Nitartha Digital Library
Tibetan
 
previousཉིན་གཉིས་པའི་ཆོས་ཁྲིད། next

ཉིན་གཉིས་པའི་ཆོས་ཁྲིད།

རང་རེ་འདི་ན་ཡོད་པ་ཚང་མ་སེམས་ཅན་སྤྱི་མཐུན་གྱི་སྡེ་རིས་མཐུན་པ་མིའི་ལུས་རྟེན་ལ་སྐྱེས། དེའི་ཐོག་ན་ལས་མཉམ་དུ་གསོག་སྟོབས་ཀྱིས་མོས་པ་ཆོས་ཕྱོགས་ལ་གཏོད་པ་ཤ་སྟག་ཡིན་པའི་དབང་དུ་གཏོང་ན། དེ་སྡེ་ཚན་མཐུན་པ་ཡིན་ནའང་གང་ཟག་སྒེར་ངོས་ལ་ཚེ་འདིའི་ཚེ་རིང་ཐུང་དང་། ལས་སྐྱིད་སྡུག་བསོད་ནམས་བསགས་ཚུལ་མི་འདྲ་ཞིང་། དེ་མི་འདྲ་བས་སྐྱེ་བ་ཕྱི་མ་རྣམ་སྨིན་མྱོང་རྒྱུ་ཡང་དེ་དང་མཐུན་པར་འདྲ་བ་མ་རེད། དེ་ལྟར་ནའང་རང་རེས་སྔོན་ཆད་གྱི་སྐྱེ་བ་ཡར་སྔོན་ཞིག་ལ་ལས་ཅི་འདྲ་ཞིག་མཉམ་དུ་བསགས། སྨོན་ལམ་ཅི་འདྲ་ཞིག་མཉམ་དུ་ཐེབས་སོང་བ་ཡིན་ན། ད་རེས་རང་ཅག་ཆོས་ར་གཅིག་གི་ནང་དུ་ཆོས་གཅིག་གིས་མཉམ་དུ་བསྡུས་པ་འདི། ལས་སྤྱིར་བཏང་བ་ཞིག་ཡིན་རྒྱུ་མ་རེད། འཁོར་བ་ཐོག་མེད་ནས་ད་ལ་མ་ཐུག་གི་བར་དུ་ལུས་ལེན་ལུགས་སྐྱེ་བ་བརྗེ་རབས་ལ་འདང་ཞིག་རྒྱག་ན། མཐོ་བའི་ཚངས་དང་བརྒྱ་བྱིན། སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནས་དམའ་བའི་འོན་ལོང་ལྐུག་པ། འབུ་སྲིན་སྲོག་ཆགས་ངན་སོང་ངན་འགྲོའི་སེམས་ཅན་གྱི་ལུས་རྟེན་བླངས་པ་ཡན་ཆད་བསམ་གྱིས་མི་ཁྱབ། སྐྱེ་བ་འདི་མ་བླངས་དང་ལས་འདི་མ་བསགས་བསམ་རྒྱུ་ཅི་ཡོད། འོན་ཀྱང་འཁོར་བའི་ནང་ནས་ཐར་བྱེད་ཀྱི་ལས་བསགས་མ་མྱོང་བས་ད་ལྟའི་བར་དུ་མ་ཐར་ལ་ད་དུང་འཁོར་བའི་ནང་དུ་འཁྱམས་ཡོད། དེའང་དམ་པའི་ཆོས་ཀྱི་ཐར་པའི་ལམ་མཁན་ལ་མ་ཐུག་པ་དང་དེས་ཐུགས་རྗེའི་ལྕགས་ཀྱུས་མ་གཟུང་བར་གཅིག་པུས་ལྷག་སོང་བར་ཡིན་རྒྱུ་མ་རེད། སྟོན་པ་སངས་རྒྱས་བྱོན་སྐབས་ལ་ཁེལ་བ་དང་། དམ་པའི་ཆོས་ཀྱི་ཉི་མ་ཤར་དུས་ལ་ཐུག་མྱོང་ན་ཐང་མོད། འོན་ཀྱང་རང་ཉིད་ལས་དང་སྐལ་བ་དམན། བསགས་པ་བསོད་ནམས་ཆུང་བའི་སྟོབས་ཀྱིས་སངས་རྒྱས་བྱང་སེམས་ལ་ཐུགས་རྗེ་ལྕགས་ཀྱུ་ཡོད་ཀྱང་། གདུལ་བྱ་གཞན་ངོས་ལ་དད་དང་མོས་པ་མེད་པས་འདྲེན་པའི་ཨ་ལོང་མེད་པའི་དབང་གིས། ནམ་ཡིན་ཡང་དར་ཤུད་འཐེན་པ་ལྟར། བཟང་པོའི་ལས་དང་སྨོན་ལམ་ཐུག་ཐེབས་ས་ནས་ཤུད། ངན་པའི་ལས་ངན་རྒྱུ་འབྲས་ལ་སྦྲང་མ་མི་གཙང་བའི་འདམ་ལ་འཁོར་བ་ལྟར་དུ་འཁོར་བའི་སྟོབས་ཀྱིས། ད་དུང་ཡང་རྩྭ་ཡིས་མེ་འཛིན། འདམ་གྱིས་རྫས་འཛིན། མཁའ་འགྲོ་འདོད་པའི་རྙི་ཡིས་འཛིན་གསུངས་པ་ལྟར། བྱ་འདབ་ཆགས་ཟས་ལ་ཆགས་ས་ནས་རྔོན་པས་ལག་རྙིས་འཛིན་པ་དང་འདྲ་བར། མི་གཙང་བ་ལ་གཙང་བ་དང་། སྡུག་བསྔལ་བ་ལ་བདེ་བ། མི་རྟག་པ་ལ་རྟག་པ། བདག་མེད་པ་བདག་ཏུ་འཛིན་པས། འཁོར་བའི་ལྕགས་སྒྲོག་གིས་སྡོམ་བཞིན་ཡོད་པ་རེད། སྐབས་རེར་དམ་པའི་མགོན་དང་མཇལ། གདམས་ངག་ཆོས་ཀྱི་བདུད་རྩི་རེ་ཐོབ་ཀྱང་། རང་ཉིད་ཀྱི་ངན་གཤིས་ཉོན་མོངས་ཀྱི་དབང་དུ་སོང་བས། རང་རྒྱུད་ཡང་དག་ལམ་གྱི་ཕྱི་རོལ་དུ། །གྱུར་ནས་ངན་འགྲོའི་གཡང་སར་འཁྱམས་པ་མང་། །ཞེས་གསུངས་པ་ལྟར། རྒྱུད་ལོག་ལྟས་ལྷད་ནས་ཐང་ཁྲོམ་ཟོས་པའི་མིས་མིག་སྔར་གང་ལ་བལྟས་ཀྱང་འཁྲུལ་སྣང་ཤར་བ་ལྟར་དུ། དམ་པ་ལ་དམ་པ་ཡིན་པར་མ་ཤེས་པས་ལོག་ལྟ་བྱེད། གདམས་ངག་བདུད་རྩི་ཡིན་པར་མ་ཤེས་པས་དང་དུ་མ་བླངས། ཐ་ན་ཆོས་སྤོང་དང་མཚམས་མེད་ཀྱི་ལས་བསགས་པས་དམྱལ་བ་ཚ་གྲང་མྱོང་ཚུལ་སོགས་བརྩི་ཡོང་རྒྱུ་མེད་ངེས་ཡིན། ཡང་སྐབས་རེར་ཟག་བཅས་ཀྱི་དགེ་བ་སྣ་རེ་གཉིས་བསགས་པས་དུད་འགྲོ་ཡིན་ན་དབང་ཡོད་རེ་དང་། མི་ལུས་ལྷ་ལུས་བཟང་བ་རེ་ཐོབ་ཡོད་ཤས་ཆེ་ཡང་། གཟེར་འཇོམས་ཀྱི་སྨན་འཐུང་བ་བཞིན་དེའི་ཚེ་གནས་སྐབས་ཀྱི་སྡུག་བསྔལ་ཆུང་བ་ཙམ་རེད་མ་གཏོགས་ཡུན་དུ་བློ་གཏད་མེད་པར། འདི་འདྲའི་ཤ་ཁྲག་གི་གཟེབ་ལ་རྣམ་ཤེས་རྒྱུད་ཅིག་གཏད་དེ་ངའམ་བདག་ཏུ་འཛིན་པའི་གཞི་མི་གཙང་བའི་ཕུང་པོ་འདི་ལ་ཞེན་པས། འདི་འབྲལ་རྒྱུ་མེད་པའི་འཁྲུལ་སྣང་། སད་རྒྱུ་མེད་པའི་རྨི་ལམ་ཞིག་ཏུ་གྱུར་སོང་བ་རེད། ཡིན་ནའང་ད་རེས་ཀྱི་ལུས་རྟེན་འདིར་གཅིག་ན་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྒྲོན་མེའི་བསྐལ་པ་དང་འཕྲད། གཉིས་ན་སངས་རྒྱས་ཀྱི་གཟུགས་སྐུ་དངོས་དང་མཇལ་བའི་སྐལ་བ་དང་མ་ལྡན་རུང་དེས་བསྟན་པའི་དམ་ཆོས་མ་ནུབ། གསུམ་ན་བླ་མ་དགེ་བའི་བཤེས་གཉེན་སྤང་བླང་འདོར་ལེན་གྱི་གནས་སྟོན་མཁན་རེ་དང་འཕྲད་པར་མ་ཟད། རང་ངོས་ནས་དམ་པའི་ཆོས་ཉན་འདོད་ཀྱི་བློ་ཁ་རེ་ཕྱོགས་རྒྱུ་འདི་ཚོ་སྐྱེ་བ་སྔོན་མར་ཚོགས་བསགས་པས་ཡིན་ངེས་དང་། ཁྱད་པར་དུ་རང་རེ་ཁྱད་ཆོས་ཆེ་བ་དྲུག་གིས་འཕགས་པའི་གསང་སྔགས་སྔ་འགྱུར་བའི་ཆོས་སྒོ། དེའི་ནང་ནས་དམ་ཆོས་རྫོགས་པ་ཆེན་པོ། དེ་ཡང་བཤད་བརྒྱུད་ཀྱི་བརྒྱུད་པ་མ་ཆད། སྙན་བརྒྱུད་ཀྱི་བྱིན་རླབས་མ་ཉམས་པར། སྐབས་འདིར་སྙན་བརྒྱུད་ཐོས་གྲོལ་ཆེན་པོ་ཆོས་ཚིག་རྣ་བས་ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་ནས་སྐལ་ལྡན་ཚེ་གཅིག་ལུས་ཅིག་ལ་གྲོལ་བ། དབང་རབ་བརྩོན་འགྲུས་ཅན་ཡིན་ན་ལོ་དང་ཟླ་བས་ཀྱང་གང་ཟག་མིའི་ལུས་རྟེན་དུ་ཡོད་ཀྱང་དགོངས་པ་སངས་རྒྱས་དང་མཉམ་ཐུབ་པའི་དེ་འདྲའི་དམ་ཆོས་ཟབ་མོ་ལ་ལོངས་སུ་སྤྱོད་དེ། བླ་སློབ་དང་མཆེད་གྲོགས་སུ་གྱུར་པ་དེ་རྒྱུ་མེད་རྐྱེན་མེད་དང་། སྟེས་དབང་སྟབས་ལེགས་ཀྱིས་བྱུང་བ། དཔེར་ན་ཁ་བའི་ནང་གི་བྱ་རྗེས་དེ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོར་དོད་པ་ལྟ་བུ་མ་ཡིན་པར། སྔར་གསང་སྔགས་ཀྱི་དཀྱིལ་འཁོར་ཞིག་ཏུ་མཉམ་དུ་ཞུགས། ལས་དང་སྨོན་ལམ་གཉིས་ཀྱིས་མཉམ་དུ་འབྲེལ་བས་ད་རེས་ཆོས་ར་གཅིག་གི་ནང་དུ་ཆོས་ཟབ་མོར་མཉམ་དུ་ལོངས་སྤྱོད་རྒྱུ་འདི། དཔེར་ན་ཚེ་གཅིག་གི་དབུལ་པོ་རྒྱུ་མེད། ཁ་ཟས་མེད་རྒྱབ་གོས་མེད། ནངས་ཆུ་མི་རག་གྲོང་སྟོད་དང་། ནུབ་ཆུ་མི་རག་གྲོང་སྨད་སྤྲང་ནས། ཁ་མི་སོས་ནམ་མི་ལང་བར་ཡོད་དུས་ཁྱིམ་དུ་མ་བསམ་མ་དྲན་ས་ནས་ཉིན་ཞིག་ལ་མ་རྒན་དབུལ་མོས་གསེར་ལོག་ལོག་མི་མགོ་འདྲ་བ་འགའ་རེ་རྙེད་ན། དེའི་མི་དེ་ཡིད་དགའ་བར་གྱུར་པ་སྨྲོས་ཅི་དགོས། གསེར་རྡོག་ཆེན་པོ་ཞིག་རྙེད་ན་ཚེ་གཅིག་གི་དབུལ་བ་སེལ་བ་དང་། དུས་ཉི་མ་དེ་ནས་བཟུང་སྟེ་རྒྱུ་ནོར་ལོངས་སྤྱོད་ཀྱིས་ཕྱུག་པོ་རུ་གྱུར་ནས། མིས་ཚུར་ཨེ་བསྐྱབ་བསམ་མི་དགོས་པར་མ་ཟད་མི་ལ་ཕར་རོགས་བྱེད་ནུས་པ་ཞིག་ཏུ་གྱུར་སོང་ཡང་། འཇིག་རྟེན་འདི་སྣང་གི་རྒྱུ་ལོངས་སྤྱོད་ཅི་འདྲ་ཡོད་པ། རྣམ་ཐོས་སྲས་ཀྱི་བང་མཛོད་ཀྱི་བདག་པོ་རེད་སོང་རུང་ཤི་མི་དགོས་པ་ཞིག་ལ་ཕན་ཐོགས་མེད་པར་མ་ཟད། ཤི་ནས་ཐར་པ་ཐོབ་བྱེད་ལ་དེ་བས་ཕན་ཐོགས་ཡོད་པ་མ་རེད། དེ་ལྟར་བསམ་བློ་གཏོང་ཡོང་ན་རྒྱུ་ལོངས་སྤྱོད་ཅི་འདྲ་ཡོད་པ་བས་ཤི་ན་ཕན་ཐོགས་ཅན་གྱི་ཆོས་ཚིག་བཞི་ཞིག་གིས་དགའ་བ་རེད། ཆོས་ཚིག་བཞི་ཞིག་ལ་གསེར་སྲང་སྟོང་བྱིན་ཡང་ཕམ་ཁ་མེད། འཛམ་གླིང་གི་ས་གཞིར་གསེར་གྱིས་བཀང་བ་བྱིན་པ་བས་དགའ་བའི་དམ་པའི་ལྷ་ཆོས་དེ་བསོད་ནམས་ཀྱི་བགོ་སྐལ་ལས་ཐོབ་དུས་དེ་མི་དགོས་ཟེར་ན་སྨྱོན་པ་བསམ་མེད་རེད། དེ་དོན་གཉེར་ཞིག་མ་བྱེད་ན་མཐོ་དམན་དྲག་ཞན་སུ་ཡིན་ཡང་འགྱོད་པ་རིམ་གྱིས་ཉོས་པ་ཡིན། དེའི་ཕྱིར་ན་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སློབ་པ་ལམ་གྱི་གནས་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ། ཆོས་ཚིག་བཞི་པའི་ཚིགས་སུ་བཅད་པའི་དོན་དུ་སྐུ་སྲོག་གཏོང་བའི་སྐྱེས་རབས་རྣམ་ཐར་ཡོད་རྒྱུ་བོ་དེ་འདྲ་རེད། དཔེ་འཇོག་ན་རི་མགོ་བྲག་རི་མཐོན་པོ་ཤར་རི་གནམ་ཟུག་གི་གཡང་ས་གཟར་པོ། ཁང་རྩེག་རྩི་ན་སྟོང་ཕྲག་མང་པོ་ཡོད་པའི་སྟེང་ནས་མར་མི་ཞིག་རྡོག་འཁྱོར་ནས་ལྷུང་འགྲོ་ན་དེའི་ཁྱིམ་ན་ཡོད་པའི་རྒྱུ་ཅ་ལག་གིས་དགའ་འམ། གནམ་ལ་འཕུར་བྱེད་ཀྱི་གཤོག་པ་ཞིག་གར་བྱུང་མེད་པར་འབྱར་ནས་བར་སྣང་ཁམས་ལ་འཕུར་ནུས་པས་གཡང་ས་མཐོན་པོ་ལ་ཉམ་མི་ང་བ་ཞིག་གྱུར་ན་དགའ། དེ་དང་འདྲ་བ་གསོན་འདི་ལོག་གི་བྲག་མགོ་ནས་རྡོག་འཁྱོར་བས་གསོན་པོའི་སྣང་བ་ཟད་དེ་ཤི་བར་དོའི་གཡང་སར་ལྷུང་འགྲོ་བ་ན། ཐུར་དུ་འདྲེན་བྱེད་ཀྱི་རྡོ་ལྗིད་མོ་སྐེ་ལ་བཏགས་པ་འདྲ་བའི་ཤུལ་གྱི་ནོར་རྫས་ཤིག་གིས་དགའ་དང་། བར་སྣང་ཁམས་ན་གཤོག་པ་ཐོབ་པར་འདྲ་བའི་དག་པའི་ཞིང་ཁམས་སུ་འཇའ་ལམ་གསེར་ཐག་གི་ནང་ནས་བུད་འགྲོ་རྒྱུས་དགའ་ས་རེད། རང་རེ་ད་སྔོན་ཉི་མ་ཡན་ཆད་སྨུག་ལང་ལོང་ནང་ནས་མགོ་འཁོར། རྫ་ཁྲབ་ཁྲོབ་ནང་ནས་རྐང་ཆག་ནས་མ་རིག་རྨོངས་པའི་གཞན་དབང་དུ་སོང་། དུས་ཡག་ཉེས། མདུན་ལམ་བཟང་ངན་མགོ་མ་ཐོན་པ་རེད། དཔེར་ན་ས་བྱང་ཐང་ཤར་ལྷོ་ནུབ་བྱང་གང་ཡིན་ངོས་མི་འབྱེད་པའི་རྒྱུས་མེད་ཀྱི་ས་ཆ་ཞིག་ན། མུན་ནག་ཆར་ནག་གི་ནང་ནས་མགོ་འཁོར་ཏེ་སོང་སོང་བརྒྱུགས་བརྒྱུགས་ནས་དཀའ་ལས་སྡུག་བསྔལ་རིག་རིག་མྱོང་མྱོང་གི་མཐའ་རྔ་མར་གཅིག་ལྟ་དུས་ཁ་རྩང་གི་ཡོང་ས་ན་ཕྱིར་ཐོན་ཡོད་ན། དཀའ་ལས་བརྒྱབ་ཚད་པོ་སྡུག་གྱོང་རེད། འབད་པར་བྱས་པ་འཕྲོ་བརླག་ཏུ་གྱུར། སྡུག་བསྔལ་མྱོང་བ་དོན་མེད་རེད་སོང་བ་བཞིན་དུ། ད་སྔོན་ཚེ་སྟོད་ཀྱི་ཉི་མ་ནམ་ཟླའི་དུས་ཚོད། ཁ་མིག་དབང་པོ་གསལ་དུས་ལུས་སྟོབས་འབྱུང་བ་མ་རྒུད་པའི་སྐབས། ཉིན་གཅིག་གི་ཉི་མ་ལ་དཔེར་འཇོག་ན། ཡག་ས་བཟང་སའི་སྔ་དྲོའི་ཉི་མ་ལྟ་བུ་དེ་ཤོར་ནས་ཉི་མ་ནུབ་རྒྱུའི་དུས་ཚོད་ལ་ཐོན་པ་རེད། ད་ཕྱིར་བལྟས་བྱས་ནས་ཕྱོགས་སྡོམ་ཞིག་བརྒྱབ་ན། ལས་ལས་རྒྱུག་རྒྱུག་འདུར་འདུར་གྱིས་ཅི་ཞིག་འགྲུབ་ཡོད། དགོས་པའི་དོན་འགྲུབ་ཨེ་ཚར། མ་ཚར་ན་ད་དུས་ཚོད་ཅི་ཙམ་ཞིག་གིས་འགྲུབ་འོང་། ལར་མ་གཞི་མི་ང་རང་གིས་ང་རང་གི་ཚེ་ཚད་དུས་ཚོད་ཅི་ཡོད་ཤེས་ནས་ཚོད་བརྩིས་བྱེད་ཚོད་ཨེ་ཡོད། དེ་མེད་ན་མི་ལོང་བ་ཞིག་གིས་མཁར་མཐོན་པོའི་ཡང་རྩེར་རྒྱུག་པ་བཞིན་དུ། མ་བསམ་མ་དྲན་ས་ནས་ཆག་སྒོ་ཉོ་རྒྱུ་བོ་ལག་པའི་མཐིལ་ན་ཡོད་པ་རེད། སྤྱིར་མི་གཞན་ལ་ལྟོས་ནས་རང་ལ་འདང་རེ་རྒྱོབ་དང་ད་སྔོན་ཉི་མ་ཡན་ཆད་ལ་ས་གཞི་འདི་ཆགས་ནས་མི་ལོ་དུང་ཕྱུར་མང་པོ་སོང་ཚར་ས་རེད་མོད། དེ་རེད་ཡོད་ན་མིའི་འཇིག་རྟེན་འདི་ཆགས་ནས་ད་བར་ས་འདིའི་ཐོག་ལ་རྐང་རྗེས་གཏོད་མཁན་ཇི་ཙམ་མང་པོ་ཞིག་ཡོད་རྒྱུ་རེད། ཚང་མ་འཇིག་རྟེན་ཚེ་འདིའི་བྱ་བཞག་ཟིན་རྒྱུ་མེད་པའི་འཇའ་འདྲའི་རྗེས་དེད་ནས་རྗེས་མ་ཟིན་གོང་ནས་ཤི་བར་དོའི་ལམ་ཆེན་ལ་བུད་སོང་བ་ཤ་སྟག་ཡིན། འུ་ཚོའི་མི་ཐོག་སྔོན་མ་ལ་འདང་རེ་རྒྱག་ན། ང་ཚོས་ཤེས་རྒྱུའི་ཨ་མྱེ་དང་ཨ་མེས་དང་དེའི་སྔོན་གྱི་མེས་པོ་དང་ཡང་མེས་ཚོས་ཆོས་རེ་གོ་མྱོང་ཡོད་རྒྱུ་རེད། དམ་པ་ཆོས་ཕྱོགས་ལ་འདང་རྒྱག་ན་འུ་ཚོའི་མི་ཐོག་ལས་དེ་ཚོའི་མི་ཐོག་སྐལ་བ་བཟང་རྒྱུ་རེད། ང་ཚོས་བླ་བརྒྱུད་ཀྱི་གྲལ་ན་གསོལ་བ་འདེབས་ས། ཀུན་ཏུ་བཟང་པོ་དང་། དགའ་རབ་རྡོ་རྗེའི་འཕྲོར་འཇོག་འདུག་རྒྱུའི། ཐང་གའི་ནང་གི་འཇའ་འོད་གུར་ཁང་ནང་ན་པད་མའི་གདན་ལ་བཞུགས་ཡོད་པའི་འགའ་རེ་མི་ཐོག་གོང་མ་ཁོང་ཚོ་དང་མི་ཐོག་གཅིག་པ་ཡིན་ཡང་། ཆོས་རང་གིས་མ་བསྒྲུབས་ན་བཅོམ་ལྡན་འདས་ཡིན་རུང་དགེ་སློང་ལྷས་བྱིན་གསོན་པོ་ས་གས་ནས་དམྱལ་བར་ལྷུང་དུས། སེམས་ཅན་གྱི་ལས་ཀྱི་རྣམ་སྨིན་ལ་གཟིགས་ཀྱིན་འདུག་པ་ལས་ཐབས་གཞན་མ་ཡོད་པ་ལྟ་བུ། མི་ཐོག་སྔོན་མ་ཚོས་འཇིག་རྟེན་འདི་སྣང་གི་བྱ་བ་ལ་འཁྲུལ་ནས་དགྲ་ལ་སྡང་ཡོད་རྒྱུ་རེད། གཉེན་ལ་ཆགས་ཡོད་རྒྱུ་རེད། དགྲ་འདུལ་ཨེ་ཐུབ་དང་གཉེན་སྐྱོང་ཨེ་ཐུབ་བལྟ་ཁུལ་བྱས་ནས། རང་རྒྱུ་ལ་ཞེན་ཆགས། གཞན་ནོར་ལ་རློམ་སེམས་བྱས་པས་ཡོད་པ་བརླག་གིས་དོགས་པའི་སྡུག་བསྔལ། མེད་པས་བཙལ་རྒྱུ་མི་ལོན་པའི་སྡུག་བསྔལ། སྐྱེ་རྒ་ན་འཆི་བར་མེད་ཀྱི་སྡུག་བསྔལ། བསམ་པ་ཐོག་ཏུ་མི་འགྲོ་བར་མི་འདོད་པ་མགོ་ཐོག་ཏུ་བབ་པའི་སྡུག་བསྔལ། མདོར་ན་སྡུག་བསྔལ་ཁོ་ན་མྱོང་ནས་འགའ་རེ་གྲི་ཤི། འགའ་རེ་གཡང་ལ་ཤོར། དྲག་ཤོས་པོ་ཤི་དུས་ཉལ་ས་དྲོན་པོ་ཟེར་ཡང་། ཆོས་སྔོན་སོང་མེད་པའི་གཅེར་བུ་ལག་སྟོང་དབུགས་ཆད་ཁར་མིག་སྒོར་མཆི་མ་འཁྲིགས། བྲང་ལ་སྤར་ཤད་བྱས་ནས་འགའ་རེ་གཟེར་ཏེ་བཀད། མདོར་ན་དབུགས་རྟ་རྔ་འདྲ་བོ་མ་ཆད་བར་དུ་ལུས་སེམས་གཉིས་ཀྱིས་སྡུག་བསྔལ་མྱོང་བ་ཡིན་ན། སྡུག་བསྔལ་ཁོ་ནས་མ་བཟོད་ནས། འུ་ཚོས་ཤུགས་ཅི་ཡོད་ཀྱིས་གཡག་མཆུ་བཅང་ན་དེའི་ཕན་ན་ཅི་བྱེད་ཀྱིན་ཡོད་མ་རེད། དབུགས་ཚར་གཅོད་བྱེད་པའི་སྐྲག་སྔངས་ཅི་འདྲ་ཡོད་ས་རེད་ཁ་སྣ་ལག་པས་བཀག་ནས་སྐར་ཆ་གཅིག་གཉིས་རེ་སྡོད་དང་ཤེས་རྒྱུ་ཞིག་ཡོད། དེའི་ཕན་ལ་སྡུག་བསྔལ་ཅི་འདྲ་ཞིག་ཡོད་དང་། ཤི་བར་དོའི་འཕྲང་ན་ཐོན་དུས་སྡུག་བསྔལ་ཅི་ཡོད་ལྐོག་གྱུར་རེད། འོན་ཀྱང་བཟའ་ཚང་སྐོར། གཉེན་ཉེ་རིང་། རྒྱུ་ནོར་རྫས། ཐ་ན་ང་ཟེར་ནས་གཅེས་བསྐྱང་བྱ་རྒྱུའི་ལུས་བེམ་གོག་གི་གནས་ཚང་བསྐྱུར་ཏེ། མར་དཀྱིལ་ནས་སྤུ་བཏོན་པ་ལྟར་འགྲོ་བ་ནི་མིག་རིག་ལག་མཐོང་རེད། དཔལ་སྤྲུལ་ཚང་གི་གསུང་ལས། ཀྱེ་ལགས་ལྟོས་དང་མི་རྟག་སྲིན་པོའི་ཁ། །གླལ་བའི་ཁྱོན་འདི་བདེན་བཞིའི་ཆོས་ཀུན་གྱི། །གླེང་གཞི་ལགས་ཏེ་འཁོར་བའི་གྲོང་ཁྱེར་ན། །སྣོད་བཅས་འཇིག་རྟེན་ཟ་བ་པོ་ཡང་འདི། །སྔར་ཞིག་བཀོད་ཅིང་བཀོད་པའི་སྟོང་ཁམས་བརྒྱ། །ཟོས་པའི་སྒྲེགས་སྐད་ཐོས་པ་ཡོད་ལགས་ཀྱང་། །ངེས་འབྱུང་རླུང་གིས་བ་སྤུ་མི་གཡོ་བ། །རྟག་འཛིན་བདུད་འདིས་ཡིད་དབང་འཕྲོག་པས་ལན། །ཞེས་གསུངས་ཡོད། མི་ཤི་བའི་རྗེས་ན་བཞི་བཅུ་ཞེ་དགུ་ཁྲལ་སོད་ཅིག་འཚོགས་ནས་དེས་ཆོག་རྒྱུ་བྱས་པ་རེད། དང་པོར་དེའི་རྗེས་སུ་འཆི་ཐུབ་སྙམ་པའི་སྡུག་ཆེ་ཁུལ་བྱེད་ཀྱང་། ཞག་གཅིག་སོང་གཉིས་སོང་གིས་ཞེ་དགུའི་སྨད་ན་ཐོན་དུས་ཤི་བོ་ཇེ་བརྗེད། རྒྱུ་རྩིས་ཇེ་ཆེ། ཕྱི་ལོར་ཤི་ཚིགས་འཚོགས་རན་དུས་བླ་བདེ་དང་བླ་བདེའི་ཆེད་དུ་མི་གཏོང་བར། ནོར་ལུག་ཚོ་བཤས་རའི་ནང་ན་ཐོན་འགྲོ་བཞིན་མེད་ན་རབ་རེད་མོད། དེའི་རིན་པ་སྒོར་རྡོག་ཚོ་ཤོ་བག་རྒྱན་འཇོག་ཆང་དུ་བ་གཉིས་ཀྱི་རྗེས་སུ་མ་གཏོང་ན་དྲག་ཤོས་རེད། དུས་ངན་གྱི་སྐབས་མི་ཐོག་སྔོན་མས་ལྷག་བསམ་དཀར་པོས་སྲོག་གིས་སྲུང་བའི་ལྷ་སྐུ་རྟེན་གསུམ་ཡིན་ཡང་ཚོང་རྫས་བྱེད་པའི་དུས་ཚོད། མི་ཐོག་སྔོན་མ་ཚོའི་རྐང་རྗེས་གྲིབ་མ་མི་ཡལ་བར་དང་པོ་སྲོལ་ཉམས་འཛིན་ཁུལ་བྱེད་ཀྱང་། བར་སྐབས་ཤིག་ན་མིང་སྐམ་པོ་ཤུལ་ན་ལྷག་པ་དེའང་འཇའ་ཡལ་བ་ལྟར་མི་ཐོག་གཅིག་གཉིས་བརྗེས་དུས་མེད་འགྲོ་ངེས་རེད། དེ་བྱ་སྔ་མ་ཤི་བའི་རོ་ལ་བལྟས་ན། རྗེས་མ་མི་རྟག་དེ་དང་མི་འདྲ་བ་ཞིག་ལས་མེད་པས། མི་ཐོག་སྔོན་མ་ལ་ཅི་འོང་རྗེས་མར་འོང་ངེས་རེད། དེ་འདྲའི་སྡུག་བསྔལ་ཁོ་ནའི་ནང་བར་མེད་དུ་འཁོར་བས་འཁོར་བའི་འཁོར་ལོ་ཟེར་བ་རེད། ད་དེ་དུས་ཀྱི་ཕོ་སར་ཡིན་ན། དེང་སོང་གི་བཟའ་དཔོན་ཡིན། སང་གནངས་ཀྱི་ཨ་མྱེ་ཡིན། ད་དུང་དེ་བས་འདུག་ཡུན་རིང་ན་དེའི་ཕྱི་ལོ་ཡང་ལོར་སྐྱོས་རྒན་སྐྱོས་གོག་ཁྱིམ་བརྫད་རེད་ཡོད་པ་རེད། དེ་ཚོ་ཚང་མ་ལ་འདང་རེ་རྒྱག་ན་འུ་ཚོས་དེང་སང་གི་ཚན་རིག་པའི་སྐད་ཆ་བཤད་སྟངས་བྱེད་ན། མི་ཞེས་པ་དེ་མཐོ་རིམ་གྱི་སྲོག་ཆགས་རེད་ཟེར། ཅིའི་ཕྱིར་ཟེར་ན། འབུ་དང་། བྱ་དང། ཉ་དང་། གཡག་དང་ཁྱི་ལ་སོགས་པ་དང་མི་འདྲ་བར་བསམ་བློ་གཏོང་བའི་རྣམ་རིག་དང་རྣམ་དཔྱོད་དེ་རྣམས་ལས་ལྷག་པར་ཡོད་པས་རེད་ཅེས་ཟེར། ཟ་རྒྱུ་དང་ཉལ་རྒྱུ་ཞིག་མ་གཏོགས་མི་ཤེས་ན་དེ་རྣམས་ལས་ཁྱད་ཆོས་འདི་རེད་ཟེར་ནས་བསྟན་རྒྱུ་མེད་པ་རེད། དུད་འགྲོ་ལའང་སྤྱང་མི་སྤྱང་ཡོད། དུད་འགྲོ་བློ་གསལ་བ་འགའ་རེ་མི་སྐད་ཤེས་མི་ཤེས་ཙམ་རེད་མ་གཏོགས། མི་ཐབས་རྡུག་ཅིག་དང་མི་འདྲའམ་བསམ་རྒྱུ་ཡོད་པ་རེད། དུད་འགྲོ་ཡིན་ཡང་ངོ་འདྲིས་ན་འདྲིས་བཟང་བའི་ཤ་ཟན་སྟག་མོ་ཡིན་ཡང་། ངོ་ཤེས་འདྲིས་ཤིང་འདྲིས་ན་དགའ་དགར་བྱེད་ཤེས་པ་དེ་འདྲ་ཡོད། དེས་མི་ཚད་དུད་འགྲོ་ཡིན་ཡང་མ་འོངས་ཀྱི་འདང་རྒྱག་མེད་པར་མིན་ཚུལ། བྱིའུ་དང་ཨ་བྲ་ཡིན་ཡང་རང་རང་གི་ཚང་བཅའ་ལུགས་དང་དགུན་ཁར་བཟའ་རྒྱུ་སྟོན་ཁར་ཚགས་ཉར་བྱེད་ཤེས་ལ། མི་སྡུག་པོས་དེ་ཡང་མི་ཤེས་སྐྱིད་མེད་སྡུག་ཟད་འདང་རྒྱག་མེད་པར། ཆང་འཐུང་དུད་འཐེན་ཁྱི་རོ་རུལ་བ་དང་འདྲ་བར་ཅི་འདྲ་མེད། མི་ཞིག་ཡིན་དུས་དུད་འགྲོའི་ཡན་ན་སོང་བའི་འདང་ཞིག་རྒྱག་ཀྱང་དགོས་ལ་ཕོག་ཀྱང་དགོས། འུ་ཚོ་ད་སྔོན་གྱི་ཚེ་ཚད་དེ་འཛམ་གླིང་གི་ཉི་མ་ཤར་ནུབ་འདི་ལ་བརྩིས་ན། ཁ་སང་དང་དེ་རིང་སོགས་ཉིན་འགའ་ཞིག་སོང་ན་ཉི་མ་ཆ་རེ་བགྲངས་ནས་ན་ཚོད་ཡོལ་བའི་དུས་ལ་བབ་པ་རེད། ཐོད་པའི་རྒས་གཉེར་ཇེ་མང་ལ་འགྲོ་བཞིན་ཡོད་ནའང་། སང་ཉིན་དང་སང་ཕོད་རྡོག་མ་འགའ་རེ་བརྩིས་ནས་ལོ་གསར་རྡོག་མ་དུ་བྱེད་ལོང་ཡོད་པའམ། གཅིག་ཀྱང་བྱེད་ལོང་ཨེ་གཏད་མི་ཤེས། མདོར་ན་ཤི་རན་དུས་དབུགས་ཀྱི་རྒྱུ་བ་ཆད་པ་དང་། སྙིང་གི་འཕར་མཚམས་བཞག་ནས་མི་ཚེའི་ཟློས་གར་གྱི་འཁྲབ་སྟོན་མཇུག་བསྡུ་རན་པ་རེད། དེ་ཡིན་ན་ཤི་དུས་དམ་པའི་ཆོས་མ་གཏོགས་རེ་ས་སྐྱབས་གནས་ཤིག་གནམ་ས་གཉིས་ཀྱི་བར་ན་བཙལ་ནས་མི་ལོ་དགུ་ལ་སོང་ན་རྙེད་འོང་རྒྱུ་ཞིག་མེད་པར་བསམ་བློ་ཐོངས་དང་། རང་གཅིག་པུས་མི་ཚད་པར་མར་གྱུར་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཐམས་ཅད་བདེ་བ་འདོད་ལུགས་གཅིག་པ་དང་། སྡུག་བསྔལ་མི་འདོད་ཚུལ་འདྲ་འདྲ་ཡིན། རང་ཅིག་པུ་བདེ་ན་ཡང་རྗེས་ན་ཡོད་པའི་མ་སེམས་ཅན་ཐམས་ཅད་བློས་བཏང་ན་ཁྲེལ་མེད་རེད། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་ན། གདུལ་བྱ་བློ་མཆོག་དམན་མི་འདྲ་བ་འདྲེན་པའི་ཐབས་ལ་དགོངས་ནས་གསུངས་པ་ཞིག་རེད། འོན་ཀྱང་རང་འདོད་ཡིད་བྱེད་རྐྱང་པ་ཞིག་གིས་རང་བདེ་ཐབས་ཁོ་ན་དོན་དུ་གཉེར་ན་ཐ་མ་རང་དོན་ཡག་པོ་ཞིག་ཀྱང་མི་འགྲུབ། དོན་གཉིས་ལྷུན་གྲུབ་རྫོགས་སངས་རྒྱས་ཀྱི་ཡོན་ཏན་འབའ་ཞིག་པ་ནི། གཞན་དོན་ཁོ་ན་བསམ་པར་མཛད་པའི་དབང་གིས་ཐ་མར་རང་གཞན་དོན་གཉིས་གྲུབ་ནས་མཐའ་གཉིས་ལ་མི་གནས་པའི་རྫོགས་བྱང་འགྲུབ་པ་རེད། རང་ཉིད་ཡིན་ན་ཆོས་དར་སར་སྐྱེས་ཡོད་པ་དང་། བྱང་ཆུབ་སེམས་དཔའི་ཆོས་སྒོར་ཞུགས། དགེ་བསྙེན་ཡན་ཆད་གསང་སྔགས་ཀྱི་དབང་སྣ་རེ་ཞུས་པ་ཚུན་ཆད། མདོར་ན་སྡོམ་པ་གསུམ་ལ་ཞུགས་པའི་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པས། སངས་རྒྱས་རང་ཉིད་ཀྱིས་ཅི་འདྲའི་གཞན་ཕན་སྒྲུབ་ཡོད་ན་དེ་ལྟར་དུ་བསླབ་པར་བྱ་བསམ་ནས་སེམས་བསྐྱེད་ལ་དམ་བཅའ་དང་། གནས་དུས་སྟོན་འཁོར་ཐམས་ཅད་མ་དག་པའི་སྣང་བ་ལྟར་མ་ཡིན་པར་དག་པའི་སྣང་བར་སྦྱངས་ནས། ཆོས་གསན་པའི་ཀུན་སློང་དང་ཀུན་སྤྱོད་དེ་མདོ་རྒྱུད་བསྟན་བཅོས་ཚད་མ་དག་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་ལེན་ཚུལ་མི་འབྲལ་བའི་སྒོ་ནས་གསན་དགོས། གང་གསན་པའི་ཆོས་ནི་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ཞེས་བྱ་བ་འདི་ཡིན། འདི་ལ་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་དང་གསུམ་ལས། ཁ་སང་ཡན་ཆད་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས།

༼ཨཱཿ༽ བར་དུ་དགེ་བ་གཞུང་གི་དོན།

སྤྱི་དོན་ཁོག་འབུབས་པ།

ད་བར་དུ་དགེ་བ་གཞུང་དོན་དངོས་ལ་འཇུག་པ་ལ། དེ་ལ་འདིར་བརྒྱུད་པའི་ཁྱད་པར་དྲུག་དང་ལྡན་པའི་སྒོ་ནས་མདོ་སྔགས་ཀྱི་ཆོས་ཚུལ་རབ་འབྱམས་མཐའ་དག་སྟན་ཐོག་གཅིག་ཏུ་འཆད་ནུས་པའི་ཐེག་པའི་རྩེ་རྒྱལ་རང་བཞིན་རྫོགས་པ་ཆེན་པོ་ལ་འཇུག་པའི་ལམ་སྟེགས་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ནི། ཞེས་པ་འདིས་ཆོས་འཆད་ཉན་ཇི་ལྟར་བགྱིད་པའི་ཐེག་པ་སྤྱི་ཡི་ཁོག་འབུབས་བསྟན་པ་རེད། དེ་ལ་འདིར་གསང་ཆེན་སྔ་འགྱུར་བའི་བརྒྱུད་པའི་ཁྱད་པར་དྲུག་དང་ལྡན་པ་སྟེ། རྒྱལ་བ་དགོངས་བརྒྱུད་དང་། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་གསུམ་དང་། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་སྟེ་དྲུག་དང་། ཡང་ན་བརྒྱུད་པ་དགུ་དང་ལྡན་པའི་སྒོ་ནས་ཐུབ་བསྟན་མདོ་དང་སྔགས་ཀྱི་ཆོས་ཚུལ་རབ་འབྱམས་ཞེས་ཐུབ་པའི་ཆོས་སྒོ་མ་ལུས་ཤིང་ལུས་པ་མེད་པར་མཐའ་དག་སྟན་ཐོག་གཅིག་སྟེ་གནད་གཅིག་ལ་ཚང་བའི་གཞུང་གཅིག་གིས་འཆད་ནུས་པའི་དོན་ནོ། །སྤྱིར་ན་བཀའ་བབ་ཀྱི་ཆུ་བོ་བཞི་དང་ལྡན་པ་སྔ་འགྱུར་རྙིང་མ་འདི་ལ། སྨིན་བྱེད་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། དཀྱུས་བཤད་གཞུང་གི་ཆུ་བོ་འབྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། ཕྱག་བཞེས་འཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་ཞེས་བཀའ་བབ་ཀྱི་ཆུ་བོ་བཞི་གསུངས་ཡོད་ན། རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མའི་ཕྱོགས་གཉིས་ཀ་ཐུན་མོང་ལ་སྤྱིར་བརྒྱུད་པ་དྲུག་ལྡན་དུ་བརྩི་རྒྱུ་ཡོད་ཀྱང་། འདིར་གཏེར་བརྒྱུད་ཁོ་ནའི་སྒོས་ཆོས་ལྟར་དུ་བརྩི་བའི་དབང་དུ་བཏང་ནས་འཆད་ན། སྤྱིར་གཏེར་རིགས་ཞེས་པ་སྔར་སློབ་དཔོན་རིན་པོ་ཆེ་སོགས་ཀྱི་མདུན་ནས་ཆོས་བཀའ་དེ་དང་དེའི་དབང་ཐོབ་ཅིང་། དམ་ཚིག་རྣམ་པར་དག་པ་བསྲུངས་པའི་རྒྱུ་མཐུན་གྱིས་སྐྱེ་བ་རྗེས་མ་རྣམས་ལ་ཡང་སྔགས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་ཀྱིས། ཚུལ་ཁྲིམས་ལྡན་པའི་སྨོན་ལམ་ཆུད་མི་འཛའ་བ་ཡིན་པས། སྨོན་ལམ་གྱི་དབང་གིས་ད་ལྟའི་སྐབས་སུ་གསང་སྔགས་ཀྱི་ཆོས་སྐལ་དེ་དང་དེ་ལག་ཏུ་འོང་རྒྱུ་ཅན་ཞིག་གོ །དེའང་མི་བརྗེད་པའི་མཛུབ་བསྐུལ་ལ་བརྟེན་ནས་མི་བརྗེད་རྒྱུའི་དོན་དེ་དྲན་པ་དང་འདྲ་བར་བརྡ་ཡིག་དང་ཤོག་སེར་དེ་ཚོ་རིག་པ་དང་། སྔར་དེ་དང་དེའི་དབང་དང་གདམས་ངག་གི་བག་ཆགས་གསལ་པོར་སད་འོང་བ་རེད། དཔེར་ན་རང་རེ་ཆོས་དུང་གི་སྒྲ་དེ་ནམ་ཡིན་ཡང་གོ་བསྡད་པ་ཡིན་ན། དེའི་ཆོས་དུང་གི་སྒྲ་དེ་ས་གཞན་དང་དུས་གཞན་དུ་གོ་ཡང་དགེ་འདུན་བསྡུས་ནས་ཆོས་ཁྲིད་འཆད་རྩིས་ཡིན་པར་ཞེ་ལ་ལྷང་ངེར་དྲན་པ་བཞིན་དེ་དང་ཕྱོགས་འདྲ་བར། དེ་དུས་སློབ་དཔོན་ཆེན་པོས་གསུངས་པའི་དབང་དང་གདམས་ངག་ཚང་མ་ཆད་ལུས་མེད་པར་ཕབ་ནས་བསྒྱུར་ནུས་པ། གཅིག་ན་གཏེར་སྟོན་རང་གི་ལས་འཕྲོ་དང་། གཉིས་ན་བླ་མ་དམ་པའི་བྱིན་རླབས་ཀྱི་ལག་རྗེས་ཡིན། བརྒྱུད་པ་དྲུག་ཚང་ཚུལ་གྱི་ཐད་ལ་རང་རེས་གཏེར་ཕྱོགས་ནས་བཤད་ན། དང་པོ་དགོངས་བརྡ་སྙན་བརྒྱུད་གསུམ་ལས་དགོངས་བརྒྱུད་ནི། ཆོས་བཀའ་དེ་དང་དེ་ལས་ཅན་གྱི་བུ་ལ་ཐོན་པའི་ཆེད་དུ། གུ་རུས་དགོངས་པ་སྐལ་ལྡན་གྱི་རིག་པ་འཛིན་པ་གཏེར་འབྱིན་པ་པོ་དེ་ལ་གཏད་ཡོད་པའི་གནད་ཀྱིས། གཏེར་ཡིག་ལ་དབང་བསྒྱུར་ནས་སྔགས་ཀྱི་རྟོགས་པ་ཐམས་ཅད་ཐོད་བརྒལ་དུ་བསྒྱུར་བ་དེ་གུ་རུའི་དགོངས་པ་རྒྱུད་ལ་དབབ་པར་ཡིན་པས་ན་དགོངས་བརྒྱུད་ཅེས་བྱ། བརྡ་བརྒྱུད་ནི། བརྡ་ཡིག་ཤོག་སེར་ལ་བརྟེན་ནས་དེས་དྲན་བསྐུལ་གྱི་རྐྱེན་བྱས་པ་ལྟ་བུས་ཡིད་ལ་ཐོགས་མེད་དུ་ཤར་ནས་དཔའ་བོ་ཌཱཀྐིའི་གསང་མཛོད་ལ་སོགས་དང་། སྤོབས་པའི་གཏེར་གྲོལ་བའི་རྐྱེན་གྱིས་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་མངོན་སུམ་དུ་ཞུགས་ནས། མི་ནོར་བརྡ་ལ་བརྟེན་ནས་དོན་འཁྲོལ་བས་ན་བརྡ་བརྒྱུད་རེད། སྙན་བརྒྱུད་ནི་གཏེར་ཡིག་དེ་སྤྲུལ་སྐུ་ཡིན་གསུངས་ཡོད་པས། དཔའ་བོ་རིག་འཛིན་དང་ཌཱཀྐི་མཁའ་འགྲོ་མ་ཐམས་ཅད་བརྡ་རིས་དེ་ལ་ཞུགས་པས། གཏེར་སྟོན་གྱིས་གཏེར་ཡིག་དེ་ཐ་མལ་བ་ཡིན་རྒྱུའི་སྣང་བ་ལོག་ནས། སངས་རྒྱས་སྤྲུལ་པའི་སྐུ་དངོས་ཡིན་པའི་འདུ་ཤེས་བསྐྱེད་འོང་དུས་ཤོག་སེར་བརྡ་ཡིག་དེའི་རྐྱེན་གྱིས་རིག་འཛིན་ལ་བརྡ་བརྒྱུད་དང་། གང་ཟག་ལ་སྙན་བརྒྱུད་དུ་འཇོག་པར་ལྡོག་ཆ་ཐ་དད་དུ་ཡིན་པ་རེད། དེའི་ཐོག་ཏུ་བཀའ་བབ་ལུང་བསྟན་གྱི་བརྒྱུད་པ་ནི། གཏེར་སྟོན་གྱི་སྐྱེ་བ་སྔོན་མའི་སྐབས་སུ་གུ་རུ་རིན་པོ་ཆེས་ཆོས་གང་དང་གང་གི་བཀའ་བབ་ཀྱི་བདག་པོར་དགོངས་པ་གཏད་ཅིང་དེའི་བཀའ་བབ་ཡོད་ན། ཕྱིས་སུ་ཆོས་འདིས་འགྲོ་དོན་སྒྲུབ་པའི་ཆེད་དུ་འདི་ལྟར་འབྱུང་ཞེས་ས་རྟགས་དང་དུས་རྟགས་བཅས་པ་ལུང་བསྟན། དེའི་བྱིན་རླབས་དེ་ཚེ་འདིར་རྒྱུད་ལ་སྨིན་ནས་ངེས་ཤེས་ཁྱད་པར་ཅན་ཞིག་སྐྱེས་པའི་སྟོབས་ཀྱིས། སྔོན་གྱི་བག་ཆགས་ཚེ་འདིར་གསལ་པོར་སད་པའི་ལས་འཕྲོ་ཡོད་པ་དེ་ལ་བཀའ་བབ་ལུང་བསྟན་གྱི་བརྒྱུད་པ་ཞེས་གོ་དགོས། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་ནི། བག་ཆགས་དེ་སད་པའི་ཕྱིར་གཏེར་སྟོན་གྱི་སྐུ་ཚེ་སྔོན་མའི་སྐབས་སུ་གཏེར་སྟོན་ལས་འཕྲོ་ཅན་འདི་དང་འཕྲད་པར་ཤོག འཕྲད་ནས་འགྲོ་དོན་དཔག་མེད་འབྱུང་བར་ཤོག ཅེས་གསུངས་ནས་གུ་རུས་དགོངས་པ་གཏད་པའི་བདེན་ཚིག་སྨོན་ལམ་གྱིས་དབང་བསྐུར་བའི་སྐབས་སུ་གཏེར་སྟོན་རང་གིས་ཀྱང་དེ་བཞིན་དུ་འདུན་པ་གཏད་པས་དེ་ཡིན་ནོ། །དྲུག་པ་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ནི། སྔོན་རབས་ཀྱི་དུས་དེ་རྡོ་རྗེའི་གནས་ཀྱི་མཁའ་འགྲོ་དང་མཁའ་འགྲོ་མ་ཏིང་ངེ་འཛིན་གྱི་རྩལ་འབྱོང་བ་རྣམས་ལ་གཏེར་ཚུལ་བཞིན་རྙེད་ཅིང་འགྲོ་དོན་འབྱུང་བ་དང་། སྐལ་མེད་ལ་གསང་སྒོ་མི་རལ་བ་སོགས་ཀྱི་ཆེད་དུ་བཀའ་གཏད་པ། དེ་ལ་བརྟེན་ནས་གདུལ་བྱ་འདིའི་ཚེ་ཕྱི་མར་ལས་ཀྱི་འཕྲོ་མཐུད་པའི་ཆ་རྐྱེན་དུ་གུ་རུ་རིན་པོ་ཆེ་དང་། མཁར་ཆེན་མཚོ་རྒྱལ་གྱིས་སྐུ་བསྟན་པའི་དབང་གིས་ཆོས་བདག་མཁའ་འགྲོ་ཐམས་ཅད་ཀྱིས་ཤོག་སེར་དང་བརྡ་རིས་ཅི་རིགས་པ་རྟེན་འབྲེལ་སྒོ་དུ་མ་ནས་བསྒྲིགས་པ་དེ་འདྲའི་གོ་བ་རེད། དེ་ལྟ་བུའི་མདོ་སྔགས་ཀྱི་ཆོས་ཚུལ་རབ་འབྱམས་མཐའ་དག་སྟན་ཐོག་གཅིག་ཏུ་འཆད་ནུས་པའི་ཐེག་པའི་རྩེ་རྒྱལ་བླ་མེད་འབྲས་བུའི་ཐེག་པའི་རང་བཞིན་རྫོགས་པ་ཆེན་པོ་ལ་ཞེས་གསུངས། རྫོགས་པ་ཆེན་པོ་ཞེས་པ་འགྲེལ་ན། མངའ་རིས་པཎ་ཆེན་པད་མ་དབང་གི་རྒྱལ་པོའི་རྗེས་སུ་འབྲངས་ན། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །འབྲས་བུའི་མཐར་ཐུག་སངས་རྒྱས་ཉག་གཅིག་དེ། །ཟབ་རྒྱས་ཆོས་ཀྱི་སྒོ་འཕར་བགྲང་ཡས་ཀྱང་། །གསང་ཆེན་སྨིན་གྲོལ་ལམ་མཆོག་མ་བསྟན་པར། །ཐོབ་པ་མིན་ཞེས་རྫོགས་སངས་རྒྱས་དེས་གསུངས། །ཞེས་གསུངས་ཡོད་པ་དེའི་ཚིག་རྐང་དང་པོ་གཉིས་འཇམ་དཔལ་ཞལ་ལུང་གི་ཚིག་རྐང་ཞིག་ཡིན་པར་གསུངས་ཡོད། མདོ་ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར། དེ་སྦྱང་གཞི་བདེ་གཤེགས་སྙིང་པོ་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་སྐུ་གསུམ་རང་ཆས་སུ་བཞུགས་པ་དེ་གློ་བུར་གྱི་དྲི་མ་འབྲལ་རུང་ཡོད་པ་དེ་དཔེ་དགུས་མཚོན་པ་ཞིག་ཡིན་ན། དེ་གནས་ཚུལ་གྱི་སྒོ་ནས་དབྱེ་བར་ཕྱེས་ན་ཆོས་ཉིད་ཆ་ཤས་མེད་པར་ཡིན་པས། དབྱེ་བ་འབྱེད་རྒྱུ་མེད་ཀྱང་དེ་རྒྱུད་ལྡན་གང་ཟག་ཅི་འདྲ་ཞིག་ཡིན་ན། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་མ་དག་པ་དང་། མ་དག་དག་པ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་ལ་ལྟོས་ནས་འཇོག་གོ། །རིགས་སད་ཚུལ་གྱི་ཐོག་ཏུ་ཐེག་པ་གསུམ་གྱི་རིགས་དང་། འཕགས་བཞིའི་གང་ཟག་གི་རབ་ཏུ་དབྱེ་བར་བསྟན་ཡོད། དེ་ནས་སྦྱོང་བྱེད་ལམ་གྱི་རྣམ་པར་ཤར་བ་དེས་སྦྱངས་ནས། སྦྱོང་འབྲས་གང་ཡིན་ན་མཐར་ཐུག་གི་འབྲས་བུའི་མཆོག་ཡོངས་སུ་རྫོགས་པ་འབྲས་བུ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དེར་ཡོངས་སུ་རྫོགས་པ། སྤངས་དང་རྟོགས་དང་སེམས་ཆེན་པོ་སྟེ། ཆེན་པོ་གསུམ་གྱི་ཁྱད་པར་དུ་བྱས་པའི་རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་རྡོ་རྗེ་འཆང་སྐུ་གསུམ་ཡེ་ཤེས་ལྔ་དང་དབྱེར་མི་ཕྱེད་པའི་བདག་ཉིད་དེ་ཡིན་པས། ཐེག་པ་འོག་མ་སོ་སོའི་ལམ་གྱི་ཟབ་རྒྱས་ཆོས་ཀྱི་སྒོ་འཕར་ཅི་འདྲ་ཞིག་བཤད་ཀྱང་། མཐར་ཐུག་གསང་ཆེན་སྨིན་གྲོལ་གྱི་ལམ་ལ་མ་བརྟེན་པར་ཐོབ་པའི་ཐབས་མེད་པས། འདིར་དེ་ལ་འཇུག་པའི་ལམ་སྟེགས་ཐུན་མོང་གི་སྔོན་འགྲོ་ཞེས་པ་དེ་ལ་འཇུག་པའི་སྒོའམ་ལམ་མམ་ལམ་གྱི་སྟེགས་སམ་ལམ་གྱི་འཇུག་སྒོ་ཐུན་མོང་གི་སྔོན་འགྲོ་ནི་ཞེས་མཚམས་སྦྱར། ཇི་སྐད་དུ། བདག་གི་བླ་མ་རྒྱལ་དབང་པད་མའི་དོན་གྱི་རྒྱལ་ཚབས་ཀུན་མཁྱེན་ཤནྟ་པུ་རི་པས། ཞེས་བདག་ཀུན་མཁྱེན་འཇིགས་མེད་གླིང་པའི་བླ་མ་འཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་སྔགས་སྨོན་ལས། མངོན་མཐོ་སྒྲུབ་བྱེད་རྒྱལ་བའི་གསུང་རབ་ཀུན། །དོན་རྣམས་སྐྱེས་བུ་ཆུང་ངུའི་ལམ་དང་ནི། །ཐར་པ་བསྒྲུབ་པའི་ཐབས་ལ་བརྩོན་པ་ཡི། །ཆོས་ཀྱི་རྣམ་གྲངས་ཀུན་གྱི་བརྗོད་བྱའི་དོན། །སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་སྟེ། །ཞེས་གསུངས་པ་སྟེ། ཚེ་ཕྱི་མར་མངོན་མཐོ་ལྷ་མིའི་གོ་འཕང་སྒྲུབ་བྱེད་ཀྱི་རྒྱལ་བའི་གསུང་རབ་རྒྱས་བསྡུས་ཐམས་ཅད་ཀུན་ལས། རྒྱུ་མི་དགེ་བ་སྤངས་ཤིང་དགེ་བ་བཅུའི་ལས་ལམ་བསྒྲུབ་པ་དང་། བསྙེན་གནས་ཡན་ལག་བརྒྱད་པ་ལ་སོགས་པ་གཙོ་བོར་སྟོན་པའི་གསུང་རབ་ཀྱི་དོན་ཐམས་ཅད་དེ་བློ་དམན་སྐྱེས་བུ་ཆུང་ངུ་འཁོར་བའི་ཟག་བཅས་བདེ་བ་ལྟར་སྣང་བ་ཙམ་སྒྲུབ་པའི་ལམ་ཡིན་པ་དང་། རང་དོན་རྐྱང་པ་ཞི་བདེ་ཙམ་ལ་དམིགས་ནས། ཐར་པ་སྒྲུབ་པའི་ཐེག་དམན་གྱིས་འདུལ་བ་དག་གི་ཐབས་ལ་བརྩོན་པའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་པ་དེ་དག་ཀུན་གྱི་བརྗོད་བྱའི་དོན་ནི་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་སྟེ། རང་དོན་ཞི་བདེ་ཙམ་ལ་དམིགས་ནས་ཐར་པའི་གོ་འཕང་གཉེར་བ་དེ་དང་། གོང་གི་སྐྱེས་བུ་ཆུང་ངུའི་ལམ་གནས་སྐབས་མངོན་མཐོའི་བདེ་བ་དོན་དུ་གཉེར་བ་དེ་གཉིས་ཐེག་པ་ཆེན་པོའི་ལམ་སྟེགས་ཡིན་པས། དཔེར་ན་སྐས་ཐེམ་འོག་མར་བརྟེན་ནས་བར་མ་དང་། འོག་མ་དང་བར་མ་ལ་བརྟེན་ནས་སྐས་ཐེམ་གོང་མར་འཛེགས་དགོས་པ་ལྟར། དེ་དག་ལ་བརྟེན་ནས་ངེས་འབྱུང་གི་བློ་ཁྱད་པར་ཅན་བསྐྱེད་དེ་སྲིད་པའི་སྡུག་བསྔལ་ལས་ཐར་པར་སྨོན་པ་དེའང་ལས་དང་པོ་བའི་ལམ་གྱི་འཇུག་ངོགས་ཁྱད་པར་ཅན་ཡིན་ནོ། ཞེས་གསུངས་པ་ལྟར་འདི་ཉིད་ས་བཅད་ཀྱི་དབང་གིས་སྐྱེས་བུ་འབྲིང་མན་ཆད་ཀྱི་ལམ་དུ་བཞག་ནའང་། ཞེས་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་འདི་ཉིད་ས་བཅད་འཇོག་ཚུལ་གྱི་དབང་གིས་ཡིན་ལུགས་ཐོག་ཏུ་བསྡུ་ན་སྐྱེས་བུ་འབྲིང་གི་ལམ་མན་ཆད་དུ་བཞག་པ་ཡིན་ནའང་། དངོས་གཞིར་བསྟན་བྱའི་ལམ་གྱི་ངོ་བོ་ཐེག་པའི་མཆོག་རབ་ཡིན་པར་མ་ཟད། ཅེས་འདི་ཉིད་སྔོན་དུ་སོང་བའི་དངོས་གཞི་བསྟན་བྱའི་ལམ་གྱི་ངོ་བོ་ཐེག་པའི་མཆོག་རབ་རྫོགས་པ་ཆེན་པོའི་ལམ་ལ་བཀྲི་ཆེད་ཡིན་པར་མ་ཟད། ལྟར་སྣང་སྐྱེས་བུ་ཆུང་འབྲིང་གི་ལམ་ཡིན་ཡང་། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་ན་ཕན་ཡོན་དཔག་ཏུ་མེད་པ་ཐོབ་པར་འགྱུར་བའང་ཡིན་ཏེ། ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་འཕེན་པ་ལན་རེ་རེའི་ནུས་སྟོབས་ཀྱང་བསམ་གྱི་མི་ཁྱབ་པ་ཞེས། སྤྱིར་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་ལྟ་བུ་ལ་མཚོན་ན་བསམ་གྱིས་མི་ཁྱབ་ཏེ། སྔར་བྱང་སྡོམ་གྱི་སྐབས་ན་བཤད་པ་ལྟར་བསྡུ་ན་ལྔའི་སྒོ་ནས་འཆད། མིང་དོན་གནས་འགྱུར་བ་དང་། མི་དགེའི་གཉེན་པོར་བྱེད་པ། དགེ་འབྲས་གོང་ནས་གོང་དུ་འཕེལ་བ། ངན་སོང་གི་སྒོ་འཕར་གཅོད་པ། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་འདྲའི་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་པར་མ་ཟད། འདིའི་དངོས་བསྟན་ལྟར་གསུང་བའི་སེམས་བསྐྱེད་ཀྱི་འཕེན་པ་སྐད་ཅིག་མ་རེ་རེའི་ནུས་སྟོབས་ཀྱང་བསམ་གྱི་མི་ཁྱབ་ཅེས་པ། དཔེར་ན་དགེ་སློང་ཚུལ་ལྡན་གྱི་སེམས་བསྐྱེད་ཀྱི་འཕེན་པར་བཅས་པས་སྣབ་དང་ཁ་ལུད་སོགས་ཡི་དྭགས་ལ་བསྔོ་ན་དེའི་སྣང་ངོར་ལོངས་སྤྱོད་དཔག་མེད་ཐོབ་ནས་ཚིམ་པར་བྱ་བ་ལ་སོགས་ཡིན་པས། དེ་ཉིད་ལ་དཔག་ནས་ལམ་གྱི་ཐོག་མ་ཉིད་ནས་སེམས་བསྐྱེད་ཁྱད་པར་བ་ཡོད་པའི་ཕྱིར་ཞེས་ལམ་གྱི་ཐོག་མ་དང་པོ་ནས་ཞུགས་དུས་ནས་ཀྱང་ཐེག་ཆེན་སེམས་བསྐྱེད་ཁྱད་པར་ཅན་ཡོད་པས་འདི་སྐྱེས་བུ་ཆེན་པོའི་ལམ་དུ་བཞག་ཀྱང་མི་འགལ་ལོ། །རྣམ་པའི་དབང་དུ་བྱས་ན་སྐྱེས་བུ་ཆུང་འབྲིང་གི་ལམ་ཡིན་ཡང་སེམས་བསྐྱེད་ཁྱད་པར་ཅན་གྱིས་ཟིན་པའི་དབང་དུ་བསམ་ན་སྐྱེས་བུ་ཆེན་པོའི་ལམ་ཡང་ཡིན་ཆོག་པ་ནི། དཔེར་ན་སོ་ཐར་གྱི་སྡོམ་པ་ཞུ་བའི་སྐབས་སུ་ཆོ་ག་ཐེག་དམན་ལུགས་ལྟར་བླངས་ཀྱང་། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་ན་ཐེག་ཆེན་གྱི་སོ་ཐར་འགྱུར་བ་དང་ཚུལ་མཚུངས་པ་རེད། འོ་ན་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་ནས་ཐེག་ཆེན་གྱི་ལམ་ལ་བསླབ་པའི་སྐབས་སུ་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བསླབ་འདུག་དགོས་དོན་ཅི་ཡིན་སྙམ་ན། འུ་ཚོས་རང་གིས་རང་ལ་འདང་བརྒྱབ་ན། ཐེག་པ་ཆེན་པོའི་ཆོས་དར་བའི་ས་ཆར་སྐྱེས་ཡོད་ཅིང་། ཐེག་པ་ཆེན་པོ་མདོ་ཕྱོགས་མ་ཟད་མདོ་སྔགས་གཉིས་ཀའི་ལམ་ལ་ཞུགས་ཁུལ་བྱེད་ཡོད་པ་རེད། འོན་ཀྱང་རང་གི་རྒྱུད་ཚོད་དེ་སྐྱེས་བུ་ཆེན་པོ་དང་འབྲིང་གི་ལམ་མ་དགོས་སྐྱེས་བུ་ཆུང་ངུའི་ལམ་སྣེ་ཙམ་ཡང་ཟིན་མེད་པར་རང་གིས་རང་ལ་མི་ཤེས་རྒྱུ་ཞིག་གང་ན་ཡོད། སྐྱེས་བུ་ཆུང་ངུས་རང་གཞན་གཉིས་དོན་དུ་མཐའ་གཉིས་ལ་མི་གནས་པའི་གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་མི་ནུས་པར་མ་ཟད། རང་དོན་འཁོར་བ་ལས་ཐར་པའི་ཉན་རང་དགྲ་བཅོམ་གྱི་གོ་འཕང་ཡང་སྒྲུབ་མི་ཤེས། གནས་སྐབས་ངན་འགྲོ་མི་ལྟུང་ཞིང་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་མི་དགོས་པ་ཙམ་ཞིག་དང་། མི་དང་ལྷའི་གོ་འཕང་རེ་བསྒྲུབ་པའི་ཐབས་དེ་སྐྱེས་བུ་ཆུང་ངུའི་ལམ་རེད། འོན་ཀྱང་དེ་ཡང་ལས་སླ་མོ་ཞིག་མ་ཡིན་པར། སྒོ་གསུམ་གྱི་མི་དགེ་བ་བཅུ་སྤངས་ཤིང་དགེ་བཅུ་ཚུལ་བཞིན་དུ་སྒྲུབ་དགོས་སོ། བསམ་གཟུགས་ཀྱི་ཏིང་ངེ་འཛིན་སྒོམ་ཤེས་དགོས། དེའི་ཐོག་ན་སྨོན་ལམ་དག་པས་མཚམས་སྦྱོར་དགོས། སྨོན་ལམ་དེའང་རང་གར་ངས་ཕྱི་མར་ངན་སོང་གི་སྡུག་བསྔལ་མི་མྱོང་བར་ཤོག ང་ཤི་དུས་གནད་གཅོད་སྡུག་བསྔལ་མེད་པར་ཤོག་ཟེར་བ་རྐྱང་པས་མི་ཆོག སྨོན་ལམ་འགྲུབ་བྱེད་རྒྱུ་ཡོད་དགོས། དེ་བསོད་ནམས་ཡིན། བསོད་ནམས་དེ་སྔར་རང་ལ་མེད་པའམ་ཡོད་ཀྱང་ཟད་སོང་བ་ཡིན་རུང་འདྲ། མདོར་ན་གང་ལྟར་ད་གསར་དུ་མ་གསག་ན་མེད་པར་འགྱུར་འགྲོ། བསོད་ནམས་མ་གསོག་པར་སྒྲོ་ཁ་ཐུར་བསྟན་ཡིན་ན་མཐོ་རིས་ལྷ་མིའི་རྟེན་ཙམ་ཡང་འཐོབ་རྒྱུ་མེད། དེ་མེད་ན་རང་གིས་མ་འདོད་ཀྱང་འགྲོ་ས་ངན་སོང་དང་མྱོང་རྒྱུ་སྡུག་བསྔལ་མ་གཏོགས་མེད། དེས་ན་སྐྱེས་བུ་ཆུང་ངུའི་ལམ་གྱིས་མངོན་མཐོ་དོན་གཉེར་བྱེད་དགོས་ནའང་ཆ་རྐྱེན་མང་པོ་འཚོགས་དགོས། འུ་ཚོས་ཁར་རྩང་སྔོན་མར་དཔེ་བཞག་མྱོང་། དཔེར་ན་རང་རེ་རླངས་འཁོར་ནང་དུ་བསྡད་དེ་ག་ཤེད་དུ་འགྲོ་ན། ཐོན་དགོས་སར་ཐོན་རྒྱུ་བོ་དམིགས་ཡུལ་ཡིན་མོད་ཀྱང་། རླངས་འཁོར་འགྲོ་བ་ལ་འགྲོ་བྱེད་ཀྱི་སྣུམ་ཡོད་དགོས། དེ་མེད་ན་རླངས་འཁོར་གྱི་ལྷུ་ལག་འགུལ་རོགས་མི་བྱེད། དེ་དང་འདྲ་བ་ཚེ་འདི་ཕྱི་གཉིས་ཀའི་བདེ་འབྲས་ཤིག་འཐོབ་དགོས་ན་དེའི་རྒྱུ་ངོ་མ་བསོད་ནམས་ཡོད་དགོས། རླངས་འཁོར་ལ་སྣུམ་ཡོད་པ་རྐྱང་པས་མི་ཆོག་ཁ་ལོ་བ་གང་ལ་འགྲོ་བསམ་ན་དེ་ལ་སྒྱུར་མཁས་པ་ཞིག་ཡོད་དགོས། དེ་དང་འདྲ་བ་འདུན་པ་དམིགས་ཡུལ་གྱི་ཕྱོགས་ལ་གཏད་དེ་སྨོན་ལམ་དག་པས་མཚམས་སྦྱོར་བྱེད་དགོས། རླངས་འཁོར་དང་སྣུམ་དང་ཁ་ལོ་བ་ཡོད་ཀྱང་མི་ཆོག་པར་འགྲོ་ལམ་དགོས་པ་ལྟར། དེ་དང་འདྲ་བ་ཆོས་ཉིད་རང་བཞིན་གྱིས་དག་པ་དང་ཆོས་ཅན་རྒྱུ་འབྲས་བསླུ་མེད་ཀྱི་བདེན་སྟོབས་ལ་ངེས་ཤེས་འདྲོང་རྒྱུ་པོ་དེ་ཚོ་མེད་ཐབས་མེད། དེས་ན་སྐས་ཐེམ་རིམ་བགྲོད་ཀྱིས་ཁང་པའི་ཁང་ཐོག་ཏུ་ཐོན་དགོས་པ་དང་འདྲ་བ་ཞིག་ཡིན་པས། བློ་དམན་པའི་རིགས་ཅན་ཞིག་ཡིན་ན་ཐེག་པ་ལ་རིམ་འཇུག་བྱེད་རྒྱུ་དང་། བློ་ཆེན་པོའི་རིགས་ཅན་ཞིག་ཡིན་ཡང་བསྟན་པ་ཐམས་ཅད་འགལ་མེད། གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་ཉམས་ལེན་བྱེད་རྒྱུ་བོ་དེ་གལ་ཆེ་བ་རེད། དཔེར་ན་ཁ་སྐམ་གྱིན་ཡོད་པའི་མི་ཞིག་གིས་ཆུ་རིག་པ་དང་གོ་བས་མི་ཕན། ཆུ་འཐུང་རྒྱུ་ལོན་དགོས། ཆུ་དེ་འཐུང་རྒྱུ་ལོན་ན་ད་གཟོད་སྐོམ་པ་སེལ། དེ་བཞིན་དུ་ཆོས་མཐོན་པོའི་སྐད་ཆ་ཁ་རྐྱང་པས་བཤད་ན་བེད་མེད། རང་རྒྱུད་ཀྱི་ཉམས་ལ་གང་རན་ན་དེ་ནས་འགོ་བཙུགས་ཏེ་སྦྱོང་དགོས། ངས་འདོད་པ་བདེ་བ་འདོད་ཀྱང་། འོང་རྒྱུ་སྡུག་བསྔལ་ཁོ་ན་འོང་འདུག་པ་དེ། ཅི་ཞིག་གིས་ཉེས་པ་རེད་བསམ་ནས་བསམ་བློ་དེ་གཏོང་དུས། བདེ་སྐྱིད་ཀྱི་རྒྱུ་ཚོགས་གཉིས་མ་བསགས། སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤོང་མ་ནུས་པའི་དབང་གིས་རེད་བསམ་འོང་དུས་འཕྲིགས་ཤིག་ཟ་འོང་རྩིས་རེད། ད་སྔོན་རྫོགས་པ་ཆེན་པོ་སྒོམ་པ་ཡིན་ཟེར་ནས་མི་ལོ་མང་པོ་ཞིག་སོང་རུང་། སྟོང་ཉིད་རྗེས་མཐུན་པ་ཞིག་ཙམ་རྟོགས་པའི་མྱོང་རྟགས་གཤིས་ལ་མ་ཤར་བས་ཡོན་ཏན་གྱི་ཁ་མ་གང་། ཉོན་མོངས་ཀྱི་ཁ་ཞིག་མ་དམའ་བས་སྙིང་རྗེ་ཇེ་ཆེར་མ་སོང་། ངེས་འབྱུང་བཅོས་མ་ཞིག་ཀྱང་མ་སྐྱེ་བ་ནི་སྔོན་འགྲོའི་སྦྱོང་བ་མ་སོང་བས་སེམས་རྒྱུད་ཆོས་ཀྱིས་མ་ཐུལ་ནས། ཁ་ཚོད་མཐོན་པོ་རི་རྒྱལ་གྱི་རྩེར་ཡོད་རུང་། དོན་ཚོད་དམའ་མོ་ཆུ་བོའི་གཞུང་ལ་ཡོད་པའི་རྟགས་རེད། དེས་ན་འདིར་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་གྱི་རྣམ་བཞག་དང་བསྟུན་ནས་གསུངས་ཀྱིན་ཡོད་རེད། འདི་ས་བཅད་ཀྱི་དབང་གིས་སྐྱེས་བུ་ཆུང་འབྲིང་གི་ལམ་དུ་བཞག་ཀྱང་དོན་གྱི་དབང་གིས་སྐྱེས་བུ་ཆེན་པོའི་ལམ་དུ་བཞག་ཀྱང་འགལ་བ་མེད་པའི་རྒྱུ་མཚན་ནི་དེ་འདྲ་ཞིག་ལ་ཐུག་པ་རེད། དེ་ལྟ་བུའི་སྐྱེས་བུ་གསུམ་གྱི་རྣམ་པར་བཞག་པ་ནི་ཚེ་དབང་རིག་འཛིན་སླར་ཡང་སྡེ་སྣོད་གསུམ་གྱི་སྤངས་རྟོགས་ཀྱི་བསྟན་པ་སྤེལ་བའི་སླད་དུ་ཚངས་པར་མཚུངས་སྤྱོད་ཀྱི་བརྫུ་ལ་ཞུགས་པ། ཞེས་དེ་ལྟ་བུའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་རྣམ་པར་བཞག་པའི་ཚུལ་འདི་ཉིད་ནི། ཚེ་དབང་རིག་འཛིན་ནམ་འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པས་སྐྱེ་འཆི་མེད་པའི་སློབ་དཔོན་པདྨ་འབྱུང་གནས་ཉིད། སླར་ཡང་སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་སྤངས་རྟོགས་ཀྱི་བསྟན་པ་སྤེལ་བའི་སླད་དུ་ཚངས་པ་མཚུངས་སྤྱོད་རབ་བྱུང་ངུར་སྨྲིག་གི་ཆ་ལུགས་ཅན་གྱི་ལྷ་གཅིག་དཱི་པམ་ཀཱ་ར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་ལམ་གྱི་སྒྲོན་མ་ལས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བསྟན་པ་ལྟར་ལས། ཇོ་བོ་རྗེ་ནི་བྱང་ཆུབ་སེམས་ཀྱི་མངའ་བདག་གསེར་གླིང་པ་ཆོས་ཀྱི་གྲགས་པ་དང་། རང་གི་སྐུ་ཤ་དངོས་སུ་སྦྱིན་ནུས་པའི་བྱམས་སྙིང་རྗེ་ཁོ་ནར་བརྟེན་ནས་སྟོང་ཉིད་རྟོགས་པ་རྒྱུད་ལ་འཁྲུངས་པའི་བླ་མ་དྷརྨཱ་རཀྵི་ཏ་དང་། ཡང་གཞན་གྱི་སྡུག་བསྔལ་དངོས་སུ་ལེན་ནུས་པའི་བླ་མ་བྱམས་པའི་རྣལ་འབྱོར་པ་སྟེ་དེ་གསུམ་སོགས་ཀྱི་མདུན་ནས་ཡུན་རིང་པོར་ཆོས་གསན་ཏེ། བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས་པ། ཁོང་བོད་གངས་ཅན་གྱི་ལྗོངས་སུ་བྱོན་ནས་རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་ཡས་པ་ཞིག་བྱང་གྲོལ་གྱི་ལམ་ལ་འགོད་མཛད་ཡོད་ན། སློབ་མའི་གཙོ་བོ་ནི་རིགས་གསུམ་སེམས་དཔའི་སྤྲུལ་པ་ཁུ་རྔོག་འབྲོམ་གསུམ་སྟེ། ཁུ་བརྩོན་འགྲུས་གཡུང་དྲུང་། རྔོག་ལེགས་པའི་ཤེས་རབ། འབྲོམ་རྒྱལ་བའི་འབྱུང་གནས་གསུམ་ཡིན། དེའི་ནང་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འབྲོམ་སྟོན་རིན་པོ་ཆེ་ལ་གཞུང་གདམས་པ་མན་ངག་གསུམ་གྱི་བཀའ་བབ་སྟེ། བཀའ་གདམས་གཞུང་དྲུག་གི་བཤད་སྲོལ་དང་། བདེན་བཞི་གདམས་ངག་ཏུ་སྟོན་པ་མན་ངག་ཐིག་ལེ་བཅུ་དྲུག་གི་བཀའ་སྲོལ་ཟེར་རྒྱུ་དེ་འདྲ་དར་བ་རེད། བཀའ་གདམས་པ་ཡིན་ན་ལྷ་བཞིས་ལུས་བརྒྱན། སྡེ་སྣོད་གསུམ་གྱིས་ངག་བརྒྱན། བསླབ་པ་གསུམ་གྱིས་སེམས་བརྒྱན་པའི་བཀའ་གདམས་རིན་པོ་ཆེའི་བརྒྱུད་པ་ཞེས་ཟེར་བ་རེད། ཇོ་བོའི་བྱང་ཆུབ་ལམ་སྒྲོན་ལ་གཞིར་བཟུང་ནས་རྗེ་བདག་ཉིད་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོ་མཛད། འདི་ཐམས་ཅད་མདོ་ལུགས་རང་རྐང་གི་ཐོག་ནས་སྔགས་དང་ཅུང་ཟད་འབྲེལ་བའི་གདམས་ངག སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱི་ལམ་སྟོན་པར་ཤ་སྟག་ཡིན། དེས་ན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་ཚོ་བྱང་ཆུབ་ལམ་སྒྲོན་གྱི་ནང་དུ་བསྟན་པ་རྣམས་སྔ་འགྱུར་བ་དང་ཐུན་མོང་བ་ཡིན་ཞིང་། ཀུན་མཁྱེན་ཆེན་པོའི་སེམས་ཉིད་ངལ་གསོའི་ནང་གི་བླ་བརྒྱུད་དང་ཚང་མ་གཅིག་ཡིན། དེའི་ནང་ནས་མ་འཐུས་པའི་དོན་གྱི་ཐད་ན་མི་འདྲ་བའི་ས་ཟིན་ཟུར་པ་གཞན་ཞིག་མེད་ཅིང་ངོ་བོ་ངོ་མ་ལའང་ཆོས་སྐད་འདྲ་མིན་ཅུང་ཟད་ཙམ་གྱིས་འཇུག་ལྡོག་གི་ཁྱད་པར་ཙམ་ཡིན་པ་ལ་དགོངས་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སོགས་སྔ་འགྱུར་པའི་ཕྱོགས་ལ་གྲགས་ཆུང་བ་ལྟར་ཡིན་ཡང་། ངོ་མར་བཤད་ན་གོང་དུ་ཞུས་པ་ལྟར་བཀའ་གདམས་ལམ་རིམ་ལས་བྱུང་བའི་ལམ་གྱི་རིམ་པའི་འགྲོས་དེ་གསར་རྙིང་གཉིས་ཀའི་ཐུན་མོང་གི་ལུགས་ཡིན་ནོ། །དེ་ལྟར་ནའང་ཤེས་བྱ་རྣམ་པར་འབྱེད་པའི་བློ་གྲོས་དཔྱད་བཟོད་པ་ཉིད་དང་སྟེ་བརྟགས་ན་མི་བསླུ་བ་ཞིག་ལ་གསུངས་པ་རེད། སྔོན་གྱི་ལམ་སྟོན་ཆེན་པོ་རྣམས་ནས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ། གསུང་རབ་ཐམས་ཅད་གདམས་པར་འཆར་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ། ཉེས་སྤྱོད་ཆེན་པོ་རང་འགག་ཏུ་འགྲོ་བ་སྟེ་ཆེ་བ་བཞི་དང་ལྡན་པར་སྲོལ་བཏོད་པའི་ཕྱིར། མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཐབས་ལ་གྲུ་བཞི་ལམ་གྱིས་འགལ་མེད་དུ་འཁྱེར་ཤེས་པར་ཅན་དུ་གོ་དགོས་ཏེ། རྗེ་བདག་ཉིད་ཆེན་པོས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །དེ་ལྟར་བསྟན་པ་ཐམས་ཅད་འགལ་མེད་གྲུ་བཞི་ལམ་དུ་འཁྱེར་ཤེས་པས་ཐུབ་པའི་བཀའ་ལུང་གང་ཞིག་ཡིན་ཡང་རང་དབང་དུ་གོ་དོན་བཀྲལ་བའི་ནུས་པ་རྒྱུད་ལ་འཇོག་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་མདོ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །ཞེས་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཆེན་པོ་ཤིན་ཏུ་སྤོང་དཀའ་ཞིང་རྟོགས་པར་དཀའ་བས་ཕྲ་བར་གསུངས་པ་རེད། ཇི་ལྟར་ཆོས་སྤོང་བ་ཡིན་ན། འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་པའོ། །ཞེས་གསུང་རབ་ཐམས་ཅད་གདམས་པར་མ་ཤེས་པས་བཟང་ངན་དུ་འདུ་ཤེས་ན་ཆོས་སྤོང་བ་དང་། ལས་དེ་ཉེས་པ་ཤིན་ཏུ་ཆེ་ཞེས་གསུངས་པ་ལྟར་སྙིགས་མ་ལྔ་ཆེས་ཆེར་བདོ་ཞིང་ཁྱད་པར་དུ་ལྟ་བའི་སྙིགས་མའི་གཞན་དབང་དུ་གྱུར་པས། བསྟན་པ་ཅུང་ཟད་ཉམས་པའི་རྟགས་མཐོང་བའི་བར་སྐབས་སུ་ཕྱོགས་རེའི་མིག་ཅན་འགའ་ཞིག་གིས་བསྟན་པ་རྣམ་དག་ལ་རྟོག་བཏགས་འགལ་འདུའི་རྫུན་ཕྲེང་གིས་དྲི་བཅས་སུ་བསྒྲུབས་པས་རྐྱེན་བྱས་ཤིན་ཏུ་གསང་བ་ཆེན་པོའི་ཐེག་པ་ལ་ལམ་གྱི་གོ་རིམ་ཙམ་ཡང་མེད་པར་ཞེས། བར་སྐབས་ཤིག་ལ་ལྟ་གྲུབ་རང་བཟོས་བསླད་པའི་ཕྱོགས་རེའི་མིག་ཅན་བློ་རྒྱ་ཆུང་བ་འགའ་ཞིག་གིས། བསྟན་པ་རྣམ་དག་གསང་ཆེན་འབྲས་བུའི་ཐེག་པ་ལའང་། རྟོག་གེ་ཟོལ་མའི་རྟོག་བཏགས་འགལ་འདུ་སྒྲུབ་པའི་རྫུན་ཕྲེང་གིས་བསྟན་པ་རྣམ་དག་དེའང་དྲི་མ་དང་བཅས་པའི་དྲི་བཅས་སུ་བསྒྲུབས་པའི་ལོག་ཤེས་ཀྱིས་རྐྱེན་བྱས་ནས། ཤིན་ཏུ་གསང་བ་ཆེན་པོ་རྫོགས་ཆེན་ཨ་ཏིའི་ཐེག་པ་ལ་ལམ་གྱི་གོ་རིམ་ཙམ་ཡང་མེད་པར་ཐབས་སྤྱོད་པའི་ཕྱོགས་ཁྱད་དུ་བསད་སྙམ་པའི་ཐེ་ཚོམ་གྱི་བློས་ཀུན་ནས་བསླངས་ཏེ། རྒྱུ་མཚན་དང་གོ་རིམ་ཅི་ཡང་མེད་པར་བཙན་ཐབས་ཉིད་དུ་ཧ་ཤང་གི་ལྟ་བ་དང་འདྲའོ་ཟེར་བས། ཆོས་ཐམས་ཅད་རང་བཞིན་མེད་པ་རྐྱང་པར་བསྟན་པ་གོ་ནས་མ་རྟོགས་ལོག་རྟོག་གི་སྐྱོན་གྱིས་ཡང་དག་པའི་ལམ་ལ་ཡང་ཆོས་མ་ཡིན་པར་འདུ་ཤེས་ཏེ། གསང་སྔགས་རྫོགས་ཆེན་གྱི་ཆོས་ལ་གཤེ་ཞིང་སྡང་བས་ཆོས་སྤོང་གི་ལས་ཀྱིས་ཕྱི་མར་ངན་སོང་ངན་འགྲོར་ལྟུང་བར་བྱེད་པའི་ཉེས་སྤྱོད་ཆེན་པོའི་གཡང་ས་ལས་སྐྱོབ་པའི་ཕྱིར་ཡང་ཡིན་ནོ་ཞེས་གསུངས། འདིའི་ཡན་ཆད་མན་ངག་གི་གདམས་པ་འདི་ཉིད་བསྟན་པའི་དགོས་པའི་རྣམས་གྲངས་ཕྱེས་ཏེ་བསྟན་ནས། འདིའི་མཚམས་འདི་ནས་དེ་ལྟ་བུའི་ཆེ་བ་དང་དགོས་པ་ལྡན་པའི་གཞུང་ཉན་བཤད་ཇི་ལྟར་བྱ་བའི་སྐོར་བསྟན་པ་ནི། དེ་ཡང་རྟེན་འབྲེལ་གྱི་སྒོ་དང་པོ་སྟོན་པ་དང་ཆོས་ལ་རིམ་གྲོ་དང་བཀུར་སྟི་བྱ་བར་རྒྱལ་བའི་ཡུམ་དང་སའི་སྙིང་པོའི་མདོ་སོགས་ལས་རྒྱ་ཆེར་བཤད་ཅིང་། ཞེས་དམ་ཆོས་འཆད་ཉན་ཡང་དག་པར་བྱེད་པའི་ཐོག་མའི་རྟེན་འབྲེལ་གྱི་སྒོ་དང་པོ་དེ་གང་ཡིན་ན། སྟོན་པ་དང་དེས་བསྟན་པའི་དམ་ཆོས་ལ་གོ་བའམ། ཡང་ན་སྐབས་བབ་ཀྱི་ཆོས་བཤད་ཅིང་བསྟན་པའི་སྟོན་པ་སློབ་དཔོན་དང་། དེས་གསུངས་པའི་ཆོས་ལ་གོ་ནའང་ཆོག་གི། མདོར་ན་སྟོན་པ་དང་ཆོས་ལ་རིམ་གྲོ་དང་བཀུར་སྟི་བྱ་དགོས་པ་རྒྱལ་བའི་ཡུམ་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་སོགས་དང་། སའི་སྙིང་པོའི་མདོ་དང་སོགས་ཁོངས་ནས་མདོ་རྒྱུད་མང་པོ་བསྡུས་པ་རེད། དེ་དག་ལས་རྒྱ་ཆེར་བཤད་ཅིང་། ཇི་ལྟར་བཤད་ན། དེ་སྐད་དུ་ཀུན་ཏུ་བཟང་པོའི་ཏནྟྲ་ལས། དང་པོར་སློབ་མས་བླ་མ་ལ། །སྡོམ་ཆོས་ཞུ་ཚེ་འདི་ལྟར་བྱ། །སྔ་བར་ལངས་ལ་ཁ་ལག་བཀྲུས། །ལུས་ཀྱི་ཆས་རྣམས་ལེགས་པར་གཟབས། །ཞེས་དམ་ཆོས་འཆད་ཉན་བྱེད་པའི་དང་པོ་དགོས་རྒྱུ་ནི། ཆོས་འདོད་དོན་གཉེར་གྱི་སློབ་མ་དེས། དང་པོ་བླ་མ་བརྟག་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མ་དགོངས་སྤྱོད་བསླབ་ལ་མཁས་པ་ཡིས། །སྐྱེས་བུ་དེ་ནི་ཡང་དག་ལམ་དུ་འགྲོ། །ཞེས་གསུངས་པ་ལྟར་བརྟགས་ནས་བསྟེན་པའི་བླ་མ་དེ་ལ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་དང་། མདོ་རྒྱུད་མན་ངག་གི་དབང་ལུང་ཁྲིད་གསུམ་གྱི་ཆོས་ཞུ་ཚེ་སྤྱོད་ལམ་འདི་ལྟར་བྱ་དགོས་ཏེ། དགེ་ཚུལ་ཀཱ་རི་ཀཱ་ལྔ་བཅུ་པ་ལས། ནམ་གྱི་ཆ་སྨད་མལ་ནས་ལངས་། །ནམ་ལངས་བར་དུ་ཁ་ཏོན་བྱ། །གདོང་དང་སོ་ཡི་དྲི་མ་བཀྲུས། །རྫོགས་སངས་རྒྱས་ལ་གུས་ཕྱག་འཚལ། །ཞེས་གསུངས་པ་བཞིན་སྔ་བར་ཡར་ལངས་ལ་ཁ་ལག་གཙང་མར་བཀྲུས་ཏེ། གསུང་ཆོས་ཞུ་དུས་སམ་མིན་ན་རྟེན་ཁྱད་པར་ཅན་ནམ་དམ་པའི་སྐྱེས་བུ་མཇལ་བའམ། རང་ཁྱིམ་ན་དཀོན་མཆོག་གི་རྟེན་ལ་མཆོད་པ་འབུལ་བའི་ཚེ་ཁ་ལག་སྤྱོད་གསུམ་གཙང་མར་བྱས་ཏེ། མཆོད་རྫས་ཡོན་ཆབ་ལ་སོགས་པར་ཁ་རླངས་ཕོག་མི་བཅུག་ནས་བཤམས་དགོས། ཁ་ལག་གཙང་མའི་མཆོད་པ་ཞེས་ཟེར་བ་ཡིན། ལུས་ཀྱི་ཆས་གོས་དང་རྒྱན་ཆ་རྣམས་འཕྱོར་སྒེག་དང་། མ་གུས་པའི་རྣམ་པ་ཅན་མ་ཡིན་པར་ཆས་གོས་གཙང་མ་ལེགས་པར་གཟབ་ཅིང་གཙང་མའི་ཆས་ཀྱིས་སྤྲས་དགོས་ཤིང་། མཆེད་གྲོགས་དམ་ཚིག་ལྡན་མི་ལྡན། །སྟ་གོན་རྣམ་དབྱེ་ལེགས་པར་བྱ། །ཆོས་རར་ཆག་ཆག་བྱི་དོར་བྱ། །ཞེས་གསུངས་ཏེ། བླ་མར་བརྟགས་ནས་བསྟེན་དགོས་པར་མ་ཟད། མཆེད་གྲོགས་ཐམས་ཅད་ཀྱང་གསང་སྔགས་ཀྱི་དབང་དང་སྡོམ་པ་ཞུས་པའི་ཚེ་དམ་ཚིག་དང་ལྡན་མི་ལྡན་དང་། འགལ་ཉམས་འདས་རལ་དུ་གྱུར་པའི་གང་ཟག་ཡིན་མིན་བརྟག་དགོས། དེ་ལྟ་བུ་ཡིན་ན་ཐབས་ཀྱིས་གཟུར་རྒྱུ་ལེགས་པར་ཆོས་མ་ཞུས་གོང་ནས་གཟབ་གཟབ་མ་བྱས་པར་དེ་དང་མཉམ་དུ་ཆོས་ཞུ་ན། རང་ལ་དེའི་ཉམས་གྲིབ་ཀྱིས་འདས་ཉམས་དང་ཞོར་ཉམས་ཀྱིས་ཉེས་པས་གོས་པ་རེད། སྟ་གོན་ཏེ་གྲ་སྒྲིག་གི་རྣམ་དབྱེ་ཅི་འདྲ་དགོས་པའི་སྐོར་རྣམ་པར་ཕྱེས་ཏེ་ལེགས་པར་བྱ་དགོས། ཀུན་མཁྱེན་ཀློང་ཆེན་པས། ཐོག་མེད་དུས་ནས་ཉེ་བར་གོམས་པ་ཡི། །ཡིད་མཁའི་ཉོན་མོངས་གདུང་བ་ཞི་བྱའི་ཕྱིར། །ནོར་བཟང་རྟག་ཏུ་ངུ་བཞིན་ཆོས་འཚོལ་བས། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་གཉེན་བསྟེན། །ཞེས་གསུངས་པ་བཞིན། གནའ་སྔོན་མར་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཟེར་བ་ཞིག་ཡོད། དེའི་གྲོང་ཁྱེར་དེར་ཚོང་དཔོན་ནོར་རབ་ཏུ་བརྟན་པ་ཟེར་བ་ཞིག་ཡོད་པ་དེའི་བུ་ནོར་བཟང་གིས་ཆོས་སྒྲུབ་པའི་ཆེད་དུ། ཡུལ་ལྷོ་ཕྱོགས་སུ་བརྒྱུད་ནས་ལྷོ་ཕྱོགས་ལ་སོང་སོང་ནས། ཆོས་བཙལ་ཏེ་དཀའ་བ་ཆོས་ཕྱོགས་སུ་སྤྱད་སྤྱད་པས། ལྷག་པའི་ལྷས་ལུང་སྟོན་ཅིང་བྱིན་རླབས་ཐོབ་པའི་བླ་མ་ལྔ་བཅུ་རྩ་བཞི་དང་། གདམས་པ་རྗེས་སུ་བསྟན་པའི་བླ་མ་ལྔ་བཅུ་རྩ་བཞི་སྟེ་བླ་མ་བརྒྱ་དང་རྩ་བརྒྱད་བསྟེན་པ་རེད། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཞེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་དུས་རང་ཉིད་ཀྱིས་ལུས་བཙོངས་ནས། ཚོང་དཔོན་གྱི་བུ་མོ་འཁོར་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཤིང་རྟར་ཞུགས་ཏེ་ཤར་ཕྱོགས་སྤོས་ངད་ལྡན་པའི་གྲོང་ཁྱེར་སོང་ནས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་བསྙེན་བཀུར་གྱིས་དཀའ་སྤྱད་མཛད་པ་བཞིན་དུ། ཆོས་རར་ཆག་ཆག་གདབ་ཅིང་བྱི་དོར་བྱ་བ་སོགས་ཕྱིན་དྲུག་ཚང་བའི་དཀའ་སྤྱད་བྱེད་དགོས་སོ། །ཞེས་པ་ལྟར་ཁྲུས་བྱས་ཤིང་གོས་གཙང་མ་གྱོན་ན་དྲི་མ་ངན་པ་བྲོ་བ་མ་རེད། སྤྱིར་ལུས་ཁོ་རང་མི་གཙང་བ་ཡིན་པས་དྲི་མ་གཏན་ནས་མི་བྲོ་བའི་གཙང་མར་བྱ་རྒྱུ་མེད་ཀྱང་། ཟུར་དེ་ན་གཅིག་དྲི་མ་ཐུལ་ལེ་འདུག་ན་མི་གཞན་མི་དགའ་ཞིང་། དེ་དང་འདྲ་བ་བླ་མ་དཀོན་མཆོག་ལ་མི་གཙང་པའི་དྲི་ངན་མི་བདུག་པའི་ཆེད་དུ་གཙང་མར་བྱེད་དགོས། དཀོན་མཆོག་ལ་གཉིས་འཛིན་མེད་ཀྱང་རང་ཉིད་ཀྱི་བསམ་པ་དག་ན་རྒྱུད་དག་པས་དེའི་ཆེད་དུ་དེ་འདྲ་གྱིས་གསུངས་པ་རེད། མཆེད་དམ་ཚིག་དང་མི་ལྡན་པ་དག་ཕྱིར་བསལ་ཏེ་དངོས་སུ་བསྐྲད་པའམ་ཡང་ན་ཐབས་ཀྱིས་སྤངས་པར་བྱས། ཆོས་གསུང་སའི་ཆོས་རར་ཡུལ་དུས་དང་བསྟུན་པའི་བྱི་དོར་ཅི་དང་ཅི་དགོས་ན་དེ་ལྟར་བྱ་བ་སོགས་བྱི་དོར་རྣམ་པ་གསུམ་དུ་ངེས་པར་བྱ་ཞིང་ཞེས་འདིའི་བྱི་དོར་རྣམ་པ་གསུམ་ནི་རང་ཉིད་ཆོས་ཞུ་བ་པོའི་ལུས་ངག་ཡིད་གསུམ་གྱི་སྒོ་གསུམ་གཙང་མའི་བྱི་དོར་གསུམ་མམ། ཡང་ན་གནས་དང་གྲོགས་དང་རང་ལུས་གསུམ་ལ་གོ་ནའང་ཆོག། དེ་ལྟ་བུའི་བྱི་དོར་རྣམ་པ་གསུམ་དུ་ངེས་པར་བྱ་ཞིང་། དེ་ནས་བཞུགས་ཁྲི་བླ་ཡོལ་ལྡ་ལྡི་དང་། །ཕྱི་ནང་མཆོད་པ་རྒྱས་པར་བཤམ། །བཀོད་པས་ཁྱད་པར་འཕགས་པ་ནི། །དག་གིས་དང་འདྲེན་བློ་ཕེབས་བཅའ། །ཞེས་བྱི་དོར་གཙང་མར་བྱས་པའི་རྗེས་དེ་ནས་ཆོས་འཆད་པ་པོའི་བླ་མ་དེ་བཞུགས་སའི་ཁྲི་དང་། བླ་རེ་དང་ཡོལ་བ་ལྡ་ལྡི་སྟེ་འཕན་གྱི་རིགས་ཅན་གྱི་མིང་རེད། དེ་ནས་ཕྱི་ནང་གི་མཆོད་པ་ནི། སྤྱིར་མཆོད་པའང་ཐུན་མོང་དང་ཐུན་མིན་གྱི་མཆོད་པ་ཡོད་པ་དང་། བདུད་རྩི་དང་ག་བུར་ལ་སོགས་པ་ཐུན་མོང་ལྟར་དུ་རྒྱས་པར་བཤམས། ཐུན་མོང་ལའང་དངོས་འབྱོར་དང་ཡིད་སྤྲུལ། དངོས་འབྱོར་ལའང་ཡོངས་སུ་བཟུང་བ་དང་། ཡོངས་སུ་མ་བཟུང་བ་གཉིས་སོགས་ཡོད། འདི་ན་ཐུན་མོང་དངོས་འབྱོར་གྱི་མཆོད་པ་སོགས་བྱས་ན་རེད་ཀྱིན་ཡོད། མེ་ཏོག་སྤོས་དང་མར་མེ་ཞལ་ཟས་ཆུ། །བླ་རེ་འཕན་ལྡིང་གདུག་དང་རོལ་མོའི་སྒྲ། །རྒྱལ་མཚན་རྔ་ཡབ་རྫ་རྔ་ལ་སོགས་དང་། །ལུས་དང་ལོངས་སྤྱོད་མཁོ་རྒུའི་ཡོ་བྱད་ཀྱིས། །འགྲོ་བའི་བླ་མ་དཀོན་མཆོག་སྲས་བཅས་མཆོད། །ཞེས་གསུངས་པ་བཞིན་དང་། བཀོད་པས་ཁྱད་པར་འཕགས་པ་ནི་ཞེས། ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཞེས་གསུངས་པ་ལྟར། ཆོས་ར་དང་བཞུགས་ཁྲི་མཆོད་པ་སོགས་རྒྱན་དང་བཀོད་པས་མཛེས་ཤིང་ཡིད་དུ་འོང་བ། ཐ་མལ་ཁྲལ་སོད་ལྟར་མ་ཡིན་པར། ཁྱད་པར་དུ་དེ་དག་གིས་དང་བ་འདྲེན་ཞིང་བློ་བདེ་བག་ཕེབས་པའི་རྣམ་པ་ཅན་དེ་ལྟར་བཅའ་བར་བྱ། དེ་ནས་ཆོས་འཁོར་བསྐུལ་བའི་སྒྲ། །ཆོས་ཀྱི་དུང་ཆེན་ལན་དགུ་པོ། །བླ་མའི་ཕྱོགས་སུ་ཁ་བལྟས་འབུད། །ཀུན་གྱིས་གསོལ་འདེབས་དུང་བར་བྱ། །བླ་མ་སྤོས་དང་རོལ་མོས་བསུ། །བདེ་བའི་སྟན་ལ་བཞུགས་སུ་གསོལ། །ཞེས་དེ་ལྟར་གྲ་སྒྲིག་གི་བྱ་བ་ཚང་མ་ཚགས་སུ་ཚུད་པར་བྱས་ནས་ཆོས་འཁོར་བསྐོར་བར་བསྐུལ་བའི་སྒྲ། ཆོས་འཁོར་བསྐོར་བ་ལ་དཔོན་སློབ་ཚང་མ་ཚུར་འདུ་ཞིང་ཆོས་ཉན་པ་ལ་བསྐུལ་བའི་སྒྲ་རེད། དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་སྲས་པོ་མ་ག་དྷ་རྡོ་རྗེ་གདན། བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་སྲོད་ལ་བདུད་བཏུལ། དགུང་ལ་མཉམ་པར་བཞག ཐོ་རངས་མངོན་པར་རྫོགས་པ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལ་ཆོས་མ་གསུང་། བདུན་ཕྲག་དང་པོ་ལ་སྐྱིལ་ཀྲུང་མ་བཤིག གཉིས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས། གསུམ་པ་ལ་འཛམ་གླིང་ཉེ་བར་བཅགས། བཞི་པ་ལ་སྟོང་གསུམ་རིང་དུ་བཅགས། ལྔ་པར་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་གཤེགས། དྲུག་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་ཤིང་དེའི་ཚེ་ན། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེས། །སུ་ལ་བསྟན་ན་གོ་བར་མི་འགྱུར་བས། །མི་སྨྲ་གཅིག་པུར་ནགས་ཀྱི་ནང་དུ་གནས། །ཞེས་གསུངས་ནས་བཞུགས་པ་ན་ཚོང་པ་ག་གོན་དང་། བཟང་པོ་གཉིས་ཀྱིས་སྦྲང་རྩི་ཕུལ་བས་དེ་གསོལ་ས་སྣོད་མ་འབྱོར་བས། རྒྱལ་པོ་ཆེན་པོ་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བས་དེ་ཕྱོགས་གཅིག་ཏུ་རྫུ་འཕྲུལ་གྱིས་བསྡོམས་ནས་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་ཏེ། དེའི་ནང་གསོལ་བ་ན་ཤིས་པར་བརྗོད་པ་ཙམ་ལས་ཆོས་མ་གསུང་། དེ་ནས་བདུན་ཕྲག་བདུན་པ་ལ་ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་སོགས་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པས། རིམ་པ་བཞིན་དུ་ཆོས་ཀྱི་འཁོར་ལོ་རིམ་པ་རྣམ་གསུམ་བསྐོར་བ་ཡིན་ལ། དང་པོ་ཡུལ་ཝ་ར་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་འཁོར་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རི་ལ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་དང་། གཞན་ཡང་འཁོར་རྣམ་བཞི་དང་ལྷ་ཀླུ་སོགས་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། དེ་ནས་ལྷ་ཀླུའི་གནས་དང་མིའི་ཡུལ་གྲོང་ཁྱེར་ཀུ་མུ་ད་གསལ་བྱིན་ལ་སོགས་པར་ལེགས་པ་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད། བཀའ་འཁོར་ལོ་རྣམ་པ་གསུམ་དེ་གདུལ་བྱ་དབང་པོ་ཆུང་འབྲིང་ཆེ་གསུམ་ལ་དང་པོ་འཇུག་པའི་གཞི་དང་། བར་དུ་ཞུགས་པའི་ལམ། ཐ་མར་དོན་གྱི་སྙིང་པོ་གསུམ་ལ་དགོངས་ཏེ། སྡེ་སྣོད་གསུམ་རྗོད་བྱེད་དང་བསླབ་པ་གསུམ་བརྗོད་བྱའི་ཚུལ་དུ་བྱས་ནས་གསུངས་པ་བཞིན་དུ། དུས་ཐ་མ་སྟོན་པའི་རྒྱལ་ཚབ། བསྟན་པའི་སྲོག་ཤིང་དུ་བྱོན་པའི་བླ་མའི་མདུན་ནས་ཆོས་ཞུ་བའི་རྟེན་འབྲེལ་གྱི་དགོས་དབང་དང་། གུས་ཤིང་བསྐུལ་བའི་བསམ་པ་དང་ལྡན་པས་ཆོས་འཁོར་བསྐོར་བར་བསྐུལ་བའི་བརྡ། ཆོས་ཀྱི་དུང་ཆེན་ལན་དགུའམ་དུས་རྒྱུན་ལན་གསུམ་འབུད་རྒྱུའི་ཕྱག་སྲོལ་དང་། ཡང་ཚོགས་པ་སྒྲིག་ཆེན་ལ་དུང་བརྡ་ཞེས་དུང་གི་སྔོན་འགྲོ་དང་ལན་བཞིར་འབུད་པ་སོགས་དར་སྲོལ་ཡོད་པ་རེད། དུང་ལན་གསུམ་ལ་གསུམ་རེ་འབུད་ན་དགུ་རེད་འགྲོ་གི་མོད། ཆོས་དུང་མཆོད་པའི་ཚུལ་དུ་བླ་མའི་ཕྱོགས་སུ་ཁ་བལྟས་ཏེ་འབུད་དགོས། དུང་སྒྲ་དེས་བསྐུལ་ཏེ་དཔོན་སློབ་ཐམས་ཅད་འདུས་ནས་ཀུན་གྱིས་གསོལ་བ་འདེབས་ཤིང་། སེམས་དང་འདོད་དད་པས་དགའ་ཞིང་དུང་བ་དང་། ལུས་གུས་པས་འདུད་པའི་སྒོ་ནས་བླ་མ་ཆོས་རའི་ནང་བྱོན་པ་ན་སྤོས་དང་རོལ་མོས་སྔོན་བསུ་བྱ། བསུ་བའི་བླ་མ་དེ་བདེ་བའི་སྟན་ལ་བཞུགས་སུ་གསོལ་བ་སྟེ། ཆོས་འཆད་པའི་སྐབས་ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར་བླ་མ་ཁྲི་ཐོག་ཏུ་བཞུགས་དགོས། དེ་དགེ་འདུན་ལ་བརྙས་པ་མ་གྱི་ཆོས་ལ་གུས་པའི་ཕྱིར་ཕྱག་ལེན་ལྟར་རང་རེས་ཀྱང་དེ་ལྟར་བྱེད་ཁུལ་ཡོད་པ་རེད། ཅེས་རྒྱུད་ལས་གསུངས་པ་ལྟར་མདོར་ན་བླ་མ་ལ་ང་རྒྱལ་དང་། མཉམ་འགྲོགས་ཀྱིས་ཅི་ལོ་གང་བྱུང་བརྙས་སྟབས་སུ་མ་སོང་བར་ཆོས་འཆད་པའི་བླ་མ་དང་སྐྱབས་ཡུལ་དཀོན་མཆོག་གསུམ་ལ་ཐུགས་མཉེས་པའི་མཆོད་པ་གྱ་ནོམ་པ་དང་། ཁྲི་སྟན་མཐོན་པོར་བཤམས་པ་སོགས་བྱ་ཞེས་གསུངས་ཏེ། བླ་མ་ཐུགས་མཉེས་ན་དཀོན་མཆོག་མཉེས་པ་རེད། དཀོན་མཆོག་གསུམ་གྱི་མཐར་ཐུག་པ་སངས་རྒྱས་ཡིན་ན། སངས་རྒྱས་ཀྱི་མཛད་པ་གཞན་དོན་གྱི་ཕྲིན་ལས་སེམས་ཅན་ཡོངས་ལ་ཕན་པ་མཛད་རྒྱུ་དེ་ཡིན། ཐུན་མོང་ལྟར་དུ་བཤད་ན་བླ་མ་ནི་ཐར་པའི་ལམ་ལ་ཁྲིད་མཁན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་དེད་དཔོན་ཡིན་པས། དཀོན་མཆོག་ལ་ཐུགས་རྗེ་ཡོད། སེམས་ཅན་ལ་དད་པ་ཡོད་ཀྱང་བར་དེ་ན་བླ་མ་མ་བཞུགས་ན་མི་རུང་སྟེ། དཔེར་ན་ཉི་མ་ལ་ཚ་དྲོད་ཡོད། རྩྭ་སྐམ་པོ་ལ་མེ་འབར་མ་རག་པ་ཡིན་ཡང་བར་དེ་ན་མེ་ཤེལ་ཞིག་མེད་ན་རྩྭ་སྐྱ་ཉི་མའི་དྲོད་ཀྱིས་ཐད་ཀར་མི་འཚིག བར་དེ་ན་མེ་ཤེལ་ཡོད་ན་ཉི་མའི་དྲོད་ཀྱི་རྩྭ་ལ་མེ་འབར་བ་བཞིན་རེད། ཐུན་མིན་ལྟར་དུ་བཤད་ན། བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་རེད། བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཡིན་ན། མཚོན་བྱེད་རྟགས་ཀྱི་མཆོག་གསུམ་ལ་འདུན་པས་འགྲོ་བའི་སྐྱབས་འགྲོ་ཉི་ཚེ་བ་ཙམ་མ་ཡིན་པར། དད་པ་དང་མོས་གུས་རྣམ་པར་དག་པས་མཆོད་པ་དང་བཀུར་སྟི་བྱེད་ན། མཚོན་བྱ་དོན་གྱི་མཆོག་གསུམ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངོ་བོ་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་དགོངས་རྒྱུད་བྱིན་རླབས་འཕོས་པས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ཟུང་འཇུག་སྐུ་བཞིའི་རྒྱལ་སར་མངའ་དབང་འབྱོར་བ་ཡིན་པས་ན། བླ་མ་དང་དཀོན་མཆོག་མཉེས་པའི་མཆོད་པ་དང་ཁྲི་སྟན་མཐོན་པོར་བཤམས་པ་སོགས་བྱ་དགོས། འདིའི་སོགས་ཁོངས་ནས་སྦྱིན་པ་ལ་སོགས་ཕྱིན་དྲུག་ཚང་བའི་ཞབས་ཏོག་བསྙེན་བཀུར་དགོས་པ་ཡང་བསྟན་ཡོད། ཆོས་ལ་བསྐུལ་བའི་དུང་འབུད་པའི་ཚེ་ཡང་བླ་མ་ལ་ཁ་བསྟན་ཏེ་བུས་པས་མཆོད་པའི་ཚུལ་དུ་འགྲོ། ཞེས་པས་གོང་གི་ལུང་དོན་འགྲེལ་བ་རེད། ཆོས་འཆད་པའི་དུས་ལ་བབ་དུས་སློབ་དཔོན་དང་སློབ་མ་འཁོར་དང་བཅས་པ་སྤྱན་འདྲེན་ཆོས་ལ་བསྐུལ་བའི་བརྡར་དུང་འབུད་པའི་ཚེའང་ནམ་རྒྱུན་གུས་པའི་ཚུལ་གྱིས་བླ་མ་ལ་རྒྱབ་ཀྱིས་ཕྱོགས་མི་རུང་བས་མ་ཚད། དུང་འབུད་པའི་ཚེའང་བླ་མ་ལ་ཁ་གཏད་ནས་གུས་པས་འདུད་པའི་ཚུལ་གྱིས་འབུད་ན། གུས་པའི་གཟུགས་དང་སྙན་པའི་སྒྲ་ཡི་མཆོད་པའི་ཚུལ་དུ་འགྲོ། ཆོས་ལ་བསྐུལ་བའི་བརྡ་དེ་དུང་གི་སྒྲ་ཡིན་དགོས་དོན་ཅི། བརྡ་གཞན་གྱིས་བསྐུལ་ན་མི་ཆོག་གམ་སྙམ་ན། རྟེན་འབྲེལ་ཁྱད་པར་ཅན་གྱི་དགོས་དབང་གིས་དུང་སྒྲས་བསྐུལ་བ་རེད། དེའང་གོང་དུ་ཞུས་པ་ལྟར་བརྒྱ་བྱིན་གྱིས་དུང་གཡས་འཁྱིལ་ཕུལ་བས་རྟེན་འབྲེལ་མཆོག་ཏུ་གྱུར་པའི་སྟོབས་ཀྱིས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཝ་ར་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཀྱི་གནས་སུ། འཁོར་ལྔ་སྡེ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བདེན་པ་བཞི་ནས་བརྩམས་ཏེ་ཆོས་འཁོར་ལན་གསུམ་བསྔགས་བརྗོད་དང་བཅས་པ་གསུངས་པ་ཡིན་ན། རྟེན་འབྲེལ་དེའི་དགོས་དབང་གིས་རྗེས་འཇུག་ཐམས་ཅད་ཀྱིས་ཐུགས་ཆོས་ཚུལ་ཟབ་མོ་འཆད་ཉན་བྱེད་པའི་སྐབས་སུ། དུང་སྒྲས་བསྐུལ་བ་འདི་རྟེན་འབྲེལ་མཆོག་ཏུ་འགྱུར་བས། སེམས་ཅན་རྨོངས་པ་མ་རིག་པའི་གཉིད་འཐུག་པོ་ལས་སད་པ་དང་། ཟབ་ཞི་སྤྲོས་པ་དང་བྲལ་བའི་དབྱངས་དེས་ཡིད་ཅན་མཐའ་དག་གནས་སྐབས་དགའ་བ་ནས་མཐར་ཐུག་བདེ་བའི་སར་ཕྱིན་པའི་དོན་མཚོན་པར་མ་ཟད། སྙན་པའི་སྒྲ་དབྱངས་ཀྱིས་བླ་མ་དང་དཀོན་མཆོག་མཉེས་པའི་མཆོད་པ་སྒྲ་དབྱངས་ཀྱི་མཆོད་སྤྲིན་ཡང་འགྱུར་འགྲོ་བ་རེད། ཆོས་རྔ་སྒྲོག་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་པ་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར། ཆོས་ལ་བསྐུལ་བའི་དུང་སྒྲ་དེ་ལ་སོགས་པ་རྣ་ལམ་དུ་ཐོས་པའི་སེམས་ཅན་མང་པོ་ཐ་ན་དུད་འགྲོའི་གནས་སུ་སྐྱེས་པའི་འབུ་སྲིན་ལ་སོགས་པའི་སེམས་ཅན་ཡང་ངན་སོང་དུ་སྐྱེ་འགྱུར་གྱི་ལས་གསོག་ཡོད་ཀྱང་། དེ་ལས་ཐར་པར་བྱེད་པ་གཎྜཱིའི་མདོ་སོགས་སུ་བཤད་པའི་རྒྱུ་མཚན་གྱིས་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་དང་། སེམས་ཅན་གྱི་དོན་དུ་རྫོགས་སྨིན་སྦྱོང་བ་རྒྱ་མཚོ་ལ་གོམས་པའི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དང་ཐབས་མཁས་བསམ་གྱིས་མི་ཁྱབ་པ་ཤེས་པར་བྱས་ལ། ཞེས་སེམས་ཅན་གྱི་བྱ་སྤྱོད་ལས་འདས་པའི་ཐབས་ལ་མཁས་པའི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པ་ཡིན་པར་ཤེས་པར་བྱས་ནས། ཆོས་ཀྱི་ཐུན་ཐམས་ཅད་ཀྱི་བརྡར་དུང་འབུད་པ་ལའང་གནད་ཆེན་པོ་དེ་ལྟ་བུ་ཡོད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞེས་པ་ནི། ཀུན་མཁྱེན་ཀློང་ཆེན་པས་ཡིད་བཞིན་མཛོད་ལས། དེ་ཡང་ཐབས་མཁས་ཐུགས་རྗེ་དཔག་མེད་ཅིང་། །མདོ་རྒྱུད་ཡིད་བཞིན་མཛོད་མངའ་འགྲོ་བ་འདྲེན། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི། །སྙིགས་མའི་དུས་སུ་སངས་རྒྱས་དངོས་དང་མཚུངས། །ཞེས་གསུངས་པ་ལྟར། དཀའ་ཚེགས་དང་ངལ་དུབ་ཆེན་པོ་མི་དགོས་པར་དོན་ཆེན་པོ་འགྲུབ་པའི་ཐབས་ལ་མཁས་ཤིང་། གཞན་ཕན་གྱི་ཐུགས་རྗེ་སྐྱོ་ངལ་མེད་པར་བདེ་བར་གཤེགས་པའི་མདོ་རྒྱུད་གང་ལའང་མི་མཁྱེན་པ་མེད་པར། ཡིད་བཞིན་ནོར་བུ་ལྟ་བུའི་མཛོད་ཐུགས་རྒྱུད་ལ་མངའ་བས་འགྲོ་བའི་ཁ་ལོ་གྱེན་ལ་བསྒྱུར་བའི་ཕྲིན་ལས་ཀྱིས་ཐར་པའི་ལམ་སྣ་འདྲེན་ཐུབ་པ། སྐུ་གསུང་ཐུགས་ལ་ཇི་ལྟར་བརྟགས་ཀྱང་མི་དགེ་བའི་ཉེས་སྐྱོན་དང་བྲལ་ཞིང་། ཡོན་ཏན་གྱིས་གང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་བླ་མ་དེ་སྙིགས་མའི་དུས་འདིར་སངས་རྒྱས་དངོས་བྱོན་མཇལ་བ་དང་ཁྱད་པར་མེད་ཅེས་གསུངས་པ་རེད། འོན་ཀྱང་བླ་མ་བཟང་ངན་ཟེར་བ་དེ་ཡང་གདུལ་བྱའི་བསོད་ནམས་ཆེ་ཆུང་ལ་རག་ལས་པས། དེ་རིང་ཁ་སང་གི་དུས་འདིར་དེ་འདྲ་ཙམ་ག་ལ་འོང་སྟེ། འབྲེལ་ཚད་ངན་སོང་དུ་མི་ཁྲིད་པ་དང་། བླ་མ་དེ་སློབ་མ་ལས་ལྷག་པའི་ཡོན་ཏན་དང་ལྡན་པ། ལྷག་བསམ་གཞན་ཕན་ཅན། དོན་སྤྱོད་དོན་མཐུན་ཆོས་དང་མཐུན་པའི་མཛད་སྤྱོད་མངའ་བ། གཞན་གྱིས་མིག་ལྟོས་བྱེད་འོས་པ་ཞིག་ངེས་པར་དུ་ཡིན་དགོས། ཆོས་འཆད་པའི་དུས་ལ་བབ་པ་དེའི་ཚེ་ཆོས་འཆད་པའི་བླ་མས་ཀྱང་འཁོར་གྱི་གདུལ་བྱའི་བློ་དང་བ་འདྲེན་ནུས་པའི་སྤྱོད་ལམ་བཟང་པོ་མཐའ་དག་ལ་ངེས་པར་བསླབ་དགོས་ཏེ། རྒྱུད་ཀློང་གསལ་ལས། སློབ་མའི་མོས་གུས་ཆེ་ཆུང་དེ། །བླ་མའི་མཛད་སྤྱོད་ལེགས་ཉེས་ཡིན། །འགྲོ་ཆག་ཉལ་དང་ཟ་བ་སོགས། །སྤྱོད་ལམ་ཐབས་ལ་ལེགས་པར་བསླབ། །སྤྱིར་སློབ་མ་ཡོངས་དང་ཁྱད་པར་དུ་ལས་དང་པོ་བའི་སློབ་མའི་མོས་གུས་ཆེ་ཆུང་ལ་གོ་དགོས་པས། སློབ་མ་སྐྱོང་མཁན་གྱི་བླ་མ་དེའི་རྒྱུན་གྱི་མཛད་སྤྱོད་ལེགས་ཉེས་ལ་ལྟོས་པ་ཞིག་ཡིན་པས། མི་ཞིག་ཡིན་ན་སྤྱོད་ལམ་རྣམ་བཞི་ལ་བརྟེན་ཡོད་པ་རེད། ལམ་དུ་འགྲོ་བ་དང་བསྡད་པ་དང་གནས་ཁང་སོགས་སུ་འཆག་པ། མཚན་མོར་ཉལ་བ། ལུས་འཚོ་བའི་ཆེད་ཟས་ཟ་བ་སོགས་སྤྱོད་ལམ་རྣམ་བཞི་གང་གི་སྐབས་ཡིན་ཡང་དྲན་ཤེས་བག་ཡོད་དང་ལྡན་པས། སྤྱོད་ཚུལ་གྱི་ཐབས་ལ་བཅོས་མར་མ་ཡིན་པ་ཞིག་ལ་ལེགས་པར་བསླབ་པར་བྱ་བའི་བླ་མ་ལ་བཀུར་དགོས། སློབ་མའི་མོས་གུས་ཆེ་ཆུང་དེ། །བླ་མའི་མཛད་སྤྱོད་བཟང་ངན་ཡིན། །ཞེས་པའི་ཤུགས་ལ་འདོན་པ་བསྒྱུར་ཏེ། སློབ་མ་བྱ་སྤྱོད་ལེགས་ཉེས་དེ། །སྐྱེ་བོ་གཞན་གྱི་མིག་ལྟོས་ཡིན། །ཟེར་བ་ཞིག་ཀྱང་གོ་ཆོག འཁོར་སྤྱོད་པ་བཟང་པོ་དང་ལྡན་པར་རིག་ན་དེའི་ཆོས་བརྒྱུད་དང་། དེའི་བླ་མའི་འཁོར་དང་སྡེ་རིས་ལ་དགའ་ཞིང་དད་པ་དང་སྤྲོ་བ་བསྐྱེད་པ་ཇེ་མང་དུ་འགྲོ་བ་ཡིན། དེ་ཇི་ཙམ་མང་ན་འགྲོ་བ་སེམས་ཅན་གྱི་རིགས་དེ་ཙམ་མང་པོ་ལ་ཕན་ཐོགས་འགྲོ། ང་གང་ཟག་སྒེར་བ་ཞིག་ལ་སྐྱིད་སྡུག་ཅི་ཡོད་བསམ་རྒྱུ་མེད། རེ་རེ་འཚོགས་པ་ཐུན་མོང་བར་འགྱུར་དགོས་ན། རེ་རེ་ནས་རྒྱུད་བཟང་ཀུན་སྤྱོད་ཡག ཆོས་དང་མཐུན་ན་དེའི་ཆོས་སྒར་དེ་ཚང་མ་ཆོས་མཐུན་ཆོས་ཀྱི་མཆེད་པོ་ལོས་ཡིན་བསམ་པ་དང་། དེའི་དགོན་པ་དེའང་དེ་ལྟ་བུ། དེའི་སྡེ་རིས་དེའང་དེ་ལྟ་བུ་ཡིན་པས་གཞན་དག་དང་བ་འདྲེན་ནུས་པ་རེད། དེ་མིན་མིང་ལ་དགོན་པ་ཆོས་ར་དང་། བཤད་གྲྭ་ཆོས་སྒར་ལ་སོགས་པ་གང་བཏགས་ཀྱང་། དོན་ལ་ཚོང་པ་གཡོ་ཅན་དང་ཁྲམ་པ་ཁྲམ་མས་གང་ན། བསྟན་ཞབས་ལ་ཐག་པ་བཏགས་འགྲོ་བཞིན་ཡོད་པ་རེད། དེས་ན་སྤྱོད་ལམ་ཐབས་ལ་མཁས་པ་ལ་ལེགས་པར་བསླབ་ཅེས་གསུངས་ཤིང་། རྒྱུད་སྡེ་རྒྱ་མཚོ་ནས་དམ་ཚིག་གི་རྣམ་བཤད་སྟོན་པའི་སྐབས་སུའང་། ཞེས་གསང་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོ་ནས་སྲུང་བྱ་དམ་ཚིག་སྲོག་གི་རྣམ་བཞག་བསྟན་པའི་སྐབས་སུའང་། དཔོན་གྱིས་ཉམས་ན་སྦྱོང་ཐབས་མེད། །གཉིས་ཀ་ན་རཀ་ཆེན་པོར་འགྲོ། །ཞེས་གསུངས་པས་རྡོ་རྗེ་སློབ་དཔོན་དབང་སྐུར་བ་པོ་དཔོན་གྱིས་དམ་ཚིག་ཉམས་པར་གྱུར་ན་སྦྱོང་ཐབས་མེད་པའམ་སྦྱང་དཀའ་བ་དམན་ལ་དགག་པའི་སྒྲ་སྦྱར་ནས་གསུངས་པ་རེད། དཔོན་གྱི་དམ་ཚིག་ཉམས་ན་དཔོན་སློབ་གཉིས་ཀ་ན་རཀ་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་ཞེས་གསུངས་པས། སྤྱིར་དུས་དང་རྣམ་པ་ཐམས་ཅད་དུ་ཤིན་ཏུ་རིགས་པ་འོས་ཤིང་འཚམས་པའི་སྤྱོད་ལམ་ལ་བསླབ་ཅིང་། དེའི་ནང་ནས་ཁྱད་པར་དུ་ཆོས་སྟོན་པའི་སྐབས་དང་། བསྐྱར་སྦྱོང་དང་ཁྲིད་སྦྱོང་རང་ཉིད་ཀྱི་བསམ་སྒོམ་ལ་སོགས་པའི་སྐབས་སུ་རེད། ཐོས་བསམ་སྒོམ་པ་འདི་དག་གི་ཚེ་སྤོམ་ཡོར་ཞེས་པ་ཅི་ཡིན་ཞིབ་ཚགས་མ་བྱས་པ་དང་། ཡོམ་ཡུགས་ཏེ་མེ་འཁོར་ནང་དུ་རྒྱུག་བཞིན་ཡུལ་ལྗོངས་ལ་བལྟ་བ་ལྟ་བུ་དར་ཞུད་འཐེན་སོང་བ་ལ་ཟེར་བ་རེད། དེ་ལྟ་བུའི་ཡོམ་ཡུགས་སུ་མ་སོང་བ་ཞིག་དགོས་ཏེ། ཀློང་གསལ་ལས། དེ་ལྟར་སྣོད་ལྡན་སློབ་མ་ལ། །ཟབ་ཆོས་བསྟན་པའི་དུས་ཀྱི་ཚེ། །བླ་མའི་སྤྱོད་ལམ་འདི་ལྟར་བྱ། །བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅས། །ཞེས་དེ་ལྟར་སྣོད་ལྡན་གྱི་སློབ་མ་ལ་བླ་མས་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཆད་པའམ་སྟོན་པའི་དུས་ཀྱི་ཚེ། ཆོས་འཆད་མཁན་གྱི་བླ་མའི་སྤྱོད་ལམ་འདི་ལྟར་བྱ་དགོས་ཏེ། ཆོས་ཀྱི་ཁྲི་ལྟ་བུ་བདེ་བའི་སྟན་ལ་འཁྲིས་སྙེས་ལྟ་བུ་མ་ཡིན་པར་ཞབས་སྐྱིལ་ཀྲུང་བཅའ་བའི་སྒོ་ནས་བཞུགས་ཏེ། རང་ཉིད་ཐེག་པ་གང་སྟོན་པའི། །དཀྱིལ་འཁོར་གཙོ་བོར་གསལ་བཏབ་ལ། །འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །མདུན་དུ་སྐད་ཅིག་འཁོད་པར་བསམ། །ཞེས་བླ་མ་རང་ཉིད་ཀྱིས་བཤད་བྱའི་ཐེག་པ་གང་ཞིག་གི་ཆོས་སྟོན་པའི་སྐབས་ཡིན་ན། རང་ཉིད་དེའི་དཀྱིལ་འཁོར་གྱི་གཙོ་བོ་སྟེ། དཔེར་ན་མདོ་སྟོན་པའི་ཚེ་རྒྱལ་བ་ཤཱཀྱ་སེང་གེ་ལྟ་བུ། རྒྱུད་སྟོན་པའི་ཚེ་རྡོ་རྗེ་འཆང་ལྟ་བུའི་དཀྱིལ་འཁོར་གྱི་གཙོ་བོར་གསལ་བཏབ། ལྷ་ཀླུ་ལྷ་མ་ཡིན་ལ་སོགས་པའི་འགྲོ་དྲུག་གིས་བསྡུས་པའི་སེམས་ཅན་མ་ལུས་པ་ཐམས་ཅད་རང་གི་མདུན་དུ་ཆོས་རའི་ནང་དུ་སྐད་ཅིག་ཡུད་ཙམ་གྱིས་འཁོད་ཅིང་འདུག་པར་བསམ་ལ། རང་རང་སྐད་དང་བློ་འཚམ་པའི། །ཐེག་ཆེན་ཆོས་སྟོན་སེམས་ཀྱང་བསྐྱེད། །ཆོས་སྐྱོང་དཀར་ཕྱོགས་ཐམས་ཅད་ལ། །ལེགས་སྤེལ་བར་ཆད་སྲུངས་ཤིག་ཅེས། །རང་རང་ལས་ཀྱི་ཕྲིན་ལས་བཅོལ། །ཞེས་འགྲོ་བ་མཐའ་དག་ལ་རང་རང་གི་སྐད་དང་འཚམ་པ་དང་། རང་རང་གི་སེམས་རྒྱུད་ཐ་དད་པ་དང་མོས་པ་སྣ་ཚོགས་པའི་བློ་དང་འཚམ་ཞིང་རན་པ་འཐད་པའི་སྒོ་ནས། ཐེག་པ་ཆེན་པོའི་ཆོས་དྲི་མ་མེད་པ་སྟོན་པ་དང་མཉམ་དུ། སེམས་ཅན་ཐམས་ཅད་ཐར་པའི་མཆོག་དམ་པ་ལ་འགོད་པར་བྱ་བའི་ཆེད་དུ། བྱང་ཆུབ་འདོད་པའི་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད་པར་བྱ་བ་དང་། བསྟན་པ་སྐྱོང་བའི་ཆོས་སྐྱོང་དང་། བསྟན་པ་ལ་དགའ་བའི་དཀར་ཕྱོགས་མི་མ་ཡིན་ཐམས་ཅད་ལ་རྣལ་འབྱོར་པ་འཁོར་དང་བཅས་པའི་ཆོས་དང་མཐུན་པའི་ལེགས་པའི་ཕྱོགས་སྤེལ་ཞིང་། མི་མཐུན་འགལ་རྐྱེན་བར་ཆད་ཐམས་ཅད་སྲུངས་ཤིག་ཅེས་དམ་བསྒྲགས་ཤིང་བཀའ་བསྒོ། སྔར་རང་རང་གི་ཁས་བླངས་དམ་བཅའ་བའི་ལས་ཀྱི་ཕྲིན་ལས་ཡོངས་སུ་བཅོལ་བར་བྱའོ། །ཆོས་གྲལ་དབུས་སུ་སྟོང་པར་གཞག །མི་དང་མི་མིན་དཀར་ཕྱོགས་ཀུན། །མོས་པས་དམ་ཆོས་ཉན་པར་བསམ། །མིག་གིས་སློབ་མ་ཀུན་ལ་བལྟ། །ཞེས་བླ་མའི་མདུན་ན་སློབ་མ་ཆོས་གྲལ་དུ་འཁོད་དུས་ཆོས་གྲལ་གྱི་དབུས་སམ་དཀྱིལ་དེ་སྟོང་པར་གཞག་དགོས། ལྷ་ཁང་ཆུང་ཞིང་སློབ་མ་མང་ན་མ་འཚང་ཐབས་མེད་རེད་མ་གཏོགས། བར་མཚམས་སྟོང་པར་བྱས་ནས་ཁོད་ཡངས་མོ་ཞིག་བྱ་དགོས་གསུངས་པ་རེད། ཆོས་ཉན་མཁན་མི་ཡི་སློབ་མ་རྐྱང་པ་མ་གཏོགས་མེད་པར་མི་བསམ་པར། མི་དང་མི་མིན་ལྷ་ཀླུ་དྲི་ཟ་ལ་སོགས་གུས་པས་ཆོས་གྲལ་དུ་འཁོད་ལ་དད་ཅིང་མོས་པས་དམ་པའི་ཆོས་ཟབ་མོ་ཉན་དུ་ཡོད་པར་བསམ་དགོས། བཅོམ་ལྡན་འདས་ཀྱིས་ཆོས་གསུངས་དུས་ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་གསུངས་པ་ལྟར། རང་རེ་ཐ་མལ་པས་ལྷ་ཀླུ་མི་མ་ཡིན་གྱིས་མངོན་པར་བསྟོད་ཨེ་ཡོད་མི་ཤེས་ཀྱང་། ཆོས་དང་མཐུན་པའི་ལེགས་བཤད་དྲི་མ་མེད་པར་བཤད་ན་མངོན་པར་བསྟོད་ཀྱིན་ཡོད་རྒྱུ་རེད་སྙམ། ཆོས་འཆད་པའི་སྐབས་སུ་མིག་གིས་གཞན་ལ་མི་གཡེང་བར་མདུན་གྱི་སློབ་མའི་ཚོགས་ཀུན་ལ་དགའ་བའི་མདངས་ཀྱིས་ཞལ་ཕྱོགས་ཏེ་བལྟ་བ་དང་། །ལག་པ་ཆོས་འཆད་མཉམ་གཞག་བྱ། །ངག་གི་ཚིག་གསལ་གདངས་སྙན་པས། དཔེ་དོན་རྟགས་གསུམ་འབྲེལ་བར་བཤད། །དབང་པོ་གང་ལ་འཚམ་པ་ཡི། །ཆོས་སྒོ་ཐེག་པ་རིམ་པར་བསྟན། །ཞེས་ལག་གཡས་པས་ཆོས་འཆད་ཀྱི་ཕྱག་རྒྱ་དང་གཡོན་པས་མཉམ་གཞག་བྱ་ཞིང་། བརྗོད་ཚུལ་གྱི་ངག་གང་ཞིག་རང་སྟོབས་ཀྱིས་བཤད་དགོས་ན། སྙན་ཞིང་རྣ་བར་འཇེབས་པ། མཛེས་ཤིང་ཡིད་དུ་འོང་བ། བཟང་ཞིང་སྤྲོ་བ་བསྐྱེད་པ་དེ་ངག་གི་སྒྲིབ་པ་སྤངས་པ་ཞིག་མིན་ན་བཤད་ཐུབ་དཀའ་ཞེས་གསུངས་པ་རེད། ལེགས་པའི་སྐད་གདངས་མཁས་པའི་ཡིད་འཕྲོག་ཅིང་། །སྒྲ་དག་དོན་གསལ་སྡེབ་སྦྱོར་ཉམས་པ་མེད། །སོགས་བཤད་ཚུལ་ཡོད་ལ། ཐམས་ཅད་མཁྱེན་པས་ལྷ་ཡི་སྐད་དུའང་གསུངས་པ་ཡོད། རེད་དེ་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པའི་སྙིང་དོན་མན་ངག་གི་བསྟན་བཅོས་འདི་ལྟ་བུ་བཤད་ཅིང་འགྲེལ་བའི་སྐབས་སུ། འཆད་པ་པོས་ངག་སྐྱོན་གྱིས་མི་བརྫད་པར། དཔེར་ན་སྙན་ངག་བརྩམས་ཏེ་སྙན་པོ་འདྲ་ཞིག་བྲིས་ཡོད་བསམ་དུས། གཅིག་པོས་ལྡབ་ལྡིབ་ཏུ་འདོན་སོང་ན་དགོས་དོན་མི་འདུག་བསམ་རྒྱུའི་ཇེ་བཙོག་ཏུ་གཏོང་འགྲོ་མོད། དེ་འདྲ་མིན་པར་ངག་གི་ཚིག་གསལ། ཡི་གེ་བརྡ་དག་གི་སྒྲ་ཟུར་ཐོན་པ། གདངས་སྙན་པ། དལ་བྲེལ་རན་པ། དཔལ་སྤྲུལ་ཚང་གིས། བྲེལ་ཉམས་ཀྱིས་བཟློས་སྐྱོན་མ་ཤོར་བ། དལ་ཉམས་ཀྱི་བར་སྟོང་མ་ལུས་པ། དལ་ལ་རྒྱུན་རིང་བ་སྒྲ་དག་ཚིག་གསལ་བ་སོགས་གསུངས་པ་བཞིན་དུ་དོན་དང་འབྲེལ་བའི་མཚོན་ནུས་པའི་དཔེ། དཔེ་དང་མཚུངས་པའི་དོན་དང་། དོན་དེ་གོ་ནུས་པའི་རྟགས་དང་གསུམ་པོ་འབྲེལ་ནས་ཡོད་པ་དེ་འདྲ་བཤད་དགོས་པ་ལས། དོན་དང་མ་འབྲེལ་བའི་དཔེ། དཔེ་དོན་མཚུངས་པའི་རྟགས་མེད་པར། ཆང་བཟི་བས་འཆོལ་གཏམ་བླ་བརྡོལ་དུ་བཤད་པ་ལྟ་བུ་ཞིག་མི་རུང་སྟེ། དཔེ་དང་དོན་དུ་འགལ་བ། དཔེ་མང་ཁུར་དུ་ལུས་པ་དེ་མི་མཁས་ང་རྒྱལ་ཅན་ལ་འབྱུང་གསུངས་པ་རེད། བཤད་རྒྱུ་དེའང་གདུལ་བྱའི་ཁམས་དང་དབང་པོ་ཅི་དང་ཅི་ལྟ་བུ་གང་ཟག་སུ་དང་གང་ལ་འཚམ་ཞིང་འོས་པ། ཐུབ་པའི་ཆོས་ཀྱི་སྒོ་མོ་ཐེག་པའི་རིམ་པ་ལྟར་བསྟན་པར་བྱ། ཐེག་པའི་རིམ་པ་སྣ་ཚོགས་པའི་རྣམ་བཞག་མཛད་པ་དེ་རེ་ཞིག་དེ་དང་དེའི་རིགས་ཅན་གྱི་གདུལ་བྱ་དྲངས་ནས། མཐར་ཐུག་འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུ་གནས། །ཞེས་གསུངས་པ་ལྟར་ཐེག་པའི་མཆོག་རྡོ་རྗེའི་ཐེག་པར་ལ་བཟླ་བར་བྱ་ཞེས་གསུངས། ཞེས་འདི་ལྟ་བུའི་ཆོས་འཆད་ལུགས་ནི་ཐེག་པའི་རིམ་པ་གང་དང་གང་སྟོན་པ་ཐམས་ཅད་ཀྱི་ཁོག་འབུབས་ཀྱང་ཡིན་ལ། རྒྱུ་མཚན་དེའི་ཕྱིར་ན་ཆོས་འཆད་པའི་སྐབས་ལུས་ཀྱི་སྤྱོད་ལམ་བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅའ་བ་ལས། བག་མེད་པར་ཅི་བྱུང་གང་བྱུང་གིས་འགྱེལ་བུབ་སྟེ་ཕྱིར་བཀན་ཏེ་ལོག་པ་དང་། ཁ་བུབ་ཏུ་ཉལ་བ། གཞོགས་སྙེས་ཏེ་གློ་སྒང་ལ་སྙེས་པ་ལ་སོགས་པ་སྤངས་ཏེ། ལག་པ་གཡོན་པ་མཉམ་བཞག་དང་གཡས་པ་ཆོས་འཆད་ཀྱི་ཕྱག་རྒྱ་བཅའ་བ་སྔོན་དུ་འགྲོ་བས། སྔོན་འགྲོའི་ཆོས་འཆད་པའི་ཚེ་ན་རང་ཉིད་སྟོན་པ་ཤཱཀྱ་ཐུབ་པའི་སྐུར་གསལ་བ་དང་། དངོས་གཞིའི་ཆོས་འཆད་པའི་ཚེ་རྒྱུད་ལུང་མན་ངག་གང་ཇི་ལྟར་སྟོན་པའི་དེ་ཉིད་ཀྱི་དཀྱིལ་འཁོར་གྱི་བདག་པོར་གསལ་བཏབ་ནས། ཕ་མར་གྱུར་པའི་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རྣམ་བྱང་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ། ཆོས་འཆད་པར་བྱ་བསམ་ཏེ་སེམས་བསྐྱེད་ཀྱིས་འཕེན་པ་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས་གཞིར་བཟུང་། དེའི་ཚེ་རིགས་དྲུག་གི་སེམས་ཅན་དངོས་ཡོད་དང་དངོས་མེད། གཟུགས་ཅན་དང་གཟུགས་མེད་ཐམས་ཅད་ཆོས་འཆད་པ་པོ་རང་གི་མདུན་དུ་ཆོས་ཉན་པའི་ཕྱིར་དུ་གུས་ཤིང་དད་པ་དང་བཅས་འཁོད་ཅིང་འདུས་ཡོད་པར་བསམ་ཞིང་། ཁྱད་པར་དུ་གང་དུ་བཤད་པ་ལྟར་ཆོས་རའི་དབུས་ཀྱི་ས་གཞི་སྟོང་པར་བཞག་པ་ལ་ལྷ་ཀླུ་དྲི་ཟ་ལ་སོགས་པ་མི་མ་ཡིན་པ་དཀར་ཕྱོགས་པ་ཀུན་ཀྱང་འདུས་ནས་དང་ཞིང་མོས་པས་ཆོས་ཉན་པར་བསམ་ཞིང་། ཆོས་འཆད་ཉན་བགྱིད་པ་ལ་བར་ཆད་ཞི་བ་དང་། མཐུན་རྐྱེན་ལེགས་སྤེལ་དང་ཉེན་འགོག་གི་ཁ་མགོན་དང་སྡོང་གྲོགས་མཛད་པའི་འཕྲིན་ལས་བཅོལ། འདོད་ལྷ་སྡེ་བཅས་ཀྱི་གཉེན་པོར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཆོས་འཆད་པའི་སྔོན་དུ་བདུད་ཚར་བཅོད་པའི་སྔགས་བཏོན་ན་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་རིས་ཀྱིས་བར་ཆད་ཀྱིས་ཀླགས་ལྟ་བར་མི་ནུས་པར་བཤད་ཡོད་པས་དེ་ལྟར་འདོན་དགོས་གསུངས་སོ། །འོ་ན་ཆོས་རའི་དབུས་སྟོང་པར་བཞག་ནས་མི་མ་ཡིན་དང་དཀར་ཕྱོགས་པ་ཀུན་ཀྱང་འདུས་ནས་ཞེས་པ་དང་། བདུད་ཚར་གཅོད་པའི་སྔགས་ཀྱིས་འདོད་ལྷ་སྡེར་བཅས་དཔག་ཚད་བརྒྱ་ཚུན་དུ་ཉེར་མི་འཇུག་པས། དེ་དག་བསྐྲད་པས་གནོད་བསྐྱལ་མི་ཐུབ་ཅིང་དེ་དག་དེ་ལས་ཕར་བཀར་ཏེ་ཆོས་ར་ནས་ཕུད་པ་ཡིན་ན། ཆོས་སྦྱིན་གཏོང་སའི་སྙིང་རྗེའི་ཡུལ་དུ་མ་སྙོམས་པ་ཨེ་རེད་བསམ་ན། གོང་དུ་གསུངས་པ་དེ་སྤྱི་ཁྱབ་ཀྱི་སྒོ་ནས་རིགས་དྲུག་གི་འགྲོ་བ་སྙིང་རྗེའི་ཡུལ་དུ་བཏང་སྙོམས་ཚད་མེད་ཀྱིས་སྙོམས་པར་བྱས་ནས། ཚད་མེད་གཞན་གསུམ་དང་མ་བྲལ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། དེས་ན་སྤྱིར་ཆོས་འཆད་པའི་ཚེ་སེམས་བསྐྱེད་ཀྱིས་འཕེན་པ་སྔོན་དུ་གཏོང་བ་དེ་ཐེག་ཆེན་སྤྱིའི་ལུགས་ཡིན། ཐེག་ཆེན་གྱི་ཆོས་སུ་གཏོགས་མི་གཏོགས་དང་། རིགས་དེ་ལས་ཉམས་མི་ཉམས་ཀྱང་སེམས་བསྐྱེད་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་པར་གཞི་བཞག་གི་ཐོག་ནས། སེམས་ཅན་ཐམས་ཅད་ཆོས་རའི་ནང་དུ་འཁོད་ནས་ཆོས་ཉན་དུ་ཡོད་པར་བསམ་དགོས་གསུངས་པ་རེད། དེའི་འོག་ཏུ་གསུངས་པའི་བདུད་རིས་ནག་ཕྱོགས་པ་ལ་སོགས་པ་སེམས་ཅན་མོས་པ་སྣ་ཚོགས་པ་ཅན་འགའ་ཞིག་ཞི་བས་མི་ཐུལ་བར་དྲག་པོས་འདུལ་ཚུལ་དུའམ། ཡང་ཐབས་སྣ་ཚོགས་ཀྱིས་ཆོས་ལ་བསྐུལ་ཞིང་འཁོར་བ་མཐའ་ཅན་གྱི་ཐོག་ནས་སངས་རྒྱས་པའི་རིང་རྒྱུ་བསྐྲུན་དགོས་པ་ལ། དེ་བཞིན་དུ་གནས་སྐབས་བསྐྲད་སྡིག་སོགས་ཀྱི་མཛད་པའི་ཐོག་ནས་ཐར་པའི་ས་བོན་བསྐྲུན་ནས་མཐར་ཐུག་ཡང་དག་ལམ་དུ་འཛུད་པའམ། ཡང་ན་དེ་དག་གི་བདུད་སེམས་ཐབས་ཀྱིས་འདུལ་བས་བདུད་ཀྱི་མཐུ་བཅོམ་པར་མཛད་དེ་ཆོས་ལ་བསྐུལ་བ་སྟེ། མདོར་ན་སངས་རྒྱས་བྱང་སེམས་ཀྱི་ཐབས་ལ་མཁས་པའི་མཛད་པ་དེ་དམིགས་ཀྱིས་བཀར་ནས། དོན་གཞན་གྱི་དེ་འདྲའི་དགོངས་པ་ལེན་དགོས་རྒྱུ་རེད་སྙམ། དེས་ན་དེ་ལྟར་ཆོས་དུང་གི་བརྡས་བསྐུལ་ནས་དཔོན་སློབ་ཐམས་ཅད་ཆོས་རའི་ནང་འདུས། སྤྱོད་ལམ་ཚུལ་བཞིན་དུ་བྱེད། བདུད་ཚར་བཅོད་ཀྱི་སྔགས་བཏོན་པ་སོགས་ཆོས་འཆད་པའི་སྔོན་འགྲོའི་བྱ་བ་རྣམས་འགྲུབ་ཚར་བ་ན། ངག་བུལ་དལ་ཆེ་བ་ལས་དང་པོ་པས་འདོན་པ་ལྟ་བུ། མགྱོགས་ཆེ་བས་ལྕེ་ཡིས་མི་ཟིན་ཡིད་ལ་མི་དྲན་པ་དེ་གཉིས་ཐོན་འོང་དུས་ལྡབ་ལྡིབ་ལ་སོགས་གྱུར་པས། ཐོས་འཛིན་རྣ་བའི་ཚེར་མར་གྱུར་ནས་མི་སྙན་ཞིང་ཉན་མི་འདོད་པར་དེ་འདྲ་སྤངས་ལ། ངག་གསལ་དག་སྙན་པའི་སྒྲས་དཔེ་དོན་རྟགས་གསུམ་འབྲེལ་བར་བཤད་ཅིང་། དེ་ཡང་སངས་རྒྱས་བསྟན་པའི་བབས་དང་བསྟུན་ནས་གོ་རིམ་འབྲེལ་ཆགས་པར་བཤད་པ་མ་གཏོགས་ངེས་དོན་གྱི་ཚིག་དངོས་གཞིའི་ཆོས་ཟབ་མོ་དེ་ཐོག་མ་ཉིད་ནས་གབ་སྦས་ཀྱི་གསང་བ་བསྒྲག་ཅིང་འཆད་པ་དང་། ཏན་གན་གྱི་སྤྱོད་པ་སྟེ། གསང་སྔགས་ཀྱི་དབང་དང་འབྲེལ་བའི་ཡན་ལག་གི་དམ་ཚིག་གི་ནང་ནས། ཤེས་པར་བྱ་བའི་དམ་ཚིག་ལྔ་དང་། སྤྱད་པར་བྱ་བའི་དམ་ཚིག་ལྔ། དང་དུ་བླང་བའི་དམ་ཚིག་ལྔ། མི་སྤང་བ་ཡི་དམ་ཚིག་ལྔ། བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་སྟེ་ལྔ་ཚན་ལྔ་ཡོད་པའི་ནང་ནས། ཏ་ན་ག་ཎ་མ་བྱིན་ལེན་དང་རྫུན། །ངག་འཁྱལ་རྣམས་ནི་སྤྱད་པར་བྱ་བ་ལྔ། །ཞེས་གསུངས་པ་ལྟར་གྱི་མདོར་ན་ཏན་གན་ཏེ་སྦྱོར་སྒྲོལ་ཀྱི་གསང་བ་བཤད་པས། ལས་དང་པོ་བ་དང་། སློབ་བུ་རྒྱུད་མ་སྨིན་པ་ལ་གསང་བའི་ཟུར་འཕྲིག་པ་ལ་སོགས་ཀྱིས་གདུལ་བྱའི་བློ་ལས་སུ་མི་རུང་བར་འགྱུར་བའི་ཕྱིར་ན་སྤང་བར་བྱ་ལ། དེ་སྐད་དུ། ཀློང་གསལ་ཉི་མ་ལས། བླ་མས་སློབ་མ་གསོ་བའི་ཚེ། །སློབ་མ་གསར་བུ་དད་ལྡན་དེ། །ཐོག་མར་ཐབས་ཀྱིས་འཁྲིད་པར་བྱ། །ངེས་དོན་སྙིང་པོ་མ་གོའི་བར། །རྒྱུ་འབྲས་གཉིས་ཀྱི་ཆོས་རྣམས་བཤད། །ཅེས་རྡོ་རྗེ་སློབ་དཔོན་དེ་ཉིད་བཅུ་དང་རང་བཞིན་བརྒྱད་ལྡན་གྱི་བླ་མ་དམ་པ་དང་། ཕར་ཕྱིན་ཐེག་པའི་ལུགས་ཀྱི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དེས། སྐལ་ལྡན་སྣོད་རུང་གི་སློབ་མ་དེ་གསོ་ཞིང་སྐྱོང་བར་བྱེད་པའི་ཚེ། སློབ་མ་གསར་བུ་ལས་དང་པོ་བ་དད་པ་དང་ལྡན་པ་དེ་ཉིད། དཔེར་ན་ཕ་མས་རང་གི་བྱིས་པ་དེ་ཐབས་ཀྱིས་འཁྲིད་ནས་གནོད་པ་ལས་སྐྱོབ་པ་བཞིན་དུ། ཐོག་མར་ཐབས་ཀྱིས་བློ་ཡང་དག་པའི་ལམ་ལ་རིམ་གྱིས་འཁྲིད་མཁས་པར་བྱ་སྟེ། དེའང་ངེས་དོན་སྙིང་པོའི་དོན་རེ་ཞིག་མི་གོ་བའི་ཚེ། རྒྱུ་འབྲས་བསླུ་མེད་ཀྱི་ཆོས་རྒྱུ་མ་འཁྲུལ་བ་ལས་འབྲས་བུ་མི་འཁྲུལ་བར་འབྱུང་བ་ལ་ངེས་པར་འདྲོང་བར་བྱ་བའི་རྒྱུ་འབྲས་ཀྱི་ཆོས་སྐོར་རྣམས་བཤད། སྒྲུང་དང་དཔེ་དང་བསྟན་བཅོས་དང་། །མགུར་གླུ་ལ་སོགས་འཁོར་བ་ལ། །ཡིད་དབྱུང་ངན་སོང་སྡུག་བསྔལ་དང་། །སངས་རྒྱས་ཡོན་ཏན་ལ་སོགས་བཤད། །ཅེས་གསུངས་ཏེ། དེའང་ལས་དང་པོ་བ་གསར་བུ་ཚོ་ལ་སྒྲུང་དང་དཔེ་སོགས་བཤད་དགོས་གསུངས་ཏེ། སྒྲུང་ལ་བྱུང་བ་སྔོན་སོང་གི་ལོ་རྒྱུས་བཤད་པ་དང་། སྙན་ངག་གི་རྩོམ་སྒྲུང་གཉིས་ཡོད། སྔོན་སོང་གི་ལོ་རྒྱུས་ཇི་མ་ཇི་བཞིན་བཤད་པ་ནི། དཔེར་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ལས་ཀྱི་ལྷག་མ་མྱོང་བས་རྩྭ་ཀུ་ཤས་མགུལ་ལ་བརྒྱབ་ནས་འདས་སོང་རབས་དང་། བསྐལ་པ་ཆགས་གནས་འཇིག་སྟོང་སོགས་སྲིད་པ་ཆགས་འཇིག་གི་མི་རྟག་པའི་སྒྲུང་གཏམ། རྒྱལ་བུ་དྲི་མེད་ཀུན་ལྡན་དང་། ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་སོགས་སྟོན་པའི་སྐྱེས་རབས་དང་འབྲེལ་བ་རྣམས་ལྟ་བུ་དང་། སྙན་ངག་གི་རྩོམ་སྒྲུང་ནི། ཀུན་མཁྱེན་ཆེན་པོའི་གསུངས་ལས། ཀླུ་ཀུན་ཏུ་དགའ་བའི་གཏམ་དང་། བུ་མོ་བདུན་གྱི་རྟོགས་བརྗོད་སོགས་དང་། དཔེ་ཞེས་གསུངས་པའི་དཔེ་ཆོས་ནི་ངང་པའི་དྲིས་ལན་སྤྲིན་གྱི་སྙིང་པོ་དང་། རི་བོང་གི་རྟོགས་བརྗོད། ཡང་རིག་འཛིན་འཇིགས་གླིང་གི་རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕུག བློ་ལྡན་བྷྲ་མ་རའི་གཏམ་ཚིག་སོགས་མི་རྟག་པའི་སྒྲུང་དང་དཔེ་ཆོས་ལ་གསུངས་པ་རེད། བསྟན་བཅོས་ཞེས་པ་ལུགས་ཀྱི་བསྟན་བཅོས་སོགས་ལ་གོ་དགོས་པ་ཨེ་ཡིན་ན། སྔོན་བྱོན་གྱི་བླ་མ་དམ་པའི་མགུར་གླུ་སོགས་ཐོས་པ་ཙམ་གྱིས་འཁོར་བ་ལ་ཞེན་ལོག་དང་། ཡིད་དབྱུང་ཞིང་ངེས་འབྱུང་བསྐྱེད་ནུས་པའི་ཐབས་ངན་སོང་གསུམ་གྱི་སྡུག་བསྔལ་དང་། སངས་རྒྱས་བྱང་སེམས་ཀྱི་ཡོན་ཏན་སོགས་བཤད་ནས་སློབ་མའི་རྒྱུད་ལ་ཕན་གདག་དགོས་གསུངས་པ་རེད། བླ་མ་ཉིད་ཀྱང་སྤྱོད་ལམ་གཟབ། །གལ་ཏེ་ཏན་གན་ཟུར་འཕྲིག་ན། །བློ་ཆུང་དད་ལོག་རྫ་མི་དྲོས། །དེ་ལ་བྱིན་རླབས་གཞན་མི་འགོ །ཞེས་གོང་དུ་བཤད་པ་ལྟར་སློབ་མ་གསར་བ་སྐྱོང་བའི་ཚེ་བླ་མ་རང་ཉིད་ཀྱང་སྤྱོད་ལམ་གཟབ་པར་བྱ་དགོས། གལ་ཏེ་མ་སྨིན་པའི་སློབ་མས་མཐོང་ཆོས་མི་རུང་བའི་ཏན་གན་གསང་བ་བསྟན་པས་ཟུར་འཕྲིག་ན། བློ་ཆུང་གི་བློ་མི་བརྟན་པ་དང་། བློར་མི་ཆུད་པས་དད་པ་ལོག་ཤོར་ནས། རྫ་མི་དྲོས་ཞེས་རྫ་ཁོག་བཅའ་བས་མི་ཆོག་པར་རྫ་མེ་ལ་བསྲེགས་ནས་རྫ་སོ་བཏང་དགོས། དེ་རྫ་སོ་མ་བཏང་ན་སྲ་མེད་པས་རྫ་ཁོག་ཆག་འགྲོ། དེ་དང་འདྲ་བ་སློབ་མའི་རྒྱུད་སྨིན་དགོས། སློབ་མའི་རྒྱུད་མ་སྨིན་པ་དེ་ལ་བྱིན་རླབས་གཞན་མི་འགོ་སྟེ། རྒྱུད་ལོག་ལྟས་ལྷད་ནས་མ་རུངས་པར་གྱུར་སོང་ན་ཆོས་དྲེད་ལོག་ལྟ་ཅན། ཆོས་དྲེད་ཆོས་ཀྱིས་མི་ཐུལ་བས་ན་བྱིན་རླབས་གཞན་མི་འགོ་བར་འགྱུར། ཞེས་གསུངས་སོ། །དེའི་ཕྱིར་ཚུལ་འདི་ལྟ་བུའི་སེམས་སྦྱོང་ལུགས་ནི་ལས་དང་པོ་བ་བློ་སྦྱོང་བའི་ཐབས་ཁྱད་པར་ཅན་ཡིན་པར་ཡང་ཤེས་པར་བྱ་ལ། དེས་སྔོན་འགྲོའི་ཆོས་ཀྱིས་སློབ་མའི་རྒྱུད་ལས་སུ་རུང་བར་བྱ་སྟེ། དངོས་གཞིའི་ཚེ་ཇི་ལྟར་བྱ་དགོས་པ་ནི། རྒྱུད་ཀློང་གསལ་དེ་ཉིད་ལས། རྡོ་རྗེའི་ཚིག་རྐང་བཀྲོལ་ལ་བཤད། །རྒྱུད་དཀྲུགས་པ་རྣམས་བསྡེབས་ལ་བཤད། །ལུང་གཅུས་པ་རྣམས་བརྐྱངས་ལ་བཤད། །ཅེས་གསུངས་ཏེ། རྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་དེ་རྒྱུད་རྒྱུད་ཀྱིས་བཤད་པ་དང་། རྒྱུད་འགྲེལ་བས་བཤད་པ་དང་། རྒྱུད་སྒྲུབ་ཐབས་ཀྱིས་བཤད་པ། རྒྱུད་མན་ངག་གིས་བཤད་པ་སྟེ་བཞི་པོའམ། ཡང་ན་གང་རུང་གིས་བཀྲོལ་ལ་བཤད་དགོས། རིགས་ཆད་དང་གཟུ་ལུམ་ཅན་ལ་གསང་བའི་ཆེད་དུ་རྒྱུད་དཀྲུགས་ཡོད་པ་རྣམས་དཀྱུས་སུ་བསྡེབས་པའམ་བསྒྲིགས་ཏེ་བཤད་དགོས། གབ་སྦས་ཀྱི་ལུང་གཅུས་པ་རྣམས་ཚུར་བསྲངས་ཤིང་བརྐྱངས་ལ་ཐད་དྲང་དུ་བཤད། ད་དུང་གབ་པ་མངོན་དུ་ཕྱུང་ནས་བཤད་པ་སོགས་སྐྱོན་བཞི་དང་བྲལ་བའི་སྒོ་ནས་བཤད་དགོས་སོ། །དྲང་པོར་དགོངས་དང་ལྡེམས་པོར་དགོངས། །མ་འོངས་འཇུག་དོན་དགོངས་པ་དང་། །དྲང་དོན་ངེས་དོན་སྙིང་པོའི་དོན། །གཉིས་སུ་མེད་པའི་དོན་ཚིག་རྣམས། །རྒྱུད་ལུང་མན་ངག་ཕྱེ་ལ་བཤད། །ཅེས་དགོངས་པ་ཅན་གྱི་གསུང་དྲང་པོར་དགོངས་པ་དང་། ལྡེམ་པོར་དགོངས་པ་དང་། མ་འོངས་མོས་པས་འཇུག་པའི་དོན་ལ་དགོངས་ནས་གསུངས་པ་དང་། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཚང་བའི་དྲང་དོན་དང་། དེ་ལས་ལྡོག་པ་ངེས་དོན་སྙིང་པོའི་དོན་ཟུང་འཇུག་གཉིས་སུ་མེད་པའི་རྒྱུད་དོན་རྒྱ་ཆེ་གཏིང་ཟབ་ཀྱི་ཚིག་རྣམས། བརྒྱུད་གསུམ་བར་མ་ཆད་པའི་རྒྱུད་དང་། བཀའ་བསྟན་ཚད་མའི་ལུང་དང་། བླ་མ་དམ་པའི་མན་ངག་རྣམས་སོ་སོར་ཕྱེ་ལ་བཤད་དགོས། མུན་ནག་མཛུབ་གཡུག་མ་སོང་བར། །སློབ་བུའི་རྒྱུད་ལ་ཐེབས་པར་གདབ། །དམུས་ལོང་མིག་ཕྱེ་ཇི་བཞིན་དུ། །ལག་ལེན་མྱོང་བས་ཡིད་ཆེས་འཇུག །ཅེས་མུན་ནག་གི་ནང་གི་མཛུབ་གཡུག་གིས་ལག་བརྡ་བྱེད་ན་བརྡ་འཕྲོད་པའི་དོན་མི་འགྲུབ་པས། དེ་ལྟ་བུར་མ་སོང་བར་སློབ་བུའི་རྒྱུད་ལ་གོ་བརྡ་འཕྲོད་ངེས་དང་། ཕན་ཐོགས་ངེས་ཀྱིས་མན་ངག་ཐེབས་པར་གདབ་དགོས། དམུས་ལོང་ལ་དཀར་པོ་སོགས་ཇི་ལྟར་བཤད་རུང་གོ་བརྡ་མི་འཕྲོད་ཀྱང་། མིག་ཕྱེས་ནས་བསྟན་ན་ཇི་བཞིན་དུ་གོ་ཐུབ་པ་བཞིན་དུ། གོ་བརྡ་འཕྲོད་ངེས་ཀྱིས་ལག་ལེན་མྱོང་བའི་སྒོ་ནས་དམར་ཁྲིད་བྱས་ཏེ་ཡིད་ཆེས་བསྐྱེད་དུ་འཇུག བླ་མ་རང་ལ་མྱོང་བ་མེད་ན་ཁ་རྐྱང་པས་བཤད་ན་རྒྱུད་ལ་ཕན་ཐོགས་དཀའ་བས་ན། མྱོང་བའི་སྒོ་ནས་བཤད་པས་ཡིད་ཆེས་བསྐྱེད་དུ་འཇུག ཅེས་གསུངས་པ་ལྟར། ཞེས་པ་འདི་ནས་རྒྱུད་ཀྱི་ལུང་དོན་བཀྲལ་བ་རེད། གསང་སྔགས་རྡོ་རྗེའི་ཚིག་རྐང་རྣམས་ཚིག་བརྒྱུད་ཙམ་མ་ཡིན་པར་དོན་བརྒྱུད་ཀྱི་བྱིན་རླབས་འཕོས་པས་དགོངས་པ་ཀློང་བརྡོལ་དུ་བྱུང་བ་རིག་རྩལ་ཇི་སྙེད་མཁྱེན་པའི་ཤེས་རབ་ཀྱིས་བཀྲལ་དགོས་ཏེ། མདོ་སྡུད་པ་ལས། འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །ཞེས་གསུངས་པ་ལྟར། དགོངས་འགྲེལ་ཐམས་ཅད་ཀྱང་བྱིན་གྱིས་རླབས་པའི་བཀའ་ཡིན་པས་དེ་ལྟར་དུ་བཤད་དགོས། དེ་ཡང་རྒྱུད་གོང་འོག་བསྣོལ་ཏེ་དཀྲུག་པ་རྣམས་དཀྱུས་སུ་བསྡེབས་ཏེ་མུ་ཏིག་བལྟར་ལ་བརྒྱུས་པ་བཞིན་དུ་དཀྱུས་སུ་བསྡེབས་ཏེ་བཤད། ལུང་གཅུས་ཤིང་མི་མངོན་པ་རྣམས་སྦྲུལ་གྱི་མདུད་པ་བརྐྱང་བ་ལྟར་བསྲང་ལ་བཤད། མན་ངག་གབ་པ་ཤུགས་ལ་གོ་དགོས་པ་རྣམས་ཉི་མས་མུན་པ་བསལ་བ་བཞིན་དུ་མངོན་དུ་ཕྱུང་ནས་དྲང་ངེས་ལྡེམ་དགོངས་ཀྱི་ལུང་དོན་རིགས་པས་འབྱེད་པ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་གཏན་ལ་ཕབ་པར་འདོད་པའི་གང་ཟག་གིས། དང་པོ་ཐོས་པའི་ཤེས་རབ་ཀྱི་འཇལ་བྱེད་རིན་ཆེན་ལྡེ་མིག་གི་རྣམ་པར་བཞག་པ་དང། གཞལ་བྱ་དམ་ཆོས་ཀྱི་རྣམ་པར་བཞག་པ་བདེན་གཉིས་ཀྱི་རྣམ་བཞག་མ་ཤེས་ཐབས་མེད་ཡིན་ལ། དེའི་ནང་ནས་སྐབས་འདིར་བཤད་པའི་དྲང་ངེས་ཀྱི་ཐད་ལ་བསམ་ན། མདོ་སྡེ་གང་དག་ལམ་ལ་ཞུགས་པའི་ཕྱིར་དུ་བསྟན་པ་དྲང་དོན། འབྲས་བུ་ལ་འཇུག་པའི་ཕྱིར་དུ་སྟོན་པ་ངེས་དོན་ལ་གོ། མདོར་ན་གཤིས་ཀྱི་གནས་ལུགས་དང་དེ་སྟོན་པའི་མདོ་རྣམས་ངེས་པའི་དོན་དང་དེའི་མདོ་སྡེ། གཤིས་དེ་ལ་འཇུག་པའི་ཐབས་སུ་ཐབས་མང་པོས་སེམས་ཅན་ཀྱི་བློ་འདྲེན་པའི་ཆོས་མ་དག་འཁྲུལ་པ་དང་དེའི་དབྱེ་བ་སོགས་སྟོན་པ་ཐམས་ཅད་དྲང་དོན་དང་དྲང་བའི་ཆོས་ཞེས་བྱ། དྲང་ངེས་ཀྱི་དོན་འདི་ཆོས་རྣམས་ལ་བལྟ་བའི་མེ་ལོང་དང་འབྱེད་པའི་ལྡེའུ་མིག་ལྟ་བུ་ཡིན། ལྡེམ་དགོངས་ཞེས་གསུངས་ན་གདུལ་བྱའི་གང་ཟག་དེ་དོན་གང་ལ་དགའ་ཞིང་མོས་པ་དེ་ལ་བརྟེན་ནས་ཡང་དག་པའི་ལམ་ལ་ཞུགས་པའི་ཕྱིར་དུ། དེ་དང་ཚུལ་མཐུན་ནའང་དོན་མི་མཐུན་པའི་སྒོ་ནས་ཁ་དྲངས་ཤིང་ལམ་ལ་གཞུག་པའི་ཐབས་སྟོན་པ་རེད། འདི་ལ་ཞུགས་པ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལྡེམ་པོར་དགོངས་པ། བསྒྱུར་བ་ལྡེམ་པོར་དགོངས་པ། གཉེན་པོ་ལྡེམ་པོར་དགོང་པ་སྟེ་རྣམ་པར་བཞིར་གཞུང་རྣམས་ལས་གསུངས་ཡོད། ཞུགས་པ་ལྡེམ་དགོངས་ནི། ཉན་ཐོས་ཀྱི་རིགས་ཅན་ལ་གཟུགས་ཡོད་དོ་ཞེས་གསུངས་པ་ལྟ་བུ་ཁོང་རྣམས་ཀྱིས་གོ་ཚོད་ལ་དོན་ལ་གྲུབ་པར་གོ་བས་འཇུག་པ་ན། འཆད་པ་པོས་སྣང་ཚུལ་རྨི་ལམ་ལྟ་བུ་ལ་དགོངས་ནས་གསུངས་པ་དང་། མཚན་ཉིད་ལྡེམ་དགོངས་ནི། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་གནས་ལུགས་ཤེས་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་དོ་ཞེས་གསུངས་པ་ལྟ་བུ་སྟེ། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་ངོ་བོ་ཉིད་མེད་པར་གསུམ་བསྟན་པ་ལྟ་བུ་རེད། གཉེན་པོ་ལྡེམ་དགོངས་ནི། འགའ་རེས་ཤཱཀྱ་ཐུབ་པ་སྐུ་བོངས་ཆུང་བ་དང་། སྐུ་ཚེ་ཐུང་བ་ལ་སོགས་པས་སྟོན་པ་གཞན་ལས་ཅུང་ཟད་དམན་པ་ཞིག་གོ་སྙམ་ནས་བརྙས་པ་ལ་དགོངས་ནས། སྟོན་པས་ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པ་གཟིགས་སུ་གྱུར་ཏོ། །ཞེས་གསུངས་པ་ལྟ་བུ། དེའི་ཚེ་ཉན་པ་པོས་གཟུགས་སྐུ་མཉམ་པར་གོ་ཞིང་། འཆད་པ་པོས་ཚོགས་རྫོགས་པར་མཉམ་པ་དང་། ཆོས་སྐུ་ཐོབ་པར་མཉམ་པ་དང་། འགྲོ་དོན་མཛད་པར་མཉམ་པ་གསུམ་ལ་དགོངས་ནས་གསུངས་སོ། བསྒྱུར་བ་ལྡེམ་དགོངས་ནི། ཆོས་འདི་དང་འདི་ནི་གོ་སླ་བས་རྩ་ཆེན་ཞིག་ཅི་ཡིན་རྒྱུ་མ་རེད་བསམ་པ་ལ་དགོངས་ནས་དེ་བཟློག་པའི་ཕྱིར། ཤིན་ཏུ་རྟོགས་པར་དཀའ་པའི་ཚུལ་དུ་བསྟན་པ་སྟེ། དཔེར་ན། ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་སྐོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པའི་ཚིག་གི་དོན་དེ་གཞན་དུ་བསྒྱུར་ཏེ། འཁོར་བ་འདུ་བྱེད་པས་སྲེད་ལེན་གཉིས་ཕ་མ་གཉིས་དང་། ཀུན་གཞི་བག་ཆགས་སྣ་ཚོགས་པའི་རྟེན་དུ་གྱུར་པས་རྒྱལ་པོ་དང་། བྲམ་ཟེ་འཇིག་ལྟ་དང་། མཆོག་འཛིན་གཉིས་གཙང་སྦྲ་ཅན་གཉིས་དང་། ནང་གི་སྐྱེ་མཆེད་གཟུང་འཛིན་དང་བཅས་པ་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་སྐོར་དང་བཅས་པའོ། །དེ་དག་བཅོམ་ན་འཚང་རྒྱ་བ་ཡིན་ཞེས་པ་བསྒྱུར་ཏེ་གསུངས་པ་ལྟ་བུ་རེད། དེ་ལྟ་བུའི་དྲང་ངེས་ལྡེམ་དགོངས་ཀྱི་ལུང་དོན་རིགས་པས་འབྱེད་པ་ལ། སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་དང་མདོ་རྒྱུ་སེམས་གསུམ་གྱི་བཤད་པའི་རྒྱུན་མ་ཉམས་པ་ཞེས། སྔ་འགྱུར་དང་ཕྱི་འགྱུར་ཟེར་བ་འདི་འགྱུར་སྔ་ཕྱིའི་ཁྱད་པར་གྱི་ཐོག་ནས་བཏགས་པ་ཡིན་ལ། དེའང་གསང་སྔགས་བོད་ལ་འགྱུར་སྔ་ཕྱིའི་ཁྱད་པར་གྱིས་རེད། བཀའ་ཅོག་ཞང་གསུམ་དང་བེེ་རོ་ཙ་ན་སོགས་ཀྱིས་བསྒྱུར་བ་ལ་སྔ་འགྱུར་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ཚུན་ཆད་ཀྱིས་བསྒྱུར་བ་ལ་ཕྱི་འགྱུར་ཟེར། དེས་ན་སྔ་འགྱུར་རྙིང་མ་ཕྱི་འགྱུར་གསར་མ་ཞེས་པའི་ཐ་སྙད་ཐོགས་པ་རེད། རྙིང་མའི་ལོ་ཙཱ་རྗེས་མ་ཙནྟྲ་ག་ཏི་དང་། གསར་མའི་ལོ་ཙཱའི་ཐོག་མ་རིན་ཆེན་བཟང་པོ་རེད། སྔ་འགྱུར་བས་སྔ་འགྱུར་དེ་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པ་ཡིན་ཞེས་གསུངས་ལ། ཆེ་བ་དྲུག་ནི། སྤྱན་འདྲེན་ཡོན་བདག་གི་ཆེ་བ། བསྒྱུར་ས་གནས་ཀྱི་ཆེ་བ། བསྒྱུར་བྱ་ཆོས་ཀྱི་ཆེ་བ། སྒྱུར་བ་པོ་ལོ་ཙཱའི་ཆེ་བ། སྒྱུར་བྱེད་པཎྜི་ཏའི་ཆེ་བ། ཞུ་རྟེན་མཎྜལ་གྱི་ཆེ་བས་འཕགས་པ་རོང་ཟོམ་ཆོས་ཀྱི་བཟང་པོས་གསལ་བར་གསུངས་ཡོད་པ་བཞིན་རེད། བཀའ་བབ་ཀྱི་ཆུ་བོ་བཞི་ཞེས་པ་ནི། སྤྱིར་བཀའ་བབ་ཞེས་པ་དེ་དམ་པའི་ཆོས་སྒོ་དམིགས་བསལ་དེ་ལ་གཞན་མཚུངས་བྲལ་བའི་ནང་བྱན་ཆུད་དེ། དེ་ཉིད་འཆད་སྤེལ་སྒོམ་སྒྲུབ་ཀྱི་བྱེད་པོར་གྱུར་པ་དང་། དེའི་སྒོ་ནས་ཕྲིན་ལས་དར་ཞིང་རྒྱས་པ་ཞིག་ལ་གོ་དགོས་རྒྱུ་རེད་བསམ། དཔེར་ན། ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་ལ་བཀའ་བབ་ཀྱི་རིག་འཛིན་ཆེན་པོ་བརྒྱད་ཡོད་པ་ལ། འཇམ་དཔལ་སྐུ་ཡི་བཀའ་བབ་རིག་འཛིན་འཇམ་དཔལ་གཤེས་གཉེན། པདྨ་གསུང་གི་བཀའ་བབ་སློབ་དཔོན་ནཱ་ག་རྫུ་ན། ཡང་དག་ཐུགས་ཀྱི་བཀའ་བབ་སློབ་དཔོན་ཧཱུཾ་ཆེན་ཀཱ་ར། བདུད་རྩི་ཡོན་ཏན་གྱི་བཀའ་བབ་དྲི་མེད་བཤེས་གཉེན། ཕུར་པ་ཕྲིན་ལས་ཀྱི་བཀའ་བབ་པྲ་བྷ་ཧསྟི། རྦོད་གཏོང་མ་མོའི་བཀའ་བབ་དྷ་ན་སཾ་ཀྲི་ཏ། འཇིག་རྟེན་མཆོད་བསྟོད་ཀྱི་བཀའ་བབ་གུ་ཧྱ་ཙནྟྲ། དམོད་པ་དྲག་སྔགས་ཀྱི་བཀའ་བབ་ཤནྟིང་གརྦྷ་རྣམས་ཡོད་པ་བཞིན། འདི་ན་བཀའ་བབ་ཀྱི་ཆུ་བོ་དམིགས་ཀྱིས་བཀར་འོང་དུས། ཞལ་ནས་གསུངས་པའི་བཀའ་མ་དང་། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་རླབས་པའི་དག་སྣང་མ། དེའང་ཟབ་རྒྱས་གཉིས་ཀྱི་ཐོག་ནས་རྒྱ་ཆེ་བ་བཀའ་དང་། ཟབ་པ་གཏེར་གྱི་ཕྱོགས་སུ་བརྩི་རྒྱུ་རེད། བརྒྱུད་ཚུལ་གྱི་དབང་གིས་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ། ཤིན་ཏུ་ཉེ་བར་དག་སྣང་གི་ཆོས་སྐོར་ཞེས་གསུངས་སྲོལ་ཡོད། མདོར་ན་སྔ་འགྱུར་བཀའ་གཏེར་གཉིས་ཞེས་སུ་གྲགས་པ་ཡིན་ན་དེའི་ནང་གི་གཏེར་མ་ལའང་། ས་གཏེར་དང་། ཡང་གཏེར། དགོངས་གཏེར་སོགས་དང་། ཁྱད་པར་སྙན་བརྒྱུད། དག་སྣང་། རྗེས་དྲན་ཏེ་དེ་ཐམས་ཅད་ལ་སྔ་འགྱུར་བཀའ་གཏེར་དག་སྣང་གི་ཆོས་ཟེར་བ་རེད། དེ་དག་གི་མཚན་གཞི་བཞག་ན། མདོ་སྒྱུ་སེམས་གསུམ་ལྟ་བུ་བཀའ་མ་དང་། གཏེར་མ་ནི་བླ་མ་བསྟན་གཉིས་སྐོར་གསུམ་ལྟ་བུ་ས་གཏེར། རྩ་གསུམ་དྲིལ་སྒྲུབ་ལྟ་བུ་ཡང་གཏེར། ཕག་མོའི་སྙིང་ཐིག་ལྟ་བུ་དགོངས་གཏེར། ཕུར་པ་དུང་ཐིག་ལྟ་བུ་སྙན་བརྒྱུད། སྐུ་གསུམ་རིགས་འདུས་ལྟ་བུ་དག་སྣང་། ལྕེ་བཙུན་སྙིང་ཐིག་ལྟ་བུ་རྗེས་དྲན་ཏེ། དེ་ལྟ་བུའི་རིགས་ཐམས་ཅད་ཆུ་བོ་བཞིའི་ཁོངས་སུ་བསྡུ་ན། གོང་དུ་ཞུས་པ་ལྟར་དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། སྨིན་བྱེད་དབང་བཞིའི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། སྙན་བརྒྱུད་གདམས་པའི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་གྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་ལ་སྔ་འགྱུར་བཀའ་བབ་ཀྱི་ཆུ་བོ་ཆེན་པོ་བཞི་ཞེས་གསུངས། དེ་ལྟ་བུའི་སྔ་འགྱུར་བཀའ་བབ་ཀྱི་ཆུ་བོ་བཞི་དང་མདོ་སྒྱུ་སེམས་གསུམ་གྱི་བཤད་པའི་རྒྱུན་མ་ཉམས་པར་ཀུན་མཁྱེན་ངག་གི་དབང་པོའི་མན་ངག་གི་བསྟན་བཅོས་རྒྱ་མཚོ་ལྟ་བུ་ལས་བཤད་དགོས་པ་ཉིད་དོ་ཞེས་གསུངས་པ་རེད། བཀའ་བབ་ཀྱི་ཆུ་བོ་བཞིའི་ནང་གསེས་ཀྱི་མདོ་སྒྱུ་སེམས་གསུམ་ཏེ་མདོ་དགོངས་པ་འདུས་པ། རྒྱུད་སྒྱུ་འཕྲུལ་དྲྭ་བ། སེམས་ཕྱོགས་རྫོགས་པ་ཆེན་པོ་སྟེ་མདོ་སྒྱུ་སེམས་གསུམ་ཡོད་པ་ལས། ནང་རྒྱུད་ཡོ་ག་རྣམ་གསུམ་ལ་བསམ་བློ་གཏོང་ན། ཕྱི་བསྐྱེད་པ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་སུ་བཤད་ཡོད་པ་ལས། རྒྱུད་སྡེ་འདྲ་ཡིན་ན་རྒྱལ་སྲས་སེམས་དཔས་རིགས་གསུམ་སེམས་དཔའ་ལ་བཤད། རིགས་གསུམ་སེམས་དཔས་ལྷ་ཀླུ་གནོད་བྱིན་ལ་བཤད། སོ་སོའི་འཁོར་འབུམ་སྡེ་དང་བཅས་པ་གྲོལ་བའི་སར་བཞག་པ་རེད། སླར་ཡང་གསང་བདག་གིས་གནས་རི་བོ་མ་ལ་ཡའི་རྩེར་མི་དང་མི་མིན་གྱི་དྲ་མ་ལྔ་ལ་བཤད་པས། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རིན་པོ་ཆེའི་གླེགས་བམ་ལ་བཀོད་ནས་དེ་ནམ་མཁའི་ཀློང་དུ་རྒྱས་བཏབ་པ་ཉིད་རྒྱལ་པོ་ཛའི་ཁང་ཐོག་ཏུ་བབ་ནས་དར་བ་རེད། སྒྲུབ་སྡེ་ནི་འོག་མིན་ན་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས་ཆོས་ཉིད་ཀྱིས་རང་སྒྲས་གསུངས་པ་ཉིད་རིག་འཛིན་རྡོ་རྗེ་ཆོས་ཀྱིས་བསྡུས་ནས་གླེགས་བམ་དུ་བཀོད་པ་དེ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་སྤྱི་རྒྱུད་དང་། སྒོས་རྒྱུད་ཚང་མ་རིན་པོ་ཆེའི་སྒྲོམ་བུར་བཅུག་ནས་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་རེད། དུས་ལ་བབ་པའི་ཚེ་བྱེ་བྲག་གིས་སྒྲོམ་བུ་རིག་འཛིན་བརྒྱད་དང་། སྤྱི་རྒྱུད་རིན་ཆེན་ཀུན་འདུས་ཀྱི་སྒྲོམ་བུ་དེ་སློབ་དཔོན་ཆེན་པོར་གཏད་པ་རེད། དེ་དག་མ་ཧཱ་ཡོ་གའི་རྒྱུད་སྡེ་དང་སྒྲུབ་སྡེ་བཤད་པ་རེད། ནང་ལུང་ཨ་ནུ་ཡོ་ག་ནི་དམ་པའི་རིགས་ཅན་དྲ་མ་ལྔས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཡིད་ལ་བྱས་ཏེ་གདུང་ཚིག་ཉེར་གསུམ་བཏོན་པའི་ཚེ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས་ཐུགས་རྒྱུད་བསྐུལ་བས་གསང་བའི་བདག་པོ་དངོས་སུ་བྱོན་ནས་གསུངས་པས་རིམ་པར་དར་བ་རེད། གསང་བ་མན་ངག་ཨ་ཏི་ཡོ་ག་ནི། སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་ལྷ་དེ་བ་བཟང་སྐྱོང་གི་བུ་ལྷ་བུ་སེམས་ལྷག་ཅན་ལ། རྡོ་རྗེ་སེམས་དཔས་དབང་བསྐུར་མན་ངག་བྱིན། གནས་དེ་ནས་འཕོས་ཏེ་འཛམ་བུ་གླིང་དུ་རིག་འཛིན་དགའ་རབ་རྡོ་རྗེར་འཁྲུངས་པ་ལ་གསང་བདག་དཔའ་བོས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། ཀློང་ཆེན་ཉི་ཁྲི་སོགས་རྒྱུད་གཏད་དེ་རྒྱུད་ལུང་མན་ངག་ཀུན་ཀྱི་བདག་པོར་མངའ་གསོལ། དེ་ནས་ཉི་མ་སྣང་བྱེད་མི་ལོ་ཉི་ཤུ་ཐམ་པར་བསམ་གཏན་ལ་བཞུགས། སྐུ་ཉི་གཞོན་ལྟ་བུར་གྱུར་ཏེ་ནམ་མཁར་བྱ་བྱེད་མཛད་དུས། རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་གདོད་ནས་ཐུགས་ཐོག་ཏུ་ཡོད་པར་ཞལ་འདོན་མཛད་པ་དེ་ཉིད། མཁའ་འགྲོ་མས་བསྡུས་ཏེ་ཡི་གེར་བཀོད་ནས་འཇམ་དཔལ་བཤེས་གཉེན་ལ་བརྒྱུད། དེས་སེམས་ཀློང་མན་ངག་གསུམ་དུ་ཕྱེས་ནས་ཤྲཱི་སེང་ཧ་དང་སློབ་དཔོན་ཀླུ་སྒྲུབ་སོགས་ལ་བརྒྱུད། ཤྲཱི་སེང་ཧས་མན་ངག་གི་སྡེ་ལ་ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱི་སྐོར་བཞིར་ཕྱེས་ནས་པད་འབྱུང་དང་། བི་མ་ལ། ཛྙཱ་ན་སུ་ཏྲ་སོགས་ལ་བརྒྱུད་དེ་རིམ་བཞིན་བོད་ལ་དར་བ་རེད། དེ་སྙིང་ཐིག་བཀའ་མ་ལྟར་བཤད་པ་རེད། གཏེར་མའི་དབང་དུ་འཆད་ན། ཤྲཱི་སེང་ཧས་ཨོ་རྒྱན་ཆེན་པོར་དང་། ཨོ་རྒྱན་ཆེན་པོས་དམ་ཆོས་མི་ནུབ་པ་དང་། གདམས་ངག་མི་འཆུག་པ། བྱིན་རླབས་མི་ཡལ་བ། བརྒྱུད་ཐག་ཉེ་བ་སྟེ་བཞི་ལ་དགོངས་ཏེ། རྒྱུད་ལས་སྒྲུབ་ཐབས་དང་། སྒྲུབ་ཐབས་ལས་མན་ངག མན་ངག་ལས་ལག་ལེན་ལ་གདབ་སྟེ་མ་འོངས་པ་ན་འདོན་པར་དབང་བའི་ལས་ཅན་སོ་སོ་ལ་སྨོན་ལམ་དབང་བསྐུར། གཏད་རྒྱ་ལུང་བསྟན་དང་བཅས་པར་གནང་ནས་མཚོན་བྱ་དོན་གྱི་མན་ངག་སྐུ་གསུམ་རང་བྱུང་གི་སྒྲོམ་བུ། མཚོན་བྱེད་ཚིག་གི་གཏད་རྒྱ་སྐུ་གསུམ་ཐུགས་ཀྱི་རྟེན། མྱོང་གྲོལ་དམ་རྫས་དང་བཅས་པ་གཏེར་གནས་འདྲ་མི་འདྲར་འབྱུང་ངེས་རྒྱ་ཡི་བདག་ཉིད་སྦས་པ་དེ། འགྲོ་དོན་དུས་ལ་བབ་པ་ན་སྨོན་ལམ་ལས་ཅན་གྱི་སྐྱེས་བུ་རྣམས་ཀྱིས་རིམ་པར་གཏེར་ནས་བླངས་ཏེ་སྤེལ་བ་དེ་ལ། སྤྱིར་གཏེར་རིགས་བཅོ་བརྒྱད་ཡོད་པ་ལས། དེའི་ནང་མཆོག་ཏུ་གྱུར་པ་ཟབ་མོ་དགོངས་པའི་གཏེར་ཡིན། དངོས་ཉམས་རྨི་ལམ་གསུམ་གྱིས་རབ་འབྲིང་ཐ་གསུམ་གྱི་ཚུལ་དུ་འབྱུང་རྒྱུ་ཞིག་ཡིན་ན། ང་ཚོའི་བོད་གངས་ལྡན་ས་ལའི་ལྗོངས་ཀྱི་དགའ་རབ་དཔའ་བོ་གཉིས་པ་གསང་ཆེན་བསྟན་པའི་ཤིང་རྟ་བ་ཆེན་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་པ་ནི། རྒྱལ་བ་ཐམས་ཅད་ཀྱི་ཐུགས་མཛོད་གསང་བའི་གཏེར་ལ་མངའ་བརྙེས། མཁྱེན་རབ་ཡེ་ཤེས་ཀྱི་རྩལ་ཆེན་རྫོགས་པ་ཡིན་ན། འདིར་ཀུན་མཁྱེན་ངག་གི་དབང་པོའི་མན་ངག་གི་བསྟན་བཅོས་རྒྱ་མཚོ་ལྟ་བུ་ཞེས་གསུངས་པའི་མཛོད་བདུན་དང་། ངལ་གསོ་སྐོར་གསུམ། ཤིང་རྟ་རྣམ་གསུམ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བས་རྒྱ་མཚོ་ལ་དཔེར་བླངས་ནས་གསུངས་པས། རྒྱ་མཚོ་ལྟ་བུ་རབ་ཏུ་མང་ལ་ཟབ་པས་བཤད་དགོས་པ་ཉིད་དོ་ཞེས། གང་ཟག་དབང་པོ་ཤིན་ཏུ་རྣོན་པོ་སོ་སོ་རང་རིག་པའི་ཡེ་ཤེས་མཁྱེན་རབ་ཡེ་ཤེས་ཀྱི་རྩལ་དང་ལྡན་པ་རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀྱི་སྦྱོང་བར་བྱེད་བསམ་པ་ཞིག་ཡིན་ན་དེ་ཚོར་ལྟོས་ཞེས་ཞལ་འཕངས་པ་རེད། དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་ལམ་གྱི་རིམ་པ་ཇི་ལྟ་བུ་འཆད་པ་ནའང་། ཞེས་གོང་དུ་བཤད་པ་དེ་ལྟར་ཆོས་འཆད་པའི་སྦྱོར་དངོས་རྗེས་གསུམ་གདམས་པ་དེ་ཉིད་ལག་ལེན་ལ་ཐེབས་པའི་སྒོ་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་གང་དང་ཅི་ལྟ་བུ་འཆད་པའི་སྐབས་ཡིན་ནའང་། ཆོས་མཚམས་ལེའུའམ་ཐུན་གྱི་མཚམས་སོ་སོར་ཞེས་ཆོས་མཚམས་ལེ་ཚན་དུ་ཕྱེ་བའི་ལེའུའམ་ཞེས། མ་གཞི་ལེའུ་གཟུང་བདེ་ཞིང་གོ་རིམ་མི་འཁྲུགས་པའི་ཆེད་དུ་སྦྱར་བའི་དགོས་པ་དང་ལྡན་པ་ཞིག་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་རྣམས་ལ་བམ་པོ་དང་ལེའུ་ཕྱེ་ཡོད། བམ་པོ་ཁ་ཐུར་བསྟན་འགོར་སྦྱར་བ་དང་། ལེའུ་ཁ་ཡར་བསྟན་མཇུག་ཏུ་སྦྱར་བ། མདོར་ན་གཟུང་བདེ་ཞིང་གོ་རིམ་མི་འཁྲུགས་པའི་ཆེད་དུ་སྦྱར་བ་ཞིག་རེད། བསྟན་བཅོས་ཀྱི་ནང་དུ་ལེའུ་དང་། རབ་བྱེད། སྐབས་དང་པོ་དང་གཉིས་པ་སོགས་གསུང་རྒྱུ་དང་། ཀློང་ཆེན་པའི་ཐེག་མཆོག་མཛོད་ལ་རིམ་ཁང་ཕྱེས་ནས། རིམ་ཁང་དང་པོ་དང་གཉིས་པ་སོགས་བསྟན་པ་དང་། ཚིག་དོན་མཛོད་ན་རྡོ་རྗེའི་གནས་བཅུ་གཅིག་གིས་བསྟན་པ་རེད། དེ་ལྟ་བུ་ཆོས་ཁྲིད་ཀྱི་མཚམས་དང་། ལེའུའི་མཚམས་དང་། སྤྱི་དོན་ས་བཅད་ཀྱི་མཚམས་ཏེ་དེ་ལྟ་བུའི་མཚམས་སོ་སོར་ཇི་ལྟར་བཤད་པའི་ཚིག་ཐམས་ཅད་དོན་ཐོག་ཏུ་ཧྲིལ་གྱིས་བསྡུས་ལ། ཞེས་ཚིག་གིས་ལོ་མས་དོན་གྱི་སྙིང་པོ་འབྲས་བུ་མི་སྒྲིབ་པར་དོན་གྱི་གནད་ཐམས་ཅད་ཧྲིལ་གྱིས་བསྡུས་ལ་བསྡུ་མཁས་པར་བྱ་སྟེ། ཚིག་བརྒྱ་བཤད་ཀྱི་སྙིང་པོ། འོ་མ་བརྒྱ་སྲུབ་ཀྱི་མར་ལོ་ཞེས་ཟེར་བ་ལྟར། བསྒོམ་བྱའི་དམིགས་གནད་ངོ་མའི་ཐོག་ཏུ་དྲིལ་ནས། དེའང་སློབ་བུའི་རྒྱུད་དང་བསྟུན་ཏེ་དེའི་རྒྱུད་ལ་འདྲེས་ངེས་པར་བྱ། ཆོས་འཆད་པ་པོ་སློབ་དཔོན་དེ་ཉིད་ཀྱིས་ཆོས་འཆད་པའི་སྐབས་ཅི་རིགས་པར་གང་ལ་གང་འོས་སུ་གྲུབ་ཐོབ་དམ་པ་གོང་མའི་ངོ་མཚར་བའི་རྣམ་པར་ཐར་པ་དང་། དགོས་པ་མེད་པར་བྱ་རོག་སོ་བརྟག་གི་བསྟན་བཅོས་ལྟ་བུ་དང་། འབྲེལ་བ་མེད་པར་འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་འཕངས་པ་དང་འདྲ་བ། དགོས་འབྲེལ་གཉིས་ཀ་མེད་པར་ཕྱི་རོལ་པའི་གཞུང་བྲམ་ཟེའི་རིག་བྱེད་ལྟ་བུ་རེད། དེ་ལྟ་བུའི་ཚུལ་མ་ཡིན་པར་དགོས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ནུས་པ་དང་། འབྲེལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་སྐབས་དོན་ལ་འབྲེལ་བ། དེ་ལྟ་བུའི་དགོས་འབྲེལ་གཉིས་དང་ལྡན་པའི་སྒྲུང་རྒྱུད་དམ་གཏམ་རྒྱུད་ངོ་མཚར་བ་བཤད་པས་སློབ་མ་གཉིད་དང་ཉན་མི་མོས་པའི་བྱིང་བ་བསང་ཞིང་། མཚམས་རེར་སློབ་བུའི་སྐྱོན་མཚང་ངན་པ་ཐད་ལ་འདོན་པ། དཔེར་ན་ཀློང་ཆེན་པའི་གསུང་ལས། རྒྱུ་ལ་ཁམས་འདུས་མེ་ཏོག་གི་ཕྲེང་ལྡན། རྐྱེན་ལ་ཁམས་འདུས་ཀ་ཁ་སུམ་ཅུ་ལྟ་བུས་སློབ་མའི་སྐྱོན་མཚང་ཐད་ཀར་འདོན་པ་དང་། དཔེར་ན། ཏེ་ལོ་པས་ན་རོ་ལ་དཀའ་སྤྱད་ཀྱིས་བྱིན་རླབས་འཕོས་པ་སོགས་དང་འདྲ་བ། མདོར་ན་ཐབས་སྣ་ཚོགས་ཀྱིས་སློབ་མའི་རྒྱུད་འདུལ་བའི་མན་ངག་ལ་མཁས་པར་བྱས་པས་སཙྪའི་སྐོས་ཕོར་ལས་སཙྪ་འབྱུང་བ་བཞིན་དུ་བླ་མའི་ཐུགས་རྗེ་དང་མཁྱེན་གཉིས་ཀྱི་ཡེ་ཤེས་ཉམས་རྟོགས། བྱིན་རླབས་ཐམས་ཅད་སློབ་མའི་རྒྱུད་ལ་དབྱེར་མེད་དུ་བསྲེ་ནུས་པ་ཡིན་ནོ། །དཔེར་ན། ཏེ་ལོ་པས་ན་རོ་ལ་ཉ་རྒྱུ་ནང་ཁྲོལ་དང་བཅས་པས་འགྲམ་ལྕག་ནམ་ལངས་པར་འདྲ་ཞིག་བརྒྱབ་པས་རྟོགས་པ་ངོ་སྤྲད་པ་དང་། དཔལ་སྤྲུལ་ཚང་གི་སྒོ་ཁར་མདོ་མཁྱེན་བརྩེ་བྱོན་ཡོང་ནས། དཔལ་དགེ་ཁྱི་རྒན། བུ་བཟང་ཡིན་ན་སྒོ་ལ་བུད་གསུངས་པ་ན། སྒོ་ལ་བུད་དུས་ཐོང་རྩ་ནས་བཟུང་ཏེ་ས་ལ་བསྒྱེལ། བླ་མའི་ཞལ་ལ་ཆང་དྲི་བྲོ་བས་དམ་པའི་སྐྱེས་བུ་འདི་འདྲ་བའང་ཆང་གིས་འདི་འདྲ་གོས་འདུག་འདྲ་བསམ་པ་དང་། དེ་དགོས་པ་དང་བཅས་པ་ཞིག་ཡིན་རྒྱུ་རེད་བསམ་ནས་མཉམ་པར་བཞག་པས། སྔར་འཇིགས་མེད་རྒྱལ་བའི་མྱུ་གུས་ནམས་ལངས་པ་དང་འདྲ་བར་བྱས་པ་དེ། མདོ་མཁྱེན་བརྩེས་ཉི་མ་ཤར་བ་དང་འདྲ་བར་བྱེད་བྱུང་གསུངས་པས། རྟོགས་པ་རྒྱུད་ལ་འཕོས་པ་ལྟ་བུའི་སློབ་མའི་རྒྱུད་ལ་བླ་མའི་ཐུགས་རྒྱུད་བསྲེ་ནུས་པ་ཡིན་ནོ། །ཁྱད་པར་དུ་ཆོས་ཁྲིད་དང་ཉམས་ལེན་གྱི་ཐུན་སོ་སོའི་འགོར་སེམས་བསྐྱེད་དང་། མཇུག་ཏུ་དམིགས་པ་མེད་པའི་བསྔོ་སྨོན་གྱིས་མཚམས་སྦྱོར་བ་སྟེ་དམ་པ་གསུམ་གྱི་རྩིས་ཟིན་པར་བྱེད་པ་ཡང་། སྤྱིར་ནང་པ་སངས་རྒྱས་པ་དང་ཁྱད་པར་དུ་ཐེག་པ་ཆེན་པོའི་མེད་དུ་མི་རུང་བའི་ཁྱད་ཆོས་ཡིན་ལ། དེ་སྐད་དུ་ཀློང་གསལ་ལས། ཆོས་མཚམས་ལེའུའི་ཐུན་གྱི་དུས། །ཡས་དྲིལ་མས་དྲིལ་དོན་ཀུན་བསྡུ། །བསྒོམ་བྱའི་དམིགས་པ་བརྟན་དུ་གཞུག །བསམ་བྱའི་གོ་བ་ལེན་དུ་གཞུག །ཅེས་གོང་གི་དོན་དེ་ལུང་གིས་ངེས་པར་བསྐྱེད་དུ་འཇུག་པ་རེད། ཆོས་ཁྲིད་བཤད་སྐབས་སམ། ཡང་ན་གཞུང་གི་སྤྱི་དོན་དང་མཚམས་དང་ལེའུ་ལྟ་བུ་ཐུན་གྱི་མཚམས་སུ་ཐུག་དུས་སུ་སྤྱི་དོན་ས་བཅད་ཀྱི་ཆིངས་སུ་དྲིལ་བ་ཡས་ནས་དྲིལ་བ་དང་། མས་ནས་དྲིལ་བ་སྟེ་བཤད་བྱའི་གཞུང་དོན་གོ་རིམ་མ་ནོར་བ་འགག་དོན་སྙིང་པོའི་གནད་འགག་ཚུར་བསྡུས་ནས་ངེས་པར་བསྐྱེད་པའི་ཐོག་ནས། ཚིག་གི་སྤྲོས་པས་དོན་གྱི་སྙིང་པོ་མི་གོ་བར་མི་བྱེད་པར་བསྒོམ་བྱའི་དམིགས་པའི་གཙོ་བོ་དེ་ལ་བརྟན་པར་བྱེད་དུ་གཞུག་དགོས་པ་དང་། ཡར་བཤད་མར་བཤད་སྙིང་པོ་གང་ཡིན་མི་གོ་བ་ཞིག་བྱེད་ཉན་པ་མ་རེད། ཐོས་པ་རྐྱང་པའི་གོ་ཡུལ་བཤད་ཡམ་རྐྱང་པར་མ་སོང་བར་ཁ་བཤད་ལག་ལེན་མེད་པ་ཞིག་མི་བྱེད་པར་བསམ་བྱའི་གོ་བ་དེ་དོན་གྱི་སྟེང་ན་ལེན་དུ་གཞུག་གོ། །སྐབས་སུ་སྒྲུང་རྒྱུད་ལ་སོགས་པ། །ངོ་མཚར་གཏམ་གྱིས་བྱིང་བ་བསྲིང་། །སློབ་བུའི་སྐྱོན་མཚང་འདོན་པའི་ཕྱིར། །སྔོན་གྱི་སྒྲུང་རྒྱུད་ལྡེའུ་ཆུང་བརྡེག །ཅེས་ཆོས་ཚན་རིང་དྲགས་ནས་སློབ་མ་བྱིང་རྨུག་འཐིབ་པའམ། ཡང་ན་གོ་དཀའ་བས་སྒྱིད་ལུག་པའི་ཚེ་མི་གོ་བ་ན་ངལ་བ་བསོ་དང་། སྤྲོ་བ་བསྐྱེད་པའི་ཆེད་དུ་སྒྲུང་རྒྱུད་ལེགས་པ་སྙན་ཞིང་ངོ་མཚར་བའི་གཏམ་གྱིས་སློབ་བུའི་བྱིང་བ་བསྲིང་བའམ་སངས་བར་བྱ་བ་དང་སྤྲོ་བར་བསྐྱེད་དགོས། སྐབས་དང་སྐབས་སུ་དགོས་པ་ལྡན་དུས། གདམས་པའི་མཆོག་མཚང་ལ་རྒོལ་བ་ཡིན། ཞེས་པ་ལྟར་སློབ་བུའི་སྐྱོན་མཚང་དྲུངས་ནས་འདོན་པའི་ཕྱིར་དུ། དཔལ་སྤྲུལ་ཚང་གིས། སྤྱོད་ལམ་ཐམས་ཅད་མ་རབས་ལད་མོ། །སྨྲ་བརྗོད་ཐམས་ཅད་རྫུན་གྱི་འཁོར་ལོ། །ལོངས་སྤྱོད་ཐམས་ཅད་སྡིག་པའི་གཡོ་བཀོལ། །སྙིགས་མའི་རང་མཚང་འདི་འདྲ་ལགས་སོ། །ཞེས་སྙིགས་མའི་རང་མཚང་འདོན་པ་དང་། དམ་སྡོམ་འཆོར་ལ་གྲུབ་ཐོབ་སྤྱོད་པ་ཟེར། །ཆགས་སྡང་བྱས་ལ་རྟེན་འབྲེལ་མཆིས་སོ་སྐད། །བླུན་པོ་འགའ་ཞིག་དེ་ཉིད་བདེན་པར་རྩི། །ངན་སྤྱོད་མཁན་རྣམས་གཅིག་རྒྱབ་གཅིག་གིས་འཚོ། །ཞེས་དུས་ངན་གྱི་རང་རྟགས་ཐད་ལ་འདོན་པ་ལྟར་དང་། སྔོན་གྱི་སྒྲུང་རྒྱུད་ལྡེའུ་ཞེས་སྒྲུང་རྒྱུད་གོང་དུ་བཤད་པ་དེ་དང་། ལྡེའུ་ཞེས་པ་བརྡ་རྙིང་ཞིག་རེད། བོན་དང་ལྡེའུ་ཞེས་སྟོན་མོ་ལ་གོ་རྒྱུའང་ཡོད། སྟོན་མོའི་སྐབས་སུ་གཏམ་གྱི་རྒྱས་བཤད་དང་པོར་སྲིད་པ་ཆགས་རབས། མགོ་ནག་མིའི་བྱུང་རབས། རིགས་དང་རུས་ཀྱི་མཆེད་ཚུལ་དེ་ཚོ་བཤད་པའི་ལོ་རྒྱུས་ཀྱི་དག་ཐུབ་པའི་གཏམ་གྱི་སྦྱོར་བས་བློ་སྣ་དགེ་བ་ལ་བསྐུལ་ནུས་པའི་ལྟར་སྣང་སྙན་དང་ངོ་མཚར་བ་དེ་ལྟ་བུ་མཚམས་སུ་ཤོད་གསུངས་པ་རེད། ལྡེའུ་ཆུང་ཞེས་ངོ་མཚར་བའི་གཏམ་ཐུང་ཟེར་ནི་ཨེ་ཡིན་ན། རྗེས་སུ་བསྔོ་བ་སྨོན་ལམ་གདབ། །ཀུན་ལ་བྱང་སེམས་བརྩེ་ལྡན་གཅེས། །ཞེས་དམ་པའི་ཆོས་འཆད་ཉན་གྱི་སྐབས་རྗེས་སུ་དགེ་བ་སེམས་ཅན་ལ་བསྔོ་བ་དང་། དེ་དེ་བཞིན་དུ་འགྲུབ་པའི་སྨོན་ལམ་གདབ། བསྔོ་བ་ལ་དགེ་བ་སྔོན་སོང་དེ་བསྔོ་བ་དང་། སྨོན་ལམ་ལ་དེ་ལྟར་མ་ངེས་པ་ནི་བསྔོ་བ་དང་སྨོན་ལམ་ཀྱི་ཁྱད་པར་གསུངས་ཡོད་པ་བཞིན་ནོ། །སྦྱོར་དངོས་རྗེས་གསུམ་ཀུན་ལ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ཞིང་། བརྩེ་བ་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ལྟ་བ་གཉིས་ཟུང་དུ་འབྲེལ་བའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དེ་ཉིད་དང་ལྡན་པར་ཤིན་ཏུ་གཅེས། ཆོས་འཆད་པ་པོ་དེ་དམ་པའི་སྐྱེས་བུ་མཆོག་ཏུ་གྱུར་པ་ཞིག་ཡིན་ན། དམ་པའི་ཆོས་ཀྱི་སྒྲ་དབྱངས་འཇིག་རྟེན་ལ་བསྒྲག་དུས་གདུལ་བྱའི་སེམས་ཅན་གྱིས་ཐོས་པས་མ་རིག་པའི་མུན་པ་སངས། ཆོས་སྒོ་མང་པོ་དང་གཟུངས་དང་སྤོབས་པ་དང་ཏིང་ངེ་འཛིན་མང་པོ་ཐོབ་ནུས་པ་དེ་ལྟར་བཤད་པ་རེད། བཤད་པའི་ཚེ་ཆོས་ཀྱི་ཚིག་གསལ་དག་སྙན་པའི་སྒོ་ནས་སྤྲོ་དང་སྡུད་པའི་རིམ་པ་ཇི་ལྟར་དགོས་ན་དེ་ལྟར་བཤད་པར་བྱ། མདོར་ན་གདུལ་བྱས་གོ་སླ་བའི་རིམ་པའི་ཐོག་ནས་རྒྱ་ཆེར་བཤད་དེ་ཐེ་ཚོམ་སེལ་དགོས། ཆོས་འཆད་པའི་སྐབས་སུ་སྐྱོན་བརྡ་མ་འཕྲོད་པ་ན་གེ་ནོག་གེ་ཚིག་དོན་ནོར་བ་དང་། ཆད་ལྷག་ཤོར་བ་སོགས་དང་། དམ་བཅའ་སྔོན་མ་དང་ཁས་བླངས་འགལ་བ་དང་། རང་ཚིག་སྔ་ཕྱི་འགལ་བ་རང་གིས་རང་ལ་སུན་འབྱིན་བྱེད་པ་དང་། གདུལ་བྱའི་བློ་དང་མི་འཚམ་པ་དེ་འདྲ་མི་བཤད་པར། བརྡ་གསལ་བ། རྣ་བར་སྙན་པ། ཚིག་དོན་བཀྲོལ་མཁས་པས་ཐེ་ཚོམ་གཅོད་ནུས་པ། དཔེ་དོན་ལ་མཁས་པས་ཉན་པ་པོའི་བློར་འབབ་པ། དེ་གདུལ་བྱའི་བློ་དང་འཚམ་ཞིང་ཕན་ཐོགས་ནུས་པ་དེ་ལྟར་བཤད་དགོས། དེ་ལྟར་ལག་ལེན་སྟོན་མཁས་ན། །བླ་མ་སངས་རྒྱས་བརྐོས་ཕོར་ལ། །དམ་པ་ཆོས་ཀྱི་རི་མོ་ཡོད། །སློབ་མ་སྣོད་ལྡན་བྷི་བྷི་བཅུག །བརྐོས་ཕོར་རི་མོ་དེ་ལ་ཐེབས། །སྐུ་གསུམ་ཚྭ་ཚྭར་དཀྲོང་གིས་འགྱུར། །དེ་ལྟར་སློབ་དཔོན་ལག་ལེན་གཅེས། །ཞེས་གོང་དུ་བཤད་པ་དེ་ལྟ་བུའི་ལག་ལེན་ཆོས་སྟོན་པར་མཁས་ན། བླ་མ་སངས་རྒྱས་ཀྱི་ཕྲིན་ལས་ཀྱིས་ཇི་ལྟར་སྒྲུབ་པའི་འབྲས་བུ་དེ་སློབ་མ་ལའང་དེ་བཞིན་དམ་པ་ཆོས་ཀྱི་རི་མོ་དོད་ཡོད་དགོས་ཏེ། བླ་མ་སངས་རྒྱས་ཀྱི་རྐོས་ཕོར་ལ་དམ་པ་ཆོས་ཀྱི་ཡོན་ཏན་གྱི་རི་མོ་ཡོད་པ་དེར་སློབ་མ་སྣོད་ལྡན་གྱི་རྒྱུད་ལས་སུ་རུང་བའི་ས་འདག་གི་བྷི་བྷི་བཅུག་པ་ན། དེ་ལ་བླ་མའི་རྐོས་ཕོར་ལ་རི་མོ་ཅི་ཡོད་དེ་ཐེབས་ཏེ་བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་འཕོས་ཏེ་སྐུ་གསུམ་གྱི་ཚྭ་ཚྭར་དཀྲོང་གིས་འབྱུང་བར་འགྱུར། དེ་ལྟར་སློབ་དཔོན་གྱིས་སློབ་མ་ཚུལ་བཞིན་སྐྱོང་པའི་ལག་ལེན་ནི་ཤིན་ཏུ་གཅེས་སོ། །སྤྱིར་བླ་མས་སློབ་མ་རྗེས་སུ་འཛིན་པ་ལ་རྒྱུད་ཚོད་དང་བློ་རིམ་བརྟག་དགོས། ཇི་ལྟར་བརྟག་ན་རབ་ལ་མངོན་པར་ཤེས་པས་གདུལ་བྱའི་ཁམས་དང་དབང་པོ་བག་ལ་ཉལ་བརྟགས་ནས་ཤེས་པས་དེ་དང་མཐུན་པའི་ཆོས་བསྟན་དགོས། འབྲིང་ཡིན་ན་སློབ་མ་དང་འགྲོགས་ནས་བརྟག ཐ་མ་ཡིན་ན་སློབ་མ་རང་ཉིད་ལ་དྲིས་ནས་བརྟག་དགོས། དེ་ལྟར་མིན་ན་ཆོས་གཅིག་གིས་བློ་རིགས་ཐ་དད་པའི་རྒྱུད་གྲོལ་དཀའ་སྟེ། སློབ་མའི་རྒྱུད་ཚོད་བླ་མས་མ་ཤེས་ན་བླ་མའི་ཆོས་ཀྱིས་སློབ་མའི་རྒྱུད་ལ་ཕན་དཀའ་སྟེ། ལ་ལའི་སྨན་ལ་ལར་ཕན་བྱེད་ཡིན་ཡང་ལ་ལར་གནོད་བྱེད་འགྱུར་བའང་ཡོད། དཔེར་ན། བེའུ་ལུ་ལ་ཕན་པའི་འོ་མ་དེ་སྦྲུལ་ལ་བླུད་ན་གནོད་པའི་དུག་ཏུ་འགྱུར་བ་བཞིན་ནོ། །དེ་ལྟར་ཡིན་པས་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་དེ་གདུལ་བྱའི་བློ་དང་བསྟུན་ཏེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོ་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པ་ལྟར་གསུངས་པ་ཡིན། དེས་ན་བློ་ཐ་མའི་རིགས་ཅན་ལ་ཉན་རང་གི་ཆོས་དང་། འབྲིང་ལ་ཐེག་པ་ཆེན་པོའི་རྒྱུ་མཚན་ཉིད་ཀྱི་ཐེག་པ། ཆེན་པོ་ལ་མོས་པ་རྣམས་ལ་གསང་སྔགས་རྡོ་རྗེའི་ཐེག་པ་བཤད་དགོས། འོན་ཀྱང་གང་ཟག་བློ་རིམ་སྣ་ཚོགས་ཅན་ལ་ཆོས་འཆད་པའི་སྐབས་སུ་ཐེག་གསུམ་འགལ་མེད་གནད་གཅིག་ཏུ་དྲིལ་ཏེ། འོག་མ་ནས་ཡར་གོང་མ་ལ་རིམ་པར་འཁྲིད་དེ་ཐབས་ཤེས་ཟུང་འཇུག་ཚོགས་གཉིས་ཤིང་རྟའི་འཕང་ལོ་འབྲལ་མི་རུང་བར་སྟོང་ཉིད་སྙིང་རྗེ་ལ་འཇུག་རྒྱུ་ཅན་པོ་རེད། ཁྱད་པར་དུ་ལས་དང་པོ་བ་ཡིན་ན་མི་རྟག་པ་ལ་སོགས་པ་བློ་ལྡོག་གི་ཆོས་བསྟན་ནས་འཁོར་བ་ལས་བློ་ལྡོག་འཇུག་པ་དང་། འཁོར་བ་ལས་བློ་ལྡོག་པ་ན་དེ་ནས་རིམ་བཞིན་རང་བཞིན་མེད་པའི་ཆོས་ལ་སོགས་པ་བསྟན་དགོས་ཏེ། དཔེར་ན། བྱིས་པ་ཆུང་ངུ་ལ་དང་པོ་ནུ་འོ་སྣུན། དེ་ནས་ཟས་བྱིན་ཚོད་ཀྱིས་རིམ་གྱིས་གསོས་པ་བཞིན་དུ་སློབ་མ་བསྐྱེད་བསྲིང་དགོས། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཀྱིས་ཁམས་ཀྱི་སྐུ་གསུམ་ལ་སྒྲིབ་པའི་དྲི་མ་སེལ་དགོས་པས། ཚོགས་གཉིས་བསགས་པས་ཁམས་ཀྱི་དྲི་མ་དག་ནས་ཆོས་གཟུགས་ཀྱི་སྐུ་མངོན་དུ་བྱེད་ཚུལ་ལ། སྙིང་རྗེ་ཆེན་པོས་ཉན་རང་གི་ཞི་བདེ་ལས་བཟློག་པ་སེམས་ཅན་གྱི་དོན་བྱེད་ནུས་པ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པའི་མཐའ་ལས་གྲོལ་བ་སྟེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་གསུངས་པ་ལྟར་རོ། །ཞེས་གོང་དུ་གསུངས་པའི་སྟ་གོན་ཉེར་བསྡོགས་སམ་སྦྱོར་བ་གྲ་སྒྲིག་དང་ལག་ལེན་ཆེན་པོ་དཀའ་ཚེགས་ལ་སྐྲག་ནས་མི་འཛེམ་པ་དང་། ཆུང་ངུ་ཅི་མི་སྙམ་པར་མི་འཇོག་པར་ཆེ་ཕྲ་མཐའ་དག་ལ་གཟབ་སྟེ་དེ་འདྲ་ཞིག་གིས་ལོས་ཆོག དེ་འདྲ་བས་རེད་ལོས་ཡོད་སྙམ་པ་སོགས་ཆོས་ལ་དབང་ཟ་བའི་རང་བཟོའི་དྲི་མས་མ་སྦགས་པ་ཉིད་ཆོས་འཆད་པའི་སྔོན་དུ་སོང་ནས་མཎྜལ་འབུལ་དུ་གཞུག་གོ །དམ་པའི་ཆོས་ཞེས་པ་འདི་མི་འགའ་རེས་སྤྱིར་བཏང་གི་རིག་གནས་ཤིག་རེད་བསམ་གྱིན་ཡོད་རེད། ད་སྐབས་རྒྱལ་སྤྱིའི་ཐོག་ནའང་ནང་ཆོས་དེ་ཤར་ཕྱོགས་ཀྱི་རིག་གནས་ཤིག་རེད་ཟེར་བཞིན་འདུག་ཡིན་ན། འགའ་རེས་རིག་གནས་སྤྱིར་བཏང་བ་སྦྱོང་བ་ལྟར་དུ་སྦྱོང་ཆོག་པ་ཞིག་ཡིན་བསམ་ནས། ཁྲིད་ཡིག་ནི་དེང་སང་མང་པོ་རེད། ཡིག་རིགས་དང་སྐད་རིགས་འདྲ་མི་འདྲའི་སྟེང་ན་ཀུན་སློང་སྣ་ཚོགས་པས་བསྒྱུར་བ་ནི་མང་། རྫོགས་ཆེན་ཕྱག་ཆེན་ལ་སོགས་པ་ཆོས་གང་གི་ཟབ་ཟབ། མིང་གང་གི་ཆེ་ཆེ་གཉན་གཉན་ཚང་མ། དབང་མེད་ལུང་མེད་ཁྲིད་མེད་ཀྱིས་བརྒྱུད་པ་གཅིག་ཀྱང་མི་དགོས་པར་བལྟས་ནས་ཚུགས་ཀ་བཏོད་དེ་སྒོམ་ཁུལ་བྱེད་ཀྱང་། གར་སོང་འདིར་སོང་ཅི་ཡོད། དེ་མི་དགོས་ལོ་མང་པོར་ཉམས་སུ་ལེན་འདོག་བྱས་ཀྱང་རང་རྒྱུད་སོར་གང་གིས་ཡར་བསྐྱེད་མེད་པ་དེ། གཅིག་ན་དད་པ་དང་ངེས་འབྱུང་གིས་མ་འདང་། གཉིས་ན་ཆོས་སྒྲུབ་ལུགས་མགོ་རྔ་ནོར་བ། སྔོན་འགྲོས་རང་རྒྱུད་མ་སྦྱོང་བར་དངོས་གཞི་སྒོམ་ཁུལ་བྱེད་ཀྱང་སྒོམ་གོ་སྒོམ་གོར་མ་ཆོད། སླ་མོ་ཡོད་ས་དཀའ་མོར་འགྱུར་སོང་བས་མི་ཚད་ལམ་ལོག་ཏུ་ཞུགས་པས་ཆོས་ལ་དབང་ཟ་ཞེས་ཧབ་རྒྱག་ནི་རེད། ཆོས་ཀྱི་ཐོག་ན་དབང་ཡོད་བྱས་ནས་མི་ཉན་རྒྱུ་ཅི་ཡོད། ཅི་རེད་འགྲོ་འོང་བསམ་ནས་རང་བཟོ་དང་རང་ཕོད་ཆེ་བས་རེད། དེ་འདྲ་བ་ནི་ཉེས་པ་ཆེ་བར་མ་ཟད་བཀའ་ཆད་འབྱུང་ངེས་ཡིན། དེས་ན་བརྒྱུད་པའི་བྱིན་རླབས་འབྱུང་བ་ལ་ཆོས་ཐོབ་དགོས། བཅོམ་ལྡན་འདས་ཀྱི་སྐྱེས་རབས་སུ་ཚིག་བཞི་པའི་ཚིགས་སུ་བཅད་པ་རེ་རེའི་དོན་དུ་གོང་དུ་ཞུས་པ་ལྟར་སྐུ་ལུས་མེ་དོང་དུ་མཆོང་བ་ལ་སོགས་ཅི་འདྲའི་དཀའ་སྤྱད་མཛད་རབས་མང་གི། དམ་པའི་ཆོས་ནི་ཚེ་འདི་ཕྱི་གཉིས་དང་རང་གཞན་གཉིས་ཀའི་དོན་འགྲུབ་ངེས་པ། ད་རེས་མ་གཏོགས་ནམ་ཡིན་ན་འཕྲད་པར་དཀའ་བ་དང་། ཐོབ་པར་དཀའ་བ་ཡིན་པས་འདི་ན་ཆོས་མ་གསུངས་པའི་སྔོན་དུ་ཆོས་འཆད་པ་པོ་ལ་མཎྜལ་འབུལ་ཞིང་ཆོས་འཁོར་བསྐོར་བར་བསྐུལ་དགོས་གསུངས་པ་རེད། མཎྜལ་འབུལ་བའི་བསོད་ནམས་དང་ཆོས་འཁོར་བསྐོར་བར་བསྐུལ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས་ཡོད། དེ་ལྟ་བུའི་རྒྱུ་མཚན་དེ་ཉིད་ཤེས་པའི་སྒོ་ནས་སློབ་མ་རྣམས་ལ་མཎྜལ་འབུལ་དུ་གཞུག་གསུངས་པ་རེད། དེ་རིང་གི་ཁྲིད་སྦྱོང་སྐབས་སྔོན་ལྟར་ཡིག་བརྒྱ་དང་ཡིག་དྲུག་གསོག་པས་ཉམས་ཆག་བཤགས་དགོས། རབ་ན་ཡིག་བརྒྱ་དང་ས་ཏྭ་འདོན་པའི་ཚེ་རྡོར་སེམས་སྒོམ་བཟླས་ཀྱི་དམིགས་པ་བྱ་རྒྱུ་དང་། དེ་ལྟར་མ་བྱུང་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་མདུན་ནས། བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བཤགས་པ་ཡིན་བསམ་ནས། སྔར་བྱས་ཀྱི་ལས་ལ་འགྱོད་སེམས། ཕྱིན་ཆད་མི་བྱ་བའི་དམ་བཅའ་དྲག་པོས་སྟོབས་བཞི་ཚང་བའི་བཤགས་པ་བྱེད་དགོས། རྟེན་གྱི་སྟོབས་ཟེར་བ་དེ་བླ་མ་གཅིག་དང་སངས་རྒྱས་གཅིག་ཁོ་ན་མ་ཡིན་པར། ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང་། ཡང་ན་བླ་མ་རྡོ་རྗེ་སེམས་དཔའ་གཅིག་ལ་རྒྱལ་བ་ཐམས་ཅད་འདུས་པའི་བདག་ཉིད་ཀུན་འདུས་ནོར་བུའི་ལུགས་ལྟར་བྱས་ན་ཆོག་ལ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཟེར་དུས་ས་ཆེན་པོའི་རྡུལ་གྲངས་ཀྱིས་གཞལ་དུ་མེད་པའི་མང་པོ་ཞིག་ཡིན། དེ་ཡིན་པ་ལྟར་བསོད་ནམས་ཀྱང་དེ་ལྟར་ཆེན་པོ་དང་མང་པོ་ཐོབ་པ་རེད། བཤགས་མཁན་པོ་ང་གཅིག་པུས་ལས་ཉེས་བྱས་པ་རྐྱང་པར་མི་བསམ་པར། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོག་མེད་ནས་ད་བར་བསགས་པའི་སྡིག་སྒྲིབ་བསམ་ན་ནི། སེམས་ཅན་ཐམས་ཅད་ཟེར་རྒྱུ་བོ་ནམ་མཁས་གར་ཁྱབ་ན་ཡོད་པ་ཞིག་ཡིན་པས་དགེ་བའི་སྟོབས་ཀྱང་དེ་བཞིན་དུ་ཆེ་བ་ཡིན། དེས་ན་བསམ་པ་སེམས་བསྐྱེད་དང་འབྲེལ་རྒྱུ་ནི་ནམ་ཡིན་ན་གཙོ་ཆེ་ལ། དམིགས་མེད་དང་འཁོར་གསུམ་དག་པའི་དངོས་གཞི་དང་རྗེས་ཀྱི་བསྔོ་བ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་ན་ཅི་བཤད་དང་། དེ་ཙམ་གྱིས་དངོས་གཞིའི་ལྟ་བའི་རྩི་ཡིས་མ་ཟིན་ནའང་འདི་སྣང་སྒྱུ་མ་དང་རྨི་ལམ་ལྟ་བུའི་འདུ་ཤེས་དང་མ་བྲལ་བའི་བསྔོ་བ་ཡག་པོ་རེ་གྱིས། སང་ཉིན་ནས་སྔོན་འགྲོ་སེམས་སྦྱོང་བདུན་གྱི་ཁྲིད་རྐང་རེ་རེ་ནས་ཁྲིད་སྦྱོང་བྱེད་དགོས། ཐུན་དང་ཆོས་ཁྲིད་ནང་ཞུགས་པ་ཚང་མས་ངག་གཅད་བྱ་རྒྱུ་གལ་ཆེ། ལྷ་ཁང་ནང་དུ་འཛུལ་ནས་སྒོ་ཕྱི་ལ་མ་ཐོན་བར་ངག་གཅད་གྱིས། ངག་བཅད་བྱས་ནས་ལྷ་སྒོམ་སྔགས་བཟླས་ན་ཕན་ཡོན་ལྷག་པར་ཆེ། ངག་འདི་རྫུན་དང་། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་ཀའི་སྒོ་ཡིན་པར་མ་ཟད་མི་དགེ་བ་གཞན་གྱི་སྣ་འདྲེན་བྱེད་པ་རེད། མདོར་ན་དགེ་བ་སྒྲུབ་དུས་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དགེ་བའི་ལམ་ལ་དྲིལ་ཐུབ་ན་ཤིན་ཏུ་བཟང་། ཚོགས་འཁོར་དང་རྒྱབ་ཆོག་སོགས་གང་གི་སྐབས་སུའང་ངག་གཅད་མཛད་ན་ཡག་པོ་ཡིན། རང་རེའི་ཆོས་རའི་ནང་དུ་གཞུང་བཀའ་པོད་ལྔའི་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་རབ་འབྱམས་པ་མཁས་པའི་དབང་པོ་མང་པོ་ཡོད། ཐོས་པ་ཕྱོགས་མེད་དུ་བཙལ་ནས་ལོ་མང་སོང་བ་དང་། སྒྲུབ་བརྩོན་སྦས་པའི་རྣལ་འབྱོར་པ་ཡང་མི་ཉུང་བ་ཡོད། ཡང་མོས་པ་ཆོས་ཕྱོགས་སུ་བྱས་ནས་དད་པ་དང་དག་སྣང་ལས་འབྲས་ལ་ཡིད་ཆེས་ཀྱི་གདེང་ཡོད་རུང་ཐོས་པ་སློབ་གཉེར་མ་མྱོང་བ་དང་། ཡང་རྒན་ཞུགས་ཡིག་ངོ་ཙམ་ཡང་མི་ཤེས་པར་ཁྱིམ་པ་ཕོ་མོ་སོགས་མཐའ་ལ་བརྟེན་པ། རྒྱུད་ཚོད་འདྲ་དང་མི་འདྲ་ཡོད་པས། ཚང་མའི་རྒྱུད་ཚོད་དང་འབྲེལ་བ་ཞིག་འུ་གུས་བཤད་ཐུབ་དཀའ་བ་རེད། སྤྱིར་བཏང་འདིར་གང་ལྟར་བཤད་ཀྱང་སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་རང་ལུགས་དྲི་མ་མེད་པའི་ཁྲིད་རྒྱུན་མཐུད་པ་ཡིན་པས། གཙོ་ཆེ་བ་སྔོན་གྱི་དམ་པ་གོང་མའི་ཕྱག་བཞེས་ལ་ལད་མོ་མ་བྱས་ཐབས་མེད་འདྲ་རེད། ངས་གཙོ་བོ་ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམ་པ་གཉིས་བསྟེན་མྱོང་བ་རེད། གཅིག་ནི་མཁན་ཆེན་པད་མ་ཚེ་དབང་ཚང་རེད། གཅིག་དེ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་ཚང་རེད། མཁན་ཆེན་པད་མ་ཚེ་དབང་ཚང་གིས་གསུངས་དུས་ཚིག་རེའི་འབྲུ་རེ་ཐོག་གི་རྒྱས་འགྲེལ་དང་། དཀའ་གནད་ཐམས་ཅད་མཐའ་དཔྱད་ཅིང་། ཚུལ་གསུམ་ཚང་བའི་དགག་གཞག་མཛད་དེ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གཏན་ལ་ཕབ་སྟེ་གསུང་རྒྱུ་བོ་རེད། འཇིགས་མེད་ཡོན་ཏན་མགོན་པོ་ཚང་གིས་གསུངས་དུས་དོན་གྱི་མདོ་འགག་གནད་དུ་དྲིལ་ཞིང། ཆིངས་ཀྱིས་བཅིངས་ཏེ་དོན་འགྲེལ་གྱི་ཚུལ་དུ་མཚམས་མཚམས་སུ་འགག་བསྡམས་ཏེ་གསུང་རྒྱུ་བོ་རེད། དེ་ཚོ་གཙོ་བོ་མདོ་སྔགས་ཀྱི་འཆད་ཚུལ་གྱི་ཁྱད་པར་ཡིན་ས་རེད། དེ་ཚོ་ང་ལོ་བཅོ་ལྔ་བཅུ་དྲུག་གི་སྐབས་ཀྱི་སྐད་ཆ་རྙིང་པ་ཞིག་རེད། ལོ་རྒྱུས་ཀྱི་ཐོག་བཤད་པ་ཡིན། ད་འུ་གུས་དེ་གཉིས་ཀྱི་གཅིག་གི་སྟངས་ལྟར་ཐོན་པ་མ་རེད་དེ། ལད་མོས་གཟུགས་བརྙན་གྱི་ཚུལ་འདྲར་བྱེད་ན། ཁྱད་པར་དུ་ལས་དང་པོ་བ་དང་སྒོ་བསྟུན་ཏེ་ཚིག་རེ་གསལ་འགྲེལ་དང་མན་ངག་ལག་ལེན་ལ་དྲིལ་བའི་ཉམས་བཏོད་ཁུལ་ཡོད་ནི་རེད། འོན་ཀྱང་གསང་སྔགས་ཀྱི་ཆོས་འདི་འདྲ་འཆད་པའི་སྐབས་སོ་སོའི་སྐྱེ་བོ་རྨོངས་པའི་གཞན་དབང་གིས་བཤད་ཉེས་བྱེད་ཡོད་ན་ལྷ་དང་སྲུང་མ། ཆོས་སྤྱན་དང་ལྡན་པ་ཐམས་ཅད་ཀྱི་མདུན་དུ་བཤགས་པ་དང་། བསམ་པ་དག་པས་ཀུན་ནས་སློང་བའི་དགེ་བའི་ཆ་རེ་མཆིས་སྲིད་ན་བསྟན་དང་འགྲོ་བའི་དོན་དུ་བསྔོ་རྒྱུ་ཡིན་ནོ།།


previousཉིན་གཉིས་པའི་ཆོས་ཁྲིད། next