་རི་རྒྱལ་གླིང་། །དེ་ནས་ཚེ་འཕོས་ཡིད་གཉིས་ཆ་མ་མཆིས། །ཕྱི་རབས་འབྱུང་འགྱུར་སངས་རྒྱས་བླ་མ་སྟེ། །དེ་ནས་ཚེ་འཕོས་རྒྱ་ཡི་ལོ་ཙཱ་ཞེས། །དེ་ནས་ཉི་མ་སེང་གེ་སྟོད་གཏེར་དབང་། །གཤེད་མ་བརྒྱ་ཡིས་བསྐོར་ཀྱང་ཉམ་མི་ང་། །གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་ལེན། །ཞེས་གསུངས་ཡོད། ཁོང་སྐུ་གཞོན་དུས་སུ་ཐུན་མོང་རིག་པའི་གནས་ལ་སློབ་སྦྱོང་ཆེན་པོ་མ་དགོས་ཤིང་། སྦྱོང་རྩོལ་ལ་མ་ལྟོས་པར་སྐྱེས་ཐོབ་ཀྱི་ཤེས་རབ་རྨད་དུ་བྱུང་བ་ཡོད་པས། གཟིགས་པ་ཙམ་གྱིས་མི་མཁྱེན་མི་དགོངས་པ་ཞིག་མེད་པར། མི་ཕལ་པས་ལོ་དང་ཟླ་བས་སྦྱང་དགོས་པ་དང་། ད་དུང་སྦྱངས་ནས་ཤེས་ན་ཤེས་རབ་ཅན་དུ་བརྩི་བ་ཐུན་མོང་དང་ཐུན་མིན་གྱི་ཤེས་བྱ་ཚང་མ་ཁོང་གིས་མིང་ཙམ་མཐོང་བ་དང་། ཟུར་ཙམ་གཟིགས་པས་ཀྱང་དོན་མཐའ་དག་རྟོགས་ཐུབ་པ་དེ་འདྲ་ཞིག་ཡིན། དེའི་སྟོབས་ཀྱིས་རྒྱལ་བའི་བཀའ། དགོངས་འགྲེལ་གྱི་བསྟན་བཅོས། ཐ་སྙད་ཀྱི་གཞུང་ལ་སོགས་པ་དེ་དག་ཐམས་ཅད་མི་མཁྱེན་པ་གཅིག་ཀྱང་མེད་པས་ཀུན་མཁྱེན་ཞེས་པའི་མཚན་དང་དོན་མཚུངས་ལ། ཁྱད་པར་དུ་དཔལ་གྱི་བསམ་ཡས་མཆིམས་ཕུའི་གསང་ཆེན་མེ་ཏོག་ཕུག་ཏུ་ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་སྐབས་སུ། རྒྱལ་བ་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུ་དང་ལན་གསུམ་དུ་མཇལ་ཞིང་། བརྡ་ཐབས་རྟེན་འབྲེལ་དུ་མའི་སྒོ་ནས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། ཁོང་གི་ལས་འབྲེལ་རྫོགས་པ་ཆེན་པོ་ནས་སད་པ་ཡིན་ཞེས་ཉིད་ཀྱིས་གསུངས་ཡོད། དེའི་སྔོན་དུ་གྲུབ་དབང་ཐུགས་མཆོག་རྡོ་རྗེ་དང་། གནས་བརྟན་ཀུནབཟང་འོད་ཟེར་ལ་སོགས་པ་ཡོངས་འཛིན་གསར་རྙིང་གི་མཁས་གྲུབ་མང་པོ་བསྟེན། མདོ་སྔགས་ཀྱི་ཆོས་ཚུལ་དབང་ལུང་ཁྲིད་རྒྱུན་བསམ་གྱིས་མི་ཁྱབ་པ་མང་པོའི་བརྒྱུད་པ་བཞེས། ཁོང་གི་ཞལ་ནས་ཤྲཱི་པརྤ་ཏའི་ཆོས་གླིང་ན་ཞེས་གསུངས་པས། འཕྱོང་རྒྱས་དཔལ་རི་ནས་ལོ་གསུམ་གྱི་དམ་བཅའ་སྙིང་ནས་མཛད་དེ། ཕུག་སྒོར་འདག་སྦྱར་གྱིས་སྒྲུབ་པ་སྙིང་པོར་མཛད་པའི་དུས་སུ། དགོས་མེད་ཀྱི་ཞེན་ལོག སྐྱོ་ཤས་དང་ངེས་འབྱུང་། བཅོས་མིན་གྱི་དད་པ། སེམས་ཅན་ལ་སྙིང་རྗེ་ལ་སོགས་པ་ལམ་རྟགས་ཀྱི་ཡོན་ཏན་འཕེལ་རབས་མང་པོ་ཡོད། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་། རིག་འཛིན་འཇམ་དཔལ་གཤེས་གཉེན་སོགས་འོད་གསལ་གྱི་ངང་ནས་མཇལ་ཏེ། བརྡ་དོན་སྤྲོས་པ་མེད་པའི་དབང་མང་པོ་བསྐུར་ནས་མཐར་རང་ཉིད་ལ་ཐིམ་པའི་ཉམས་ཡོང་བ་དང་། དེ་ཕྱིན་ཆད་ཉམས་ཀྱི་འཛིན་སྟངས་ཞིག ལས་རླུང་དབང་དུ་གྱུར། སྣང་བའི་རྫུན་ཕུག་རྡིབ། ཤེས་པ་ལ་བརྟུལ་ཞུགས་ཀྱི་ངར་ཐོབ། བསྒོམས་ནས་ཟླ་བ་གསུམ་ཙམ་སོང་ཚེ་རང་ལུས་མེ་རུ་སྦྱོང་བ་ནམ་མཁར་སྐྱིལ་ཀྲུང་དུ་བཞུགས་པ་དང་། དེ་སྐབས་ནས་བཟུང་ལུས་ལ་སྲིན་བུ་རྣམས་མི་འབྱུང་། ཞེས་པ་ལྟར་ལུས་ཀྱི་སྲིན་བུ་རྣམས་དག སྣང་བ་བདེན་མེད་སྒྱུ་མ་ལྟ་བུར་འགྲོ་བ་ཉམས་སྣང་ལ་ཡང་ཡང་བྱུང་པས། མདོ་སྡེ་ཏིང་འཛིན་རྒྱལ་པོ་དང་། སྒྱུ་མ་ངལ་གསོའི་མན་ངག་སོགས་ཉམས་འོག་ཏུ་ཆུད་པར་གསུངས། བསྐྱེད་རྫོགས་ལ་ཉམས་ལེན་གནད་དུ་བསྣུན་ནས་ལོ་གསུམ་གྱི་ཚེ་ན་ཡི་གེ་མེད་པའི་སྙན་བརྒྱུད་རྩལ་འདོན་གྱིས་བུམ་པ་ཅན་གྱི་རླུང་ཐུན་བཞི་ཆག་མེད་མཛད་པའི་སྟོབས་ཀྱིས། དུས་སྦྱོར་བཞིའི་འཕོ་བ་རྫོགས་ནས་ཡེ་ཤེས་ཀྱི་རླུང་དྷུ་ཏུར་ཞུགས་གནས་ཐིམ་གསུམ་གྱི་རྟགས་ཕལ་ཆེར་ཤར། རྩ་ཁམས་ཡི་གེའི་རྣམ་པར་གྲོལ་བས་མགྲིན་པ་རྡོ་རྗེའི་གླུའི་དཀོར་མཛོད་དུ་གྱུར་ཚུལ་དང་། དེ་དང་མཉམ་དུ་སྒོམ་བྱུང་གི་ཤེས་རབ་ཀློང་བརྡོལ་ནས་རིག་རྩལ་ཆོས་རབ་རྣམ་འབྱེད་ཀྱི་སྣང་འཆར་སོ་སོར་རྟོགས་པའི་རྩལ་འབར། སྲོག་ཐུར་འདྲེས་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་རིལ་བ་ཞབས་ཚགས་ཅན་དུ་སོང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྡོ་རྗེ་ནོར་བུར་བརྟན་པས་བདེ་སྟོང་གི་ཡོན་ཏན་དཔག་ཏུ་མེད་པར་སྐྱེས། ཡི་དམ་མང་པོའི་བསྙེན་སྒྲུབ་ཀྱིས་སྒོ་གསུམ་རྡོ་རྗེ་གསུམ་དུ་གོ་འཕོ་བའི་བསྐྱེད་རིམ་ལ་གནད་དུ་བསྣུན། དེའི་རང་བཞིན་རྫོགས་རིམ་མཉམ་བཞག་ཆེན་པོ་དང་བསྲེ་བའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཉམ་པོར་རྫོགས་པའི་སྟོབས་ཀྱིས་རྣམ་སྨིན་རིག་འཛིན་གྱི་འབྲས་བུ་བརྙེས། ལུས་རུས་སྦལ་འཁར་གཞོང་དུ་བཞག་པ་ལྟ་བུ་ལ་སོགས་པ་རྫོགས་པ་ཆེན་པོའི་ཆོས་ཉིད་མངོན་སུམ་པའི་ལམ་རྟགས་སྒྲ་ཇི་བཞིན་པར་མངོན་དུ་གྱུར། ད་དུང་དེའི་མུ་མཐུད་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་གི་རྣམ་ཐར་འཁྱོངས་ན་ཁོང་འཇའ་ལུས་སུ་ཕེབས་རྒྱུའི་ས་ཚོད་ལ་སླེབས་ཡོད་པར་ཁོང་གི་གསུང་གིས་ཤེས་ལ། སྐབས་དེ་ཙམ་ན་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་སྤྲད་པ། ཁོང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན་དུ་གསུངས་པ་ལྟར་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ལྗོན་ཤིང་ལ་བྲིས་པའི་ཟ་མ་ཏོག་ལི་ལྕགས་དཀར་པོའི་རྣམ་པ་ཞིག་གཏད་ནས། དག་པའི་འཁོར་གྱི་སྣང་བ་ལ། །ཁྱེད་ནི་ཁྲི་སྲོང་ལྡེའུ་བཙན་ཡིན། །མ་དག་གདུལ་བྱའི་སྣང་བ་ལ། །ཁྱེད་ནི་སེང་གེ་རས་པ་ཡིན། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་གཏེར། །རིག་པ་འཛིན་པའི་ཀློང་ཆུབ་བདུན། །མཁའ་འགྲོའི་གསང་མཛོད་ཆེན་པོ་ཡིན། །ཞེས་པའི་བརྡ་གསུངས་ནས་དམིགས་མེད་དུ་ཡལ་སོང་བ་དང་། དེ་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཀློང་བྱང་ཐུགས་ཀྱི་སྒྲོམ་བུ་བརྡ་བསྒྱུར་གསང་བའི་གལ་མདོ། བློས་བཀོད་པ་མ་ཡིན་པའི་ཡི་གེ་དེ་ཚོ་དགོངས་གཏེར་དུ་བབ། དེ་ནས་དགུང་ལོ་སུམ་ཅུ་ནང་སོན་པའི་ཚེ་བསམ་ཡས་མཆིམས་ཕུའི་དང་པོ་ཉང་བན་ཏིང་འཛིན་བཟང་པོའི་སྒྲུབ་ཕུག་ཏུ་བཞུགས་ནས་དཀའ་བ་སྤྱད། བྲག་ཕུག་དེས་ཆར་རླུང་མི་ཁོག་པར་ཕྱི་ནང་ཁྱད་མེད་དུ་གྱུར་ཀྱང་དེར་སྙིང་རུས་ཀྱིས་སྒྲུབ་ཚུགས་བཟུང་སྟེ་བཞུགས་པའི་ཚེ། སྐབས་ཤིག་ན་རྒན་པོ་ཞིག་གིས་སྒྱེ་དཀར་པོ་ཞིག་གཡར་བ་དེ་ཉིན་མཚན་གཉིས་ཀྱི་གོས་གདན་གཉིས་ཀའི་ཚབ་བྱས་ནས་མི་ལ་རས་པ་དང་། ཀློང་ཆེན་པའི་རྣམ་ཐར་བསྐྱངས་ཏེ་སྒྲུབ་ལ་དཀའ་ཐུབ་མཛད་ཚུལ་དང་། དེར་བཞུགས་སྐབས་དང་པོ་གསོལ་ཆས་ཅུང་གསོལ་རྒྱུ་ཡོད་ཀྱང་བར་སྐབས་དེ་ཡང་ཆད་ནས། ཁོང་གི་གསུང་ལས། ཇ་སྡོར་ལ་སོགས་པ་བཅུད་ལྡན་གྱི་ཟས་རྣམས་འཇའ་ལུས་འགྲུབ་ཏུ་ཉེ་བ་ན། སྔར་སྐྱིད་པོ་མ་གཏོགས་སྡུག་པོ་ཞིག་མ་མྱོང་ཡང་། ཨོ་རྒྱན་ཆེན་པོའི་སྒྲུབ་གནས་སུ་སྙིང་པོ་དོན་གྱི་བསྒྲུབ་པའི་རྒྱལ་མཚན་འཛུགས་པ་འདི་བསོད་ནམས་གང་ལས་ཀྱང་ཆེ། ཟས་དཀའ་ཐུབ་བཅུད་ལེན་རྐྱང་པ་ལ་བརྟེན་ནས་འདུག་དགོས་བྱུང་ཡང་བསྒྲུབ་པའི་དམ་བཅའ་མི་ལྡོག་སྙམ་པའི་ཞེ་བཅད་དྲག་པོར་སྐྱེས་ཞེས་གསུངས་པ་དང་། དེ་དུས་ཁོང་གིས་མགུར་གསུངས་པ་འདི་ལྟར། གནས་དབེན་པའི་བྲག་ཕུག་བསམ་གཏན་གྱི་རྫོང་ཆེན། །འཁོར་འདུ་འཛིའི་ཁ་རུལ་ཞེན་ཆགས་ཀྱི་རྩ་བ། །ང་རི་སུལ་འགྲིམ་པ་ཡུལ་མེད་ནི་མ་ལགས། །རྗེ་གྲུབ་ཐོབ་གོང་མའི་ཤུལ་ལམ་དུ་འདུག་གོ །གནས་བདག་འཛིན་གྱིས་ང་བདག་ཞེན་པ་དང་གཅིག །རྡོ་ངོས་འཇམ་གྱིས་རྩིག་པའི་ས་མཁར་དང་གཉིས། །ཐུག་དར་ཅོག་གིས་བརྒྱན་པའི་གནས་ཁང་དང་གསུམ། །འདི་གསུམ་བསྒྲུབ་ན་སྤྲང་པོས་ཀྱང་འགྲུབ་ཚོད་ནི་གདའ་སྟེ། །ཚེ་ངེས་མེད་འདི་བསམ་ནས་བྲག་ཕུག་བཟུང་བ་ལགས། །ཞེས་པ་ལ་སོགས་པ་མི་ལའི་མགུར་འདྲ་བ་མང་པོ་གསུངས་ཡོད། ཡང་ཕ་པད་འབྱུང་དང་དགའ་རབ་ཤྲཱི་སེང་། །རྗེ་མི་ལ་དང་ལོ་རས་དྭགས་པོ་སོགས། །ཁོང་ཕྱག་རྫོགས་ཀྱི་པཎ་གྲུབ་ཐམས་ཅད་ཀྱིས། །གནས་བྲག་ཁུང་བཟུང་ནས་དངོས་གྲུབ་ཐོབ། །བདག་དེ་དག་ལ་མིག་ལྟོས་ཞུ་བ་ལགས། །རྗེ་ཀློང་ཆེན་དང་ཟུར་པ་མེས་དབོན་གསུམ། །ཁོང་རྫོགས་ཆེན་མཆེད་བཞིའི་རྣམ་ཐར་གྱི། །མི་ཁོ་བོའི་ཡིད་ཁ་ཕྲོགས་པ་ལས། །འུད་ཆེ་ཚད་ལ་བ་སྤུ་མི་ལྡང་ཙམ། །སྤྲང་ལྟོས་མེད་ཀྱི་སྤྱོད་པ་སྐྱོང་བ་ལགས། །སོགས་དེ་འདྲའི་ཉམས་མགུར་རྡོ་རྗེའི་ཚིག སྤྲོས་བྲལ་དོ་ཧ་ཟབ་མོ་གསུངས་པ་མི་ལའི་མགུར་ལས་མ་མང་ན་མི་ཉུང་། དེའི་རྗེས་ཤིག་ན་ལྷན་སྐྱེས་ཀྱི་ཌཱཀྐིས་བརྡ་རྟགས་ལྟར་གསང་ཆེན་མེ་ཏོག་ཕུག་གི་མཚོ་རྒྱལ་གསང་ཕུག་སྟེ། དེང་སང་བསམ་ཡས་མཆིམས་ཕུར་མཇལ་དུ་ཡོད་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གཟིམ་ཕུག་ཡིན་ཟེར་བ། གུ་རུ་རིན་པོ་ཆེ་བྲག་དམར་ཀེའུ་ཚང་ན་བཞུགས་པའི་སྐབས་ཤིག་ན། པདྨ་བཀའ་ཐང་དུ་གསུངས་པ་ལྟར། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲས་མོ་ལྷ་ལྕམ་པད་མ་གསལ་བསྙུན་ནས་ནམ་དགུང་རྒོད་མ་དཀར་མོར་བཀལ་ཏེ་གུ་རུའི་དྲུང་དུ་བྱིན་རླབས་ཞུར་འོང་བའི་ཚེ་ན། གུ་རུས་རྫུ་འཕྲུལ་གྱིས་ཕྱག་གི་རྡོ་རྗེ་འཕངས་པས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏིང་ངེ་འཛིན་ལས་བཞེངས་ཏེ། གུ་རུ་དང་རྒྱལ་པོའི་དྲུང་དུ་བྱོན་པའི་ལོ་རྒྱུས་ཡོད་པ་ཡེ་ཤེས་མཚོ་རྒྱལ་གྱི་གཟིམ་ཕུག་གསང་ཆེན་མེ་ཏོག་ཕུག་ནི་འདི་རེད་ཅེས་ཀུན་མཁྱེན་འཇིགས་གླིང་གིས་ངོས་འཛིན་མཛད་པ་རེད། ལྷན་སྐྱེས་ཡེ་ཤེས་ཀྱི་ཌཱཀྐིས་བརྡ་རྟགས་ལྟར་གསང་ཆེན་མེ་ཏོག་ཕུག་ཏུ་བཞུགས་པའི་ཚེ་ན། རྒྱལ་བ་གཉིས་པ་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུ་ལན་གསུམ་མཇལ་བས་བརྒྱུད་གསུམ་དགོངས་པའི་རྟོགས་པདབྱེར་མེད་གྱུར། དགོངས་རྒྱུད་རྟོགས་པའི་བྱིན་རླབས་ཐུགས་ཡིད་ལ་འཕོས། ཇི་ལྟར་འཕོས་ན། ཇི་ལྟ་བའི་དགོངས་བརྒྱུད་རྒྱལ་དབང་པད་མ་ཡབ་ཡུམ་དང་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་ཐུགས་རྒྱུད་ཐུགས་ལ་འཕོས་ཏེ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དབྱར་གྱི་ཆུ་མཚོ་ལྟར་བརྡོལ་ཏེ། གསུང་རྡོ་རྗེའི་དོ་ཧ་ལས། བླ་མ་བཟང་པོ་ཨོ་རྒྱན་ཆོས་རྗེ་ལ་ཞུས་པས། །བྱིན་རླབས་ཟབ་མོ་དགོངས་རྒྱུད་སྤྲོས་བྲལ་དེ་བབ་བྱུང་། །ལྟ་སྒོམ་ཡེ་བབས་སྐུ་གསུམ་ལྷུན་གྲུབ་འདི་དགའ་འོ། །ཉམས་ལེན་བྱར་མེད་བློ་འདས་ཡེ་གྲོལ་འདི་སྐྱིད་དོ། །དག་སྣང་ཟབ་མོ་དྲི་མེད་འོད་ཟེར་ལ་ཞུས་པས། །ཐུགས་སྲས་བདེ་ཆེན་རྟོགས་གྲོལ་དུས་མཉམ་ལ་ལོན་བྱུང་། །སྐད་ཅིག་འདུ་རྩོལ་བྱེད་འདོད་མ་དགོས་པ་དགའ་འོ། །ཡི་དམ་བཟང་པོ་པད་མ་སྙིང་ཏིག་ལ་ཞུས་པས། །བསྐྱེད་རིམ་ཟབ་མོ་སྣང་སྟོང་ཟུང་འཇུག་དང་མཇལ་བྱུང་། །རང་སེམས་མངོན་རྫོགས་ལྷ་སྐུར་སོང་བ་དེ་དགའ་འོ། །རྣམ་སྨིན་རིག་འཛིན་ཚེ་འདིར་ཐོབ་པ་དེ་སྐྱིད་དོ། །ལ་སོགས་གསུངས་ཡོད། དེའི་སྐབས་སུ་ཀོང་སྨྱོན་སྦས་པའི་རྣལ་འབྱོར་སོགས་དངོས་ཡོད་མིའི་སློབ་མ་དང་། ཞིང་སྐྱོང་ཚེ་རིང་མཆེད་ལྔ་ལ་སོགས་པ་གནས་ཡུལ་གྱི་དཔའ་བོ་ཌཱཀྐི་མི་མིན་གྱི་སློབ་ཚོགས་འདུས་པར་མ་ཟད། བཀའ་སྲུང་མ་མོ་དང་མགོན་པོ་སོགས་ཀྱིས་འབྲལ་མེད་ཅི་གསུངས་ཀྱི་བཀའ་སྒྲུབ་པ་མཐོང་ཆོས་ཡིན། ཀོང་སྨྱོན་དཔའ་བོའི་དབང་ཕྱུག་དང་། ཌཱཀྐི་ཚེ་རིང་མཆེད་ལྔ་སོགས་ཆོས་ཀྱི་རྔ་ཆེན་རྡུང་བ་དང་། གསང་མཛོད་ཐུགས་ཀྱི་སྒོ་ཆེན་འབྱེད་པའི་ལྡེའུ་མིག་ལྟ་བུའི་ཐུན་མིན་གྱི་སློབ་ཆེན་དུ་གྱུར། དེའི་མཚམས་སུ་ཁོང་བྱང་ཆུབ་ལྗོན་པའི་ཚལ་ཚེ་རིང་ལྗོངས་པད་མ་འོད་གླིང་དུ་བཞུགས་རྒྱུའི་རྟེན་འབྲེལ་འགྲིགས། མི་མིན་ཌཱཀྐི་ཆོས་སྐྱོང་གིས་དུས་རྟག་ཏུ་བསྙེན་ཅིང་བཀུར་སྟི་མཛད་པ་དང་། ཀློང་ཆེན་དགོངས་པའི་གསང་མཛོད་ཐང་མར་བརྡལ་ཞིང་འགགས་མེད་རྡོ་རྗེའི་གསུང་གི་གཏེར་ཆེན་པོ་ཐོལ་བྱུང་དུ་རྡོལ་བས་མི་ཟད་ནམ་མཁའ་མཛོད་ཀྱི་ཆོས་གཏེར་ཆེན་པོ། སྤྱི་བསྟན་པའི་མཛེས་རྒྱན་དུ་བཞག་པའི་མཛད་པ་བསྐྱངས་རབས་ཀྱི་ལོ་རྒྱུས་དེ་འདྲ་རེད། དེའི་སྔོན་རྗེས་སུ་རིས་མེད་གསར་རྙིང་གི་མཁས་གྲུབ་མང་པོས་རྗེ་བླ་མ་གང་གི་ཞབས་པད་སྤྱི་བོས་བླངས་ཏེ་སྒྲུབ་པའི་སྲོག་མཁར་འཛུགས་མཁན་གང་མང་བྱུང་ཞིང་། ཁྱད་པར་དུ་བརྒྱུད་པ་འཛིན་པའི་ཐུགས་སྲས་ཀྱི་བུ་ཆེན་ཁམས་པ་འཇིགས་མེད་མི་བཞི་ལ་སོགས་པ་སློབ་བརྒྱུད་ནམ་མཁའི་སྐར་གྲངས་ལྟར་མང་པོ་བྱོན། བཀའ་གཙིགས་བཀའ་ཆེམས་ལ་བསམ་བློ་གཏོང་ན། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་གསུང་དང་གཉིས་སུ་མ་མཆིས་པའི་ཤིང་རྟ་རྣམ་གཉིས། ཁྲིད་ཡིག་ཡེ་ཤེས་བླ་མ་ལ་སོགས་པ་སྙིང་ཐིག་པོད་དགུ་ཆ་ལག་དང་བཅས་པ་དེ་ཆོས་སྐུ་རིང་བསྲེལ་གྱི་ཕུང་པོ་བསྟན་པའི་བཙས་སུ་བཞག་སྟེ། གངས་ཅན་མཐའ་དབུས་ཀྱིས་གཙོས་པའི་འཛམ་གླིང་ཡོངས་ལ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བསྟན་པ་དཀར་འབྱམས་ཡུག་གཅིག་ཏུ་བརྡལ་བས་ད་ལྟའི་བར་དུ་མ་ཉམས་པར་བཞུགས་ཡོད་པ་འདི་ཡིན། སྐུ་ཚེའི་སྨད་ཀྱི་ཚེ་སྙན་གྲགས་ཕྱོགས་ཀྱི་ཁོར་ཡུག་ཏུ་ཁྱབ་པས་བོད་མཐའ་དབུས་ཀྱི་ཆེ་དགུ་གཉེན་དགུ་ཐམས་ཅད་ཀྱིས་གཙུག་རྒྱན་དུ་བཀུར་ཏེ། འདུ་བ་རྣམ་གསུམ་དབྱར་གྱི་མཚོ་ལྟར་རྒྱས། འབར་བ་རྣམ་གསུམ་དུས་མཐའི་མེ་ལྟར་འབར་ཡང་། འདི་སྣང་ཆོས་བརྒྱད་ཀྱིས་ཐུགས་མ་འཕྲོག་པར་ཐུབ་བསྟན་ལུང་རྟོགས་ཀྱི་སྙིང་པོ་སྔ་འགྱུར་བཀའ་གཏེར་གྱི་ཟབ་ཆོས་མཐའ་དག་གི་རྒྱུན་སྤེལ་བ་དང་། སྐྱེ་དགུ་ཐམས་ཅད་ཀྱི་བསོད་ནམས་གསོག་པའི་ཞིང་ས་ཁྱད་པར་ཅན་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་བཞེང་རྒྱུ། དགེ་འདུན་གྱི་སྡེ་གང་ན་བཞུགས་པ་ལ་སྐུ་འགྱེད་དང་མང་ཇ་མཆོད་འབུལ་ལ་སོགས་པ་རྒྱ་ཆེན་པོ་མཛད་པའི་ལོ་རྒྱུས་ཡོད། ལྷག་པར་དད་འབུལ་གྱི་དངོས་པོ་དཀོར་ནོར་ཐམས་ཅད་རླུང་འཁྱེར་གྱི་རྫས་བཞིན་དུ་སྲོག་བླུ་མཆོད་འབུལ། ཚོགས་འཁོར་སྐོང་བཤགས་ལ་སོགས་པ་མཛད་པའི་ཕྱག་སྲོལ་ཕྱི་རབས་སློབ་མའི་མིག་ལྟོས་དུ་བཞག་པར་མཛད་དོ། །མདོར་ན་རྒྱལ་བའི་བསྟན་པ་ཡོངས་རྫོགས་ཀྱི་ཕྱི་མོ་རྙིང་བསྟན་རི་མོའི་མར་མེ་ལྟར་གྱུར་པའི་གནས་སྐབས་ན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ལུང་རྟོགས་བསྟན་པའི་ཆོས་ཀྱི་ཁྲི་ཆེན་པོ་ལ་རང་སྟོབས་ཀྱི་འགྱིངས་ཏེ། སྔ་འགྱུར་རྡོ་རྗེའི་ཐེག་པ་ལ་བཀའ་དྲིན་བསྐྱངས་བ་དེ་ནི་བསྟན་འཛིན་ཡོངས་ཀྱི་བླ་ན་འཕགས་པ་ནི། དེ་རིང་ཁ་སང་ལ་བསམ་བློ་གཏོང་ན་གླིང་ལྔ་མཚོ་བཞིར་གནས་པའི་མགོ་སེར་ནག་སྐད་རིགས་མི་གཅིག་པ་ཚང་མས་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་ཟེར་ནས་དོན་གཉེར་བྱེད་ཀྱིན་ཡོད་པ་འདི་ཡིན། འདིའི་བསྟན་པ་འདི་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པ་ཡིན། དམ་པ་འདི་ཉིད་སྐུ་གཞོན་ནུའི་དུས་སུའང་ཟབ་དོན་སྙིང་ཐིག་གི་མན་ངག་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་སྒྲོན་དྲུག་སྣང་བཞིའི་རྣལ་འབྱོར་ལ་གོམས་ནས་བློ་ཟད་ཆོས་ཟད་ཆོས་སྐུའི་དགོངས་པ་མངོན་དུ་བརྙེས་ནས། ཟག་བཅས་ཀྱི་ཕུང་པོ་རྡུལ་ཕྲན་གྱི་སྙིགས་མ་ཡང་མི་ལུས་པར་འཇའ་ལུས་འཕོ་ཆེན་གྱི་སྐུར་བཞེང་རྒྱུ་ལ་ཐེ་ཚོམ་མི་དགོས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་མཇལ་བ་དཀོན་པའི་འདུ་ཤེས་དང་། རྟག་འཛིན་གྱི་བསམ་པ་དོར་ནས་མྱུར་དུ་དམ་ཆོས་བསྒྲུབ་པའི་ཆེད་དུ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་བཞིན་དུ། ཀུན་མཁྱེན་འཇིགས་མེད་གླིང་པ་ཡང་ས་ཕོ་རྟ་ཡི་ལོ་དབྱུ་གུ་ཟླ་བའི་ཚེས་གསུམ་གྱི་མཚན་ཐུན་དང་པོར་དྲང་སྲོང་ཙོག་པུའི་བཞུགས་སྟངས་མཛད་དེ། གདོད་མའི་ནང་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་རབས་སོགས་རྣམ་ཐར་དུ་གསུངས་ཡོད། ཀུན་མཁྱེན་འཇིགས་གླིང་ཁོང་སྔོན་རྒྱལ་པོ་ཀྲི་ཀྲིའི་སྲས་སུ་འཁྲུངས་དུས་སངས་རྒྱས་འོད་སྲུང་གི་མདུན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། དེ་ནས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེའི་གཅུང་དུ་འཁྲུངས། བོད་ཀྱི་རྒྱལ་པོ་སྲོང་བཙན་གྱི་དུས་སུ་དགེ་སློང་ཨ་ཀ་མ་ཏིའི་སྐྱེ་བ་བཞེས་པ་ནས་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་བི་མ་དང་རྒྱལ་སྲས་ལྷ་རྗེའི་ཚུལ་བསྟན་ནས། སྐྱེ་བ་ཐམས་ཅད་དུ་བསྟན་འགྲོའི་དོན་ཆེན་དཔག་ཏུ་མེད་པ་བསྒྲུབས་ཏེ་ཉིད་ཀྱི་ཞལ་ནས། བྱ་དང་རི་དྭགས་གྲོང་ཁྱེར་སློང་མོ་བ། །གང་ལ་གང་འདུལ་དེ་ལ་དེར་མཐུན་དུ། སྣ་ཚོགས་གཟུགས་ཀྱིས་འགྲོ་བ་འདུལ་བར་ཤོག །ཅེས་གསུངས་པ་ལྟར། སེམས་ཅན་གྱི་ཕན་བདེའི་ཆེད་དུ་སྤྲུལ་པ་རྒྱུན་མི་འཆད་པར་མཛད་ཡོད་པའི་ཚུལ་དེ་འདྲ་རེད། རྒྱལ་བ་ཀློང་ཆེན་པའི་ཡང་སྤྲུལ་ཡིན་པར་དངོས་སུ་གསུང་མཁན་ཡང་ཡོད། མདོར་ན་བྱང་ཆུབ་ཀྱི་སྤྱོད་པ་རླབས་ཆེན་རྒྱ་མཚོ་ལྟ་བུ་བསྒྲུབས་ནས། མ་འོངས་པ་བསྐལ་པ་བཟང་པོ་འདིར་སངས་རྒྱས་རྣམ་པར་རྒྱལ་བ་ཅན་དུ་སངས་རྒྱས་རྒྱུ་ཡིན་པར་ཁོང་གི་ཞལ་ཆེམས་ཤོག་དྲིལ་དང་པོ་སྐུ་མྱ་ངན་ལས་མ་འདས་པའི་སྔོན་དུ་བཞག་པ་དེའི་ནང་གསལ་པོར་འཁོད་ཡོད་པ་རེད། ད་དུང་དེའི་ནང་དུ་ཁོང་གི་སྤྲུལ་པ་མང་པོ་ཡོད་གསུངས་ལ། དེའང་སྤྲུལ་པ་སྒྱུ་མ་ལྟ་བུས་སེམས་ཅན་འདུལ་བའི་སྐྱེ་བ་མི་འོང་བའི་ངེས་པ་མེད་པས་དབང་ཆས་དེ་ཚོ་མ་ཉམས་པར་ཞོགས་དང་། སྐྱེ་སྲིད་དེ་ཕར་རྩད་གཅོད་མི་དགོས་ཞེས་གསུང་ནས་བཀས་བཅད་མཛད་ཅིང་། དེའི་མཇུག་བྱང་དུ། ང་ནི་རྟག་ཏུ་ཆོས་ཉིད་ངང་། །ང་ལ་འགྲོ་སྡོད་གཉིས་སུ་མེད། །སྐྱེ་འཆིར་བསྟན་པ་རྗེས་ཐོབ་ཙམ། །ཡེ་གྲོལ་ཆེན་པོར་རྫོགས་སངས་རྒྱས། །ཞེས་གསུངས་ནས་བཞག་ཡོད། ཀུན་མཁྱེན་འཇིགས་གླིང་དགོངས་པ་རྫོགས་རྗེས་སྐུ་གདུང་རིན་པོ་ཆེ་ནི། ལྷོ་འབྲུག་དང་གཙང་ཕྱོགས་ཀྱི་བུ་སློབ་རྣམས་ཀྱིས་ཁོང་རྣམས་ཀྱི་ཕྱོགས་སུ་གདན་དྲངས་དགོས་ཟེར་བ་དང་། དཔལ་རི་འཕྱོངས་རྒྱས་ཀྱི་གྲྭ་ཚང་གིས་དཔལ་རི་དགོན་དུ་གདན་དྲངས་ནས་ཁོང་རྣམས་ཀྱིས་བདག་པོ་བྱེད་དགོས་ཟེར་བ་སོགས་ཁ་མ་འཆམས་པ་རེད། འོན་ཀྱང་དེ་ཉིད་བཅུ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཆེན་པོའི་གདུང་རིལ་པོར་བཞུགས་པ་ནི། ཡིད་བཞིན་གྱི་ནོར་བུ་དངོས་ཡིན་པས་ཕྱོགས་གང་ན་བཞུགས་ཀྱང་དེ་ལ་མཆོད་པ་བྱེད་ཅིང་། གསོལ་བ་བཏབ་ན་དགོས་དགུ་ཡིད་བཞིན་དུ་འབྱུང་བ་ཡིན། སྐུ་གདུང་རིལ་པོ་མ་ཟད་དགེ་བའི་བཤེས་གཉེན་ཚད་ལྡན་གྱི་གདུང་གི་ཆ་ཤས་ཙམ་ལའང་ཕན་ཡོན་དཔག་ཏུ་མེད་པ་ཡོད་པར། རྒྱུད་སྡེ་མང་པོ་དང་རྒྱན་སྟུག་པོ་བཀོད་པའི་མདོ་སྡེ་ལས་ཀྱང་གསུངས་ཡོད་པ་རེད། དེས་ན་དེའི་ཚེ་རྗེ་འདིའི་འདའ་ཀའི་ཞལ་ཆེམས་སུ་སྐུ་གདུང་ཅི་བྱ་དགོས་སྔ་ནས་ཕྱག་བྲིས་བཞག་ཡོད་ལ། ཕྱག་བྲིས་སུ་ལྟ་དུས་ཁོང་གི་སྐུ་གདུང་དེ་སྐྱེ་བ་བདུན་པའི་གདུང་ཡིན་པས་མཆོད་རྟེན་གྱི་ནང་དུ་རིལ་པོར་བཞག་ན་ས་བཅུད་ཉམས་པ་གསོ་བ་དང་། བསྟན་རྒྱུན་ལ་ཕན་ཐོགས་འབྱུང་གསུངས་ཡོད་པས་སྐུ་གདུང་རིལ་པོ་ཚེ་རིང་ལྗོངས་སུ་དྲངས་ནས་བཞུགས་སུ་གསོལ། དུས་དེ་ནས་བཟུང་སྟེ་ཕྱིས་རབ་བྱུང་བཅུ་དྲུག་གི་སྨད། ཕྱི་ལོ་ལྟར་ན་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུའི་སྐོར་ལ་མ་ཐུག་གི་བར་དུ་གདན་ས་དེ་རུ་བཞུགས་ཏེ། སྟོད་དབུས་གཙང་ཕྱོགས་ཀྱིས་མཆོད་གནས་མཛད། དུས་འགྱུར་ཆེན་པོའི་སྐབས་དགོན་པ་བཤིག་སྟེ་སྐུ་གདུང་འཇིག་པའི་ཉེན་ཁ་ཆེ་བའི་དུས་སུ། མཆོད་རྟེན་ནང་གི་སྐུ་གདུང་ཟངས་སྒྲོམ་ཞིག་ཏུ་བཅུག་ཡོད་པ་དེ་དང་བཅས་བཙུན་མ་གཉིས་ཀྱིས་སྒེར་གྱི་ཁང་ཆུང་གི་རྩིག་པ་ཉིས་རིམ་གྱི་གསེབ་ཏུ་ལོ་ཤས་སྐུང་ཐུབ་བྱུང་མོད། དེ་རྗེས་རིག་གསར་གྱི་དུས་སུ་དེར་སྐུང་མ་ཐུབ་པར་སྐུ་གདུང་གཏོར་བརླག་ཐེབས་སོང་། གཏོར་བརླག་བྱེད་སྐབས་ཡུལ་དེའི་མི་རྣམས་ཀྱིས་བཤད་པ་ལྟར་ན། ཚང་མས་ཟངས་སྒྲོམ་ཁ་ཕྱེས་པ་དང་མཉམ་དུ་འུར་སྒྲ་ཆེན་པོ་ཞིག་གྲག དེ་དང་མཉམ་དུ་གདུང་རིང་བསྲེལ་ཐམས་ཅད་ནམ་མཁར་འཕུར་སོང་ཞེས་ཚེ་རིང་ལྗོངས་ཀྱི་སྒོམ་དཔོན་ཨ་ནེ་བྱང་ཆུབ་སྒྲོལ་མ་ཞེས་པ་ལོ་དགུ་བཅུར་ལོན་པ་ཞིག་ཡོད་པ་ན་ནིང་བར་དུ་སྐུ་ཚེ་བརྟན་སོང་བ། ཁོང་གི་ཞལ་ནས་ང་ལ་གསུངས་པ་ཡིན། དེའི་དུས་སུ་སྐུ་གདུང་རིན་པོ་ཆེ་གཏོར་བརླག་ཤོར་སོང་བ་རེད། དབུ་ཀླད་བཅོམ་སར་ཕྱིས་སུ་ནམ་རྒྱུན་དཔྱིད་ཀའི་དུས་སུ་མེ་ཏོག་དཀར་པོ་ཡ་མཚན་ཅན་མང་པོ་འཁྲུངས་རབས་བཤད་རྒྱུ་ཡོད། དེ་དུས་སྐུ་གདུང་གི་ཕྱག་གཡས་པའི་གྲུ་མོ་མན་ཆད་དེ་ལྷག་བསམ་ཅན་འགའ་རེས་བདག་གཉེར་བྱེད་རྒྱུ་བྱུང་བ་རེད། གཙོ་བོ་སྤོ་བོ་རྡོ་རྗེ་ལགས་ཟེར་བའི་རྒད་པོ་ཞིག་ཡོད་པ་དེ་ཚོ་ཡིན། རིག་གསར་གྱི་ལོ་བཅུའི་གནས་བབས་ཚབས་ཆེན་དེ་མཇུག་དྲིལ་བ་དང་མཉམ་དུ། ང་ཨ་ཅོར་བྱས་ནས་གནས་སྐོར་ལ་སོང་ཚེ་ཆེད་དུ་ཚེ་རིང་ལྗོངས་སུ་སོང་བ་ན། ཕྱག་གཡས་པའི་སྐུ་ཤ་ཡོད་ཚད་དང་སྐུ་རུས་ཕལ་ཆེ་བ་ཞིག་ངའི་ལག་ཏུ་ཡོང་བས་མདོ་ཁམས་སྨད་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་ཡིན། མང་པོ་ཞིག་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་གདུང་རྟེན་འདི་དང་ཇོ་བོའི་གཟུངས་སུ་ཡོད། ཕལ་ཆེ་བ་པདྨ་ཐང་གི་རྟེན་སྒམ་ནང་དུ་བཞུགས། དུམ་བུ་ཞིག་འདི་ཕྱོགས་སུ་གནས་དུས་ཀྱི་འགྱུར་བ་ཅི་འོང་མི་ཤེས་བསམ་ནས་དེ་དུས་ཀྱི་མི་ཚང་མའི་བསམ་བློ་དང་བསྟུན་ནས་རྒྱུན་མི་ཆད་པའི་རེ་བས། ལོ་ཉི་ཤུའི་སྔོན་དུ་རྒྱ་གར་ལྷོ་ཕྱོགས་སུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་གདུང་རུས་ཕྱེད་ཀ་དང་མཉམ་དུ་བསྐྱལ་ཡོད། རྫོགས་ཆེན་ཚང་གི་ནང་རྟེན་གཙོ་བོ་སྲོག་བསྡོས་མ་གང་དྲགས་རྣམས་དེ་ན་ཡོད་པ་ལས་གདུང་རྟེན་དེ་གཉིས་བཙོག་པར་མ་ཟད། བརླག་ཚར་ཨེ་ཡོད་བསམ་ནས་སེམས་ཁྲེལ་བྱེད་ཀྱིན་ཡོད། སྐབས་སུ་བབ་པའི་བཤད་བྱ་ངོ་མ་ཀུན་མཁྱེན་འཇིགས་གླིང་དགོངས་པ་ཆོས་དབྱིངས་སུ་ཕྱོགས་རྗེས་སུ་རྙེད་ཡོང་བའི་ཞལ་ཆེམས་རྗེས་མ་ཁོང་གི་སྐུ་མདུན་གྱི་གསོལ་ཅོག་གི་བར་སྲུབ་དུ་ཤོག་དྲིལ་ཞིག་ཡོད་པ་དེ་རུ། འོད་སྣང་མཐའ་ཡས་ཞབས་ལ་ཕྱག་འཚལ་ལོ། །སྐྱེ་བ་ཞེས་བྱ་སྲིད་པའི་འཁོར་ལོ་སྟེ། །རྟེན་འབྲེལ་བཅུ་གཉིས་རྒྱུན་ལ་རྟག་འཁོར་ནས། །ནད་སོགས་སྡུག་བསྔལ་བདེན་པའི་ཉེར་ལེན་ཅན། །འཆི་བ་ཞེས་བྱ་དོན་དམ་བདེན་པ་སྟེ། །སེམས་ཀྱི་ཆོས་ཉིད་རང་བཞིན་མེད་པ་ལ། །སྐྱེ་འཆི་བར་ལག་རྣམ་པར་རྟོག་པས་བཟོས། །ཡུལ་ལྔའི་ཤེས་པ་རྣམ་ཐར་སྒོ་གསུམ་ཀློང་། །གནས་འདི་རང་བྱུང་རྡོ་རྗེའི་གཞལ་མེད་ཁང་། །པད་མ་འོད་དང་རང་བཞིན་སྤྲུལ་པ་ནི། །ཐུགས་རྗེས་འགྲོ་བ་འདུལ་བའི་གནས་མཆོག་སྟེ། །མོས་གུས་ཅན་དང་འབྲེལ་ཐོག་ཡིད་ཅན་ཀུན། །ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བར་ཤོག །ཅེས་གསུང་གི་ཐ་མའི་ཞལ་ཆེམས་དེ་འདྲ་བཞག་ཡོད། མདོར་ན་མན་ངག་གི་བསྟན་བཅོས་འདི་ཉིད་རྩོམ་པ་པོའམ། གསང་ཆེན་དགོངས་པའི་ཀློང་སྒྲོམ་ནས་འདོན་པ་པོ་སུ་ཡིན་ན་དེ་ལྟ་བུའི་སངས་རྒྱས་མིའི་གཟུགས་སུ་བྱོན་པ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཅེས་ཞུ་བའི་ས་གྲགས་གནམ་གྲགས་ཀྱི་ཆོས། རིས་སུ་མ་ཆད་པའི་དམ་པའི་སྐྱེས་བུ་མང་པོས་ཐུགས་དམ་གྱི་མཐིལ་མཛད་ཀྱིན་ཡོད་པ་འདི་ཐོག་མའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོ་དེ་ཡིན། འོ་ན་ཀུན་མཁྱེན་འཇིགས་མེད་གླིང་པ་མ་བྱོན་པའི་སྔོན་ལ་ཆོས་རྫོགས་པ་ཆེན་པོ་དར། ཡང་གསང་སྙིང་གི་ཏི་ལ་ཀའམ་སྙིང་གི་ཐིག་ལེ་ཞེས་པའི་ཐ་སྙད་ཡོད་ཀྱང་། རྫོགས་ཆེན་ཀློང་ཆེན་སྙིང་ཐིག་མི་ཟེར་བའི་རྒྱུ་མཚན་ཅི་ཞེ་ན། ཀློང་ཆེན་སྙིང་ཐིག་འདི་ཀུན་མཁྱེན་འཇིགས་གླིང་ཁོང་གི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལ་ཞུ་བ་རེད། དེའི་རྒྱུ་མཚན་ནི་གོང་དུ་ཞུས་མ་ཐག་པ་ལྟར། ཀུན་མཁྱེན་འཇིགས་གླིང་ཉིད་མཆིམས་ཕུ་དཔལ་གྱི་དབེན་ཁྲོད་གསང་ཆེན་མེ་ཏོག་ཕུག་ཏུ་ལོ་གསུམ་སྙིང་པོའི་བསྒྲུབ་པར་གཞོལ་བའི་སྐབས་སུ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་སྐུས་ལན་གསུམ་རྗེས་སུ་བཟུང་ནས། ཕྱི་ལྟར་ཧཱུཾ་ཆེན་འགྲོ་འདུལ་དྲི་མེད་རྗེ། །ནང་ལྟར་སེངྒའི་སློབ་དཔོན་མཉྫུ་ཤྲི། །གསང་བ་ཡེ་ཤེས་སྐུ་ཅན་ཀློང་ཆེན་པས། །བརྡ་ཐབས་རྟེན་འབྲེལ་དུ་མའི་དོན་བརྒྱུད་བྱིན། །ཞེས་གསུངས་པ་ལྟར། དུས་ལན་གཅིག་གི་ཚེ་ན་རིག་འཛིན་འཇིགས་མེད་གླིང་པ་ཉིད་ཐ་མལ་འཁྲུལ་སྣང་གི་རྨི་ལམ་རྨིས་པ་ལྟ་བུ་མ་ཡིན་པར་འོད་གསལ་འགྲོ་འོང་དང་བྲལ་བའི་ངང་དུ་མནལ་བའི་སྐབས་ཤིག་ན། ཁོང་གི་ཞལ་ནས། དབང་པོ་ཡུལ་ལྔའི་ཐ་མལ་གྱི་འཛིན་པ་དྭངས་པས་ཡུལ་ཅན་སེམས་ཀྱི་རྟོག་པ་འགག གཟུང་ཡུལ་རང་སྣང་ཡེ་ཤེས་ལ་ཐིམ་པས་ཡུལ་སྣང་གི་འཛིན་པ་ཞིག སྣང་ཆའི་རྟེན་འབྲེལ་མི་རྟོག་ཀུན་གཞིའི་ངང་དུ་ནུབ་པ་དང་། སླར་ཡང་དེ་ཉིད་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱི་འཆར་སྒོ་ལས་ཞེས་སོགས་གསུངས་པ་བཞིན། ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་སྐུའི་སྣང་བརྙན་དངོས་སུ་ཤར་བས། བརྗོད་བྱ་དོན་གྱི་དགོངས་བརྒྱུད་འཕོ་བར་གྱུར་ཅིག འཕོ་བར་གྱུར་ཅིག རྗོད་བྱེད་ཚིག་གི་བརྒྱུད་པ་རྫོགས་པར་གྱུར་ཅིག རྫོགས་པར་གྱུར་ཅིག ཅེས་གསུངས་ནས་བྱིན་གྱིས་བརླབས་ཚེ། ཁོང་གིས་ཕྱག་འཚལ་ལོངས་མེད་པར་ཀུན་མཁྱེན་བླ་མའི་ཕྱག་གཉིས་ལ་འཇུས་ནས། ཕ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན་ཞེས་མོས་གུས་ཀྱིས་བརྒྱལ་བ་ཙམ་དུ་གསོལ་བ་ལན་གསུམ་བཏབ་པས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་སྤྱན་ཧུར་གྱིས་གཟིགས་ནས། རིགས་ཀྱི་བུ་ཁྱོད་ལ་ད་ཅི་སྨོན་ལམ་གཏད་རྒྱའི་སྒོ་ནས་དོན་རྒྱུད་ཀྱི་དགོངས་པ་འཕོས་པ་ཡིན་པས་སྒྲུབ་པའི་སྲོག་མཁར་ཚུགས་ལ་སྙིང་ཐིག་གཉན་པོའི་ཆོས་སྐལ་ལྡན་ལ་རྒྱ་ཆེར་སྟོན་ཅིག ཅེས་སྐུའི་བྱིན་རླབས་དེ་འདྲ་ཐོབ་པ་དང་། ཡང་ཁོང་གི་གསུང་ལས། སྐུ་གསུམ་གྱི་སྣང་ཆ་མིག་འཕྲུལ་ལྟ་བུ་དབྱིངས་སུ་ནུབ་སྟེ། ཀུན་མཁྱེན་བླ་མ་དྲན་པ་ལ་ཚུགས་ཐབས་མེད་པ་ཞིག་བྱུང་ངོ་ཞེས་གསུངས། དེ་ཞལ་གཟིགས་དང་པོའི་སྐབས་རེད། ཞལ་གཟིགས་གཉིས་པ་ལ། ཡང་གསང་ཆེན་མེ་ཏོག་ཕུག་ན་བཞུགས་པའི་ཚེ། འོད་གསལ་བསམ་གྱིས་མི་ཁྱབ་པ་འབྱམས་སུ་ཀླས་ཡོད་པའི་སྣང་ངོར། ཀུན་མཁྱེན་སངས་རྒྱས་གཉིས་པ་ཞལ་མཇལ་བ་ན། ཕྱག་དཔེ་གླེགས་བམ་ཞིག་གནང་ནས། འདིར་ཤིང་རྟ་ཆེན་མོ་ན་གབ་པའི་ཚུལ་དུ་ཡོད་པ་མཐའ་དག་གསལ་བར་ཡོད། ཅེས་དང་། གསང་མཛོད་ཆེན་མོའི་བརྡ་འགྲོལ་གྱི་སྐོར་སྐབས་དེར་གསུངས་པ་ཡིན། དེས་གསུང་གིས་བྱིན་གྱིས་བརླབས་ནས་ཡོན་ཏན་རིན་པོ་ཆེ་མཛོད་དགའ་བའི་ཆར་འགྲེལ་བ་བདེན་རྣམ་ཤིང་རྟ་རྣམ་གཉིས་བཅས་པ་རྩོམ་པའི་རྗེས་སུ་གནང་བ་ཐོབ་བོ། །ཞལ་གཟིགས་གསུམ་པ་ནི། ཀུན་མཁྱེན་ཆེན་པོས་ཤིན་ཏུ་དགྱེས་པ་ཆེན་པོའི་ཞལ་འཛུམ་མདངས་མུ་ལེ་བའི་ངང་ནས་ཕྱག་གཉིས་ཁོང་གི་དབུ་ཐོག་ཏུ་བཞག་སྟེ། བརྗོད་དུ་མེད་པའི་གསུང་གིས་བྱིན་བརྒྱུད་ཅིག་ཅར་དུ་འཕོས་ཏེ་འོད་གསལ་དག་པ་རབ་འབྱམས་ཀྱིས་དབང་བསྐུར་བས། དག་ཆེན་ཡེ་ཤེས་ཀྱི་སྣང་ཆ་དབྱིངས་སུ་ཐིམ་པར་གྱུར་པ་ནི། ཐུགས་ཀྱིས་བྱིན་གྱིས་བརླབས་ནས་དོན་བརྒྱུད་རྟོགས་པའི་བདག་པོར་རྗེས་སུ་གནང་བ་སྟེ་ཞལ་གཟིགས་གསུམ་པ་ཐོབ། དེ་ལྟར་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པས་བླ་སློབ་དགོངས་པ་དབྱེར་མེད་དུ་གྱུར། བརྒྱུད་གསུམ་རིག་འཛིན་གཅིག་ལ་རྫོགས། རྩ་ཁམས་ཀྱི་ཡི་གེ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས། མཁའ་འགྲོའི་བརྡ་ཡིག་ཀློང་ཆེན་དགོངས་པའི་གསང་མཛོད་ཀྱི་གཏེར་ཆེན་ཕྱེ་བའི་མན་ངག་གི་གཞུང་མང་པོ་ཞིག དོན་མེད་རྨོངས་པའི་ཟོལ་བསྟོད་ཙམ་མ་ཡིན་པར། རང་རེས་མངོན་སུམ་མིག་གི་བདུད་རྩིར་མཇལ་དུ་ཡོད་པ། འདི་ལྟ་བུའི་རིན་ཐང་གཞལ་དུ་མེད་པའི་མན་ངག་གསེར་ཆོས་འཇིག་རྟེན་གྱི་ཁམས་འདིར་ཕྱི་རབས་སྐལ་ལྡན་གྱི་བུ་ལ་གཞག་རྒྱུའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལ། ཀློང་ཆེན་སྙིང་ཐིག་ཅེས་ཞུ་བ་རེད། འོ་ན་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་གསུང་གི་མཛོད་ཆེན་བདུན་དང་། ཤིང་རྟ་རྣམ་གསུམ་ལ་སོགས་པ་ལ་ཀློང་ཆེན་སྙིང་ཐིག་ཅེས་མི་ཟེར་བ་ཅི། ཀློང་ཆེན་པའི་ཐུགས་ཀྱི་ཐིག་ལེ་དགོངས་དཀྱིལ་དངོས་དེ་དག་མ་ཡིན་ནམ་སྙམ་ན། དོན་གྱི་ཆ་ནས་བཏགས་ན་དེ་ཡང་ཡིན་མོད་ཀྱང་། འཇིག་རྟེན་གྲགས་སྡེའི་ལུགས་ལ་དེ་ལྟར་ཟེར་སྲོལ་མེད། དེ་འདྲ་བཤད་ན་པདྨ་འབྱུང་གནས་དང་། བི་མ་མི་ཏྲ། དགའ་རབ་རྡོ་རྗེ། རྡོ་རྗེ་སེམས་དཔའ། ད་དུང་དེད་ན་རྡོ་རྗེ་འཆང་ལ་ཐུག་འགྲོ་བ་ཡིན་ན། དེའི་སྙིང་ཐིག་ཟེར་རྒྱུའི་སྲོལ་ལྷག་པར་ཀུན་ཁྱབ་ལ་མེད། པད་འབྱུང་དང་བི་མའི་བཀའ་སྲོལ་མཁའ་འགྲོ་སྙིང་ཐིག་དང་། གསང་བ་སྙིང་ཐིག ཟབ་པ་པོད་བཞི་དང་། དེའི་ཡང་ཏིག་ཀློང་ཆེན་པའི་མཁའ་འགྲོ་ཡང་ཏིག བླ་མ་ཡང་ཏིག ཟབ་མོ་ཡང་ཏིག་རྣམས་ལ་སྙིང་ཐིག་གོང་མ་དང་། དེའི་མན་ངག་གི་ཡང་བཅུད་ཀུན་མཁྱེན་འཇིགས་གླིང་ལས་བྱུང་བ་ལ་ནི་སྙིང་ཐིག་འོག་མའམ་ཀློང་ཆེན་སྙིང་ཐིག་ཅེས་ཞུ། འདིའི་གོང་འོག་ནི་ཐེག་རིམ་གོང་འོག་ལྟ་བུ་མངོན་རྟོགས་མཐོ་དམན་གྱི་ཁྱད་པར་མ་ཡིན། དུས་རབས་སྔ་ཕྱིའི་དབང་གིས་བཞག་པའི་ཐ་སྙད་ཀྱི་ཟེར་སྒྲོས་རེད། འདི་རྣམ་པ་ལ་ཀུན་མཁྱེན་ཞུ་བའི་རྒྱུ་མཚན་ཅི་ཞེ་ན། སྤྱིར་དམ་ཆོས་དར་བའི་ཕུག་རྒྱ་གར་འཕགས་པའི་ཡུལ་ན་གྲུབ་མཐའ་སྡེ་བཞི་དང་མདོ་སྔགས་ཀྱི་ཆོས་ཚུལ་ཙམ་ལས། བོད་ན་དར་བའི་ས་དགེ་བཀའ་རྙིང་ལ་སོགས་པའི་ཐ་སྙད་མེད་ཀྱང་། བོད་གངས་རིའི་ལྗོངས་འདིར་བསྟན་པ་དར་བའི་ཆོས་བརྒྱུད་ཀྱི་འགྲོས་ལ་བསམ་ན། རིམ་བཞིན་བཤད་བརྒྱུད་འདེགས་པའི་ཀ་ཆེན། སྒྲུབ་བརྒྱུད་འདྲེན་པའི་ཤིང་རྟ་ཞེས་མཚན་དང་དོན་མཐུན་པར་དབྱེ་བ་བྱུང་བས་རང་རང་གི་ཆོས་བརྒྱུད་བསྟན་པའི་སྲོལ་འབྱེད་དེ་ལ་ཀུན་མཁྱེན་དང་། རྒྱལ་བ་སོགས་ཞུ་ཞིང་། དེ་དག་ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་པའི་གཟིགས་པ་མངའ་བརྙེས་པའི་ཆ་ནས་ཀུན་མཁྱེན་དང་། རྒྱལ་བའི་ཕྲིན་ལས་རྨ་མེད་པར་གདུལ་བྱའི་ཁམས་ལ་སྣང་བར་མཛད་པའི་བཀའ་དྲིན་གྱི་ངོས་ནས་རྒྱལ་བ་ཞུ་ཚུལ་དེ་འདྲ་དར་བ་རེད། འདི་ན་རིག་འཛིན་འཇིགས་མེད་གླིང་པར་ཀུན་མཁྱེན་ཞུ་བ་ཇི་ལྟར་རེད་ཅེ་ན། ཇི་ལྟ་མཁྱེན་པའི་ཡེ་ཤེས་དོན་དམ་ཆོས་ཉིད་ཀྱི་བདེན་པ་མཐོང་། ཇི་སྙེད་གཟིགས་པའི་ཡེ་ཤེས་རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན། ཤེས་བྱའི་གནས་མཐའ་དག་ལ་མཁྱེན་པའི་ཡེ་ཤེས་ནང་ནས་རྒྱས་པས་ན་ཀུན་མཁྱེན་ནོ། །བསྟན་བཅོས་རྩོམ་པ་པོ་ལ་རྒྱུ་ཚོགས་གསུམ་ཚང་དགོས་པ་ཡིན་ཏེ། རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་། འབྲིང་ཡི་དམ་ལྷའི་ཞལ་གཟིགས་པ། ཐ་མའང་རིག་པའི་གནས་ལྔ་ལ་མཁས་པ་ཞིག་དགོས་ན། རྩོམ་པ་པོ་ཀུན་མཁྱེན་གཉིས་པ་མཁྱེན་བརྩེའི་འོད་ཟེར་རམ་འཇིགས་མེད་གླིང་པ་ལ་དེ་ལྟ་བུའི་རྒྱུ་ཚོགས་ཐམས་ཅད་ཚང་ལ། དེས་གཞུང་འདི་རྩོམ་པ་པོ་སུ་ཡིན་དང་ཅི་འདྲ་ཡིན་ཤེས་སོ། །འདིའི་བརྗོད་བྱ་ཅི་ཡིན་ཞེ་ན། ཐེག་པ་ཐམས་ཅད་ཀྱི་ཁོག་དབུབ། རྒྱུད་སྡེ་ཐམས་ཅད་ཀྱི་སྤྱི་ཆིངས། ཐོག་མ་སྔོན་འགྲོས་རྒྱུད་སྦྱངས་ནས་རྩ་རླུང་ཐིག་ལེའི་བྱེད་བཅིངས་ལ་བརྟེན་ནས་མི་རྟོག་པའི་ཡེ་ཤེས་བསྐྱེད་དགོས། ངེས་འབྱུང་གི་བསམ་པ་རྣམ་པར་དག་པས་སྲིད་པའི་མཐའ་ལ་ཆགས་པ་བཀག་པར་མ་ཟད། སྙིང་རྗེའི་བསམ་པ་ཚད་མེད་པས་ཞི་བའི་མཐའ་ལ་ཞེན་པ་བཀག་ནས་གཉིས་མཐར་མ་ལྷུང་བར། སྲིད་ལ་མི་གནས་ཞི་ལ་མི་འབབ་པར་ཐར་པ་ཡང་དག་པའི་ལམ་ལ་འགྲོ་དགོས་ན། ཐོག་མར་སེམས་ལས་སུ་རུང་བར་བྱས་ནས་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་བརྒྱུད་ནས། དངོས་གཞིའི་ལམ་འགྲོ་བའི་ཁམས་རྡོ་རྗེ་བཞིའི་རང་བཞིན་གྱིས་གནས་པ་དེ་བརྡ་ཐབས་རྟེན་འབྲེལ་གྱི་ཆོ་ག་ཁྱད་པར་ཅན་གྱིས་སད་པར་བྱས་ནས། སློབ་མ་རྒྱུད་དག་པ་རབ་འབྱམས་སུ་སྨིན་པར་བྱེད་པ། གཟུང་འཛིན་གྱི་ཆོས་ཐམས་ཅད་དང་བྲལ་བ། སྐྱེ་འགགས་གནས་གསུམ་མེད་པའི་རོལ་རྩལ་དུ་ངོ་སྤྲོད། རྩོལ་མེད་ཆོས་སྐུའི་དགོངས་པ་ལ་སྦྱོར་བར་བྱེད་པ་འདིའི་བརྗོད་བྱ་རེད། འདི་ཕྱོགས་གང་དུ་གཏོགས་ན། ཐེག་པ་ཐམས་ཅད་ཀྱི་ཁོག་དབུབ་ཡིན་པའི་ཆ་ནས་ཐེག་པ་གསུམ་གྱི་བསྟན་དོན་དང་འབྲེལ་བས་ཐམས་ཅད་ལ་ཁྱབ་པར་མ་ཟད། སྐྱེས་བུ་ཆེན་པོའི་ལམ་ཐེག་ཆེན་མདོ་སྔགས་ཐུན་མོང་གི་ལམ་གྱི་རྨང་གཞི་མེད་དུ་མི་རུང་བ་ཡིན་པས། མཐར་ཐུག་ཆུ་ཕྲན་རྒྱ་མཚོར་འདུས་པ་བཞིན་དུ། འོག་མའི་ཐེག་རིམ་བརྒྱད་པོ་མཐར་འབྲས་རྫོགས་པ་ཆེན་པོ་ལ་འབབ་པ་ཡིན་པས། སྔ་འགྱུར་ཐེག་རིམ་དགུའི་རྩེ་མོ་ཨ་ཏི་ཡོ་ག་འབྲས་བུའི་ཐེག་པར་སྟོན་པའི་རྒྱུད་ལུང་མན་ངག་གསུམ་ལས་མན་ངག་གི་ཕྱོགས་སུ་གཏོགས་སོ། །ལུང་གང་ལས་བཏུས་ན། རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ་རྒྱུད་བཅུ་བདུན། དེའི་ཡང་བཅུད་བཀའ་སྲོལ་རྣམ་གཉིས་དགོངས་འགྲེལ་དང་བཅས་པའི་ཟབ་དང་རྒྱ་ཆེའི་ཆོས་ཚུལ། དེ་ལས་ཀྱང་བི་མའི་གསང་བ་སྙིང་ཐིག་གསེར་ཡིག་ཅན་དང་གཡུ་ཡིག་ཅན་ལ་སོགས་ཟབ་པ་པོད་བཞིའི་ནང་ཟངས་ཡིག་ཅན་དང་དེའི་ཡང་ཡིག་བླ་མ་ཡང་ཏིག་གཉིས་ལས་གཙོ་བོ་བཏུས་པ་ཞིག་རེད། འདི་བཀའ་སྲོལ་རྣམ་གཉིས་ལ་གཙོ་བོ་བི་མའི་བཀའ་སྲོལ་ཡིན། འདིའི་དབུ་ཞབས་ཀྱིས་བསྡུས་པའི་དོན་ཅི་ཡིན་དང་། ད་དུང་དེ་དང་འབྲེལ་ནས་དགོས་པ་ཉིང་དགོས་དང་བཅས་པ་གོང་གི་བརྗོད་བྱ་བཤད་པའི་ཁོངས་སུ་འདུས་པ་རེད། དེའི་ཡན་ཆད་བརྗོད་བྱ་དང་དགོས་པ་ཉིང་དགོས་འབྲེལ་བ་སྟེ་དགོས་སོགས་ཆོས་བཞི་ཡང་ཤུགས་ལས་གོ་ཐུབ། ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་མཚན་སྨོས་པ་ཕྱག་འཚལ་བ་སོགས་ཡོད་པ་ལས། དང་པོ་མཚན་སྨོས་པ། མཚན་དོན་འགྲེལ་བ། ཞར་བྱུང་རྩོམ་པ་པོའི་རྣམ་ཐར་དང་། ཇི་ལྟར་བརྩམ་པ། རྩོམ་པའི་དགོས་པ་དང་བཅས་པ་བཤད་ནས།

གཉིས་པ་ཕྱག་འཚལ་བ།

གཉིས་པ་ཕྱག་འཚལ་བ་ནི། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ཞེས་པའི་དོན་ནི་ཁ་སྐད་ལྟར་བཤད་ན། གཟི་བྱིན་ཕུན་སུམ་ཚོགས་པའི་གོ་དོན་ཞིག་རེད། སྐབས་འདིར་བརྗོད་སྟངས་ཀྱི་ཐད་ནས་རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་གཉིས་ཀྱི་སྟེང་ནས་བཤད་ན། རྟོགས་པ་བདག་གི་དཔལ་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་དེ་ཉིད་རང་དོན་ཆོས་སྐུའི་གོ་འཕང་མངོན་དུ་བྱས་པ་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ། ཐུགས་རྗེ་གཞན་གྱི་དཔལ་དུ་གཞན་དོན་གཟུགས་སྐུར་བཞེངས་ནས་སྲིད་པ་མ་སྟོངས་འཁོར་བ་མ་ཞིག་གི་བར་དུ་རྟག་ཁྱབ་ལྷུན་གྲུབ་རྒྱུན་མི་ཆད་པའི་མཛད་པ་དེ་དང་ལྡན་པས་དཔལ་དེ་གཉིས་དང་ལྡན་པས་ན་དཔལ། ཀུན་ཏུ་བཟང་པོ་ཞེས་པ་ལ། རང་བཞིན་ཀུན་ཏུ་བཟང་པོ། རྒྱན་ཀུན་ཏུ་བཟང་པོ། སྟོན་པ་ཀུན་ཏུ་བཟང་པོ། རིག་པ་ཀུན་ཏུ་བཟང་པོ། རྟོགས་པ་ཀུན་ཏུ་བཟང་པོ་དང་ལྔའི་སྒོ་ནས་གསུང་ཚུལ་ཡོད་ལ། རང་བཞིན་ཀུན་ཏུ་བཟང་པོ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་དེ་རང་བཞིན་ཀུན་ཏུ་བཟང་པོའམ་གཞི་ཀུན་ཏུ་བཟང་པོ་ཡིན། རྒྱན་ཀུན་ཏུ་བཟང་པོ་ནི་ཆོས་ཉིད་རིག་པའི་རོལ་པ་ལས་ཤར་བའི་ཆོས་ཅན་གྱི་སྣང་བ་འདི་ཐམས་ཅད་འཆར་གཞི་དེ་ལས་མ་གཡོས་བཞིན་དུ་རིག་པའི་རྒྱན་དུ་ཤར་བས་རྒྱན་ཀུན་ཏུ་བཟང་པོ་ཞེས་བྱ། སྟོན་པ་ཀུན་ཏུ་བཟང་པོ་ནི་ནང་གསལ་ཆོས་སྐུའི་དཀྱིལ་འཁོར་དབྱིངས་སུ་འཁྱིལ་བ་དེ་ལས་ཕྱི་གསལ་ལོངས་སྐུའི་ཐུགས་རྗེ་ལས་འགྲོ་འདུལ་སྤྲུལ་སྐུའི་རོལ་པ་ཚད་མེད་ཆུ་ཟླ་ལྟར་ཤར་བ་དེ་ལ་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ། །རིག་པ་ཀུན་ཏུ་བཟང་པོ་ནི་འགྲོ་བ་ཡོངས་ལ་ཁྱབ་པའི་རང་བྱུང་གི་ཡེ་ཤེས་བདེ་གཤེགས་སྙིང་པོ་གཉུག་མ་དོན་གྱི་འོད་གསལ་དེ་ཡིན། རྟོགས་པ་ཀུན་ཏུ་བཟང་པོ་ནི་ལམ་ལ་སློབ་པའི་གང་ཟག་གིས་བླ་མའི་བྱིན་རླབས་དང་རང་གི་དད་པའི་ཉེར་ལེན་ལ་བརྟེན་ནས་རིག་པ་གཤིས་ཀྱི་གནས་ལུགས་ཇི་བཞིན་དུ་རྟོགས་པ་དེའོ། །གང་ལྟར་ཡང་དུས་གསུམ་དུས་མེད་མཉམ་པ་ཆེན་པོ་འཁོར་འདས་ཀུན་ལ་ཁྱབ་པའི་ཡེ་གྲོལ་ཀ་དག་གི་དུས་ན་བཟང་ཞེན་ཤེས་བྱའི་སྒྲོ་འདོགས་དང་། ངན་ཞེན་འཁོར་བའི་དྲི་མ་ཐམས་ཅད་དང་ལས་གྲོལ་བས་ན། ཀུན་བཟང་ཀློང་ན་མི་བཟང་གཅིག་ཀྱང་མེད། །ཅེས་གསུངས་པ་ལྟར་གདོད་མའི་མགོན་པོ་འཁོར་འདས་ཤེས་དང་ཤེས་བྱར་གྱུར་པའི་མཁའ་ཁྱབ་མཁའི་རྡོ་རྗེ་ཅན་རྫོགས་པ་ཆེན་པོའི་སྟོན་པ་ཀུན་བཟང་རྡོ་རྗེ་འཆང་སྟེ། དཔལ་ཀུན་ཏུ་བཟང་པོ་ལ་ཞེས་པའི་ལ་ནི་ངེས་པར་བཟུང་སྟེ་དེ་ལ་ཕྱག་འཚལ་ལོ། །ཕྱག་དེ་ལ་དབྱེ་ན་ཆོས་ཉིད་དོན་གྱི་ཕྱག་དང་། ཆོས་ཅན་བརྡ་ཡི་ཕྱག་གཉིས་སུ་བཤད་དེ། ཆོས་ཉིད་དེ་བཞིན་ཉིད་རང་ངོ་ཤེས་ནས་ཕྱག་འཚལ་བྱ་དང་འཚལ་བྱེད་གཉིས་སུ་མེད་པར་རྟོགས་པས་རབ་ལྟ་བ་མངོན་སུམ་དུ་མཇལ་བ་ལ་ཆོས་ཉིད་དོན་གྱི་ཕྱག་དང་། ཆོས་ཅན་བརྡ་ཡི་ཕྱག་འབྲིང་སྒོམ་པ་གོམས་པའི་ཉེ་རྒྱུ་སྤྱོད་པ། ཐ་མ་མོས་གུས་ཀྱི་ཕྱག་དང་བཅས་པ་ཚང་བའི་སྒོ་ནས་གདུལ་བྱ་སྐྱེས་བུ་གསུམ་གྱི་བློ་རིམ་དང་མཐུན་པའི་ཕྱག་འཚལ་བ་སྔོན་དུ་སོང་ནས།

གསུམ་པ་མཆོད་པར་བརྗོད་པ།

གསུམ་པ་མཆོད་པར་བརྗོད་པ་ལ། ཐོག་མའི་སངས་རྒྱས་གཞི་འབྲས་དབྱེར་མེད་པའི་བདག་ཉིད་ལ་མཆོད་པར་བརྗོད་པ་དང་། ཞིང་འདིར་གཞི་སྣང་གི་རོལ་པར་སྟོན་པ་གསང་སྔགས་ཀྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལ་མཆོད་པར་བརྗོད་པ། དེ་ལས་གཞན་ཡང་སྟོན་པ་སངས་རྒྱས། སྐྱོབ་པ་བསྟན་པ་དམ་ཆོས། འདྲེན་པ་དགེ་འདུན་ཏེ་དཀོན་མཆོག་གསུམ་དང་། རྒྱལ་བ་སྲས་དང་སློབ་མ་འཕགས་བོད་ཀྱི་བསྟན་འཛིན་གྱི་ཚོགས་དང་བཅས་པའི་མཚན་སྨོས་པའི་སྒོ་ནས་མཆོད་པར་བརྗོད་པའོ། །དང་པོ་ཐོག་མའི་སངས་རྒྱས་གཞི་འབྲས་དབྱེར་མེད་པ་ལ་མཆོད་པར་བརྗོད་པ་ནི། གང་གི་རང་བཞིན་ཤིན་ཏུ་རྣམ་དག་རྒྱ་ཆད་ཕྱོགས་སུ་མ་ལྷུང་ཞིང་། །མ་སྐྱེས་མི་འགག་སྤྲོས་པ་ཀུན་བྲལ་ཡེ་བབས་གཉུག་མ་བྱང་ཆུབ་སེམས། །དུས་གསུམ་དུས་མེད་རྣམ་ཀུན་མཆོག་ལྡན་འཕོ་མེད་འདུས་མ་བྱས་ཀྱི་སྐུ། །འཁོར་འདས་བདག་མེད་ཁྱད་ཆོས་དྲུག་ལྡན་གདོད་མའི་མགོན་པོ་དེ་ལ་འདུད། །ཅེས་གསུངས་ཏེ། འདིས་ནི་གང་མཆོད་པར་བརྗོད་པའི་ཡུལ་ཆོས་དབྱིངས་སྤྲོས་བྲལ་བསམ་གྱིས་མི་ཁྱབ་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས། སྐུ་དང་ཡོན་ཏན་རྒྱ་མཚོའི་མངའ་བདག་བདེ་བར་གཤེགས་པའི་ཐུགས་དང་གཉིས་སུ་མེད་པ་གང་གི་རང་བཞིན་ནི། དཔེར་ན་ནམ་མཁའ་ལ་སྤྲིན་དང་སྨུག་རླངས་འཁྲིགས་ཤིང་ཐོག་ཟེར་གློག་འོད་འཁྱུག་ན་ཇེ་ངན་དང་། ཉི་མ་ཤར། སྦྲང་ཆར་འབབ། འཇའ་འོད་འཁྲིགས་ན་ཇེ་བཟང་ལ་འགྲོ་རྒྱུ་མེད་པ་བཞིན་དུ། གཤིས་རང་བཞིན་གྱིས་རྣམ་པར་དག་པ་ལ་འཕོ་འགྱུར་དང་བྲི་གང་མེད་པར་ཤིན་ཏུ་རྣམ་པར་དག་པ་རིག་པ་བདེ་བར་གཤེགས་པའི་སྙིང་པོ་ཡེ་ནས་འཆིང་གྲོལ་མེད་པའི་ཡེ་གྲོལ་ཆེན་པོ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་མ་ལྷུང་། མ་སྐྱེས་མི་འགག་སྤྲོས་པ་ཀུན་བྲལ་ཡེ་བབས་གཉུག་མ། །རིག་པ་བྱང་ཆུབ་སེམས་མཁའ་མཉམ་གདོད་ནས་དག་པའི་རང་བཞིན་དེ་ནི་དང་པོ་སྐྱེ་བ་མེད་པ་སྐྱེ་བའི་རྒྱུས་སྟོང་པས་ན་མ་སྐྱེས། དེ་ལྟ་བུའི་མ་སྐྱེས་པ་དེ་ཉིད་ལ་བར་དུ་གནས་པ་མེད་པར་མ་ཟད། དང་པོ་སྐྱེ་བ་དང་བར་དུ་གནས་པ་མེད་པ་དེ་ལ་ཐ་མ་འགག་པ་ཞིག་ཀྱང་ཡོད་མི་སྲིད་པས་ན་མི་འགགས་ཞེས་གསུངས། དེ་ལྟ་བུའི་སྐྱེ་འགག་ཡོད་མེད་རྟག་ཆད་ལ་སོགས་བློས་བཏགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལས་རིང་དུ་འདས་པས་ན། ཁས་ལེན་སྤྲོས་པ་ཀུན་བྲལ་ཡེ་བབས་རང་བྱུང་གི་རིག་པ་ཡེ་ནས་འཕོ་འགྱུར་ཡོད་མ་མྱོང་བའི་རིག་པ་བྱང་ཆུབ་ཀྱི་སེམས། དུས་གསུམ་དུས་མེད་རྣམ་ཀུན་མཆོག་ལྡན་འཕོ་མེད་འདུས་མ་བྱས་པའིི་སྐུ། །དུས་གསུམ་དུས་མེད་ཅེས་པ་ནི་འདས་པའི་ཆོས་འགགས། མ་འོངས་པའི་ཆོས་མ་སྐྱེས་པ། ད་ལྟའི་ཆོས་སྐད་ཅིག་ཆ་ཤས་ཕྱེས་ན་འདས་མ་འོངས་གཉིས་ལས་གཞན་པ་ཞིག་མི་སྲིད་པ་ཡིན་པས་ན་དུས་གསུམ་གྱི་དུས་ཀྱི་ཆ་ལས་འདས་པའི་དུས་བཞི་པ་ཀ་དག་གི་དུས་ནི། དུས་མེད་མཉམ་པ་ཆེན་པོ་ཞེས་གསུངས་པས། འདིས་བཞི་ཆ་གསུམ་བྲལ་གྱི་དགོངས་པ་བསྟན། རྣམ་ཀུན་མཆོག་ལྡན་འཕོ་མེད་འདུས་མ་བྱས་ཀྱི་སྐུ་ཀ་དག་སྟོང་གསལ་ཆེན་པོ་འགྱུར་བ་མེད་པའི་རྟག་པ་དམ་པ། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །ཅེས་པ་དང་། ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མ་ལས། ཇི་ལྟར་སྔ་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་ཆོས་ཀྱི་སྐུ་ནི། སྟོང་པའི་ངང་ལས་རིག་པའི་ཉི་ཤར་བས། །ནུབ་པ་མེད་པའི་གཏེར་ཆེན་དཀྱིལ་འཁོར་ནས། །འགྱུར་བ་མེད་པའི་སྐུ་ལྔར་ཤར་གྱིས་བྱུང་། །རྟོག་པ་མེད་པའི་ངང་དུ་གཉིས་མེད་རོལ། །ཞེས་རྒྱུད་ལས་གསུངས་པ་ལྟ་བུའི་ནང་གསལ་ངེས་པ་ལྔ་ལྡན་སྐྱེས་བུའི་བྱད་ལྟ་བུ་དེ་ལས། ཕྱི་གསལ་གཟུགས་སྐུའི་བཀོད་པ་ཆུ་ནང་ཟླ་གཟུགས་ཀྱི་དཔེ་བཞིན་དུ། ངོ་བོ་རང་བཞིན་ཐུགས་རྗེ་ཡེ་ཤེས་གསུམ་ལྡན་གྱི་བདག་ཉིད་སྐུ་གསུམ་འདུ་འབྲལ་མེད་པའི་འོད་གསལ་ཟུང་འཇུག་གི་སྐུ། འཁོར་འདས་བདག་མེད་ཁྱད་ཆོས་དྲུག་ལྡན་གདོད་མའི་མགོན་པོ་དེ་ལ་འདུད། །འཁོར་འདས་སྣང་བཏགས་ཀྱིས་བསྡུས་པའི་ཤེས་བྱའི་ཆོས་རིས་མེད་མཉམ་པ་ཆེན་པོར་རྫོགས་ཏེ་གཟུང་འཛིན་བདག་གི་འཆིང་བ་ལས་ཡེ་ནས་གྲོལ་བས་བདག་མེད། ཁྱད་ཆོས་དྲུག་ལྡན་ཏེ་གཞི་ལས་འཕགས་པ། རང་ངོར་སྣང་། བྱེ་བྲག་ཕྱེད། ཕྱེད་ཐོག་ཏུ་གྲོལ། གཞན་ལས་མ་བྱུང་། རང་སར་གནས་པ་སྟེ་དེ་ལྟ་བུའི་ཁྱད་ཆོས་དྲུག་དང་ལྡན་པའི་ཀུན་བཟང་གདོད་མའི་མགོན་པོ། ཁྱབ་བདག་དང་པོའི་སངས་རྒྱས་འོད་མི་འགྱུར་བ་དེ་ལ་འདུད། ཅེས་གཞི་འབྲས་དབྱེར་མེད་པའི་བདག་ཉིད་ཁྱབ་བདག་དང་པོའི་མགོན་པོ་ལ་མཆོད་པར་བརྗོད་དེ། ད་ནི་ཞིང་འདིར་གསང་སྔགས་བསྟན་པའི་སྒྲོན་མེ་རྣམ་པར་བཀོད་པའི་བྱེད་པོ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་ཀཱ་ར་ལ་ཐུན་མིན་གྱིས་མཆོད་པ་བརྗོད་པ་ནི། གང་གི་གཞི་སྣང་རོལ་པ་ཆུ་ཟླའི་གར། །སྲིད་མཚོར་བཅུད་དུ་སྨིན་པའི་དཔལ་ཡོན་ཅན། །འོད་ལུས་སྒྱུ་འཕྲུལ་དྲ་བའི་སྐུར་བཞེངས་པ། །སངས་རྒྱས་གཉིས་པ་པད་མ་འབྱུང་གནས་མཆོད། །ཅེས་གསུངས་པ་ནི་མཐའ་ཡས་རྡུལ་སྙེད་ཀྱི་ཞིང་ཁམས་རྒྱ་མཚོར་མཚན་དང་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་ཅིང་། གཞི་དབྱིངས་ཁྱབ་བརྡལ་ཆེན་པོར་ཐོག་མའི་སངས་རྒྱས་འོད་མི་འགྱུར་བའི་ངོ་བོར་ནང་གསལ་ཁྱད་ཆོས་དྲུག་ལྡན་ལས་ཐ་མི་དད་པར་བཞུགས་ནའང་། གང་གི་ཕྱི་གསལ་གྱི་གཞི་སྣང་གི་རོལ་པ་གདུལ་བྱའིཆུ་སྣོད་ཇི་སྙེད་པ་ཟླ་གཟུགས་དེ་སྙེད་དུ་འཆར་བ་ལྟར། སྤྲུལ་པའི་རོལ་གར་སྲིད་པ་ཁམས་གསུམ་འཁོར་བའི་རྒྱ་མཚོ་ཆེན་པོའི་གདུལ་བྱའི་བཅུད་དམ་དཔལ་མགོན་དུ་སྨིན་པའི་ངོ་མཚར་བྱེ་བའི་དཔལ་ཡོན་ཅན་གྱི་འཕོ་ཆེན་འཇའ་ལུས་ཟག་བྲལ་རྡོ་རྗེའི་ངོ་བོ། འཆི་བ་མེད་པ་ཚེ་ལ་མངའ་དབང་བརྙེས་པ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ཅིར་ཡང་སྣང་བའི་སྐུར་བཞེངས་པ། སྒྱུ་འཕྲུལ་དྲ་བ་ཞེས་པ་ནི། ངེས་དོན་སྒྱུ་འཕྲུལ་དྲ་བ་སྟོང་གསལ་དབྱེར་མེད་ཆོས་ཀྱི་སྐུ་ལས། དྲང་དོན་རྟགས་ཀྱི་སྒྱུ་འཕྲུལ་དྲ་བ་གཟུགས་སྐུའི་རྣམ་པར་བཞེངས་པ་ལ་གོ་དགོས་པ་ཨེ་ཡིན་སྙམ། སངས་རྒྱས་རང་ཉིད་ཀྱི་ལུང་གིས་ཟིན་པའི་བསྟན་ལ་སྟོན་པ་གཉིས་པ་དང་འདྲ་བ། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་དད་བརྒྱའི་གཙུག་གི་སྤྱི་བོས་མཆོད་ཅེས་པའོ། །ལུང་གིས་ཇི་ལྟར་ཟིན་ན། ང་ནི་འདི་ན་མི་གནས་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །མདངས་ལྡན་དྲི་མེད་མཚོ་དཀྱིལ་དུ། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཐུན་མིན་གྱིས་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ལ་མཆོད་པར་བརྗོད་ནས། སྐྱབས་གནས་མཆོག་གསུམ་དམ་པ་ལ་མཆོད་པ་བརྗོད་པ་ལས། ཐོག་མར་སངས་རྒྱས་དཀོན་མཆོག་དང་དེའི་སྲས་བསྟན་པའི་བརྒྱུད་འཛིན་དང་བཅས་པ་ལ་མཆོད་པ་བརྗོད་པ་ནི། རྐང་གཉིས་གཙོ་བོ་མི་ཡི་སེང་གེ་ཤཱཀྱའི་རྒྱལ་དང་དེ་ཡི་སྲས། །ཤིང་རྟ་གཉིས་སོགས་རྒྱན་དྲུག་མཆོག་གཉིས་འཇིགས་རྟེན་མིག་གཅིག་ཞི་བ་འཚོ། །སད་མི་བདུན་དང་མར་མེ་མཛད་དཔལ་ཤཱཀ་ཤྲཱི་ཀུན་མཁྱེན་ལྔ་པ་སོགས། །བསྟན་པའི་གཞི་རྟེན་ཚུལ་ཁྲིམས་གསུམ་གྱི་བདག་པོ་རྣམས་ལ་ཅིས་མི་དད། །ཅེས་ལྷ་དང་མིའི་རྣམ་འདྲེན་རྐང་གཉིས་རྣམས་ཀྱི་མཆོག་གམ་གཙོ་བོ་འཇིག་རྟེན་ན་ཟླ་མེད་པའི་དམ་པའི་ཆོས་ཀྱིས་མི་འཇིགས་པའི་ང་རོ་བསྒྲགས་ཤིང་། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་རྩལ་རྫོགས་པ། དཔེ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་ཆོས་མཚུངས་སྦྱར་ཏེ། མི་ཡི་སེང་གེ་ཤཱཀྱའི་རིགས་སུ་འཁྲུངས་ཤིང་བདུད་བཞིའི་དགྲ་ལས་རྒྱལ་བའི་རྒྱལ་བ་རྫོགས་པའི་སངས་རྒྱས་དང་། དེའི་སྲས་ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་སོགས་དང་། བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་མ་ནོར་མ་འཁྲུལ་བར་སྐྱེས་བུའི་ཤེས་རྒྱུད་དུ་འདྲེན་པར་བྱེད་པའི་བྱེད་ལས་ཀྱི་ཆ་ནས་འདྲ་བས་བཏགས་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་། ཐོགས་མེད་རྣམ་གཉིས་སོགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས་ཏེ། རྒྱན་དྲུག་མཆོག་གཉིས་ལ་བརྩི་ལུགས་འདྲ་མིན་ཡོད་ཀྱང་ཡོངས་གྲགས་སུ། འདུལ་བ་བདུད་རྩིའི་རྒྱན་ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས། ཚད་མའི་རྒྱན་ཕྱོགས་གླང་དང་ཆོས་གྲགས་གཉིས། དབུ་མའི་རྒྱན་ཨརྱཱ་དེ་བ། མངོན་པའི་རྒྱན་དབྱིག་གཉེན་ཏེ་རྒྱན་དྲུག་དང་། མཆོག་གཉིས་ནི། ཟབ་མོ་ལྟ་བའི་སྲོལ་འབྱེད་སློབ་དཔོན་ཀླུ་སྒྲུབ་དང་། རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་འཕགས་པ་ཐོགས་མེད་དེ་ཤིང་རྟ་རྣམ་གཉིས་སོ། །ད་དུང་དེའི་ཐོག་ཏུ་རྨད་བྱུང་གི་སློབ་དཔོན་ཟླ་གྲགས་དང་ཞི་ལྷ་རྣམ་གཉིས་དང་། འཇིག་རྟེན་མིག་གཅིག་ཞི་བ་འཚོ་ཞེས་བོད་ཡུལ་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེའི་སྣང་བ་དང་པོ་སྦྱིན་པ་པོ། དབུ་སེམས་ཟུང་འཇུག་གི་ཤིང་རྟའི་སྲོལ་འབྱེད་འཇིག་རྟེན་མིག་གཅིག་མཁན་ཆེན་ཞི་བ་འཚོ་དང་། བོད་ཀྱི་རབ་བྱུང་གི་ཐོག་མ་བོད་མིས་རབ་བྱུང་བྱས་ན་འགྲིག་མིན་ཉམས་སད་ཚོད་ལེན་བྱེད་པའི་ཆེད་དུ་མི་བདུན་རབ་ཏུ་བྱུང་བའི་སད་མི་བདུན་དང་། མར་མེ་མཛད་དཔལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི། ཀུན་མཁྱེན་ལྔ་པ་སྟེ་གོང་ས་ཐམས་ཅད་མཁྱེན་པ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་སོགས་སོ། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་པས་བསྟན་པའི་གཞི་རྟེན་སོར་བྱང་སྔགས་གསུམ་གྱི་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཀྱི་བདག་པོའམ་བསྟན་པའི་སྲོལ་འབྱེད་ཆེན་པོ་རྣམས་ལ་ཅིས་མི་དད་དེ་དད་ཅིང་གུས་པར་བྱེད་དོ། །རྒྱལ་བའི་བསྟན་པ་དེ་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་ཡིན་ལ། ལུང་གི་ཆོས་སྡེ་སྣོད་གསུམ་འདུལ་བ་མདོ་སྡེ་མངོན་པ་གསུམ་དང་། དེའི་བརྗོད་བྱ་རྟོགས་པའི་ཆོས་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སྟེ་བསླབ་པ་གསུམ་ཡིན་ན། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཞེས་པ་ལྟར་ཚུལ་ཁྲིམས་ཀྱི་བསླབ་པ་དེ་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས། སྡེ་སྣོད་སོ་སོར་བསྟན་པའི་སྡོམ་པ་ནི་ཐ་སྙད་གྲགས་ཚོད་ལ་བསམ་ན། སོ་ཐར་གྱི་དགེ་བསྙེན་དགེ་ཚུལ་དགེ་སློང་སྟེ་བསླབ་ཚིགས་གསུམ། བྱང་ཆུབ་སེམས་དཔའི་ལམ་གྱི་ཉེས་སྤྱོད་སྡོམ་པ་དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ། སྔགས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དམ་ཚིག་གསུམ་ལ་བཞག་པ་ཡིན་ན། སྡེ་སྣོད་གསུམ་གྱི་ནང་ནས་འདུལ་བའི་སྡེ་སྣོད་ཀྱི་བསྟན་བྱ་སོ་ཐར་གྱི་སྡོམ་པ། མདོ་སྡེའི་སྡེ་སྣོད་ཀྱི་བསྟན་དོན་བྱང་སེམས་ཀྱི་སྡོམ་པ། སྡེ་སྣོད་བཞི་པ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་བསྟན་དོན་སྔགས་སྡོམ་རྣམས་ཡིན་པས། དེ་ལྟ་བུའི་ཚུལ་ཁྲིམས་གསུམ་མམ་སྡོམ་པ་གསུམ་གྱི་བསླབ་པ་ནི། ཡོན་ཏན་གྱི་གཞི་དང་བསྟན་པའི་རྩ་བ་ཡིན་པས་དེའི་བདག་པོ་བསྟན་པ་འཛིན་པའི་རྒྱལ་དང་དེ་སྲས་འཕགས་བོད་ཀྱི་བསྟན་འཛིན་ཚོགས་དང་བཅས་པ་ལ་ཅིས་མི་དད་དེ། དང་ཞིང་དད་ཅེས་མན་ངག་གི་གཞུང་འདི་འཆད་རྩོམ་གྱི་ཐོག་མར་གཙོ་བོ་སངས་རྒྱས་དཀོན་མཆོག་སྲས་དང་བཅས་པ་རྣམས་ལ་མཆོད་པར་བརྗོད་དེ། ཆོས་དཀོན་མཆོག་ལ་མཆོད་པར་བརྗོད་པ་ནི། གསང་བདག་དཔའ་བོས་རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་བྱིན་པའི་ཐེག་མཆོག་སྟོན་པ་དགའ་རབ་རྗེ། །དམ་པའི་རིགས་ཅན་དྲ་མ་ལྔ་དང་ཏནྟྲཱ་བཅོ་བརྒྱད་གླེགས་བམ་དབང་ཐོབ་རྒྱལ་པོ་ཛ། །རྣམ་གསུམ་ཡོ་གའི་དོན་བརྒྱུད་བདག་པོ་བི་མ་ལ་དང་བེེ་རོ་ལ་སོགས་ཉི་ཤུ་ལྔ། །ཀློང་ལྔའི་མཛོད་ནས་ཟབ་རྒྱའི་སྒོ་འབྱེད་བཅུ་ཕྲག་བཅུ་ཡི་ཕ་མཐར་བརྒལ་ལ་སྙིང་ནས་དད། །ཅེས་གསུངས། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་གང་ཟག་རྟག་འཛིན་ཅན་གྱི་ངོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་གནས་སྐབས་ན། གསང་སྔགས་བླ་མེད་ཀྱི་བསྟན་པ་ཕྱིས་འབྱུང་བ་ལུང་བསྟན་ཏེ། ང་ནི་མྱ་ངན་འདའ་འོག་ཏུ། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་ལྟས་བཟང་པོ་སྣང་བར་འགྱུར། །སོགས་གསུངས་པ་ལྟར། ནང་རྒྱུད་ཡོ་ག་གསུམ་གྱི་བསྟན་པ་འདི་འཇིག་རྟེན་གྱི་ཁམས་འདིར་རིམ་གྱིས་བྱུང་བ་ཡིན་ལ། དེའང་མ་ཧཱ་ཡོ་གའི་རྒྱུད་རྣམས་སྟོན་པ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་རྒྱལ་པོ་ཛ་ལ་བབ་པ་དང་། ལུང་ཨ་ནུ་ཡོ་ག་ནི། ཡང་དེའི་སྐབས་ན་དམ་པའི་རིགས་ཅན་དྲ་མ་ལྔ་རི་མ་ལ་ཡ་ཡི་རྩེར་འདུས་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པའི་གསལ་བྱེད་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་གདུང་ཚིག་ཉེར་གསུམ་བཏོན་པ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་བདག་པོ་ལ་བསྐུལ་ཏེ། གསང་བའི་བདག་པོས་ཀུན་འདུས་རིག་པའི་མདོ་ལ་སོགས་པ་གསུངས་པ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་མཚོ་གླིང་དུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་གསང་བའི་རྒྱུད་དང་མན་ངག་གསུངས། ཁྱད་པར་དུ་རྫོགས་ཆེན་ཨ་ཏི་ཡོ་ག་ནི་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་ནས་རྡོ་རྗེ་སེམས་དཔའ་ལ་བསྐུལ། དེས་སེམས་དཔའ་རྡོ་རྗེ་ལ་བསྐུལ་ནས། དང་པོ་ལྷའི་གནས་སུམ་ཅུ་རྩ་གསུམ་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་དུ་ལྷའི་བུ་སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། མན་ངག་འཕྲུལ་གྱི་ལུང་བཅུ་ཕོག དབང་བདུན་མན་ངག་ལྔ་ལ་སོགས་པ་གནང་ནས་རྒྱལ་ཚབ་དམ་པར་དབང་བསྐུར། རྨད་བྱུང་དམ་པའི་སྙིང་པོ་ནི། །ལྷ་གནས་གསུམ་དུ་གྲགས་གྱུར་ཏེ། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་ཤོག །ཅེས་བདེན་ཚིག་གིས་སྨོན་ལམ་བཏབ། སྨོན་ལམ་བཏབ་པ་དེ་བཞིན་དུ་ཡུལ་དྷ་ན་ཀོ་ཥའི་གླིང་དུ་ཡབ་རྒྱལ་པོ་ཨུ་པ་རཱ་ཛ་དང་། ཡུམ་སྣང་གསལ་འོད་ལྡན་མ་གཉིས་ལ་སྲས་མོ་མེ་ཏོག་གསལ་ཞེས་པ་དགེ་སློང་མ་འཁོར་བའི་ཆོས་ཀྱིས་མ་གོས་པར་ཡོད་པ་ལ། གསང་བདག་གིས་བྱིན་གྱིས་བརླབས་ཏེ། དགའ་རབ་རྡོ་རྗེ་འཁྲུངས། ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ཏེ་རྒྱལ་ཐབས་སྤྱི་བླུགས་རྫོགས་པ་ལ་སོགས་པའི་དབང་བསྐུར། དགའ་རབ་རྡོ་རྗེ་རྩོལ་མེད་རྫོགས་པ་ཆེན་པོའི་སར་སྐད་ཅིག་གིས་སངས་རྒྱས་སོ། །དེ་ལྟ་བུའི་བདག་ཉིད་ཡིན་པས་ན་གསང་བདག་དཔའ་བོས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་དང་། འཇིག་རྟེན་མི་ཡུལ་དུ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ཞིང་སྐད་ཅིག་གིས་སངས་རྒྱས་པའི་ཐེག་མཆོག་རྫོགས་པ་ཆེན་པོའི་སྟོན་པ་དགའ་རབ་རྡོ་རྗེ་དང་། དམ་པའི་རིགས་ཅན་དྲ་མ་ལྔ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས། མི་ལོ་ཉི་ཤུ་རྩ་བརྒྱད་ན་གསང་བདག་ཕྱག་ན་རྡོ་རྗེས་གསང་བའི་རྒྱུད་གསུངས་ནས་གདུལ་བྱ་དམ་པའི་རིགས་ཅན་དྲ་མའམ་མཆོག་ཏུ་གྱུར་པ་ལྔ་སྟེ། ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིགས་ལི་ཙྪ་བཱི་དྲི་མེད་གྲགས་པ་ལྔ་ལ་དམ་པའི་རིགས་ཅན་དྲ་མ་ལྔ་ཟེར། ཏནྟྲ་བཅོ་བརྒྱད་ནི་རྒྱུད་མ་ཧཱ་ཡོ་གའི་ཏནྟྲཱ་སྡེ་བཅོ་བརྒྱད་ལ་གོ་དགོས། རྒྱུད་མ་ཧཱ་ཡོ་གའི་ཏནྟྲཱ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གྲངས་འདྲེན་ལུགས་བཞེད་པ་མི་འདྲ་བ་ཡོད་ལ། ཀུན་མཁྱེན་ཆེན་པོའི་སྔགས་ཀྱི་སྤྱི་དོན་ལས་གསུངས་པ་ལྟར་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་རེ་རེ་ལ་གསུམ་རེ་བཞག་པའི་ལྔ་ཚན་གསུམ་དང་། དེའི་སྟེང་དུ་སྤྱི་རྒྱུད་གསུམ་བཞག་སྟེ་བཅོ་བརྒྱད་བརྩི་བ་སྟེ། དེའང་སྐུའི་སྐུ་རྒྱུད་གླང་པོ་རབ་འབོག སྐུའི་གསུང་རྒྱུད་གླང་པོ་ཆུར་འཇུག སྐུའི་ཐུགས་རྒྱུད་སངས་རྒྱས་མཉམ་སྦྱོར་ཏེ་སྐུ་རྒྱུད་གསུམ། གསུང་གི་སྐུ་རྒྱུད་རི་བོ་བརྩེགས་པ། གསུང་གི་གསུང་རྒྱུད་པདྨ་དབང་ཆེན། གསུང་གི་ཐུགས་རྒྱུད་ཟླ་གསང་ཐིག་ལེ་སྟེ་གསུང་རྒྱུད་གསུམ། ཐུགས་ཀྱི་སྐུ་རྒྱུད་རྩེ་མོ་འདུས་པ། ཐུགས་ཀྱི་གསུང་རྒྱུད་གཅིག་ལས་འཕྲོས་པ། ཐུགས་ཀྱི་ཐུགས་རྒྱུད་གསང་བ་འདུས་པ་སྟེ་ཐུགས་རྒྱུད་གསུམ། ཡོན་ཏན་གྱི་སྐུ་རྒྱུད་མེ་རི་འབར་བ། ཡོན་ཏན་གྱི་གསུང་རྒྱུད་ས་མ་ཡ་འབུམ་སྡེ། ཡོན་ཏན་གྱི་ཐུགས་རྒྱུད་དཔལ་མཆོག་དང་པོ་སྟེ་ཡོན་ཏན་གྱི་རྒྱུད་གསུམ། ཕྲིན་ལས་ཀྱི་སྐུ་རྒྱུད་དཔལ་ཕྲེང་དཀར་པོ། ཕྲིན་ལས་ཀྱི་གསུང་རྒྱུད་མ་མོ་རྒྱུད་ལུང་། ཕྲིན་ལས་ཀྱི་ཐུགས་རྒྱུད་བི་ཏོ་ཏ་མ་འབུམ་སྡེ་སྟེ་ཕྲིན་ལས་ཀྱི་རྒྱུད་གསུམ། སྤྱིའི་སྐུ་རྒྱུད་ཐབས་ཞགས། སྤྱིའི་གསུང་རྒྱུད་ས་མ་ཡ་བཀོད་པ། སྤྱིའི་ཐུགས་རྒྱུད་གསང་བ་སྒྱུ་འཕྲུལ་ཏེ་སྤྱི་རྒྱུད་གསུམ་དང་བཅོ་བརྒྱད་དོ། །དཔལ་ཕྲེང་དང་པོའི་འགྲེལ་བ་ལྟར། སྨིན་གླིང་གཏེར་ཆེན་གྱི་བཞེད་པ་ལ་ལྔ་ཚན་གསུམ་དང་ཁ་སྐོང་དང་བཅས་པ་ལ་བཤད་དེ། ཆོས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ་དང་། སྒྲུབ་པ་ལག་ལེན་དུ་བཏབ་པའི་རྒྱུད་སྡེ་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་སྟེ་ལྔ་གསུམ་བཅོ་ལྔ་དང་། དེའི་ཐོག་ཏུ་མ་ཚང་བ་ཁ་སྐོང་བ་ཕྱི་མའི་རྒྱུད་གཉིས། བསྡུས་དོན་གྱི་རྒྱུད་གཅིག་དང་བཅོ་བརྒྱད་དུ་བརྩི། དེའང་ཆོས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ཕྱེས་ནས། སྐུ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་། གསུང་རྒྱུད་ཟླ་གསང་ཐིག་ལེ། ཐུགས་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེའོ། །སྒྲུབ་པ་ལག་ལེན་དུ་བསྟན་པའི་རྒྱུད་སྡེ་ལྔ་ནི། ཧེ་རུ་ཀ་རོལ་པའི་རྒྱུད་དང་། རྟ་མཆོག་རོལ་པའི་རྒྱུད། གཤིན་རྗེ་རོལ་པའི་རྒྱུད། བདུད་རྩི་རོལ་པའི་རྒྱུད། ཕུར་པ་བཅུ་གཉིས་པ་འབྱུང་བའི་རྒྱུད་སྡེ་དང་ལྔ་རེད། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་ནི། རི་བོ་བརྩེགས་པ་དང་། ཡེ་ཤེས་རྔམས་གློག དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིག གླང་ཆེན་རབ་འབོག་གི་རྒྱུད་དེ་ལྔ། དེ་དག་ཏུ་མ་ཚང་བའི་ཁ་སྐོང་ལྟ་བུ་ཕྱི་མའི་རྒྱུད་གཉིས་ནི་རྣམ་སྣང་སྒྱུ་འཕྲུལ་དྲ་བ་དང་། ཐབས་ཞགས་པདྨའི་ཕྲེང་བའི་དོན་བསྡུས་སོ། །དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་གཅིག་སྟེ་བཅོ་བརྒྱད་དོ། །དེ་ལྟ་བུའི་མ་ཧཱ་ཡོ་གའི་ཏནྟྲཱ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་དབང་ཐོབ་རྒྱལ་པོ་ཛ་སྟེ། དེ་ཡང་གོང་དུ་ཞུས་པ་བཞིན་སྟོན་པ་འདས་ནས་མི་ལོ་ཉི་ཤུ་རྩ་བརྒྱད་ན། རྒྱལ་པོ་ཛ་ལ་རྨིས་ལྟས་ངོ་མཚར་བ་བདུན་སྣང་ནས། རྒྱལ་པོ་རང་ཉིད་ཀྱི་ཁང་པའི་ཡང་ཐོག་ཏུ་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བེེ་ཌཱུརྱ་ཞུན་མས་ཡི་གེ་བྲིས་པ་གསང་སྔགས་མ་ཧཱ་ཡོ་གའི་རྒྱུད་སྡེ་པུ་སྟི་མང་པོ་དང་། ཕྱག་ན་རྡོ་རྗེའི་སྐུ་ཁྲུ་གང་བ་རྙེད། དེ་ལ་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཤེས། དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ནས་ཟླ་བ་དྲུག་ལ་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་མཇལ་ནས་བྱིན་གྱིས་བརླབས་པས་གླེགས་བམ་ཐམས་ཅད་ཀྱི་ནང་དོན་མ་ལུས་པར་མཁྱེན། དེ་ལས་རིམ་པར་བརྒྱུད་ནས་དར་རོ། །དེས་ན་ཏནྟྲཱ་བཅོ་བརྒྱད་དབང་ཐོབ་རྒྱལ་པོ་ཛ་ཞེས་གསུངས་སོ། །སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པས་དེ་གསུམ་ལ་གསུམ་གསུམ་དུ་ཕྱེ་བས་ཐེག་པ་དགུའི་ནང་ནས། དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་པོ་ནི། རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་གསུམ་ཡིན་ལ། དེའི་ནང་གི་ཕ་རྒྱུད་མ་ཧཱ་ཡོ་ག་ནི། དང་པོ་དབང་བཞིས་བསྡུས་པ་ཕན་ནུས་ཟབ་མོའི་དབང་གིས་སྨིན་པར་བྱས་ནས། གཞི་ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས་པའི་སྟེང་ནས། ལམ་སྒོམ་ཚུལ་ཕ་རྒྱུད་མ་ཧཱ་ཡོ་ག་རང་ཉིད་ལའང་ནང་གསེས་ཀྱི་ཕ་མ་གཉིས་མེད་ཀྱི་རྒྱུད་སྡེ་གསུམ་དུ་དབྱེ་རུ་ཡོད་ལ། དེའི་ཁྱད་པར་ཇི་ལྟར་འབྱེད་ན། ཐབས་བསྐྱེད་རིམ་གྱི་སྤྲོས་པ་གཙོ་བོར་སྟོན་པ་དང་། རྫོགས་རིམ་གསང་དབང་གི་ཉམས་ལེན་རླུང་གཙོ་བོར་བྱེད་པས། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པར་བྱེད་པ་དེ་ཕ་རྒྱུད། མཚན་གཞི་ནི། གསང་འདུས་དང་གཤིན་རྗེའི་གཤེད་ལྟ་བུའོ། །བསྐྱེད་རིམ་ཆ་ཙམ་དང་རྫོགས་རིམ་ཤེར་དབང་གི་ཉམས་ལེན་ཁམས་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་གི་ཡེ་ཤེས་སྐྱེད་པར་བྱེད་པ་མ་རྒྱུད། མཚན་གཞི་ནི་ཡང་དག་དང་འཁོར་ལོ་སྡོམ་པ་ལྟ་བུའོ། །བསྐྱེད་རྫོགས་ཟུང་འཇུག་དང་། ཁྱད་པར་རྫོགས་རིམ་དབང་བཞི་པའི་ཉམས་ལེན་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ། འོད་གསལ་རང་བྱུང་གི་ཡེ་ཤེས་མཆོག་ཏུ་མི་འགྱུར་བ་གཙོ་བོ་ཉམས་སུ་ལེན་ཞིང་། སྤྱོད་པ་གསུམ་གྱི་ཉེ་རྒྱུས་འབྲས་བུ་ཚེ་འདིར་བླ་ན་མེད་པ་ཐོབ་པར་མཛད་པ་དེ་མ་ཧཱ་རང་ལུགས་ཀྱི་གཉིས་མེད་རྒྱུད་དེ། བདེ་གསལ་མི་རྟོག་གསུམ་རྩལ་འདོན་གྱི་ཁྱད་པར་གྱིས་དེ་ལྟར་འཇོག་པ་སྟེ། དཔེར་ན་རྩ་རྒྱུད་སྒྱུ་འཕྲུལ་དྲྭ་བ་དེ་གཉིས་མེད་ཀྱི་རྒྱུད་དུ་བཞག་པ་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི། སྣང་བའི་ཆ་ཡེ་ནས་དག་པ་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། དེའི་སྟོང་ཆ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར། དེའི་དབྱིངས་རིག་སོ་སོ་མ་ཡིན་ཐ་མི་དད་པ་སྲས་བདེ་བ་ཆེན་པོའི་དཀྱིལ་འཁོར་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དག་མཉམ་བདེན་པ་ཆེན་པོར་ལྟ་བ། ཕྱི་སྤྲོས་བཅས་བསྐྱེད་རིམ་སོགས་ལ་མི་ལྟོས་པར་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པས་རགས་པའི་འགྱུར་བ་ཐམས་ཅད། འགྱུར་མེད་ཡེ་ཤེས་ཀྱི་དབུ་མའི་ཀློང་དུ་ཐིམ་པའི་ལྟ་བའི་ཐོག་ནས། སྒོམ་པ་དབང་བཞི་དང་འབྲེལ་བའི་ནང་ནས་གསང་དབང་དང་། ཤེར་དབང་གི་ཉམས་ལེན་རང་ལུས་དང་གཞན་ལུས་ཐབས་ལྡན་གྱི་རྣལ་འབྱོར་གཙོ་བོར་ལམ་དུ་བྱས་ནས། གོང་ལྟར་ལས་རླུང་དབུ་མའི་ནང་དུ་བསྟིམས་ནས་གཉུག་མ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་འདུས། སྤྱོད་པ་ཞུ་བདེའི་རྗེས་ཆགས་ཀྱི་ཉམས་ལེན་གཙོ་བོར་བཟུང་ནས། ཐབས་མཁས་ཟབ་མོའི་དབང་གིས་འབྲས་བུ་ཚེ་འདིར་འདུན་པ་སེམས་པ་ལ་སོགས་པ་ལམ་ལྔ་དང་། འགྱུར་བ་མ་ངེས་པ་ལ་སོགས་ས་བཅུ་གཅིག་པོ་ནང་གི་ཐབས་མཁས་ཀྱིས་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་འགྲུབ་པར་བྱེད་པའོ། །མན་ངག་ཨ་ཏི་ཡོ་གའམ་གཉིས་མེད་ཀྱི་རྒྱུད་སྡེ་ཨ་ཏི་ཡོ་ག་ནི། སེམས་ཀློང་མན་ངག་གི་རྒྱུད་སྡེ་ལ་བརྟེན་ནས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ངོ་བོ་ཀ་དག རང་བཞིན་ལྷུན་གྲུབ། དེ་ལྟ་བུའི་སྟོང་གསལ་དབྱེར་མེད་ཀྱི་ཆོས་ཉིད་དེའི་རྩལ་ལས་འཁོར་འདས་སྣ་ཚོགས་སུ་སྣང་བའི་ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པ་དེ་ཉིད། བསྐྱེད་རིམ་དང་མཚན་བཅས་རྫོགས་རིམ་གྱི་ཐབས་ལ་མི་ལྟོས་པར་དོན་རྒྱུད་འཕོ་བའི་བྱིན་རླབས་དང་སེམས་ཉིད་རང་ངོ་སྤྲོད་པའི་བླ་མའི་མན་ངག་ལ་བརྟེན་ནས། བསལ་བཞག་མེད་པའི་ཆོས་ཉིད་དེ་ཐད་ཀར་ངོས་ཟིན་པ་རིག་པ་འགྱུར་མེད་ཀྱི་ལྟ་བ་དེའི་ཐོག་ཏུ། སྒོམ་པ་ཡེ་བབ་སོར་བཞག་རང་བཞིན་འོད་ཀྱི་བསམ་གཏན་ལ་གནས་པའི་སྒོམ་མེད་ཡེངས་མེད་ཀྱི་ཐོག་ནས་རྣམ་རྟོག་རང་ཤར་རང་གྲོལ། རྩོལ་སྒྲུབ་མི་དགོས་པར་ཐམས་ཅད་རིག་པའི་དབྱིངས་སུ་སྦྱར་ནས། སྤྱོད་པ་སྤང་བླང་དགག་སྒྲུབ་དང་བྲལ་བས། འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་མ་བཙལ་རིག་པའི་གཞི་ལ་རྫོགས་པ་ཇི་བཞིན་པར་མངོན་དུ་གྱུར་པའོ། །ཁྱད་པར་མན་ངག་སྡེའི་སྐབས་སུ། ཅོག་བཞག་བཞི་དང་། མི་གཡོ་གསུམ་ལྡན་གྱིས་ཁྲེགས་ཆོད་ཀྱི་ལྟ་སྒོམ་གྱི་གནད་དང་མི་འབྲལ་བས། སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་གནད་ལ་བསྣུན་ནས་རིག་གདངས་རྩོལ་མེད་མངོན་སུམ་དུ་སྣང་བས། སྣང་བཞི་མཐར་ཕྱིན་ནས་གདོས་བཅས་ཀྱི་ལུས་འོད་གསལ་གྱི་དབྱིངས་སུ་དེངས་ཏེ་གདོད་མའི་དབྱིངས་སུ་སངས་རྒྱས་པར་འགྱུར་བ་སྟེ། དེ་ལྟ་བུའི་རྒྱུད་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་སྟེ་ཡོ་ག་རྣམ་པ་གསུམ་གྱི་ཚིག་བརྒྱུད་ལུང་གི་བརྒྱུད་པར་མ་ཟད་དོན་བརྒྱུད་བྱིན་རླབས་ཀྱི་བདག་པོ་བི་མ་ལ་སྟེ། བི་མ་ལ་མི་ཏྲ་འདི་རྒྱ་གར་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན། འཕགས་བོད་ཀུན་ན་རླུང་ལྟར་གྲགས་པ། སློབ་དཔོན་ཛྙཱ་ན་སུ་ཏྲའི་འདས་རྗེས་བཞག་ཐབས་བཞི་བ་བབས་པས་དགོངས་པ་དབྱེར་མེད་དུ་གྱུར་པ། འཕོ་ཆེན་འོད་ལུས་དྭངས་མའི་སྐུར་བརྙེས་ཏེ་བསྐལ་པ་མ་ཞིག་འཁོར་བ་མ་སྟོང་གྱི་བར་དུ་སྐུ་ལུས་དེས་འགྲོ་དོན་མཛད་པའི་རྫོགས་པ་ཆེན་པོའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོ་དེ་ཉིད་དང་། ལོ་ཆེན་བེེ་རོ་ཙཱ་ན་ནི། མཚན་ལ་ལོ་ཙཱ་བཏགས་ཀྱང་དོན་ལ་པཎྜི་ཏ་ཆེན་པོ། བེེ་རོ་ཙ་ན་འདྲ་བའི་ལོ་ཙཱ་བ། །སྔར་ཡང་མ་བྱོན་ཕྱིས་ཀྱང་འབྱོན་རེ་ཀན། །མ་འོངས་རྒྱ་གར་འཕྲལ་སྐད་ཤེས་ཙམ་ལ། །ལོ་ཙཱར་བཞེད་སྲིད་བེེ་རོའི་ཆར་མི་ཉེ། །ལོ་ཙཱ་བཏགས་ཀྱང་དོན་ལ་པཎྜི་ཏ། །འདི་ཡི་ཆོས་དྲིན་ཡོད་དོ་ཕྱི་རབས་རྣམས། །ཞེས་དང་། བེེ་རོ་རང་ཉིད་ཀྱིས་ཀྱང་། བདག་ནི་ལོ་ཙཱ་བཻ་རོ་ཙ་ན་སྟེ། །དམིགས་མེད་མཁའ་ལྟར་དག་པ་ཆོས་ཀྱི་དབྱིངས། །བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས། །ཡ་མཚན་རྨད་བྱུང་བདག་གི་ལུས་འདི་རྙེད། །ལ་སོགས་པ་གསུངས་པ་ལྟར་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་རྣམ་སྣང་ལོ་ཙཱ་བ་སྟེ། རྗེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། འབངས་ལོ་ཆེན་བེེ་རོ་ཙ་ན། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏེ་ལས་ཅན་རྗེ་འབངས་གྲོགས་གསུམ། སྐལ་ལྡན་སྙིང་གི་བུ་དགུ་སོགས་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སོགས་གསུངས་པས། དེ་ཡན་ཆད་ཀྱིས་རིང་བརྒྱུད་བཀའ་མའི་བརྒྱུད་པ་གཙོ་བོ་བསྟན། འདི་མན་ཆད་ཀྱིས་ཉེ་བརྒྱུད་གཏེར་གྱི་བརྒྱུད་པ་གཙོ་བོ་བསྟན་ཏེ། འབྱུང་བ་ལྔའི་ཀློང་ལྔ་ཟབ་གཏེར་གྱི་མི་ཟད་པའི་མཛོད་ཡིན་པས་ན་ཀློང་ལྔའི་མཛོད་དེ། སྣོད་བཅུད་ཡེ་ནས་དག་པ་ས་སངས་རྒྱས་སྤྱན་མ་དང་། ཆུ་མ་མ་ཀི མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་ལས་མ་འདས་པ་ཞིག་ཡིན་ན། སྔོན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བཀའ་བབ་སྙིང་གི་བུ་དགུ་སོགས་ལ་སྨོན་ལམ་གཏད་རྒྱ་བྱས། དབང་བསྐུར་མངའ་གསོལ་ཏེ་དུས་ཐ་མའི་འགྲོ་བ་འདུལ་བར་བྱིན་གྱིས་བརླབས། འབྱུང་ལྔའི་ཀློང་ཆེན་པོ་ལྔའི་དབྱིངས་སུ་གཏེར་དུ་སྦས། གཏེར་བདག་མཁའ་འགྲོ་བཅུ་གསུམ་ལ་གཏད། མ་འོངས་ལས་ཅན་གྱི་བུ་དང་འཕྲད་པར་ཤོག་ཅེས་གསུངས་ནས། གཏེར་རྒྱ། གཏད་རྒྱ་ལ་སོགས་རྒྱ་རིམ་པ་དགུ་དང་བཅུ་གསུམ་སོགས་ཀྱིས་བཏབ་ནས་བཞག་པ་ཉིད། སྨོན་ལམ་དུས་བབ་ཀྱི་དབང་གིས་བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ལ་སོགས་པ་བརྒྱུད་པ་དྲུག་ལྡན་གྱི་ཐོག་ནས་གཏེར་སྟོན་སྤྲུལ་སྐུ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་ཟབ་གཏེར་ལ་སོགས་པའི་གཏེར་ནས་སྤྱན་དྲངས་ཏེ། རྫས་གཏེར་དང་། ཆོས་གཏེར། ཤར་གཏེར་སྨིན་པ་འབྲས་བུའི་སྐོར། ལྷོ་གཏེར་འདྲིལ་བ་སྡོང་པོའི་སྐོར། ནུབ་གཏེར་གསལ་བ་མེ་ཏོག་གི་སྐོར། བྱང་གཏེར་རྒྱས་པ་ཡལ་འདབ་ཀྱི་སྐོར། དབུས་གཏེར་གྲུབ་པ་རྩ་བའི་སྐོར་སོགས་མང་ངོ་། །ཟབ་མོའི་གདམས་པ་ཇི་སྙེད་པ། །བཀའ་བཞིས་གདབ་ནས་གཏེར་དུ་སྦས། །དུས་རྟགས་གདུལ་བྱ་འཛོམས་པ་ན། །རིམ་བཞིན་བཏོན་ནས་དོན་བྱེད་པ། །སྨོན་ལམ་གཏད་རྒྱའི་གཏེར་དུ་སྦས། །ཞེས་དང་། གུ་རུ་ཉིད་ཀྱི་གཏེར་ལུང་དུ་གསལ་བ། ཡུལ་ཆེན་རེ་ལ་གཏེར་ཆེན་རེ། །ཡུལ་གྲུ་རེ་ལ་གཏེར་ཕྲན་རེ། །དེ་ཡང་ཨོ་རྒྱན་རྗེ་ཚབ་ཡིན། །ཞེས་གསུངས་པ་ལྟར་གཏེར་ཆེན་བརྒྱ་དང་རྩ་བརྒྱད་དང་། གཏེར་ཕྲན་སྟོང་དང་རྩ་གཉིས་ལ་སོགས་པའི་གཏེར་ཆོས་དང་། ཁྱད་པར་དུ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཇི་སྙེད་པར་འཛིན་པའི་གཏེར་སྟོན་སྤྲུལ་སྐུ་བརྒྱུད་པའི་བླ་མ་ཐམས་ཅད་ལ་སྙིང་ནས་གུས་པས་འདུད་དོ་ཞེས་སོ། །ཚིགས་བཅད་འདིའི་དངོས་བསྟན་གཙོ་བོ་ཆོས་དཀོན་མཆོག་སྟེ། བཀའ་གཏེར་གྱི་ཆོས་བཀའ་རབ་འབྱམས་ཇི་སྙེད་པ་ལ་མཆོད་པ་བརྗོད་པའམ། ཡང་ན་ཚིགས་བཅད་དང་པོ་རྐང་གཉིས་གཙོ་བོ་སོགས་ཀྱིས་མདོ་དང་། ཚིགས་བཅད་གཉིས་པ་གསང་བདག་དཔའ་བོ་སོགས་ཀྱིས་སྔགས། གཉིས་ཀས་ཐུན་མོང་དུ་དེ་འཛིན་གྱི་དགེ་འདུན་དཀོན་མཆོག་ལ་མཆོད་པར་བརྗོད་པ་བསྟན་ཏོ། །དེ་ནས་རྒྱལ་བ་གཉིས་པ་ཀློང་ཆེན་རབ་འབྱམས་ལ་དམིགས་ཀྱིས་བཀར་ནས་མཆོད་པར་བརྗོད་པ་ནི། རྗོད་བྱེད་གསུང་རབ་ཡན་ལག་བཅུ་གཉིས་དང་། །བརྗོད་དོན་རང་བཞིན་མེད་པའི་སྟོང་པ་ཉིད། །ཐུབ་པའི་ལུང་རྟོགས་བསྟན་པ་གངས་ཅན་འདིར། །གསལ་མཁས་ཀུན་མཁྱེན་ངག་གི་དབང་པོར་ངེས། །གང་རྗོད་པར་བྱེད་པ་གསུང་རབ་ཡན་ལག་བཅུ་གཉིས། དེའང་རྒྱལ་བས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་མམ་བཞིར་བསྐོར་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་རྣམས་ཚུར་བསྡུ་ན། མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིག་སུ་བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང་། །སྐྱེས་རབས་རྒྱས་དང་རྨད་བྱུང་གཏན་ལ་དབབ། །ཅེས་དེ་ལྟ་བུའི་གསུང་རབ་ཡན་ལག་བཅུ་གཉིས་དང་། དེའང་བསྡུ་ན་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ་གྱི་ཁོངས་སུ་འདུས་པ་དེ་དང་། བརྗོད་དོན་དངོས་བརྒྱུད་གང་རུང་གི་སྒོ་ནས་སྣང་བཏགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པར་མེད་པས་བདག་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད། སྐྱེ་འགག་གནས་གསུམ་དང་བྲལ་བར་གཏན་ལ་ཕབ་ཅིང་རྟོགས་པའི་རིམ་པའི་རྣམ་པར་བཞག་པ་སྟེ། ཐུབ་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་གངས་ཅན་བསིལ་བའི་ལྗོངས་འདིར་མཁའ་ལ་ཉི་མ་ཤར་བ་ལྟར་གསལ་བར་མཛད་མཁས་པ་ནི་ཀུན་མཁྱེན་ངག་གི་དབང་པོ་ཉིད་ངེས་ཞེས་གསུངས། ཀུན་མཁྱེན་ཆེན་པོ་ལ་ཨོ་རྒྱན་ཆེན་པོས་དྲི་མེད་འོད་ཟེར་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྡོ་རྗེ་གཟི་བརྗིད་རྩལ་ཞེས་མཚན་གསོལ་བ་དང་། ཨ་ཏི་བཀོད་པ་ཆེན་པོ་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། དེ་འོག་བློ་གྲོས་མཆོག་གིས་འཛིན། །ཞེས་རྡོ་རྗེ་འཆང་གི་ལུང་གིས་ཟིན་པ་དང་། བཀའ་ཆེམས་ཀ་ཁོལ་མ་རུ། བློ་གྲོས་མིང་ཅན་ཐོགས་མེད་བྱ་བཞིན་རྒྱུ། །ཞེས་དང། ཆེད་དུ་བརྗོད་པའི་བསྟོད་པ་ནི། ཁྲོམ་ནས་ཆོས་བཤད་གངྒཱའི་ཆུ་རྒྱུན་འདྲ། །རིག་གྲྭར་རྩོད་དུས་འབྲུག་སྒྲ་སྒྲོག་པ་འདྲ། །བསྟན་བཅོས་རྩོམ་དུས་རི་གཟར་འབབ་ཆུ་འདྲ། །མཉམ་པར་འཇོག་དུས་རྣལ་འབྱོར་མངོན་སུམ་འདྲ། །ཞེས་དང་། ཇི་ལྟར་མཚན་མོ་དྭངས་པའི་ནམ་མཁའ་ལས། །རི་བོང་འཛིན་པ་ཤར་བས་ཀུ་མུ་ཏ། །དགོད་པ་བཞིན་དུ་ཁ་བྱེ་ལྷག་གེར་གསལ། །ཞར་ལ་རྒྱུ་སྐར་ཚོགས་རྣམས་དམན་པར་གྱུར། །སྙིགས་མའི་དུས་འདིར་འཇམ་དབྱངས་སྤྲུལ་པ་མཆོག །ཀུན་མཁྱེན་བྱོན་པས་སྐལ་བ་མཆོག་ཏུ་རྒྱལ། །ཞེས་སོགས་བསྟོད་ཡོད་པ་བཞིན། གསང་ཆེན་ཐེག་རྩེའི་བསྟན་པའི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་དབང་བསྒྱུར་བ་གངས་རིའི་ལྗོངས་ཀྱི་དགའ་རབ་དཔའ་བོ་གཉིས་པ། གཞན་གྱི་དྲིང་ལ་མི་འཇོག་པ་གཅིག་པུ། དགོངས་པའི་ཀློང་ལས་ཟབ་མོའི་ཆོས་གཏེར་རྡོལ་བའི་གཏེར་སྟོན་བརྒྱ་རྩའི་ཏོག་ལྟ་བུ། སྐུ་ལུས་མི་གཟུགས་སུ་བྱོན་ཀྱང་དགོངས་པ་སངས་རྒྱས་དང་མཉམ་པ། སྙིགས་མའི་དུས་འདིར་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པས། སྐབས་འདིར་དམིགས་ཀྱིས་བཀར་ནས་མཆོད་པར་བརྗོད་པའོ།།

བཞི་བ་རྩོམ་པར་དམ་བཅའ་བ།

དང་པོ་ཐེག་རྩེའི་ཆོས་ཀྱི་ཁྱད་ཆོས་བསྟན་པ།

ད་ནི་རྩོམ་པར་དམ་བཅའ་བ་ལའང་། ཐེག་རྩེ་རྫོགས་པ་ཆེན་པོའི་ཁྱད་ཆོས་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་བདུན་པའི་རྩོམ་པར་དམ་བཅའ་བ་དངོས་བསྟན་པ་གཉིས་ལས། དང་པོ་ནི། མདོ་སྔགས་ཆོས་རྣམས་བསྟན་པ་ཡོངས་རྫོགས་སུ། །སྟན་ཐོག་གཅིག་གིས་གོ་ན་བསྟན་པའི་མཐར། །བྱ་རྩོལ་མེད་པ་ཆོས་སྐུའི་དགོངས་པ་ལ། །སྦྱོར་བ་རྫོགས་པ་ཆེན་པོའི་ཁྱད་ནོར་ཡིན། །ཞེས་མདོ་སྔགས་ཆོས་རྣམས་ཞེས་པ་ཐུབ་དབང་སྤྲུལ་སྐུའི་ཆ་ལུགས་ཀྱིས་བསྟན་པའི་སྤྲུལ་སྐུའི་བསྟན་པ་མདོ་ཡི་ཆོས་དང་། ལོངས་སྐུའི་བསྟན་པ་བསྐྱེད་རྫོགས་དང་། ཆོས་སྐུའི་བསྟན་པ་བརྡ་ཐབས་ཀྱི་ཡུལ་ལས་འདས་པའི་དོན་བསྟན་པ་སྔགས་ཀྱི་ཆོས་ཏེ་དེ་ལྟ་བུའི་མདོ་སྔགས་ཀྱི་ཆོས་རྣམས་ཏེ། མདོར་ན་བསྟན་པ་ཡོངས་སུ་རྫོགས་པ་ཆ་ཚང་དོན་རྒྱས་པར་མྱུར་ལམ་འགལ་མེད་སྟན་ཐོག་གཅིག་གམ་ཆོས་ཚུལ་གཅིག་གིས་གོ་ན་ཚང་ཞིང་མ་འདྲེས་པར་བསྟན་པའི་མཐར། ཀུན་ཀྱང་བྱ་རྩོལ་མེད་པར་ཆོས་སྐུའི་དགོངས་པ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་བཟླུམས་ཤིང་སྦྱོར་བར་བྱེད་པ་རྫོགས་པ་ཆེན་པོའི་ཆོས་འདིའི་ཁྱད་ཆོས་ཀྱི་ནོར་བུ་ཡིན་ཏེ། འཇམ་དཔལ་རྒྱུ་དྲྭ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུ་གནས། །ཞེས་གསུངས་པ་ལྟར། ཉན་རང་བྱང་སེམས་ཀྲི་ཡོག་ཐེག་པ་སོ་སོའི་རང་རང་གི་མི་མཐུན་ཕྱོགས་ལས་ངེས་པར་འབྱུང་བའི་འབྲས་བུ་རེ་ཐོབ་ཀྱང་། མཐར་ཐུག་གི་འབྲས་བུ་ཐོབ་པ་ལ་ད་དུང་སྔགས་བླ་མེད་ལ་མ་ཞུགས་པར་མི་ཐོབ་ལ། དེས་ན་ཐེག་རྩེ་ཨ་ཏི་ཡོ་ག་རྫོགས་ཆེན་འབྲས་བུའི་ཐེག་པ་འདིའི་ཁྱད་ཆོས་གཞན་དང་མི་འདྲ་བ་ལྷག་པར་གསལ་བ་བསྟན་པའོ། །

གཉིས་པ་རྩོམ་པར་དམ་བཅའ་བ་དངོས།

དེ་ཕྱིར་དེ་ཡི་འཁྲིད་ཚུལ་རབ་འབྱམས་ཀྱི། །ཐུན་མོང་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན། །རྒྱས་བསྡུས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བར། །ཚད་མ་གསུམ་གྱི་གཉེར་ཁས་བཤད་པར་བྱ། །རྒྱུ་མཚན་དེའི་ཕྱིར་རྫོགས་པ་ཆེན་པོ་དེ་ཡང་གདུལ་བྱའི་དབང་པོ་རྣོ་རྟུལ་གྱི་ཁྱད་པར་གྱིས། དེའི་འཁྲིད་ཚུལ་ཡང་དེ་དང་འཚམ་པར་སྣ་ཚོགས་པ་མི་འདྲ་བ་རབ་འབྱམས་མཐའ་ཡས་པར་ཡོད་པ་ཐམས་ཅད་ཀྱི་ཐུན་མོང་གི་སྔོན་འགྲོ་སྟེ། སྐྱེས་བུ་ཆུང་འབྲིང་ཐུན་མོང་གི་ལམ། བློ་དང་འཚམ་པར་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་འདི་ཉིད། རྒྱས་བསྡུས་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བ་སྟེ། ཧ་ཅང་རྒྱས་ཆེ་བས་བློ་ཆུང་གི་བློར་མི་ཤོང་བ་དང་། ཧ་ཅང་བསྡུས་ཆེ་བས་དོན་མ་འདུས་པ་དེ་ལྟ་བུའི་གཉིས་ཀའི་ཕྱོགས་སམ་མཐའ་གཉིས་སུ་མ་ལྷུང་བར། མངོན་སུམ་རྗེས་དཔག་སོགས་ཀྱི་ཚད་མ་གསུམ་མམ་ལུང་རིགས་མན་ངག་གི་ཚད་མ་གསུམ་གྱིས་གཉེར་ཁ་དང་མ་བྲལ་བའི་སྒོ་ནས་བཤད་པར་བྱའོ་ཞེས་རྩོམ་པར་དམ་བཅས། རྩོམ་པར་དམ་བཅའ་བའི་དགོས་པ་ནི། དམ་པས་ཁས་འཆེ་མང་པོ་མི་བྱ་ཞིང་། །གལ་ཏེ་བཀའ་ལས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རྩོམ་ལྡོག་གི་ཉེས་པ་མི་འབྱུང་བའི་ཆེད་དང་། རྩོམ་པ་མཐར་ཕྱིན་པའི་དགོས་པ་དང་ལྡན་པར་མ་ཟད། བསྟན་པ་འཛིན་བསྲུང་སྤེལ་བའི་ཆེད་དུ་འཆད་རྩོད་རྩོམ་པའི་མཁས་པའི་བགྱི་བ་རྣམ་གསུམ་གང་བྱེད་ན། ཐོག་མར་དབུ་བརྩམས་ཏེ་ཁས་བླངས་པ་ཙམ་ལའང་བསོད་ནམས་ཆེན་པོ་ཡོད་པས་ན་དེ་ལྟ་བུའི་རྩོམ་པར་དམ་བཅའ་བ་མཛད་པ་རེད། དེ་ཡན་ཆོད་ཀྱིས་བཤད་བྱའི་ཡན་ལག་བཤད་པ་སོང་ནས། འཆད་བྱ་དངོས་བཤད་པ་ནི་སང་ཉིན་ནས་འཆད་རྒྱུ་ཡིན། རང་རེའི་ཁྲིད་འདི་ཁྲིད་སྦྱོང་དང་སྦྲག་མར་བྱས་ནས་ཚད་ལྡན་དུ་ལག་ཁྲིད་བྱེད་རྩིས་ཡིན་ལ། འུ་ཅག་ལོ་ཆེ་ཆུང་དང་ཁ་རྒན་གཞོན་སུ་ཡིན་ཡང་མི་ཚེའི་དུས་ཚོད་ཟེར་བ་ནི་རིན་ཐང་ཅན་ཞིག་ཡིན། འདི་ཁོ་རང་སྔོན་ལས་ཀྱིས་ཅི་ཙམ་བསྐོས་ཡོད་ན་དེའི་ཕན་ལ་མཐོ་གང་དང་སོར་གང་ཇེ་རིང་དུ་བསྣན་མི་ཐུབ། རྒྱུ་ཡོད་པར་མ་ཟད་དབང་ཡོད་པ། དབང་ཡོད་པར་མ་ཟད་ཅི་འདྲའི་དྲན་རྒྱུ་དང་བློ་སྣ་རྒོད་པོ་ཞིག་ཡིན་ནའང་། ཚད་དེའི་ཐོག་ནས་ཁ་ཕྱི་ལ་མི་འཁོར་བར་འགྲོ་རན། སྡུག་བདེན་གྱི་ཕུང་པོ་ཁོ་འཇིག་རན་དུས་དེ་འདྲའི་བཀའ་བཙན་པོ་ཡིན། དེས་ན་ད་རེས་མི་ནུས་ཀྱང་རྗེས་མར་སྒྲུབ་བསམ་རྒྱུའི་ཆག་འཆར་གཞི་ཕར་བཞག་ཀྱང་ཆོས་སྒྲུབ་ལོང་བྱེད་ལོང་སྟེར་བ་མ་རེད། དུས་ཚོད་ཅེས་པ་ཚེ་སྲོག་དང་འབྲེལ་ནས་ཡོད་པ་དེ་འདྲའི་རྩ་ཆེན་ཞིག་ཡིན་པས། དེས་ན་ཆོས་ཞུས་ན་ཞུ་ནི་འདྲ། སྦྱོང་ན་སྦྱོང་ནི་འདྲ། ཤེས་ཤག་ཤག་ལོབ་ཤག་ཤག འདི་འདྲ་ཡིན་སོང་། འདི་དགོས་ཐལ། ང་ལ་འདི་ཡོད་བསམ་རྒྱུ་ཞིག་ཡོད་དགོས་པ་རེད་མ་གཏོགས་ད་སྔར་ཆོས་གྲལ་ལ་སོང་ཡང་། སོང་མྱོང་མོད་གོ་མ་བྱུང་ཟེར་ན། བོད་ཀྱིས་བོད་ལ་བོད་སྐད་ཀྱི་ཐོག་ནས་བཤད་ན་གོ་ངེས་མོད། གོ་བྱུང་ཟེར་ན་འགག་ལ་ཐུག་དུས་བེད་སྤྱོད་གཏོང་ཆོག་པ་ཞིག་ཤེས་མེད་ན་མི་རྗེས་ཁྱི་དེད་ཀྱི་ཞད་ཡོད་པ་རེད། ད་སྔར་མ་སོང་ཅི་སོང་། ན་ཚོད་ཡར་བསགས་ཚོ་ལ་བལྟས་ན་རྐང་ལག་ལྷུ་ཚིགས་ཟད་དེ་མ་འདང་བས། ནད་ན་ཚས་གཟུང་བ་ལ་མ་ཐུག་གི་བར་དུ་སོང་བ་རེད། ད་སྔར་མ་བཤད་ཅི་བཤད། མཚན་གྱི་གཉིད་ཐུན་ཙམ་མ་གཏོགས་ཚང་མར་བཤད་པ་ཡིན། ད་སྔར་མ་ལས་ཅི་ལས། འདི་མ་ལས་བསམ་རྒྱུ་མེད་པ་ཞིག་ལས་ལས་ན། རིག་རྒྱུ་མེད་པའི་ཡུལ་དུ་འགྲོ་རན་ཁའི་གྲོ་རྟེན་ཅི་ཡོད་ཀྱི་དེ་འདྲའི་འདང་རེ་རྒྱག་ན། ད་ལྟ་རང་དབང་རང་ལག་ལ་ཡོད། ལུས་འབྱུང་བ་མི་བདེ་ཟེར་ན་བདེ་མོ་རེད། ཡུན་དུ་བསྡད་ན་ཇེ་སྡུག་ཏུ་འགྲོ་ན་མ་གཏོགས་ཇེ་དགར་འགྲོ་བ་མ་རེད། ད་ལྟ་ད་རུང་བལྟས་ན་རིག ཉན་ན་གོ དཔྱད་ན་ཤེས་པའི་སྐབས་འདིར་རང་གཞན་བར་གསུམ་གྱིས་ཟླ་བ་གཅིག་གི་དུས་ཚོད་དེ་འཕྲོ་བརླག་ཏུ་མི་ཤོར་བར་བྱ་བ་གལ་ཆེ། ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་ན་མི་ཚེའི་ནང་ནས་ལོ་གསར་ཐེངས་མང་པོ་སོང་ཡང་། ད་རེས་ཟླ་བ་འདི་ཚེ་གཅིག་ལ་མི་བརྗེད་པའི་ཟླ་བ་གཅིག ཚེ་ཕྱི་མའི་ཡུལ་དུ་འགྲོ་ན་འགྲོ་རྟེན་ཡོད་པའི་ཟླ་བ། གསོན་འདི་ལ་བསྡད་ན་སེམས་གཏད་ས། བློ་ཁེལ་ས། སྐྱིད་ན་གོང་ནོན། སྡུག་ན་སྐྱོ་གྲོགས་བྱ་རྒྱུའི་ཆེད་དུ་ཕན་ངེས་གྱི་དོན་ཞིག་གཉེར་རྒྱུའི་དོན་དུ་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དྲིལ་ཏེ་ཆོས་ལམ་དུ་འཇོག་དགོས། ད་སྔར་ཉི་མ་ཡན་ཆད་ཆོས་ལ་དད་པ་ཡོད། དཀོན་མཆོག་ལ་བློ་ལོག་མ་མྱོང་། ད་དུང་ཡང་དེ་ཡིན། ད་ཕྱག་འཚལ་རྒྱུ་དང་སྐོར་བ་བསྐོར་རྒྱུ་ཞིག་ཡིན་ན་དེ་ཅི་ནུས་ཅི་ལྕོགས་ཀྱིས་བྱེད་ནུས་ཀྱང་། འདོན་རྒྱུ་ཞིག་ཡིན་ན་སེམས་དེའི་ཐོག་འདུག་ཟེར་བ་དཀའ་མོ་རེད་མ་གཏོགས་ཁ་གྲངས་བྱེ་ཆེན་བྱེ་ཆུང་རེ་སོག་རྒྱུ་རེད། དེ་ཕན་ཆད་ཆོས་ཟེར་བ་བོ་གཅིག་ན་མི་གོ་ཞིང་། གཉིས་ན་སྒོམ་རྒྱག་ཟེར་ན་དེ་བས་མི་ཤེས། མིག་གིས་བལྟས་ན་ཁྲ་ལམ་མེ། བཙུམ་ན་ནག་འཐུམ་མེར་འགྲོ་བས། དེ་རང་མགོ་རང་གིས་གཡོག་པ་རེད་མ་བསམ། ཕྱག་སྐོར་བ་བྱེད་པ་བཟང་ཞིང་། འདོན་བཟླས་བརྗོད་བྱེད་ན་ལེགས་མོད། དེ་གཉིས་ལུས་ངག་གི་ལས་ཀ་ཞིག་རེད། ལུས་ངག་གཉིས་གཡོག་པོ་དང་སེམས་དཔོན་པོ་ཡིན་ཞེས། རང་རེས་དུས་རྒྱུན་དུ་ཟེར་མོད། གཡོག་པོའི་ལས་ཀ་ཆོད་ཆུང་དཔོན་པོའི་ལས་ཀ་ཆོད་ཆེ། གཡོག་པོ་ཞིག་ཉི་མ་བརྒྱར་རྒྱུག་པ་ལས་དཔོན་ཆེན་པོ་ཞིག་གིས་སྐད་ཆ་ཚིག་གཅིག་གིས་ཆོད་ཆེ། དཔེ་དེ་ལྟ་བུ་ལུས་ངག་གི་དགེ་བ་གཉིས་ལས་སེམས་ཀྱི་དགེ་བ་ཆོད་ཆེ་སྟེ། སེམས་ཕྱིན་ཅི་ལོག་ཏུ་སོང་ན་ལུས་ངག་གིས་དཀའ་ལས་རྒྱག་གིན་འདུག་པ་ནི་དགེ་སྡིག་གང་གི་གྲལ་དུ་འགྲོ་ཅི་ཤེས། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །སོགས་གསུངས་པ་རེད། དེ་ཡིན་ན་སཙྪ་གཅིག་གི་དབུ་ཐོག་ཏུ་མི་གཅིག་གིས་ལྷམ་ཐེད་བཀབ། གཅིག་གིས་དེ་ཕར་བསལ་བས་གཉིས་ཀ་བསམ་པ་དག་པས་དགེ་བར་འགྱུར་བ་ལྟར་རེད། བསམ་པ་མ་དག་ན་ཆོས་ཀྱི་གཟུགས་བརྙན་ཆེན་པོ་བྱས་ཀྱང་ཕན་ཐོགས་མེད་དེ། ལེགས་སྨོན་དང་འཇིགས་སྐྱོབ་ཀྱིས་ཆོས་གོ་མི་ཆོད་གསུངས་ཡོད། དེས་ན་ད་རེས་ཀྱི་ཆོས་ཁྲིད་འདིའི་སྐབས་འདོན་རྒྱུའང་ཡོད་ཀྱང་གཙོ་བོ་སྒོམ་རྒྱུ་ཡིན། སྒོམ་ཤེས་ངེས་ཏེ་སྒོམ་ཅི་ལ་མི་ཤེས། ཚེ་མི་རྟག་པ་སྒོམ་དགོས། ང་ད་ཤི་འགྲོ་བཞིན་ཡོད། སང་ཉིན་གྱི་ཉི་མ་ངའི་མགོ་ཐོག་ལ་འཆར་རྒྱུ་མེད་པར། གཉེན་ཉེ་བཟའ་ཚང་གཅེས་པ་སྙིང་འདྲ་བ་དེ་ཚང་མ་ད་ནས་བཙན་བྲལ་བྱས་ཏེ་ཐུག་རྒྱུ་མེད་ལུགས་དེ་ཚོ་སེམས་ཐོག་ལ་བླངས། ལུས་ཐོག་ལ་ད་སྨིན་ཡོད་པར་འདང་བརྒྱབ་ནས་དེ་སྒོམས། ཡང་མིན་ན་ངའི་ཨ་ཕ་དྲིན་ཆེན་དང་ཨ་མ་ལོ་ལོ། སྤུན་ཡ་འདང་ཆེན་ཤ་ཉེ་སྲོག་འདྲ་འདྲ། མིང་པོ་གཅེས་པོ། སྲིང་མོ་འདང་ཆེན་མ་སོགས་ཤི་སོང་བ་རྣམས་ཞེ་ཐོག་ལོངས་དང་། དེ་རྣམས་ཤི་བའི་སྐྲག་སྔངས། བར་དོའི་འཇིགས་སྐྲག་ལ་བསམ་བློ་བཏང་ན། མིག་མཐར་མཆི་མ་འཁོར་རྒྱུ་མེད་དམ། དེ་ཚོ་ཤི་ནས་བདེ་འགྲོ་ཐོབ་ཡོད་མེད་ཨེ་ཤེས། མེད་ན་ཤ་ཚ་ཨེ་ཡོད། ཉེ་སྔོན་རྒྱ་ཧུ་ཧུའི་ལག་ན་འཇོག་རྒྱུའི་སྐེ་དམར་ཤར་རེ་བསད་པའི་སྒོ་ཁའི་གཡག་རྒན་འབྲི་རྒན་ཚང་མ་གནའ་ངའི་ཕ་བླ་བདེ་དེའི་སྐྱེ་བ་ཡིན་པའི་བསམ་བློ་བཏང་ན་ཅི་འདྲ་རེད། དེ་མིན་ན་དེ་ཚོ་རང་ཡིན་པར་བྱས་ན་ཅི་འདྲ་རེད། དེ་ལྟར་འཁོར་བའི་སྡུག་བསྔལ་དང་དེའི་ལས་རྒྱུ་འབྲས་སྒོམ་དགོས། མི་ཤེས་རྒྱུ་ཞིག་མེད། ཤེས་ཤག་ཤག་ངས་སློབ། ཨེ་ཤེས་ཨེ་ལྟ་ཁྱོད་ཚོས་ཤེས། མདོར་ན་ཁྲིད་མགོ་རྔ་ཚང་མ་ཞུས་པ་ཐམས་ཅད་ལ་ད་རེས་ཆོས་ཞུས་པའི་འབྲས་བུ་འདི་ཐོབ་བྱུང་ཞེས་ཟེར་རྒྱུ་ཞིག་ཡོད་ངེས་བྱེད་དགོས། དེ་ཡང་ཕྱེད་ཆོས་དང་བླ་མ་ལ་རག་ལས་པ་དང་། ཕྱེད་རང་གི་བརྩོན་འགྲུས་ལ་ཐུག་ཡོད་རེད། ཡང་འཁོར་བ་པ་རེད། འཁོར་བ་པ་ནི་སོ་སྐྱེས་ཐམས་ཅད་ཡིན་ཡང་། སྐྱེ་བོ་ཁྱིམ་ནག་པ་ཁ་གསོ་རྒྱབ་འགེབས་ཀྱིས་བྲེལ་བ་ཚང་མ་དང་། ཁྱད་པར་དུ་བུད་མེད་ནུས་མེད་ཉམ་ཆུང་ཚང་མས་ཀྱང་རེས་བསྐོར་ནས་ཆོས་འབྲེལ་རེ་འཇོག་བསམ་ནའང་ཆོག་རྒྱུར་བྱེད་པ་ཁ་སང་ནས་བཤད་པ་ཡིན། ཆོས་ཚིག་རེ་གོ་ནའང་ཕན་ཡོན་ཆེ། དེའི་རྗེས་སུ་དུས་ཚོད་ལྟར་རང་རེས་ཁྲིད་སྦྱོང་བྱ་དགོས་པས། དེ་ལུགས་ཁྲིད་སྦྱོང་བྱེད་ཚུལ་ལ་བསམ་བློ་གཏོང་དགོས། དེ་རིང་དང་སང་ཉིན་གཉིས་ཀྱི་ཕྱི་དྲོ་དང་དགོང་མོར་གཞི་ཐོག་དང་པོ་དང་སྦྲེལ་ཏེ་ཡིག་བརྒྱ་དང་། ཡིག་དྲུག་བསགས་ནས་རྫོགས་པ་ཆེན་པོའི་ཁྲིད་ཞུས་པའི་སྔོན་དུ་དམ་ཚིག་ཉམས་ཆགས་བཤགས་སྦྱོང་དང་དག་ཐབས་ཀྱི་འབད་པར་བྱེད་དགོས། ང་ནི་དམ་ལྡན་ཡིན་དམ་ཚིག་ཉམས་ཆགས་སོང་མེད་བསམ་རྒྱུ་ཡོད་པ་མ་རེད། ཟླས་ཉམས་དང་ཞོར་ཉམས་ལ་སོགས་པ་ཉམས་སྒྲིབ་གོས་སླ་ཞིང་། དེ་རིང་ཁ་སང་ནི་དམ་ཉམས་གསར་པ་མོད་པའི་དུས་ཚོད་རེད། དེ་མི་དར་བ་ཞིག་ཀྱང་མ་རེད། ཉིན་གྱི་ཁ་གཏད་སྲིབ་དང་། སྔ་དྲོའི་ཁ་གཏད་ཕྱི་དྲོ་རེད། ཆོས་ཟབ་ས་ན་ནག་པོའི་བདུད་རེ་ཡོད་དར་བ་རེད། དེའང་དམ་ཉམས་དང་དམ་ཚིག་གི་སེལ་ཟེར་བ་མིའི་ཁོག་ལ་འདྲེ་ཞུགས་ནས་ཆོས་དང་བསྟན་པ་ལ་སེལ་བྱེད་འོང་། དམ་ཚིག་ཉམས་ཆགས་ཀྱིས་བསྟན་པ་དང་བླ་མ་ལ་གནོད་མོད། གཙོ་བོ་རང་ལ་གནོད། དམ་ཚིག་ཉམས་ཆགས་སོང་ན་ཚོགས་དང་བསྐང་བ་སོགས་ཀྱིས་འཕྲལ་དུ་མ་བཤགས་ན། མི་འདོད་སྣ་དགུ་རང་ཐོག་ལ་ཡོང་ངེས་རེད། དེས་ན་ཆོས་པ་ཞིག་བྱས་ནས་རང་ལེགས་སུ་འདོད་པ་ཞིག་ཡིན་ན་རང་རྒྱུད་གཙང་མ་ཞིག་བྱས། སོར་བྱང་སྔགས་གསུམ་གྱི་ཤེལ་སྒོ་ཚད་ཞོར་ལ་ཧ་གོ་རྒྱུ་ཡོད། རང་གིས་རང་ལ་ཤེལ་སྒོ་ཚད་ཞོར་བྱེད་ན་རང་རྒྱུད་ངོས་ཟིན་འོང་། རང་ལེགས་པར་རང་མགུ་དུས་ཆོག་འདུག་ཡོད་རེད། དེ་ལ་ལྷ་དང་བླ་མས་དབྱིངས་ནས་མ་ཁྲེལ་ན་དེས་དོན་ལ་ཆོག་ཡོད་པ་རེད། དེས་ན་ཚང་མས་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་རྣམ་དག་རེ་གྱིས་དང་། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉམས་ཆགས་བྱང་ན་སྔར་མེད་ཀྱི་ཡོན་ཏན་གསར་པ་རྒྱུད་ལ་སྐྱེ་བར་ཕན་ཐོགས་ཆེན་པོ་ཡོད་ངེས་པ་དང་། རྐྱེན་བགེགས་བར་ཆད་སེལ་བྱེད་རིམ་འགྲོའང་དེ་མཆོག་ཏུ་གྱུར་པ་ཡིན། དགོང་མོར་ཁྲིད་སྦྱོང་གི་མཇུག་ཏུ་དགེ་འདུན་པས་གཅོད་ཚར་རེ་གཏོང་རྒྱུ་མི་ཆག་པ་དང་། དེའི་སྐབས་མི་སྐྱ་ཕོ་མོ་རྒན་གཞོན་ཚང་མ། ཁྱད་པར་དུ་སྲི་ངན་འཕྲོ་ངན་ཡོད་པ། ནད་པ་སྨན་གྱིས་ཕན་དཀའ་བ། རྒྱལ་འགོང་དང་དམ་སྲིའི་གནོད་པ་ཡོད་མཁན་རྣམས་གཅོད་དམིགས་ཀྱི་གྲལ་དུ་སྡོད་དང་བཟང་། ལན་གྲངས་མང་པོ་སྡོད་དང་དེ་བས་བཟང་། ཕྱི་དྲོའི་དུས་ཚོད་བཞི་པར་དགེ་འདུན་པས་གསོལ་ཀ་དང་རྒྱབ་ཆོག་གསུངས་པ་རེད། དེ་དུས་ཤི་གསོན་གཉིས་ཀའི་ཆེད་འདོན་བྱ་དང་བསྒྲུབ་བྱ་མ་འགྲུབ་པ་རེ་ཡོད་ན་རྒྱབ་ཆོག་གྱིས་དང་། སྤྱིར་དགེ་འདུན་པའི་བྱིན་རླབས་དང་། ཁྱད་པར་དུ་ད་རེས་དགོན་སྡེ་མང་པོའི་གསལ་གསལ་ཁྲིག་ཁྲིག་ཉམས་ལེན་པ་མཁན་སྤྲུལ་མང་པོས་དབུ་མཛད་པའི་འདུས་པ་འཛོམས་ཡོད་པས་ཆོད་གོ་ལྷག་པར་དུ་ཆེ། དེ་ཚོ་ཐུགས་ལ་ཞོག་ཟེར་རྒྱུ་དེ་ཡིན།


previousཉིན་དང་པོའི་ཆོས་ཁྲིད། next