Nitartha Digital Library
Tibetan
 
previousཉིན་གསུམ་པའི་ཆོས་ཁྲིད། next

ཉིན་གསུམ་པའི་ཆོས་ཁྲིད།

ད་ཡང་ཚེ་བསྐལ་པ་ལན་བརྒྱར་བཙལ་ཀྱང་རྙེད་པར་དཀའ་བའི་དཀོན་མཆོག་གི་སྣང་བ་དང་མི་འབྲལ་ཞིང་། དམ་པའི་ཆོས་ཀྱི་འོད་ཟེར་ལ་ལོངས་སྤྱོད་ཡོད་པའི་སྐབས་འདིར། ཇི་སྐད་དུ། འཆི་བ་མ་དྲན་ཆོས་ཀྱི་གཟུགས་བརྙན་དེས། །འཆི་བདག་དྲུང་ན་ཆོས་གོ་མི་ཆོད་ཀྱི། །སེམས་དང་ཆོས་སུ་འདྲེས་པའི་ནོར་བུ་དེ། །རྟག་ཏུ་ཆོས་དོན་སེམས་པའི་ལག་རྗེས་ལགས། །ཞེས་གསུངས་པས་འཆི་བ་མི་རྟག་ནམ་འོང་མི་ཤེས་པར་སྙིང་ནས་མ་དྲན། རྟག་འཛིན་ཤི་རྒྱུ་མེད་པའི་འདུན་ནམ། ཡང་ན་ཡུན་རིང་ཞིག་ལ་མི་འཆི་པའི་འདང་ལོག་བརྒྱབ་སྟེ། ཕྱི་ནས་ལྟ་ན་ཆོས་པའི་གཟུགས་བརྙན་ཙམ་ཞིག་བྱེད་པ་དེས་འཆི་བདག་གཤིན་རྗེས་དབང་མེད་དུ་ཁྲིད་པའི་དུས་སུ་ཆོས་ཀྱི་གོ་མི་ཆོད། ཆོས་བྱེད་ན་ཁ་ཆོས་མིན་པའི་དོན་ཆོས། ཆོས་དང་སེམས་འདྲེས་པས་ཆོས་ཀྱིས་སེམས་དུལ་ནས་སེམས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ན། དེའི་ཆོས་དེ་ཡོད་ཤག་ཤག ཚེ་འདི་ཕྱི་གཉིས་ཀའི་བསམ་དོན་འགྲུབ་པའི་ནོར་བུ་ཡིན། དེའི་ནོར་བུ་དེ་ལག་ཏུ་ལོན་འོང་ཐབས་ནི། དུས་རྟག་ཏུ་ཆོས་ཐོས་པའི་དོན་བསམ་པས་རྒྱུད་ལ་སྦྱར། སྒོམ་པས་ཉམས་སུ་བླང་བའི་ལག་ལེན་དེ་ཉིད་ཡིན། དེ་ལྟར་བྱེད་ན་རང་དྲིན་རང་ལ་ཆེ་བ་རེད་གསུངས་པ་རེད། དེ་ཡིན་སོང་ན་འདི་སྣང་འཁོར་བའི་འཁྲུལ་སྣང་གི་གཉིད་མོ་ཆེའི་རྨི་ལམ་ལྟ་བུ། འཁྲུལ་བ་བསླུ་བའི་ཆོས་ཅན་འདི་ལ་མགོ་མི་འཁོར་བར་གཏན་དུ་ཕན་པའི་ལྷ་ཆོས་རྣམ་དག་ཅིག་འགྲུབ་དགོས་ཀྱང་། དེ་རིང་རྒྱབ་ཀྱི་སང་ཉིན། ད་ལོའི་ཕར་གྱི་སང་ཕོད་བཞག་ནས་མ་འོངས་པའི་དུས་ཤིག་ལ་ཡིན་སྙམ་པའི་མ་འོངས་པ་ཟད་དུ་མེད་པའི་རྟག་འཛིན་ཁོ་ནའི་ངང་ནས་མི་ཚེ་ཤོར་ན་གྱོང་ཁ་ཆེ་བས། དེས་ན་རང་རང་ཁ་ཁ་སོ་སོའི་མི་ཚེ་ན་ཚོད་ལ་འདང་རེ་བརྒྱབ། ཚོད་རེ་བླངས་ཏེ་མི་ཚེའི་བྱ་བའི་དམིགས་ཡུལ་དང་། དམིགས་ཡུལ་དེ་འགྲུབ་པའི་འཆར་གཞི། འཆར་གཞི་དེ་གཙོ་བོ་ནམ་འགྲུབ་ཀྱི་དུས་ཚོད་གཏན་ཁེལ། གལ་ཏེ་གློ་བུར་དུ་འགལ་རྐྱེན་འོངས་ནས་ཁྱད་པར་མི་ཚེའི་དུས་ཚོད་ཀྱིས་མི་འདང་བའི་རྐྱེན་ངན་གྱི་ལས་ཀ་འོང་ན་དེ་གདོང་ལེན་ཅི་འདྲ་བྱེད། འགོག་བསྲུང་ནུས་པའི་ཐབས་ཤེས་ཅི་འདྲ་དགོས། དེ་ཚོ་འདང་མ་བརྒྱབ་རང་བརྒྱབ་ཅིག་ལ་ཐུག་ཡོད་པ་རེད། མདོར་ན་ཅི་བྱས་རྗེས་ནས་འགྱོད་པ་མི་ཤོར་བའི་སྔར་འདང་ད་ནས་ཕོག་དགོས་ཀྱི། འགྱོད་པ་རྗེས་ནས་བྱེད་རྒྱུ་ནི་བྱ་བ་མ་ཐོན་པའི་ཕོ་ངན་གྱི་ལུགས་རེད། དོན་ཆེན་བསྐྱུར་ནས་དོན་ཆུང་ལ་སྙེག་སར་ཐུག་དུས་མདོར་ན་བྱ་བ་མ་འགྲུབ་པའི་སྔ་ལྟས་རེད། དུས་ཚོད་ཀྱི་བྱ་བ་དེ་དུས་ཚོད་ཀྱི་ཐོག་ནས་སྒྲུབ་དགོས། ཁ་ཡོད་ལག་ཡོད་ཀྱི་དངོས་ཡོད་གནས་ཚུལ་གནད་ཆེན་རེད། དཔེར་འཇོག་ན། ན་ནིང་གི་དྲོད་རླུང་འཇམ་པོས་ད་ལོའི་ས་ཆུ་སོས་པ་ལ་ཕན་ཐོགས་མེད་ལ། མདང་དགོང་རྨི་ལམ་ནང་གི་རྒྱན་གོས་བཟང་བས་དེ་རིང་གི་ཞོགས་ལྷགས་ལ་མི་ཕན་པ་དང་འདྲ། ཚེ་འདི་ཕྱི་གཉིས་ཀའི་རང་མགོ་ཐོན་བྱེད་རང་ལ་ཡོད་དུས་ཡོད་རེད། གཞན་གྱིས་ཇི་ལྟར་ངན་པའི་གྲལ་དུ་བཞག་རུང་རང་ཉིད་མ་ངན་ན་རེད་ཡོད། མིས་རྒྱ་མ་བརྒྱ་ཐམ་པའི་ལྗིད་ཚད་འདུག་ཟེར་རུང་རང་ཉིད་ཀྱིས་སྲང་གང་གི་རྒྱ་ཁ་ནོན་བྱེད་མེད་ན་དོན་ལ་མེད་པ་རེད། དེས་ན་ཚེ་འདིའི་འདུག་ཆུས་ཀྱི་དོན་དུ་ཇི་ལྟར་བརྒྱུགས་ཀྱང་མ་བརྒྱུགས་ཀྱང་ལྟོ་ཕོ་བ་གང་གི་ཟ་རྒྱུ་ཞིག་དང་། རྒྱབ་ལུས་པོ་གང་གི་གྱོན་རྒྱུ་ལས་ཡར་ལྷག་ལས་འོང་རྒྱུ་ཅི་ཡོད་པ་མ་རེད། དེ་ནི་ལ་ཁའི་རྩྭ་ཟན་གྱི་དུད་འགྲོ་ཡིན་ཡང་རང་རང་གི་ཚོད་ཀྱིས་དུས་ཚོད་བུད་འགྲོ་བཞིན་ཡོད་རེད། དེས་ན་དཀའ་གནད་སྐྲག་དགོས་ས་ངོ་མ་ནི། མིང་ཙམ་ཡང་གཟུང་དགོས་ན་གཟུང་དཀའ་ཤོས། སྒྲ་ཙམ་གོ་ནའང་མི་འདོད་པ་ནི་འཆི་བ་རེད། འཆི་བདག་ངོ་གནག་གི་མདུན་ན་ཐོན་དུས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅན་སྐྲག་དགོས། ལྷའི་དབང་པོ་བརྒྱ་བྱིན་ལ་འཁོར་ཉེ་དབང་སོ་གཉིས་ཀྱིས་བསྐོར་ཏེ་ལྷ་དམག་ལྷ་མ་ཡིན་གྱི་ཐོག་ཏུ་དྲངས་དུས་དཔའ་བོ་ཡིན་ཡང་། ཚེ་ཟད་ལས་དབང་རྫོགས་ཏེ་ཤི་རན་དུས་དམྱལ་བའི་སྒྱེད་རྡོ་ཡན་ཆད་ལ་སྐྲག་དགོས་པ་རེད། འཇིག་རྟེན་འདིར་སྣང་གི་དབང་ཚོད་མེད་དེ་ཚོ་དང་དེའི་ཁ་འོག་གི་ཉམས་ཆུང་ཚང་མ་ཁྲིམས་ཆད་པ་ལ་སྐྲག་དགོས་པ་རེད། གནའ་གཅིག་གིས་ཟེར་བ་ལྟར། ང་ལ་ཐུག་དུས་སྟག་འདྲ་ཞིག་རེད་དེ། དགྲ་ལ་ཐུག་དུས་ཝ་འདྲ་ཞིག་རེད་ཟེར་བ་ལྟར་ཡིན། དཔོན་ཇི་ཙམ་ཆེ་ཡང་འཆི་བདག་ལ་སྐྲག་མི་དགོས་པ་ཞིག་མེད། དེས་ན་འཆི་བདག་གི་སྔོན་ལ་ད་ལྟར་ཐོན་ན་སྐྲག་མི་དགོས། འཇིགས་མི་དགོས། གླིང་གེ་སར་ཨ་མ་འགོག་མོའི་དོན་དུ་དམྱལ་ཁམས་ན་བྱོན་པ་འདྲ་ཞིག་རེད་ཐབས་ཡོད་ན། འདི་དང་ཕྱི་མར་ཡོད་པའི་དཔའ་བོ་རེད། དེ་མིན་ན་མིག་བཙུམས་ནས་མ་རིག་པས་མེད་སྣང་ཤར་བ་ཙམ་གྱིས་མེད་རྒྱུ་ངོ་མའི་གྲལ་དུ་འགྲོ་རྒྱུ་མ་རེད། ཁྱོད་ཀྱིས་མ་རིག་པས་མེད་པར་ཡིན་ན་ལ་ཕར་རྒྱབ་ཀྱི་མི་དང་སྲོག་ཆགས་མེད་པའི་གྲལ་དུ་འགྲོ་དགོས་ན་དེ་མི་འགྲོ་གི་མོད། དེ་ཡིན་དུས་གསོན་འདིར་སྣང་གི་མི་ཚེ་ཟེར་རྒྱུ་དེ་ཇི་ཙམ་རིང་ཡང་། ལྷ་གནས་གོང་མ་ཞིག་གི་སྐད་ཅིག་མ་ཙམ་གྱིས་རང་རེ་འདོད་པའི་ཁམས་ཀྱི་མི་ཚེ་རྫོགས་འགྲོ་བ་རེད། ཚེ་ཕྱི་མའི་འགྲོ་ལམ་སྐྱེ་བ་རྗེས་མའི་བདེ་སྡུག་དེ་ཡུན་རིང་གི་དོན་དག འདང་རྒྱག་བྱ་རྒྱུའི་དོན་གལ་ཆེན་པོ་དེ་འདྲ་ཞིག་ཡིན། ཚེ་འདིར་སྣང་ལྟ་བུ་ཡུན་ཐུང་དཀའ་ཚེགས་ཅན་ལ་ཞེན་འདུག་པས་ཕན་ཐོགས་མེད། བདེ་ན་བདེ་རྐྱང་མ་སྡུག་བསྔལ་གཏན་ནས་མྱོང་དགོས་མི་ཐུབ་པ་ཞིག་རེད་དགོས། དེའི་ལམ་དེ་ད་སྔར་མ་རྙེད་པས་འདི་བྱུང་བ་རེད། ད་རེས་དམ་པའི་ཆོས་ཞེས་པ་རང་གཞན་གྱི་སྡུག་བསྔལ་སེལ་བྱེད། གཏན་བདེ་ཐར་པའི་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་འདྲ་བོ་ལག་ལ་བྱུང་བའི་དུས་འདིར། ཆུ་ལ་སྐར་མ་བཀྲ་ནི་འདྲ་ཅི་ཡིན་འདི་ཡིན་དང་གར་ཡིན་གང་ཡིན་མ་ཤེས་པར། དཔེར་ན། མི་དབུལ་པོའི་ལག་ན་ཡིད་བཞིན་གྱི་ནོར་བུ་ལག་ཏུ་འོང་ཚེ་ནོར་བུའི་ནོར་ཉམས་མ་ཆོད་ནས་ཡིད་བཞིན་ནོར་བུ་ལག་ན་ཡོད་བཞིན་དུ་དབུལ་པོར་ལུས་པ་བཞིན་གྱོང་ཆེན་པོ་དང་། ཁེ་ཆེན་པོའི་གཏན་ཉེས་གཏན་ལེགས་ཀྱི་ས་མཚམས་ལ་ཐོན་པ་རེད། ཆོས་ཐུན་གཅིག་ཉན་རྒྱུའི་གོ་སྐབས་འདི་འཛམ་གླིང་གི་རྒྱུ་ནོར་བས་དགའ་དང་དགའ་རེད། དེ་ལྟར་ཡིན་རྒྱུ་བོ་འདང་ཞིབ་ཏུ་བརྒྱབ་ནས་དེ་འདྲ་ཤེས་པར་གྱིས། དེ་ལྟར་མ་ཤེས་པའི་རྒྱབ་སོ་ན་ཆོས་རའི་ནང་དུ་གཉིད་ལོག་བྱེད་ཞོར། དུས་ཚོད་ལ་ལྟ་ཞོར། མི་དགེ་སྡིག་ལས་གཡོ་སྒྱུ་སྐོར་མགོ་དྲན་ཞོར་འདུག་པ་ལས་མ་འདུག་ན་དགའ་བ་རེད། ཉི་མ་གཅིག་གི་ཉིན་ལས་ཁྱིམ་ལས་ཙག་ཙིག་ཅིག་དང་། དོན་ཆུང་ཞིག་གི་དོན་དུ་ག་ཤེད་འགྲོ་རྒྱུ་དང་ཆོས་ཁྲིད་གཉིས་བརྗེ་ས་ལ་ཐུག་དུས། ལས་དང་སྐལ་བའི་གཏིང་རྡོ་ལྗིད་པོ་ཞིག་གིས་ཁྲིད་ནས་ཨ་ཁུ་ཆོས་རྒྱལ་ཚང་གི་ཁྲིམས་རའི་ནང་ཐེངས་མ་འགའ་རེ་འགྲོ་རྒྱུའི་ཐོད་པའི་རི་མོ་སྣོག་དཀའ་བའི་རྟགས་རེད། དེ་འདང་རྒྱག་དང་པོ་རེད། འདང་དང་པོ་བརྒྱབ་ནས་ངོ་མ་ཆོས་གོ་རྒྱུ་གནད་ཆེ། བསྒྲུབ་རྒྱུ་དེ་བས་ཀྱང་གལ་ཆེན་ཞིག་རེད་འདུག ཚེ་འདི་ཕྱི་དང་རང་གཞན་གཉིས་དོན་ལ་དེའི་གལ་ཆེ་བ་དང་གནད་ཆེ་བ་ཞིག་མེད་པས། འཁོར་བའི་སྡུག་བསྔལ་དང་བྲལ་བའི་སངས་རྒྱས་བྱང་སེམས་འཕགས་པའི་དགེ་འདུན་ཐམས་ཅད་དམ་པའི་ཆོས་ལ་བརྟེན་ནས་གྲོལ་ནས་གྲོལ་བའི་ལམ་རྙེད་པ་རེད། ཞི་བསིལ་རྙོག་པར་མེད་པ་བདུད་རྩི་ལྟ་བུ་ཐོབ་ན་འཕྲལ་དུ་ལུས་སེམས་ཀྱི་སྡུག་བསྔལ་ཞི། ཕུགས་ཀྱི་གཏན་བདེ་ཐར་པའི་ལམ་མཆོག་ལ་བཙན་སར་ཟིན་འགྲོ་འདུག་བསམ་ནས། ཤྭ་ཆད་ཀྱིས་ཆུར་སྙེག་པ་དང་མཚོ་ལམ་དུ་དར་འཆག་པར་འདྲ་བའི་བརྩོན་པ་དང་དོ་སྣང་ཞིག་ཡོད་དུས་ཆོས་བསྒྲུབ་ན་འགྲུབ་པ་རེད། དེའི་ཐོག་ནས་འདང་རྒྱག་གཉིས་པ་ཆོས་ཞུ་ལུགས་ཞུ་སྟངས། སྒྲུབ་ལུགས་སྒྲུབ་སྟངས། འགོ་གང་ནས་བཟུང་བས་མཇུག་གང་དུ་ཇི་ལྟར་མཐར་ཕྱིན་དུ་གཞུག་པའི་སྒྲུབ་ལུགས་ཤེས་རྒྱུ་དེ་གལ་ཆེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་གདུལ་བྱའི་བློ་སྟོབས་ཀྱི་ཁམས་དང་མོས་པ་དང་བསྟུན་ནས་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་ཞིག་གསུངས་ཡོད་ན། དེ་ཐམས་ཅད་འགལ་མེད་ཀྱི་ཐོག་ནས་ཐེག་ཆེན་གྱི་ལམ་ལ་བཀྲི་ཤེས་པའི་སྒོ་ནས་མྱུར་ལམ་ཁྱད་པར་ཅན་ལ་འཇུག་རྒྱུ་ནི་མ་ནོར་བའི་ལམ་བཟང་གི་འཇུག་ངོགས་ངོ་མ་ཡིན། དེས་ན་རང་རེས་ཆོས་ནམ་བཤད་ཀྱི་ཐོག་མར་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པའི་ཚིག་དེ་འོང་བ་རེད། འོང་ན་ཁ་ཟེར་རྐྱང་པ་ཙམ་གྱིས་མི་ཚད་པར་དེའི་དོན་ལ་ངེས་ཤེས་འདྲོང་། ཚིག་དོན་གཉིས་ཀ་མ་འཛོལ་ནས་བྱང་ཆུབ་སེམས་ལ་བློ་འབྱོང་བ་ནི་ཐོག་མཐའ་བར་གསུམ་མེད་དུ་མི་རུང་བའི་དོན་ཆེན་ཞིག་རེད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་བློ་འབྱོངས། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཆ་ཚང་བ་རྒྱུད་ལ་འབྱོར་ན་ཅི་བཤད། དེ་ཙམ་ཞིག་མ་འབྱོར་ཡང་དེའི་ཆ་ཤས་ཙམ་ཞིག་རྒྱུད་ལ་འཁྲུངས་ཤིང་བསྲུང་ན་ཕན་ཐོགས་དང་ཡོན་ཏན་བསམ་གྱིས་མི་ཁྱབ། དཔེར་ན། རིན་པོ་ཆེ་རྡོ་རྗེ་ཕ་ལམ་དེ་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ཡིན་པས་དེའི་རིན་པོ་ཆེ་དེ་ཡོངས་སུ་རྫོགས་པར་ཆ་ཚང་ཞིག་རྙེད་ན་དབུལ་བ་ཐམས་ཅད་སེལ་ཞིང་། དགོས་འདོད་ཐམས་ཅད་ཐོབ། འོན་ཀྱང་དེའི་ཆ་ཤས་དུམ་བུ་ཅུང་ཟད་ཙམ་གྱིས་ཀྱང་རིན་པོ་ཆེ་རྒྱན་གཞན་ཐམས་ཅད་ཟིལ་གྱིས་གནོན་ཞིང་། རྒྱན་ཁྱད་པར་ཅན་དུ་འགྱུར་བར་མ་ཟད། ཆུང་ནའང་དེའི་མིང་ཡང་མི་འདོར་བའི་ཐོག་ནས་དབུལ་བ་ཡང་སེལ་བ་དེ་བཞིན་དུ། བྱང་ཆུབ་ཀྱི་སེམས་འབྱོངས་ཤིང་གདམ་པ་ཡོངས་རྫོགས་ཐུགས་རྒྱུད་ལ་འཁྲུངས་མ་དགོས་དེའི་ཆ་ཤས་ཙམ་ཞིག་གི་དོན་རྒྱུད་ལ་འཁྲུངས་ན། བྱང་ཆུབ་སེམས་དཔའི་མཚན་ཐོབ་པ་དང་། ཉན་རང་གི་དགེ་བ་གསེར་ལ་སོགས་པའི་རྒྱན་ཐམས་ཅད་ལས་ཀྱང་ཁྱད་པར་དུ་འཕགས་པ། དེ་ཐམས་ཅད་ཟིལ་གྱིས་གནོན་ནུས་པ། དེ་ཡོད་ན་འཁོར་བའི་དབུལ་བ་རང་ཤུགས་ཀྱིས་སེལ་འགྲོ་བར་གསུངས་ཡོད། དཔེར་ཉི་མ་ལ་འཇོག་ན། ཉི་མའི་དཀྱིལ་འཁོར་ངོ་མ་ལ་མུན་པས་ཁེབས་ཟེར་རྒྱུ་ཞིག་མི་སྲིད་ལ། དེ་མ་ཟད་ཉི་མའི་འོད་ཕོག་པའི་གླིང་དེར་མུན་པས་ཁེབས་པའི་གནས་མེད་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་འབྱོངས་ཤིང་གདམ་པ་ཆ་ཚང་ཞིག་ཐུགས་རྒྱུད་ལ་འཁྲུངས་ན་ཅི་བཤད་ཀྱང་། དེའི་ཆ་ཤས་ཙམ་གྱི་དོན་རྒྱུད་ལ་སྐྱེས་ནའང་བདག་འཛིན་མ་རིག་པ་དང་དེས་དྲངས་པའི་རང་གཅེས་འཛིན་གྱི་བློ་ངན་ལ་སོགས་པ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་མུན་ནག་ཉེ་མི་ནུས། ཡང་དཔེ་གཞན་སྨན་གྱི་ལྗོན་ཤིང་ཞིག་ལ་བླངས་ན། སྨན་གྱི་ལྗོན་ཤིང་ཆ་ཚང་ཡང་རྫོགས་ལ་ནད་བཞི་བརྒྱ་རྩ་བཞི་སེལ་བའི་མཐུ་དང་ནུས་པ་ཡོད་ན། དེའི་འབྲས་བུ་དང་ཡལ་ག་དང་རྩ་བ་ལོ་མ་སོགས་ཆ་ཤས་རེས་ཀྱང་ནད་ཉེ་བར་ཞི་བར་བྱེད་ཐུབ་པ་བཞིན་དུ། བྱང་ཆུབ་སེམས་འབྱོང་གི་སྡོམ་པ་ཡོངས་རྫོགས་རྒྱུད་ལ་འབྱོར་ན་ལྟ་ཅི། དེའི་ནང་ཆ་ཤས་ཙམ་གྱི་དོན་རྒྱུད་ལ་འཁྲུངས་ནའང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་ནད་ཞི་བའི་སྨན་དམ་པར་འགྱུར་བ་རེད། ཁྱད་པར་དེང་སང་དུས་སྙིགས་མའི་སེམས་ཅན་སྙིགས་མ་ལས་ཀྱང་སྙིགས་མ་ལྔ་ཆེས་བདོ་བའི་དུས་འདིར་བསམ་རྒྱུ་ཉོན་མོངས་མ་གཏོགས་མེད་ལ། ལས་རྒྱུ་སྡིག་པ་གསོག་རྒྱུ་མ་གཏོགས་མེད། རང་ཉིད་མ་གཏོགས་གཞན་སུ་ལའང་བཟང་དང་རྒྱན་ཡོད་མི་ཉན། མི་གཞན་ལ་མི་འདོད་པ་ཞིག་བྱུང་ན་རྒྱུ་མཚན་གོ་ལོག་གི་ཐོག་ནས་རྗེས་སུ་ཡི་རང་བྱེད། མི་ལ་བཟང་ཁེ་རྒྱན་གསུམ་ཞིག་བྱུང་ན་ཕྲག་དོག་གིས་ཀུན་ནས་སློང་པས་སེམས་མི་བདེ་བའི་ན་ཚ་སྐྱེས་ནས། དེ་འདྲའི་བསམ་སྦྱོར་ངན་པས་གཞན་གནོད་ཁོ་ནར་བྱེད་པའི་སེམས་ཅན་དེ་འདྲས་ས་ཕྱོགས་གང་ལའང་ཁྱབ་ཡོད་ན། དེའི་ས་ཆ་དེར་དཀར་ཕྱོགས་ལ་དགའ་བའི་ལྷ་དང་སྲུང་མ་རྣམས་ཞལ་གཞན་ལ་ཕྱོགས། ནག་ཕྱོགས་ལ་དགའ་བའི་མི་དང་མི་མིན་ཐམས་ཅད་ཀྱིས་གནོད་བྱེད་པས་བཀྲ་མི་ཤིས་པ་མང་པོར་འབྱུང་བ་དེ་འདྲ་ཡིན། དུས་ཚོད་དེ་འདྲ་ལ་ཐོན་དུས་དམ་ཆོས་བསྒྲུབ་པའི་བར་ཆད་ལྷག་པར་ཆེ། ནག་ཕྱོགས་མི་དང་འདྲེ་བདུད་ཁ་དར་ན། །དཀར་ཕྱོགས་དབུགས་དབྱུང་མཛོད་ཅིག་པད་མ་འབྱུང་། །ཞེས་པའི་གསོལ་བ་འདེབས་དགོས་པའི་དུས་སྐབས་རེད། དུས་འདི་འདྲའི་སྐབས་ལ་ཐོན་དུས་ལྷག་པར་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་རྒྱུད་ལ་འབྱོང་བའི་ཆོས་སྒོ་ལ་ཞུགས་ནས་འབད་པར་བྱས་ན་མི་མཐུན་ཕྱོགས་ཀྱི་རྐྱེན་ངན་གྲོགས་སུ་འགྱུར། ལྟས་ངན་གཡང་དུ་ལེན་པའི་དགོས་པ་དང་ལྡན་པ་ཡིན། རང་རེས་ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེ་བའི་སྨོན་ལམ་འདེབས་ཀྱིན་ཡོད་ཀྱང་། བྱང་ཆུབ་སེམས་ཀྱི་སྟོབས་ཀྱིས་དགྲ་གཉེན་ལ་བསྒྱུར། རྐྱེན་ངན་ཡོད་ཚད་བྱང་ཆུབ་བསྒྲུབ་པའི་གྲོགས་ལ་སྒྱུར་ཤེས་དུས་མི་བདེ་བ་ཞིག་ཡོད་པ་མ་རེད། ད་ལྟ་ནས་ནང་སེམས་ཀྱི་བདེ་བ་ཅན་རང་གིས་ཀྱང་བྱས་ཆོག་པ་རེད། སེམས་ཀྱི་བདེ་བ་དེ་འདྲ་མ་ཐོབ་ན་ཕྱི་ཡི་འབྱོར་པ་བདེ་ཆེན་གྱི་ཞིང་འདྲ་བའི་ཆ་རྐྱེན་ཞིག་ཐོབ་ཀྱང་བདེ་བའི་མིང་ཡང་ཡོད་པ་མ་རེད། དགྲ་ཡང་དགེ་བའི་བཤེས་ཡིན་བཟོད་པ་ཡི་བསྐུལ་མ། །གཉེན་ཡང་དགེ་བའི་བཤེས་ཡིན་བྱམས་པ་ཡི་བསྐུལ་མ། །ཐམས་ཅད་དགེ་བའི་བཤེས་ཡིན་སྙིང་རྗེ་ཡི་བསྐུལ་མ། །སྣང་བ་དག་པར་ཤར་ན་དཀྱིལ་འཁོར་གྱི་འཁོར་ལོ། །ཞེས་གསུངས་པ་ལྟར་ཐམས་ཅད་དག་སྣང་གི་གཞི་མ་དང་། ཐམས་ཅད་བདེ་བའི་རྒྱུ་རྐྱེན་དུ་ཤར་སོང་དུས། བདེ་བ་ཅན་ཞེས་ཟུར་དུ་བཙལ་མི་དགོས། ཤི་དུས་ཕར་རྒྱབ་ན་ད་གཟོད་བདེ་བ་ཅན་དུ་སྐྱེས་ཏེ་བདེ་བ་ཐོབ་འདོད་ཀྱི་སྒུག་ཡུན་རིང་པོ་དེ་ཡང་དགོས་པ་མ་རེད། ཕྱི་མ་བདེ་བ་ཅན་དུ་སྐྱེ་ཐབས་ཀྱི་རྒྱུ་ཡང་དེ་བས་ཟབ་ཅིག་ཡོད་པ་མ་རེད། བློ་སྦྱོང་སྙན་བརྒྱུད་ཆེན་པོ་ལས་ཀྱང་འདི་འདྲ་གསུངས་ཡོད། དེ་ལྟར་སྒོམ་པའི་ལུས་འདོམ་གང་གྲུ་བཞི་འདི་བདེ་བ་ཅན་གྱི་ཞིང་ཁམས་ཡིན་པར་མ་ཟད། མི་འཁྲུགས་པའི་འཇིག་རྟེན་གྱི་ཞིང་ཁམས་ཀྱང་དེ་ལ་ཟེར། རྒྱུ་མཚན་ཅིའི་ཕྱིར་ན། ལུས་སེམས་ཀྱི་སྡུག་བསྔལ་མེ་དཔུང་ལྟ་བུའང་འཁྲུགས་པ་མི་ནུས་པའི་ཕྱིར་རོ། །ཞེས་དང་། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱང་དེ་ལ་ཟེར་ཞེས་ཀྱང་གསུངས་ཡོད། ཞིང་དག་པ་དང་། དུས་བསྐལ་པ་བཟང་དུས་སུ་ཡུན་རིང་ལ་ཚོགས་ཆེན་པོ་བསགས་པ་བས་དུས་སྙིགས་མའི་སྐབས་འདིར་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཕན་ཡོན་ཆེ་བར་མ་ཟད་ཚོགས་འདུམ་སླ་བས། བྱ་སླ་ལ་ཆོད་ཆེ་བ། དུས་ངན་དུས་བཟང་དུ་སྒྱུར། མི་ངན་མི་བཟང་དུ་སྒྱུར་བའི་ཐབས་དང་མན་ངག་ཁྱད་པར་ཅན་ཞིག་ཀྱང་འདི་ཡིན། དེས་དང་པོ་ཆོས་མ་ཐོབ་པའི་སྐྱོན་ཆ་ཤེས། དེ་ནས་དམ་ཆོས་ཐོབ་པའི་ཕན་ཡོན་གོ། ད་ཆོས་ཞུ་ལུགས་ཅི་འདྲ་དགོས་ཧ་ལམ་འདྲ་བོ་གོ་སོང་དུས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམ་པའི་ཆོས་ཟབ་མོ་ཉན་དགོས་བསམ་རྒྱུའི་བསམ་པ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ་ཞིག་རེད་ཐུབ་པ་རེད། སྤྱིར་ན་སེམས་ཅན་སྲོག་ལྡན་ཞིག་ཡིན་ཚད་རང་ཅི་འདྲ་རོགས་ཡིན་པས། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། དེའི་སྟེང་ན་ཐོག་མེད་ནས་མཐའ་མེད་དུ་འཁོར་ཞིང་འཁྱམས་པའི་འཁོར་བ་འདི་ལ་ཐོག་མཐའ་མེད་པའི་སྟོབས་ཀྱིས། སེམས་ཅན་གཅིག་གིས་གཅིག་ལ་ཕ་མར་བྱས་མ་མྱོང་བ་གཅིག་ཀྱང་མེད་པར་མ་ཟད། ད་ལྟ་ཚེ་འདིའི་ལུས་འདི་སྐྱེད་པའི་ཕ་མ་ཇི་ལྟ་བ་བཞིན་དུ་དྲིན་ཆེན་པོས་སྐྱོང་བ་འབའ་ཞིག་ཡིན། འོན་ཀྱང་མ་རིག་རྨོངས་པའི་གཞན་དབང་དུ་སོང་ནས་ཕ་མར་ཡིན་པའི་འདང་མ་ཕོག་པས། སྐབས་རེར་དགྲ་ལ་འགྱུར། སྐབས་རེར་གཉེན་ལ་འགྱུར་བ་གང་མང་མང་ཡིན། དགྲ་ལ་འགྱུར་དེ་གནོད་པ་བྱེད་པ་དེའང་སྔོན་ཞིག་ལ་རང་ཉིད་ཀྱིས་ཕར་གནོད་པ་བསྐྱལ་བའི་ལན་ཆགས་ཚུར་འཁོར་བས་རྣམ་སྨིན་གྱི་བུ་ལོན་སྤྲད་པའི་དུས་ལ་བབ་འོང་བ་ཡིན་ན། ཕ་རོལ་བོ་སྙིང་རྗེའི་ཡུལ་ཡིན། མདོར་ན་སེམས་ཅན་ཐམས་ཅད་དང་པོ་བཏང་སྙོམས་ཚད་མེད་ཀྱིས་སྙོམས་པར་བྱས། དེ་ནས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་འདོད་ཀྱི་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བ་ལ་དགའ་བའི་དགའ་བ་སྟེ། དེ་ལྟ་བུའི་ཚད་མེད་བཞི་ལ་བློ་སྦྱོང་བ་དང་མི་འབྲལ་བའི་དམིགས་རྣམ་གྱི་སྟེང་དུ། བསམ་པ་རྒྱ་ཆེ་བྱང་ཆུབ་སེམས་ཀྱི་ཀུན་སློང་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་སེམས་བསྐྱེད་པར་བྱ། དེའི་ཐོག་ཏུ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་སྣོད་བཅུད་དག་པའི་དཀྱིལ་འཁོར་དུ་རོ་གཅིག་པར་བསམ་ནས་ཆོས་འཆད་ཉན་ལ་འཇུག་དགོས་སོ། །སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྡེ་ལས་བྱུང་བའི་མན་ངག་གི་གཞུང་། ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་བདུན་པའི་དོན་ཁྲིད་ཐར་པའི་ཐེམ་སྐས་དེ་ཉིད་ཁྲིད་པའི་སྐབས་ཡིན་ན། འདི་ལ་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་དང་གསུམ་གྱི་ཐོག་ཏུ་འཆད་པ་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལའང་ཐེག་པ་སྤྱིའི་ཁོག་འབུབས་དང་། ཆོས་འཆད་ཉན་ཇི་ལྟར་བྱ་བའི་སྐོར་སོགས་བཤད་གྲུབ་ནས། ད་དངོས་ཀྱི་ཁྲིད་རྐང་བདུན་ལས་དང་པོ་རེད། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྗོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་དུ། སྟོན་པ་བདེ་བར་གཤེགས་པའི་གསུང་གི་བདུད་རྩི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མཐའ་དག་གི་ཡང་ཞུན་ཐེག་པའི་རྩེ་རྒྱལ་རང་བཞིན་རྫོགས་པ་ཆེན་པོའི་འབྲས་བུ་དོན་དུ་གཉེར་བའི་ལམ་ལ་འཇུག་གོ་སྙམ་པའི་མོས་པ་མི་ཕྱེད་པས་གཞི་བཟུང་། ཞེས་གསུངས་ན། ནམ་མཁའ་ཞེས་པ་བར་སྣང་སྟོང་པར་གོ་འབྱེད་པའི་ཆ་དེ་ལ་མཐའ་འདི་རེད་ཅེས་པ་ཞིག་མེད་པའི་མཐའ་མེད་ཀྱི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཟད་པའི་མཐའ་མེད་པར་གྲངས་མེད་ཚད་ལས་འདས་པའི་ཤིན་ཏུ་མང་པོ་དེ་དག་ཐམས་ཅད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས། འཐོབ་བྱའི་མཆོག་མཐར་ཐུག་པ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། སྲིད་དང་ཞི་བའི་མཐའ་ལས་འདས་པའི་གོ་འཕང་དམ་པ་ལ་སེམས་ཅན་དེ་དག་ཐམས་ཅད་འགོད་པར་བྱ་བའི་ཕྱིར་དུ། འཇིག་རྟེན་གྱི་མིག་ལྷ་དང་བཅས་པའི་སྐྱབས་དང་མགོན་དམ་པ་སྟོན་པ་བདེ་བར་བཤེགས་པའི་གསུང་གི་བདུད་རྩི་སྟེ། རྒྱལ་བའི་གསུང་ནི་རྣམ་པ་ཐམས་ཅད་དུ། །གསུང་གཅིག་སྒྲ་ལས་དུ་མའི་ཚུལ་གོ་སྟེ། །གང་ཡང་བརྗོད་པ་རྙོག་པ་མི་མངའ་བས། །ཟབ་པའི་ཚུལ་དེ་རྒྱ་ཆེར་གྱུར་པ་ཡིན། །ཞེས་གསུངས་པ་ལྟར། རྗོད་བྱེད་ཀྱི་ངག་དག་པ་ཡིན་པས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གི་བདུད་རྩི། དེའི་བརྗོད་བྱའི་དོན་བཟང་ཞིང་ལམ་ཐེག་པ་གསུམ་གྱི་གནད་ཡོད་ཚད་ཚང་བ། དུག་གསུམ་ཆ་མཉམ་དང་བཅས་པ་འདུལ་བའི་གཉེན་པོ། སྡེ་སྣོད་གསུམ་མམ་བཞི་ཞེས་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་དང་བཅས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མཐའ་དག་གི་སྙིང་པོའི་བཅུད་དམ་ཡང་ཞུན་ཐེག་པའི་རྩེ་རྒྱལ་རང་བཞིན་རྫོགས་པ་ཆེན་པོའི་འབྲས་བུ་དོན་དུ་གཉེར་བའི་ལམ་ལ་སྟེ། རྫོགས་པ་ཆེན་པོ་འགྲེལ་ཚུལ་གཞན་ཞིག་བྱེད་ན། འཁོར་འདས་སྣང་བཏགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་མ་བཅོས་གཤིས་ཀྱི་རང་བཞིན་གྱི་གནས་ལུགས་དེ། སངས་རྒྱས་བཟང་པོས་ཇེ་བཟང་ལ་མ་གཏོང་། སེམས་ཅན་ངན་པས་ཇེ་སྡུག་ལ་མ་གཏོང་བས། བློ་བྲལ་སེམས་ལས་འདས་པའི་རིག་པ་སྐད་ཅིག་མ་འདིའི་ཀློང་དུ་མ་རྫོགས་པར་མེད་པར་མ་བཙལ་ཡེ་རྫོགས་ཀྱི་ཚུལ་དུ་ཡོད་པས་ན་རྫོགས་པ། དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་དེ་གནས་ལུགས་རང་གི་གཤིས་ཐོག་ན་སྒྲིབ་པས་གོས་མ་མྱོང་བ་ལ་ངོ་བོ་ཡེ་དག་གི་སྤངས་པ་ཕུན་ཚོགས་དང་། ཡང་ངོ་བོ་སྟོང་ཕྱོགས་ནས་ཁས་ལེན་ཐམས་ཅད་དང་བྲལ་ཞིང་། རང་བཞིན་གསལ་བའི་ངོས་ནས་སྟོབས་བཅུ་མི་འཇིགས་སོགས་རྒྱལ་བའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པར་མངོན་དུ་གྱུར་པའི་གློ་བུར་འཕྲལ་དག་གི་རྟོགས་པ་ཕུན་ཚོགས། དེ་ལྟ་བུའི་གསལ་སྟོང་ཕྱོགས་སུ་མ་ལྷུང་བར་ཟུང་འཇུག་ལྷུན་གྲུབ་རྟེན་འབྱུང་གི་རང་བཞིན། སྐུ་གསུམ་རང་ཆས། ལས་བཞི་ལྷུན་གྲུབ། ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། སྤངས་རྟོགས་ཕྲིན་ལས་གསུམ་གྱི་བདག་ཉིད་ཡིན་པས་ན་ཆེན་པོ། རྫོགས་པ་ཆེན་པོ་འདི་བཞག་པར་ཐེག་པ་རིམ་དགུའི་ཡང་རྩེར་བཞག་ཀྱང་། ཡིན་པར་རྒྱུ་འབྲས་གཉིས་ལས་འབྲས་བུའི་ཐེག་པ་ཡིན་པས་ན། རྫོགས་པ་ཆེན་པོའི་འབྲས་བུ་དོན་དུ་གཉེར་བའི་ལམ་ལ་འཇུག་གོ་སྙམ་པའི་མོས་པ་མི་ཕྱེད་པས་གཞིར་བཟུང་སྟེ། དམ་ཆོས་ཇི་ལྟར་ཉན་དགོས་པ་དེ་ཡང་། མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། །ཞེས་པས་རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་སྐྱོན་དང་། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན་གསུམ་སྤངས་ཏེ་ཉན་དགོས་པར་བསྟན་པ་དང་། ཀུན་མཁྱེན་ཆེན་པོས། ཉན་བྱེད་སྣོད་ཀྱི་སྐྱོན་དྲུག་སྤོང་བ་ནི། །དུས་ལ་མ་བབ་རྫ་སོ་མ་བཏང་དང་། །རྣ་བ་མི་གཏོད་ཁ་སྦུབ་ལྟ་བུ་དང་། །ཐོས་པ་མི་བརྟན་ཞབས་རྡོལ་ལྟ་བུ་དང་། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུ་དང་། །ལམ་དུ་མི་འགྲོ་དྲི་མ་སྦགས་འདྲ་དང་། །ཚིག་གི་ང་རྒྱལ་སྣོད་ངན་གང་འདྲ་བའི། །སྐྱོན་རྣམས་སྤངས་ཏེ་ལེགས་པར་རབ་ཏུ་ཉོན། །ཞེས་གསུངས་པ་ལྟར་སྣོད་ཀྱི་སྐྱོན་གསུམ་དང་དྲུག་སྤངས་ཏེ་རང་ཉིད་ལ་ཉོན་མོངས་པའི་ནད་ཀྱིས་ཡུན་རིང་དུ་མནར་བས་སྡུག་བསྔལ་གསུམ་གྱི་ཟུག་རྔུ་ཡོད་པའི་ནད་པ་ཞིག་གི་འདུ་ཤེས་དང་། དམ་པའི་ཆོས་ཞི་བསིལ་འདུས་མ་བྱས་པ་དེས་ནད་དེ་སེལ་བར་བྱེད་པས་ན་ཆོས་ལ་བདུད་རྩི་སྨན་གྱི་འདུ་ཤེས། དམ་པའི་ཆོས་མཐར་ཐུག་པ་གང་གི་ཐུགས་རྒྱུད་ལ་མངའ་ཞིང་གདུལ་བྱའི་ཉོན་མོངས་པའི་ནད་ཀྱི་ཟུག་རྔུ་སེལ་བྱེད་ཆོས་མཆོག་སྨན་གྱི་བདུད་རྩི་འགྲོ་ལ་བརྩེ་བས་སྟོན་པར་མཛད་པའི་སྟོན་པ་ལ་སྨན་པ་མཁས་པའི་འདུ་ཤེས། དམ་པའི་ཆོས་ནན་ཏན་ཉམས་སུ་ལེན་ཏེ་རང་རྒྱུད་ལ་སྦྱོར་བ་དེ་ལ་ནད་གསོ་བའི་འདུ་ཤེས། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་དང་། དེ་བཞིན་གཤེགས་པ་ལ་འཇིག་རྟེན་དུ་འབྱོན་པ་དཀོན་ཞིང་འདྲེན་པ་ཀུན་གྱི་མཆོག་ཡིན་པས་སྐྱེས་བུ་དམ་པ་མཚུངས་ཟླ་དང་བྲལ་བ་ཡིན་པའི་འདུ་ཤེས། དེའི་གདུང་འཚོབ་ཅིང་ལུང་རྟོགས་དམ་པའི་ཆོས་ཚུལ་འཆད་ཉན་བྱས་པས་འཇིག་རྟེན་གྱི་ཁམས་ལ་ཡུན་རིང་དུ་གནས་པའི་འདུ་ཤེས་ཏེ་དེ་ལྟར་འདུ་ཤེས་དྲུག་དང་། གཞན་ཡང་ཉེས་པ་སུམ་བཅུ་རྩ་དྲུག་སྤངས་ལ་ཉན། །གང་ཚེ་ལེགས་པའི་ཚུལ་གྱིས་མཉན་བྱ་བ། །ནོར་བུའི་འདུ་ཤེས་ལ་སོགས་གཅེས་པ་དྲུག །ཉོན་མོངས་བཟོད་སོགས་དཀའ་བའི་སྤྱོད་པ་དྲུག །ཐོས་མང་གཉེར་སོགས་རྐྱེན་གྱིས་མི་འགྱུར་དྲུག། སོགས་ཀུན་མཁྱེན་ཆེན་པོའི་མན་ངག་མཛོད་ལས་མ་གུས་ལ་སོགས་སྐྱོན་སོ་དྲུག་དང་བྲལ་ཞིང་། ནོར་བུའི་འདུ་ཤེས་སོགས་ཡོན་ཏན་རྩ་དྲུག་དང་ལྡན་པར་བྱས་ནས་ཆོས་ཉན་དགོས་པར་གསུངས་པས། དེ་ལྟ་བུའི་འདུ་ཤེས་དྲུག་དང་ཀུན་སློང་ཀུན་སྤྱོད་ཡང་དག་པར་ལྡན་པས་ཆོས་ཉན་དགོས་ཏེ། ཀུན་ཏུ་བཟང་པོའི་རྒྱུད་ལས། བདེ་བའི་ས་ལ་སྐྱིལ་ཀྲུང་བཅའ། །ས་གཅིག་དག་ལས་གནས་མི་སྤོ། །ཞྭ་མོ་ཡོད་ན་མདུན་དུ་བཞག །སྐྲ་ལོ་ཡོད་ན་མདུན་དུ་ཕབ། །ལག་པ་ཐལ་སྦྱར་མཉམ་བཞག་བཅའ། །ཞེས་ཆོས་ཉན་ཚུལ་ལུང་གིས་བསྟན་པ་རེད། ཆོས་སྨྲ་བ་པོའི་མདུན་གྱི་དམའ་ཞིང་བདེ་བའི་ས་ལ་འདུག་ཚུལ། རྐང་པ་སྐྱིལ་ཀྲུང་བཅས་ནས་ཡར་ལང་མར་འདུག་མང་པོ་ཞིག་མི་བྱེད་པར་འདུག་ས་གཅིག་པོ་དག་ལ་གནས་པར་བྱ་ཞིང་། གུས་པའི་རྣམ་འགྱུར་གྱིས་ཞྭ་ཕུད་ནས་མདུན་དུ་བཞག ཁྱིམ་ན་གནས་པའི་རིགས་ཅན་སོགས་མགོར་སྐྲ་ལོ་ཡོད་ན་གུས་པའི་ཚུལ་གྱིས་སྐྲ་མདུན་དུ་ཕབ། ལག་པ་གཉིས་ཐལ་མོ་སྦྱར་བ་དང་། ཡང་ན་ལུས་དྲང་པོར་བསྲངས་ནས་གནས་ཤིང་ལག་པ་མཉམ་བཞག་གི་སྒོ་ནས་འདུག་ལ། ལག་གིས་འདུ་བྱེད་ཐམས་ཅད་སྤོང་། །མིག་གིས་བླ་མའི་ཞལ་ལ་ལྟ། །རྣ་བས་བླ་མའི་གསུང་ལ་ཉན། །སེམས་ཀྱིས་ཚིག་དོན་གཏན་ལ་འབེབས། །ཞེས་ཆོས་ཞུ་དུས་ལག་པས་ཡི་གེ་འབྲི་བ་དང་། འཁོར་ལོ་བསྐོར་བ་སོགས་མི་བྱེད་པར་འདུ་བྱེད་ཐམས་ཅད་སྤོང་དགོས། སྤྱིར་ཡི་གེ་འབྲི་མཆོད་སོགས་ཆོས་སྤྱོད་ཀྱི་བྱ་བ་བཅུ་ལས་གཅིག་ཡིན་པས་དུས་རྒྱུན་པར་དགོས་རྒྱུ་ཞིག་ཡིན་ཡང་། ཆོས་ཁྲིད་ཀྱི་སྐབས་སུ་ཡི་གེ་འབྲི་བ་དང་འཁོར་ལོ་བསྐོར་བ་སོགས་མི་བྱ། དེ་མིན་ཡང་སྒྲིག་ཆེན་པོའི་སྐབས་སུ་འཁོར་ལོ་བསྐོར་བ་སོགས་ཡག་ནི་མ་རེད། ཆོས་ཉན་དུས་ཆོས་དེ་ལ་རིག་པ་གཏད་དེ་སྒོ་གསུམ་ཆུན་གཅིག་ཏུ་དྲིལ་ཏེ་ཉན་དགོས། དེས་ན་འདུ་བྱེད་ཐམས་ཅད་སྤོང་ཞེས་གསུངས་པ་རེད། མིག་གི་དབང་པོས་བླ་མའི་ཞལ་ལ་དགའ་ཞིང་དང་བའི་སྒོ་ནས་ལྟ་བའམ། ཡང་ན་གུས་པས་མིག་ཕབ་སྟེ་ཉན་དགོས། རྣ་བའི་དབང་པོས་བླ་མའི་གསུང་དམ་པའི་ཆོས་ཀྱི་སྒྲ་ལ་ཉན། སེམས་ཀྱིས་བླ་མས་གསུངས་པའི་ཆོས་ཀྱི་ཚིག་དང་དོན་ལ་བསམ་པས་དཔྱད་དེ་གཏན་ལ་འབེབས། ཐེ་ཚོམ་ཡོད་ན་ལོག་ལ་ཞུ། །ངག་ཏུ་ཤུབ་པའི་ཚིག་རྣམས་སྤང་། །རྐང་བརྐྱང་གཞོགས་སྙེས་ཆེ་བཅོས་དང་། །མ་གནང་ཁྲི་དང་སྟན་སྟེགས་སྤང་། །ཞེས་མི་ཤེས་པ་དང་ཐེ་ཚོམ་ཡོད་ན་སྐབས་དང་བསྟུན་ནས་ལོགས་སམ་ཟུར་དུ་ཞུས་ནས་ཐེ་ཚོམ་གཅོད། ཆོས་ཞུ་བའི་ཚེ་ངག་འཁྱལ་བཤད་པ་སོགས་ངག་ཏུ་ཤུབ་བུའི་ཚིག་རྣམས་ཏེ་གོ་ལ་མི་གོ་པའི་སྐད་ཆ་བཤད་པ་སྤོང་དགོས། ཡང་མི་སྐྱ་ཕོ་མོ་སོགས་མི་ཚང་མ་མཉམ་དུ་ཚོགས་པའི་ཚེ་ཡུན་རིང་མ་འཕྲད་པས་དང་པོ་ཐུག་དུས་ཁྱོད་ཨེ་བདེ་དང་ང་བདེ་ཟེར་དགོས་ཀྱང་། ཆོས་རའི་ནང་ནས་ཁ་གྲག་མི་ཉན། ཁ་ཡིས་སྐད་ཆ་བཤད་ན་སེམས་ཆོས་ཕྱོགས་སུ་མི་འགྲོ་བ་དང་། གཞན་ལ་ཆོས་མི་གོ་བའི་འགལ་རྐྱེན་བྱེད་པས་དེས་ན་སྐྱོན་དེ་དག་སྤངས་ཏེ་ཉན་དགོས། ཆོས་ཉན་པའི་ཚེ་རྐང་པ་བརྐྱང་བ་དང་། གཞོགས་སྙེས་ཏེ་ཁེན་ནས་འདུག་པ་དང་། ཆེ་བཅོས་ཏེ་ཆེ་འགྱིང་གི་ཉམས་བཏོད་ནས་འདུག་པ་རྣམས་མི་ཉན། བླ་མས་མ་གནང་བཞིན་དུ་ཁྲི་དང་སྟན་འདིང་བ། སྟེགས་བུའི་སྟེང་དུ་འདུག་པ་སོགས་སྤོང་དགོས། འདི་ན་ཡོད་པ་མང་ཆེ་བ་དགེ་འདུན་པ་ཡིན་ཡང་། རྒ་རྒས་དང་རྒན་ཞུགས་ཇོ་རྒན་མ་སོགས་ནད་པ་ཡོད་རྒྱུ་རེད། འདུག་ན་རྐང་པ་སྐུམ་མི་ཐུབ་པ་དེ་ཚོ་ཁག་མེད། རྒ་ན་གཉིས་ཀ་དབང་མེད་བདུད་ཀྱི་ཆུ་བོ་སུས་ཀྱང་འགོག་མི་ནུས་པས་ཐོག་ཏུ་བབ་པ་རེད། སྤྱིར་རྒན་པོ་རྒན་མོ་རབ་ཏུ་བྱུང་རྒྱུ་འདི་གྲྭ་ལོག་ཇོ་ལོག་སྡོམ་པ་ཡང་ཞུ་བྱེད་པ་བས་འདུལ་བ་དང་མཐུན་དང་མཐུན་ཡིན་ཏེ། ཁྱིམ་བདག་དཔལ་སྐྱེས་བཅོམ་ལྡན་འདས་སྐུ་བཞུགས་ཡོད་དུས་རྒས་ཤིང་འཁོགས་པ་རབ་ཏུ་བྱུང་བ་རེད། འོན་ཀྱང་སྒྲིག་ལམ་དང་བསྟུན་དགོས། འདུལ་བའི་ལས་ཆོག་ལས་སློབ་དཔོན་དང་མཁན་པོ་རྣམས་ཀྱིས་དྲིས་པའི་ཚེ་ཁྱོད་ཀྱི་ལུས་ལ་ནད་ཀྱི་རྣམ་པ་གང་དང་གང་དག་མེད་དམ་ཞེས་དྲིས་པ་དེར་རྒྱུ་མཚན་ཞིག་ཡོད་ནས་དྲིས་པ་རེད། གཞན་ཡང་སྐྲ་སེར་ཅན་སོགས་མཛེས་པའི་བར་ཆད་མེད། །ཅེས་གསུངས་ཡོད་པས་བསྟན་པ་ལ་འཕྱ་སྨོད་མི་བྱེད་པའི་ཆེད་དུ་མིག་ལ་མཛེས་མོ་དང་བ་འདྲེན་པའི་སྤྱོད་ལམ་བསྟེན་དགོས་སོ། །མི་ན་བ་ལ་མགོ་གཡོགས་དང་། །དགྲ་མེད་པ་ལ་མཚོན་ཐོགས་དང་། །མ་རྒས་པ་ལ་དབྱུག་ཐོགས་དང་། །ཚུལ་དང་མི་མཐུན་ཐམས་ཅད་སྤང། །ཞེས་གསུངས་ཏེ། ནད་ཀྱིས་ན་སྟེ་བླ་མས་གནང་བ་མིན་ན་མི་ན་བ་ལ་མགོ་བོ་གོས་དང་རས་ཀྱིས་གཡོགས་པ་དང་། མཆིམས་ལྷམ་གྱོན་པ་དང་། དགྲ་མེད་བཞིན་དུ་ལག་ན་མཚོན་ཆ་ཐོགས་པ་སྤོང་དགོས། དེའང་དགྲ་ཡོད་ན་མཚོན་ཆ་ཐོགས་ནས་དགྲ་གསོད་ཆོག་གསུངས་པ་མ་རེད། བྱང་སེམས་དང་སྔགས་རྫོགས་མ་ཟད་ཐུན་མོང་ཐེག་པའི་ལུགས་ལའང་དགེ་སྦྱོང་གི་ཆོས་བཞི་ཁྲོ་བ་ལ་སླར་མི་ཁྲོ་བ་དང་། རྡེག་པ་ལ་སླར་མི་རྡེག་པ་སོགས་ཡིན་པས། དགྲ་དང་གཅན་གཟན་སོགས་ཀྱིས་འཚེ་བ་མེད་པར་རང་གི་གནོད་པ་སྲུང་ཆེད་དུ་མ་གུས་པའི་སྤྱོད་ལམ་མ་གཏོགས་པ་རྣམས་དེ་ལྟ་བུའི་དགོས་པ་ཡོད་ན་གནང་བ་ཡོད། ལོ་ན་མ་རྒས་པ་དང་ལུས་ཚུགས་མི་བརྟན་པའི་ནད་སོགས་མེད་བཞིན་དུ་ལག་ན་ཆེ་འགྱིང་གིས་ལག་རྟེན་དབྱུག་པ་ཐོགས་པ་དང་། གཞན་ཡང་མིག་ལ་ནད་དང་སྐྱོན་མེད་བཞིན་དུ་ལྷ་ཁང་ནང་དུ་ཤེལ་མིག་ནག་པོ་གྱོན་པ་སོགས་ཚུལ་དང་མི་མཐུན་པའི་སྤྱོད་ལམ་ངན་པ་ཐམས་ཅད་སྤོང་དགོས། ཚིག་དོན་རེ་རེ་གཞིག་འགྲེལ་བྱ། །ཆོས་ཐུན་མཇུག་གི་དམིགས་པ་ལ། །ནན་ཆགས་ཆེན་པོ་གོང་འོག་མཐུད། །ཐ་མལ་སྤྱོད་པ་ཐམས་ཅད་སྤང་། །ཆོས་ཁྲིམས་ལུང་བཞིན་བག་ཡོད་སྤྱད། །ཅེས་བླ་མས་གསུངས་པའི་ཆོས་ཀྱི་ཚིག་དང་དོན་རེ་རེ་ལའང་བསམ་གཞིག་སྟེ་བརྟགས་ཤིང་དཔྱད་ནས་འགྲེལ་བར་བྱ་ཞིང་། ཆོས་ཐུན་གྱི་དམིགས་པའི་གཙོ་བོ་དེ་ལ་ནན་ཆགས་ཏེ་ནན་ཏན་ཆེན་པོས་གོང་འོག་གི་དོན་ཐམས་ཅད་འཇུག་རིམ་གྱིས་མཚམས་སྦྱོར་ཞིང་མཐུད་ནས་ཆ་ཚང་དོན་འབྲེལ་གནད་དུ་གྱུར་པའི་ཐོག་ཏུ། ཆོས་ཀྱི་ཁྲིམས་གང་སྤང་བླང་བྱ་བ་ཐམས་ཅད་ལུང་ལས་ཇི་ལྟར་བྱུང་བ་བཞིན་དུ་བག་ཡོད་པའི་སྒོ་ནས་སྤྱད་པར་བྱའོ། །དེ་ལྟར་ཆོས་ཞུས་པའི་ལུས་ངག་གི་སྤྱོད་ལམ་དེ་ལྟར་དང་། སེམས་ཀྱིས་ཀྱང་ཡུལ་གཞན་ལ་མི་གཡེང་བར་ཆོས་ཀྱི་ཚིག་དོན་ལ་གཞོལ་བར་མ་ཟད། ཆོས་ཉན་པའི་ཚེ་ཏིང་ངེ་འཛིན་འདི་ལྟར་སྒོམ་དགོས་ཏེ། ཆོས་ཞུ་བ་པོ་སྐྱེས་པ་ཡིན་ན་རང་ཉིད་འཇམ་དཔལ་རྣོན་པོ་སྐུ་མདོག་དམར་སེར་ལག་ན་ཨུཏྤལའི་སྟེང་ན་རལ་གྲི་དང་། པོ་སྟི་འཛིན་པ་དང་། བུད་མེད་ཡིན་ན་ལྷ་མོ་སྒྲོལ་མ་སྐུ་མདོག་ལྗང་ཁུ་ལག་ན་ཨུཏྤལ་འཛིན་པ་དང་། ཆོས་འཆད་པ་པོ་དེ་ཐེག་པ་གང་དང་གང་ཡིན་ན་དེའི་དཀྱིལ་འཁོར་གྱི་གཙོ་བོ་དེ་ཡིན་པར་བསམ་ཞིང་། ཆོས་འཆད་པ་པོ་དེའི་ཞལ་ནས་ཆོས་ཀྱི་འོད་ཟེར་འཕྲོས་པ་རང་རང་གི་སྙིང་ནང་དུ་སོང་བས། མ་རིག་པའི་མུན་པ་སངས་ནས་བློའི་པདྨོ་རྒྱས་པར་བསམ་དགོས་པ་རེད། ཅེས་གསུངས་པས་ཀུན་སློང་དང་ཀུན་སྤྱོད་ཐམས་ཅད་ལེགས་པར་གསལ་བཏབ་སྟེ་གསན་འཚལ། ཞེས་ཀུན་སློང་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང་། ཀུན་སྤྱོད་གོང་དུ་བཤད་པའི་བཟང་པོ་ཐམས་ཅད་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་པར་འཚལ། གང་ཞིག་གསན་པར་བྱ་བ་ནི་སྐབས་འདིར་མན་ངག་གི་གཞུང་གཞན་དང་སྦྱར་བའི་ཚུལ་གྱིས་འཆད་པ་དང་། མན་ངག་གི་གཞུང་འདི་ཁོལ་བུའི་ཚུལ་དུ་འཆད་པའི་ཚུལ་གཉིས་ཡོད་པ་ལས། སྐབས་འདིར་སྙིང་ཐིག་ཡ་བཞི་ལ་སོགས་པ་མན་ངག་གི་གཞུང་གཞན་དང་སྦྲེལ་བའི་ཚུལ་གྱིས་འཆད་པའི་སྐབས་ཡིན་ན། ཆོས་དེ་དང་འབྲེལ་བའི་ཆོས་ཀྱི་ཆེ་བ་དང་། དེའི་བརྒྱུད་རིམ་ཐུན་མོང་མ་ཡིན་པ་སློབ་མའི་ཁམས་དང་མོས་པ་དབང་པོ་དང་བསྟུན་ཏེ་དང་བ་འདྲེན་པར་བཤད་རྗེས་སམ། ཡང་ན་མན་ངག་འདི་ཉིད་ཁོལ་བུ་འཆད་པ་གང་ལྟར་ཡང་།

ཨོཾ༽ སེམས་སྦྱོང་དང་པོ།

སྔོན་འགྲོ་སེམས་སྦྱོང་དང་པོ་ནི། བུ་ཡིག་ལས། འདུས་བྱས་ཐམས་ཅད་མི་རྟག་པར་བསམ་པ་དང་། ཞེས་པའི་ཚིག་ཅིག་གསུངས་ཡོད་པས། འདུས་བྱས་ཀྱི་ཆོས་ཐམས་ཅད་གཅིག་ཏུ་བརྟན་པ་མ་ཡིན་པར་མི་རྟག་པའི་ཆོས་ལ་མི་རྟག་པར་བསམ་པ་དང་པོར་འཇོག་པ་རེད། དང་སྒྲ་ནི་ཁྲིད་རྐང་འོག་མ་དང་སྦྲེལ་བའི་ཚིག་ཡིན་ལ།

དང་པོ་ལུང་ལས་དཔག་ནས་བསམ་པ།

དང་པོ་ལུང་ལས་རྗེས་སུ་དཔག་ནས་བསམ་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དོན་དུ་གཉེར་བྱ་དེ་བདེ་བ་ཡིན་ལ། བདེ་བའི་ནང་ནས་མཆོག་ཏུ་གྱུར་པ་གཏན་གྱི་བདེ་བ། ནམ་ཡང་སྡུག་བསྔལ་མྱོང་མི་དགོས་པ་ནི་ཐར་པའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན། དེ་ལྟ་བུའི་བྱང་ཆུབ་བསྒྲུབ་དགོས་ན། དེ་སྒྲུབ་པའི་ལུས་རྟེན་ཚང་མ་ལས་མཆོག་ཏུ་གྱུར་པ་ནི་མིའི་ལུས་རྟེན་རེད། དེའང་དལ་འབྱོར་ཚང་བའི་ལུས་རྟེན་འདི་ཉིད་ཡིན་ན། ད་རེས་དལ་འབྱོར་ཚང་བའི་མིའི་ལུས་རྟེན་རྙེད་ཡོད་པ་ནི་དགའ་སྤྲོ་བྱ་འོས་པ་དང་། མི་ལུས་འདི་རིན་ཐང་ཅན་ཞིག་ཡིན་པར་མ་ཤེས་ན་དལ་རྟེན་ཆུད་ཟོས་བྱེད་པའི་ཉེན་ཁ་ཡོད་པ་རེད། དེའི་ཐོག་ནས་དལ་རྟེན་འདི་རིན་ཐང་ཅན་ཞིག་ཡིན་ཡང་། འདི་རྟག་བརྟན་ཅན་གྱི་བློ་གཏད་འཕེར་ས་ཞིག་མིན་པར་ཤེས་དགོས། དེ་ཤེས་ན་དལ་རྟེན་ཐོབ་པའི་གོ་སྐབས་བཟང་པོ་འདིའི་ཐོག་ནས་དགེ་བ་སྒྲུབ་པའི་བརྩོན་འགྲུས་རྩོམ་ཤེས་དགོས། དེ་ཡག་པོ་ཞིག་མ་ཤེས་པས་ལེ་ལོ་སྙོམས་ལས་ཀྱི་དབང་དུ་ཤོར་ནས་དུས་ཚོད་བཟང་པོ་དེ་ཆུད་ཟོས་སུ་ཤོར་ཉེན་ཡོད། དུས་ཚོད་བཟང་པོ་དེ་ཆུད་ཟོས་སུ་ཤོར་ན་ཐར་པའི་ལམ་སྣེ་ཟིན་དུས་ཤིག་མེད་པས། ད་སྔོན་ཐོག་མེད་ནས་ད་བར་སྡུག་བསྔལ་མྱོང་བ་ཡིན་ན། ད་དུང་མཐའ་མེད་ཀྱི་བར་དུ་འཁྲུལ་རྒྱུན་མི་ཆད་པར་སྡུག་བསྔལ་མྱོང་བ་མཐར་ཕྱིན་རྒྱུ་མེད་པ་ཞིག་འགྱུར་བའི་ཉེན་ཁ་དེ་ཚོ་ལ་བསམ་བློ་ཐོངས་དང་། དལ་འབྱོར་རྙེད་དཀའ་བ་ཅི་འདྲ་ཡིན་པ་འདི་ལ་ཐོག་མར་སྦྱོང་དགོས་པ་རེད། དལ་འབྱོར་རྙེད་པར་དཀའ་ཚུལ་ལ་བསམ་བློ་གཏོང་ན། རང་རྒྱུད་རྟེན་གྱི་མི་ཁོམ་པ་བརྒྱད་དང་། འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད། རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་དེ་མི་ཁོམ་པའི་གནས་ཉི་ཤུ་རྩ་བཞི་དང་བྲལ་བ། དེའི་ཐོག་ན་མིར་གྱུར། དབང་པོ་ཚང་། ཡུལ་དབུས་སུ་སྐྱེས་པ་སོགས་རང་འབྱོར་ལྔ། སངས་རྒྱས་བྱོན་པ་དང་དེས་ཆོས་གསུངས། བསྟན་པ་གནས། དེ་ལ་ཞུགས་པ་སོགས་གཞན་འབྱོར་ལྔ་སྟེ་དལ་འབྱོར་གྱི་ཆོས་སུམ་ཅུ་རྩ་བཞི་ཚང་བ་དེ་འདྲ་ཞིག་རྙེད་ཡོད་པ་ཡིན་ན། འདི་རྙེད་དཀའ་ཚུལ་ལ་བསམ་ན། དེ་སྔོན་སྐྱེ་བ་གྲངས་མེད་ན་ཚངས་དབང་དང་བརྒྱ་བྱིན་གྱི་ལུས་ཀྱང་གྲངས་མེད་བླངས་པ་དང་། ངན་སོང་ངན་འགྲོའི་ལུས་རྟེན་ལེན་པ་ཡང་རྩི་ཚོད་མེད་པ་ཞིག་ཡིན། དལ་འབྱོར་གྱི་ལུས་རྟེན་ཐོབ་པ་ནི་ད་རེས་ཙམ་ཡིན། དཔེར་ན་ཨུ་དུམ་ཝ་རའི་མེ་ཏོག་འཇིག་རྟེན་དུ་འབྱུང་བ་འདྲ་དང་། དེའི་ཐོག་ཏུ་ཆོས་ལ་དད་པའི་ལུས་འདི་དེ་བས་ཀྱང་དཀོན་པས་ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུ་རྙེད་པ་དཀའ་བ་དང་། རྙེད་ན་དོན་ཆེན་པོ་དང་ལྡན་པ་ཡིན་པས། དེ་ཡང་རང་རེས་སྔོན་གྱི་བསགས་པ་ཕུལ་དུ་ཕྱིན་པའི་མཐུ་ཁོ་ན་ལ་བརྟེན་ནས། ཞེས་དེ་ཡང་རང་རེས་དལ་འབྱོར་མི་ལུས་ཀྱི་རྟེན་རྙེད་པ་འདི་ནི་སྔོན་གྱི་བསོད་ནམས་བསགས་པ་ཕུལ་དུ་ཕྱིན་པའི་མཐུ་ཁོ་ན་ལ་བརྟེན་ནས། དཔེ་གྲངས་ངོ་བོ་གང་གི་སྒོ་ནས་རྙེད་པར་དཀའ་བ་འདི་ཉིད་ཐོབ་པ་ཡིན་ན། དཔེ་ཨུ་དུམ་ཝ་རའི་མེ་ཏོག་བཞག་པ་རེད། ཨུ་དུམ་ཝ་རའི་མེ་ཏོག་དེ་ས་གང་ཡིན་ལ་མི་སྐྱེ་བར་མཚོ་མ་དྲོས་པའི་བྱང་ཕྱོགས་ཀྱི་རིའི་དཀྱིལ་ན་མེ་ཏོག་ཨུ་དུམ་ཝ་རའི་ཚལ་ཡོད། དེ་ཁོ་ནར་སྐྱེ་བ་དང་། དུས་ནམ་ཡིན་ན་མི་སྐྱེ་བར་སངས་རྒྱས་འཇིག་རྟེན་དུ་བྱོན་དུས་ཐེངས་རེར་སྐྱེ་བ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་ཞིང་དེས་ཆོས་ཀྱི་འཁོར་ལོ་བསྐོར་ཚེ་མེ་ཏོག་དེ་ཤིན་ཏུ་རྒྱས་པ་དང་། སངས་རྒྱས་མྱ་ངན་འདས་ཚེ་མེ་ཏོག་དེ་རྙིང་ནས་ས་ལ་ལྷུང་བར་འགྱུར་བར་ཡིན་པ་དེ་དང་འདྲ་བ་དལ་འབྱོར་ཚང་བའི་མི་ལུས་འདི་རྙེད་པར་དཀའ་བ་ཡིན་གསུངས། ཡང་དཔེ་གཞན་ལ་འཇོག་ན། རྒྱ་མཚོ་ཆེར་གཡེང་བའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་ཆུད་ཀྱི་དཔེས་བསྟན་པ། ཇི་སྐད་དུ། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི། བུ་ག་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་པ་ལྟར། རྒྱ་མཚོ་ཆེན་པོ་མཐའ་དང་མཚམས་མེད་པའི་ཁར་ཤིང་གཉའ་ཤིང་བུ་ག་གཅིག་པུ་ཞིག་ཡོད་པ་རླུང་གིས་བསྐྱོད་པའི་རྒྱ་མཚོའི་རླབས་ཀྱིས་བདས་ཏེ་གནས་གཅིག་ཏུ་མི་སྡོད་པར། ཕྱོགས་བཞི་མཚམས་བརྒྱད་གཡེང་ཞིང་འཁྱམས་ནས་རླུང་དང་ཆུས་དེད་དེ་འགྲོ་བ་ཞིག་དང་། མཚོའི་གཏིང་ན་རུས་སྦལ་ལོང་བ་ལོ་བརྒྱ་རེའི་མཚམས་སུ་མཚོ་ཁར་སྐེ་ལན་རེ་བསྲིང་བ་ཞིག་ཡོད་ན། རུས་སྦལ་གྱི་སྐེ་དེ་གཉའ་ཤིང་གི་བུ་ག་དང་འཕྲད་པར་ཤིན་ཏུ་དཀའ་བ་ལྟར་དལ་འབྱོར་ཐོབ་དཀའ་བ་དང་། ཡང་གྱང་ལོགས་ཀྱི་སྲན་མ་ལ་དཔེར་འཇོག་པ་ནི། དཔེར་ན་གྱང་འཇམ་པོ་ཤེལ་འདྲ་བའི་ངོས་སུ་སྲན་མ་སྤར་གང་གཏོར་ན། སྲན་མ་རེ་གཉིས་རེ་གྱང་ལོགས་སུ་འདུག་པ་ཨེ་སྲིད་ན་ཤིན་ཏུ་སྲིད་དཀའ་བ། དེ་བས་ཀྱང་དལ་འབྱོར་གྱི་ཆོས་ཚང་བའི་ལུས་རྟེན་རྙེད་དཀའ་བ་ཡིན་གསུངས། གྲངས་ཀྱི་སྒོ་ནས་སེམས་ཅན་གྱི་གྲངས་དང་རིམ་པའི་ཐོག་ནས་གསུངས་ན། དམྱལ་བའི་སེམས་ཅན་དེ་ས་ཆེན་པོའི་རྡུལ་གྲངས་དང་འདྲ་བ་དང་། ཡི་དྭགས་ནི་རྒྱ་གར་གྱི་ཆུ་བོ་གངྒཱའི་ཀླུང་གི་བྱེ་མའི་རྡུལ་གྲངས་དང་འདྲ་བ། དུད་འགྲོ་ནི་ཆང་འགག་གི་སྦང་མ་དང་འདྲ། ལྷ་མ་ཡིན་ཡང་དེ་བཞིན་དུ་ཁ་ཆར་བུ་ཡུག་འཚུབ་པའི་གྲངས་བཞིན། ལྷ་དང་མིའི་ལུས་རྟེན་ནི་སེན་མོའི་སྟེང་གི་རྡུལ་ལྟ་བུའི་མང་ཉུང་མ་གཏོགས་མེད་པ་ཡིན། སྤྱིར་མཐོ་རིས་ཀྱི་ལུས་རྟེན་དཀོན། ཁྱད་པར་དུ་མིའི་ལུས་རྟེན་དཀོན། དེའི་ནང་ནས་དལ་འབྱོར་ཚང་བའི་མི་ལུས་ཁྱད་པར་ཅན་དཀོན་གསུངས། དེ་རང་རེས་མིག་གིས་བལྟས་ན་ཤེས་རྒྱུ་རིག་རྒྱུ་ཅན་རེད། རང་རེའི་མིག་གིས་འགྲོ་བ་གཞན་ལྷ་དང་དམྱལ་བ་སོགས་མི་མཐོང་ཡང་། དུད་འགྲོའི་རིགས་ལ་བསམ་བློ་གཏོང་ན། བྱིང་གནས་ཁ་འཐོར་གང་ཡིན་ཡང་རིག་འདུག་པ་རེད། ལུང་པ་གཅིག་གི་ནང་དབྱར་ཁའི་འབུའི་གྲངས་ཀ་དེ་མདོ་དབུས་ཁམས་གསུམ་གྱི་མི་གྲངས་ལས་མང་བ་ཞིག་ཡོད། ས་སྟེང་དང་བར་སྣང་ས་འོག་ཐམས་ཅད་དེ་འདྲ་ཡིན་པས། དེ་རྐྱང་པ་ལ་ལྟོས་ན་མིའི་ལུས་རྟེན་དཀོན་པ་ཡིན་རྒྱུ་རིག་ཡོང་། གནར་མི་ཞིག་གིས། བླ་མ་ཁྱེད་རང་གིས་མ་མཐོང་བ་རེད་མ་གཏོགས་རྒྱ་ག་གེ་མོའི་ཡུལ་དུ་སོང་ན་མི་ལས་གྲངས་མང་བ་ཞིག་ཡོད་ནི་མ་རེད་ཅེས་བཤད་པ་ལྟར། བོད་ལ་མི་གྲངས་ཉུང་བས། དེས་ན་ད་ལྟ་གྲངས་ཉུང་མི་རིགས་ཀྱང་ཟེར་གྱིན་ཡོད། རྒྱ་དཀར་ནག་གཉིས་ཀའི་ཡུལ་གྱི་གྲོང་ཁྱེར་ཆེ་བ་ཞིག་གི་མི་གྲངས་བསྡོམ་ན་བོད་མི་ཡོངས་རྫོགས་ཀྱི་མི་གྲངས་ཙམ་ཡོད་ས་རེད། འོན་ཀྱང་མིའི་ལུས་རྟེན་དེ་འདྲ་དཀོན་པོ་མ་རེད་བསམ་རྒྱུ་མེད་དེ། རྒྱ་དཀར་ནག་ཚང་མའི་མི་གྲངས་བསྡོམ་ན་དུང་ཕྱུར་བཅུ་ཁ་ཉི་ཤུ་ཞིག་ཡོད་མོད། རྒྱ་མཚོའི་མཚོ་ཁུག་ཆུང་ཆུང་ཀྭི་སྐད་གང་གི་རྒྱ་ཁྱོན་གྱི་ཆུར་གནས་དུད་འགྲོའི་གྲངས་ལ་བསམ་བློ་གཏོང་ན་དེ་ལས་ཚད་རྒྱུ་མ་རེད། རང་རེའི་ས་ཆའི་འབུ་གྲོག་མ་མང་བའི་ལུང་པ་རེ་དང་། མཚོ་འགའ་རེའི་འགྲམ་གྱི་ཚྭ་འབུ་འཕུར་བ་དང་། ས་ཆ་འགའ་རེའི་ཨ་བྲའི་གྲངས་ལ་བསམ་ན། བདེན་པ་སྨྲ་བའི་གསུང་ལ་བསླུ་བ་ཅི་ཡོད་བསམ་རྒྱུའི་ངེས་ཤེས་རྙེད་རྒྱུ་ཡོད་པ་རེད། དེས་ན་ངན་འགྲོའི་སེམས་ཅན་ལ་གྲངས་ཀྱིས་མི་ཆོད། ཡང་མི་ཡིན་ཚད་མི་ལུས་དོན་ལྡན་མ་རེད། མི་ལུས་ཡིན་ཚད་དལ་འབྱོར་གྱི་ཆོས་ཚང་པ་ཅི་ལ་ཡིན། ཟེར་མི་རུང་རྒྱུ་ཨེ་རེད་དེ། ཆོས་པ་ཡིན་བསམ་པའི་སེར་སྐྱ་བླ་གྲྭ་ཡན་ཆོད་ཀྱི་མི་ཁྲི་ཚོ་གཅིག་གི་ནང་ན་ཆོས་པ་ངོ་མ་དལ་འབྱོར་གྱི་ཆོས་སུམ་ཅུ་རྩ་བཞི་ཚང་ཡོད་པ་མང་པོ་ཨེ་ཡོད་ཅི་ཤེས། དེ་དགེ་འདུན་པ་ལ་བསྐུར་པ་འདེབས་ནི་མ་རེད་དེ། སྙིགས་མའི་དུས་འདིར་འགལ་རྐྱེན་གྱི་འཚེ་བ་མང་བས་དོན་ལ་དེ་ལྟར་ཡིན། དེ་ལྟ་བུའི་དཔེ་དང་གྲངས་དང་ངོ་བོའི་སྒོ་ནས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་ནི་སྐལ་བ་བཟང་སྟེ། དལ་འབྱོར་རྙེད་པར་དཀའ་བར་མ་ཟད་ཚེ་ལ་ངེས་པ་མེད་ལུགས་དེ་རྣམས་ལ་བསམ་བློ་གཏོང་ན། འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །སྐྱེས་པའི་མཐའ་ནི་འཆི་བ་སྟེ། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །ཞེས་གསུངས་པ་ལྟར་བསམས་ན་གློ་བུར་གྱི་རྐྱེན་མི་ཟད་པས་དོ་ནུབ་ཤི་ནས་སང་ནངས་པར་ཡར་ལང་དུ་མེད་པར་མལ་དུ་རོ་ལ་གྱུར་སོང་བ་དང་། མལ་ས་དུར་ཁྲོད་ལ་གྱུར་སོང་ན་ཇི་ལྟར་བྱེད་གསུངས་པ་རེད། ཚེ་མི་རྟག་པར་བསམ་པའི་སྐབས་འདིར། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམ་ན་མི་རྟག་པ་ཡིན་ཚུལ་ནི། ཀུན་མཁྱེན་ཆེན་པོས། སྣོད་བཅུད་མི་བརྟན་སྲིད་པ་ཆགས་འཇིག་གི། །མེ་བདུན་ཆུ་གཅིག་རླུང་གིས་འཐོར་བའི་དུས། །ཁོར་ཡུག་རྒྱ་མཚོ་གླིང་དང་རིས་བསྐོར་བའི། །ལྷུན་པོ་རིན་ཆེན་བཞི་ཡང་མི་རྟག་ཅིང་། །ཐམས་ཅད་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས། །ངེས་པར་བསམ་སྟེ་སྙིང་ནས་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར། བསྐལ་པ་འདི་དང་པོ་ཆགས་པའི་སྔ་རོལ་ན་ནམ་མཁའ་སྟོང་པ་ཞིག་མ་གཏོགས་མེད་པ། དབྱིངས་སྟོང་པ་གོ་འབྱེད་པའི་ཁོངས་དེར་རླུང་རྡོ་རྗེ་རྒྱ་གྲམ་དང་པོར་ཆགས། དེའི་སྟེང་ཆུའི་དཀྱིལ་འཁོར་ཆགས། དེའི་སྟེང་དབང་ཆེན་གསེར་གྱི་ས་གཞི་ཆགས། དབང་ཆེན་གསེར་གྱི་ས་གཞིའི་ཐད་ནས་མུ་ཁྱུད་ཆེན་པོ་བསམ་གཏན་དང་པོའི་ལྷ་གནས་ཀྱི་མཐོ་དམན་དང་འདྲ་བ་ཞིག་ཀྱང་མཉམ་དུ་ཆགས། དེའི་ནང་ན་ནམ་མཁའི་ཁམས་ནས་ཆར་བབ་པས་ཆུའི་ཐང་དུ་གྱུར། ཆུ་དེ་འཁྲུགས་ཤིང་བརྡེགས་ཤིང་བརྡབས་པས་ལྦུ་བའི་དྭངས་མ་དེ་རིའི་རྒྱལ་པོ་རི་རབ་དང་གླིང་བཞིའི་རྣམ་པར་ཆགས། དབུས་ཀྱི་རིའི་རྒྱལ་པོ་རི་རབ་ནི་རིན་པོ་ཆེའི་རང་བཞིན་ཏེ། ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ། མཐའ་བསྐོར་ཆུ་མཚམས་ལ་ཐུག་གི་བར་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། དེ་ནས་ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་ཏེ་གླིང་བཞི་གླིང་གཡོག་དང་བཅས་པ་ཆགས། གླིང་བཞི་གླིང་ཕྲན་བརྒྱད་ནི་མིའི་འགྲོ་བའི་ཕྱིའི་སྣོད་ཀྱི་འཇིག་རྟེན་ཡིན། དེ་ནས་རི་རབ་ཀྱི་སྟེང་ན་རྣམ་པར་རྒྱལ་བའི་ཁང་བཟང་། ཚལ་བཞི་དང་ཡོངས་འདུའི་ས་བརྟོལ་གྱི་ལྗོན་ཤིང་གིས་བརྒྱན་པར་བཅས་ཆགས། མཐའི་རྒྱ་མཚོའི་ཁོར་ཡུག་གཉའ་ཤིང་འཛིན་རིའི་ཚད་དང་མཉམ་པའི་ལྕགས་རིས་བསྐོར་བ་དང་། ཉི་མ་དང་ཟླ་བས་བརྒྱན་པའི་སྣོད་ཀྱི་འཇིག་རྟེན་དེ་འདྲ་བར་ཆགས་སོ། །དེ་ལྟར་བསྐལ་པ་ཡར་ཆགས་ནས། བར་དུ་གནས་པའི་བསྐལ་པ་འདི་འདྲར་གནས་ཏེ། ཐ་མ་འཇིག་པའི་བསྐལ་པ་ཤར་ཚེ་མེ་བདུན་གྱིས་ཐམས་ཅད་ཚིག་སྟེ་ཐལ་བ་ཡང་མི་ལུས་པར་གྱུར་འགྲོ། མེས་ཅིའི་ཕྱིར་འཚིག་འགྲོ་ནི་རེད་རྒད་པོ་རྒན་མོ་རྣམས་ཀྱིས་བསམ་ན་མི་ཤེས་ཏེ། གཞུང་འགའ་རེ་ལས་ཉི་མ་བདུན་འཆར་བ་དང་། ཡང་འགའ་རེར་ཉི་མ་གཅིག་ལ་བདུན་གྱི་དྲོད་ཚད་ཡོད་པ་ཞིག་གིས་འཚིག་འགྲོ་གསུངས་ཡོད། དོན་ལ་མི་མཇེད་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱར་ཉི་མ་བྱེ་བ་ཕྲག་བརྒྱ་པོ་བདུན་འགྱུར་དུ་ཇེ་ཚར་སོང་ནས་མཐར་འཚིག་འགྲོ། ཚིག་པའི་ཤུལ་ན་ཐལ་བའང་མི་ལྷག མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །ཅེས་མེའི་འཇིག་པ་བདུན་ཚན་རེའི་མཚམས་སུ་ཆུའི་འཇིག་པ་རེ་འབྱུང་བས་བསམ་གཏན་གཉིས་པ་མན་ཆད་ཆུས་བཤལ། དེ་ལྟར་ཚན་པ་བདུན་རྫོགས་ནས། ཐ་ནི་རླུང་གིས་གཏོར་བ་ཡིན། །ཞེས་ཐ་མ་ནི་རླུང་གིས་བསམ་གཏན་གསུམ་པའི་ལྷ་གནས་མན་ཆད་གཏོར་ཏེ། ནམ་མཁའ་སྟོང་པ་གཅིག་ཏུ་གྱུར་ནས་སྔར་བསྐལ་པ་མ་ཆགས་པ་དང་འདྲ་འདྲ་རེད་འགྲོ་སྟེ། མདོ་ཏིང་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །འཇིག་རྟེན་ཐམས་ཅད་ནམ་མཁར་འགྱུར་བ་སྟེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་ཡིན། ཡང་དཔེ་དེ་དང་འདྲ་བ་ནང་སེམས་ཅན་གྱི་འཇིག་རྟེན་འདི་ཡང་མི་རྟག་པ་ཡིན། དེའང་འབྱུང་གནས་འཇིག་གསུམ་ཀའང་ཕྱིའི་འཇིག་རྟེན་ཆགས་ལུགས་དང་འདྲ་བ་རེད། ཇི་ལྟར་ན། སེམས་ཅན་ཞེས་པའི་སེམས་དང་ལུས་ཤིག་མ་གྲུབ་པའི་སྔ་རོལ་ཏུ། དང་པོ་སེམས་ཀྱི་ཆོས་ཉིད་ནམ་མཁའ་གཅིག་ཏུ་གནས་ཡོད་པའི་ངང་དེའི་ཐོག་ནས་མ་རིག་པ་དང་ཀུན་ཏུ་རྟོག་པའི་རླུང་ཆགས། དེ་ལ་བརྟེན་ནས་འཁོར་བར་སྡུད་པར་བྱེད་པའི་ལས་ཀྱི་ས་བོན་ཆུའི་རང་བཞིན་ཅན་ལས་གྲུབ་པའི་རྐྱེན་གྱིས་ཕ་མའི་ས་བོན་ལས་ལུས་རིའི་རྒྱལ་པོ་རི་རབ། མིག་གཉིས་ཉི་ཟླ་གཉིས། ནང་གི་དྭངས་མ་དཀར་དམར་སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་གླིང་བཞི། གླིང་ཕྲན་བརྒྱད་ཀྱི་རྣམ་པའི་ཚུལ་དུ་ཆགས། རྣམ་ཤེས་ཚོགས་བརྒྱད་དེ་རི་བདུན་ཁོར་ཡུག་ཆེན་པོ་དང་བརྒྱད། ལུས་ངག་ཡིད་གསུམ་པོ་བརྟེན་སའི་རྩ་དབུ་རྐྱང་རོ་གསུམ་ད། སྒོ་གསུམ་དང་དུག་གསུམ་སྐུ་གསུམ་གྱི་རྟེན་ཅན་ཁམས་གསུམ། རྩ་འདབ་འཁོར་ལོ་ལྔའམ་དྲུག་རྣམས་འགྲོ་བ་ལམ་རྒྱུད་ལྔ་དང་རིགས་དྲུག གནས་རིས་སོ་སོ་མི་འདྲ་བ་ལྟར་བདེ་སྡུག་སྣ་ཚོགས་པ། ནང་གི་སྟོང་ཆེན་འཇིག་རྟེན་གྱི་ཁམས་གང་ཟག་སྒེར་གྱི་ལུས་འདིའང་དང་པོ་འདུས་པས་ན་ཐ་མར་འབྲལ་བ། དང་པོ་སྐྱེས་པའི་རྒྱུ་མཚན་གྱིས་ཐ་མར་འཆི་བ། འདུས་བྱས་ཡིན་པའི་དབང་གིས་འཇིག་པའི་ཆོས་ཅན་ཡིན་ཏེ། འཆི་བའི་སྐབས་སུ་བབ་པ་ན་ཕྱི་འབྱུང་བ་བཞི་དེ་ནང་འབྱུང་བཞིར་སྡུད་པ་དེ་མེ་བདུན་དང་ཆུ་གཅིག་གིས་འཇིག་པ། ནང་འབྱུང་བཞི་གསང་འབྱུང་བཞིར་སྡུད་དུས་གདོད་མའི་འོད་གསལ་ལ་ཐིམ་པས། ཐམས་ཅད་ནམ་མཁའ་གཅིག་ཏུ་གྱུར་པས་དང་པོ་ལུས་ཆགས་པའི་སྐབས་དང་འདྲ་བ་ཡོང་རྒྱུ་ཡོད་པ་རེད། སེམས་ཅན་སོ་སོའི་ངོས་ཀྱི་འཇིག་རྟེན་ནུབ་ཚུལ་འདི་ལ་བསམ་བློ་གཏོང་ན། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམས་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་བཤེས་སྤྲིང་ལས་གསུངས་པ་ལྟར་སྲིད་པ་ཆགས་འཇིག་གི་དཔེ་ལ་བསམ་ན་ཕྱི་སྣོད་ཀྱི་འཇིག་རྟེན་བསྐལ་པར་གནས་པའང་མཐར་མི་རྟག དེ་བཞིན་དུ་ནང་བཅུད་ཀྱི་སེམས་ཅན་ལ་བསམ་ན་སེམས་ཅན་གྱི་ལུས་མི་རྟག་པ་རེད། གོང་དུ་བཤད་པ་ལྟར་གླིང་བཞི་གླིང་ཕྲན་བརྒྱད་ལ་མིའི་འགྲོ་བ་ཆགས་པར་བཤད་ན། གླིང་བཞི་པའི་མི་འདི་དང་པོ་འོད་གསལ་ལྷ་ལས་མཆེད་པ་ཡིན་ཞེས་གསུངས་ཡོད། ལས་ངན་པས་སྣང་བའི་དུད་འགྲོ་དང་ཡི་དྭགས་དམྱལ་བ་རྣམས་ནི། དུད་འགྲོ་བྱིང་གནས་རྒྱ་མཚོ་ཆེན་པོ་དང་། ཡི་དྭགས་རྒྱལ་པོའི་ཁབ་ཀྱི་འོག་ཏུ་ཆགས། དམྱལ་བ་ཚ་གྲང་ནི། མཛོད་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །ཞེས་གངས་ཏི་སེའི་འོག་ཏུ་ཡོད་པ་ཉེ་འཁོར་གྱི་རྩ་བའི་གནས་མནར་མེད་ཀྱི་ཕྱོགས་བཞི་ན་ཡོད། དུད་འགྲོ་ཁ་འཐོར་དང་། མཁའ་ལ་རྒྱུ་བའི་ཡི་དྭགས། ཉི་ཚེ་བ་རྣམས་མི་ཡུལ་ལ་ཡོད་ཚུལ་བཅས་གསུངས། ལྷ་ནི་རི་རབ་ཀྱི་ཕྱེད་ཆུ་མཚམས་ཡན་ཉི་ཟླ་གཟའ་སྐར་གྱི་གནས་སུ་རྒྱལ་ཆེན་རིས་བཞིའི་ལྷ་དང་། རི་རབ་ཀྱི་སྟེང་ན་སུམ་ཅུ་རྩ་གསུམ་དང་། དེ་སྟེང་གི་ནམ་མཁའ་ན་འདོད་ལྷ་གཞན་བཞི་ཀ་དང་། རི་རབ་གྱི་ཁོང་གསེང་ན་ལྷ་མ་ཡིན་སྒྲ་གཅན་དང་། སྐར་ཕྲེང་། མགུལ་ཕྲེང་། ཐག་བཟང་རིས་ཀྱི་གནས་རྣམས་ཆགས་ཡོད། འདོད་ལྷའི་ཡན་གྱི་ནམ་མཁར་ཚངས་རིས་ལ་སོགས་བསམ་གཏན་དང་པོ་དང་། འོད་ཆུང་ལ་སོགས་པ་བསམ་གཏན་གཉིས་པའི་གནས། དགེ་ཆུང་སོགས་བསམ་གཏན་གསུམ་པའི་གནས། སྤྲིན་མེད་སོགས་བསམ་གཏན་བཞི་པའི་སོ་སྐྱེས་ཀྱི་གནས་གསུམ། དེའི་སྟེང་ན་གཙང་རིས་ཀྱི་ལྷ་ལྔ་དང་། གཟུགས་མེད་ཀྱི་སྲིད་རྩེ་མན་གྱི་ལྷ་རྣམས་ཆགས་ཡོད། མིའི་འགྲོ་བའི་དབང་དུ་ཚེ་ལོ་དཔག་མེད་ཐུབ་པའི་དུས་དེར། སངས་རྒྱས་རྣམ་པར་གཟིགས་བྱོན་པ་ནས་ཚེ་ལོ་བརྒྱ་པའི་སྐབས་སུ་ཤཱཀྱ་ཐུབ་པ་བྱོན་པ་ནས། ཚེ་ལོ་བཅུ་པ་ལ་ཐུག་པའི་བར་ཡར་ཐོག་རིང་མོ་དང་། དེ་ནས་ཡར་སྐྱེ་དང་མར་འགྲིབ་ཀྱི་བར་ཁུག་བཅོ་བརྒྱད་ཡོད་ལ། དེའི་བར་ལ་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་ལྔ་བྱོན། མ་ཐོག་རིང་མོའི་མགོ་འཛུགས་དུས། སངས་རྒྱས་མོས་པ་བྱོན་ནས་འགྲོ་བ་འདྲེན་པ་རེད། བསྐལ་པ་འཇིག་དུས་དེར་སེམས་ཅན་གཅིག་ཀྱང་མི་ལུས་པར་འཇིག་ཟིན། དམ་པའི་སྐྱེས་བུ་ལ་བསམ་ན། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ད་སྔར་བྱོན་པའི་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག གསེར་ཐུབ། འོད་སྲུང་། ཤཱཀྱ་ཐུབ་པ་སྟེ་སངས་རྒྱས་རབ་བདུན་བྱོན། དེ་དག་མཚན་བཟང་པོ་སུམ་ཅུ་སོ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའི་རྡོ་རྗེའི་སྐུ་ཡིན་ནའང་མེད་པར་འགྱུར་བའི་མི་རྟག་པའི་ཚུལ་བསྟན་པར་མ་ཟད། ཤཱཀྱའི་བསྟན་པ་ལས་གཞན་པ་དེ་དག་གི་བསྟན་པའང་ནུབ་པའི་ཚུལ་ལ་བསམ་བློ་གཏོང་དགོས། བཤེས་སྤྲིང་ལས། འགྲོ་བའི་དོན་ཕྱིར་རྒྱལ་བ་ཉི་མ་འདྲ། །དམ་ཆོས་མཛོད་ཀྱི་ཟླ་བ་ནུབ་ལ་ལྟོས། །རང་གི་ཕུན་ཚོགས་འཁོར་དང་ལོངས་སྤྱོད་ཀུན། །རྟག་པར་མེད་པ་ཉིད་དུ་མཁྱེན་འཚལ་ལོ། །ཞེས་གསུངས། མཐོ་སྲིད་པའི་རྩེ་མོ་མན་ཆད་ནས་དམའ་ན་རཀ་དམྱལ་ཁམས་ཡན་ཆོད་ཀྱི་སེམས་ཅན་ཡོད་ཚད་ཤི་མི་དགོས་པ་ནི་གཅིག་ཀྱང་མེད་ནའང་། བླུན་རྨོངས་ཕལ་ནི་འཆི་བ་འོང་མི་འོང་གི་རྟོག་དཔྱོད་ཙམ་ཡང་མི་བྱེད་པར་སྣང་བ་གདོང་འདེད་ཁོ་ནའི་ངང་ལ་ཐུག་སྟེ་འཆི། ཞེས་དེ་ལྟར་མ་ཤེས་པའི་བླུན་ཞིང་རྨོངས་པར་གྱུར་པའི་སེམས་ཅན་ཕལ་པོ་ཆེ་འཆི་བ་རང་ཐོག་ལ། ནམ་འོང་དང་འདི་འོང་གི་རྟོག་དཔྱོད་ཙམ་ཡང་མི་བྱེད་པར། སྣང་བ་གདོང་འདེད་དེ་ཅི་བྱུང་གང་བྱུང་ཅི་མཐའ་གང་མཐའ་བྱས་ནས་སྒུག་འདུག་པ་དེ་ཁོ་ནའི་ངང་མི་ཚེ་ཟད་པ་ལ་ཐུག་སྟེ་དེའི་ངང་ནས་འཆི་བ་ཡིན། འགའ་ཞིག་འཆི་བ་འོང་སྙམ་པ་ཡོད་ཀྱང་མ་རྒས་ཀྱི་བར་ལ་དགའ་རབ་ཡོད་རེའི་བསམ་པས་རིམ་གྲོ་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཕྱི་ཚིས་དང་རེ་དོགས་ཁོ་ན་ལྷུར་ལེན་ཅིང་ཚེ་འདིའི་འདུན་མ་འབའ་ཞིག་གི་དབང་དུ་འགྲོ། དེའི་ནང་ནས་འགའ་རེས་ནམ་ཞིག་ལ་འཆི་འགྲོ་རྒྱུ་རེད། འཆི་རྒྱུ་ཡོད་པ་ཤེས་ནས་འཆི་བ་ཡོང་སྙམ་པ་རེ་ཡོད་ཀྱང་རྟག་འཛིན་ཕྱི་ཚིས་ཀྱི་བློ་སྣ་རིང་པོས་ད་དུང་ག་ལ་ཤི། མ་རྒས་བར་དུ་འདི་འདྲ་སྐྱིད་པོ་འདུག་ཆོག་རྒྱུའི་རེ་བ་བསམ་ནས་དགའ་རབ་ཡོང་རྒྱུར་རེ་བས་ལྷ་དང་སྲུང་མ་ལ་བརྟེན་ནས་ཚེ་རིང་པོར་འཚོ་བར་བསྒྲུབ་པའི་རིམ་འགྲོ་དང་ཐབས་སྣ་ཚོགས་པ། ཡང་ལུས་ལ་སྨན་དང་འཕྲོད་བསྟེན། ཁྲུས་དང་བསྐུ་མཉེ་སོགས་རིམ་འགྲོ་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཡུན་རིང་འཚོ་བའི་འདང་རྒྱག་དང་། ཕྱི་ཚིས་དང་རེ་དོགས་ཀྱི་ཐོབ་ཤོར་ཁོ་ནར་ལྷུར་བླངས་ཤིང་། གཏན་དོན་ཕྱི་མའི་དོན་ཆེན་བསྐྱུར་ནས་ཚེ་འདིའི་འདུན་མ་ཚེ་འདིར་དགའ་ཐབས་བདེ་ཐབས་སྐྱིད་ཐབས་ཆེ་ཐབས་བསྒྲུབས་ཏེ། ཆོས་བརྒྱད་བདུད་ཀྱི་གཡབ་མོ་འབའ་ཞིག་གི་དབང་དུ་འགྲོ་བ་ནི་ཆེས་མང་། ད་ལྟ་མི་ཀུན་ཟླ་བ་རྟིང་མའི་བྱ་བྱེད་ཀྱི་ཤོམ་ར་དང་རྒྱགས་ཕྱེ་ལ་སོགས་འོག་གྲབས་བྱེད་ཀྱང་། དེའི་དུས་ན་རང་རེ་ལུས་རྟེན་འདི་འདྲ་མིན་པའི་མགོ་དང་ཁ་ལ་རྭ་ཅོ་ཡོད་པ་ཞིག་ཏུ་སྐྱེས་ནས་ལུས་རྟེན་འདིའི་རུས་པ་ཙམ་ཡང་ཤུལ་མེད་དུ་མི་བྱེད་པའི་གདེངས་ཨེ་འདུག གདེང་མི་འདུག་ན་དེའི་ཚེ་ཐབས་ནི་གང་ཡང་མེད་དེ། དེ་ལྟར་ཤི་རྒྱུའི་ཕྱོགས་ལ་འདང་མི་རྒྱག་པར་ཚེ་འདིའི་འདུག་ཆུས་ཁོ་ནར་བྱེད་པས། མི་ཀུན་ཟླ་བ་དང་ལོ་རྟིང་མའམ་རྗེས་མའི་ལས་ཀ་དང་བྱ་བ་འདི་བྱེད། འདི་ཚར་ནས་འདི་བྱེད་ཅེས་ཤོམ་ར་དང། ལོ་ཟླ་རྗེས་མའི་ཚེ་སྨད་ཀྱི་རྒྱགས་ཕྱེ་ལ་སོགས་འདུག་ཆུས་ཀྱི་འོག་གྲབས་བྱེད་ཀྱང་། མ་འོངས་ལོ་ཟླ་རྗེས་མའི་དུས་ན་རང་རེའི་ད་ལྟའི་ལུས་རྟེན་འདི་བརྗེས་ཏེ། འདི་འདྲ་མིན་པར་དུད་འགྲོ་ཉམ་ཐག་གམ་ཉི་ཚེ་བའི་དམྱལ་བའི་སེམས་ཅན་གྱི་ལུས་ལྟ་བུ་མགོ་དང་ཁ་ལ་རྭ་ཅོ་ཡོད་པ་ཞིག་ཏུ་སྐྱེས་ནས། ལུས་རྟེན་འདིའི་རོ་དེ་མེ་ལ་བསྲེག་གམ་ཆུ་ལ་བསྐྱུར་བའམ་བྱ་རྒོད་ཀྱིས་ཟོས་ནས་བྱ་སྐྱག་ཏུ་གྱུར་ནས་རུས་པ་ཙམ་ཡང་ཤུལ་མེད་དུ་མི་འགྱུར་བའི་གདེང་ཨེ་འདུག དེ་ལྟར་མི་འགྱུར་བའི་གདེང་ཚོད་མི་འདུག་ན་དེའི་ཚེ་འཆི་བདག་གཤིན་རྗེའི་ཕོ་ཉས་ཁྲིད་ནས་འགྲོ་བ་དེ་བཟློག་པའི་ཐབས་ནི་གང་ཡང་མེད་དེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། དཔེར་ན་ཕྱོགས་བཞི་ནས་རི་སྲ་བ། བརྟན་པ། དཔང་མཐོ་བ་བཞི་འགྱེལ་ནས་རྩྭ་དང་། ཤིང་གེལ་པ་དང་། སྲོག་ཆགས་ཐམས་ཅད་ཕྱེ་མར་འཐག་ཅིང་རུབ་རུབ་བྱུང་ན། དེ་ལ་མགྱོགས་པས་འབྲོས་པ་དང་། སྟོབས་ཀྱིས་བཟློག་པ་སླ་བ་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ན་བ་དང་། རྒ་བ་དང་། འཆི་བ་དང་། རྒུད་པ་ཞེས་བྱ་བའི་འཇིགས་པ་ཆེན་པོ་བཞི་འབྱུང་སྟེ། དེ་ལ་མགྱོགས་པར་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་བའམ། རྫས་དང་། སྔགས་དང་། སྨན་གྱིས་བཟློག་པར་སླ་བ་མ་ཡིན་ནོ། །ཞེས་རྒྱལ་པོ་ཆེན་པོ་ཞེས་བོས་ཏེ། དཔེར་ན་ཕྱོགས་བཞི་ནས་བྲག་གི་རི་བོ་ལྷུན་སྟུག་པ། སྲ་བ་བརྟན་ཅིང་མི་ཤིགས་པ། དཔང་མཐོ་བ་རྩེ་མོ་ནམ་མཁར་ཟུག་པ་ལྟ་བུ་བཞི་ཡོད་པ་མཉམ་དུ་ལོག་ཅིང་འགྱེལ་ནས་རྩྭ་དང་། ལྡུམ་རིགས་དང་ཤིང་གེལ་པའམ་ལྗོན་ཤིང་ཆེན་པོ་དང་། ཤིང་ཕྲན་དང་། སྲོག་ཆགས་ཐམས་ཅད་ཕྱེ་མར་འཐག་ཅིང་རི་ཐམས་ཅད་ནང་དུ་རུབ་རུབ་བྱུང་ན་དེ་ལ་མགྱོགས་པའི་བང་གིས་མགྱོགས་པར་འབྲོས་པ་དང་། སྟོབས་ཆེན་གྱིས་སྟོབས་ཀྱིས་བཟློག་པའམ། རྒྱུ་ཆེན་གྱིས་ལྐོག་བརྔན་སྤྲད་ནས་ནོར་གྱིས་བསླུ་བའམ། རྫས་འཕྲུལ་འདྲ་མིན་དང་། རིག་སྔགས་དང་། སྨན་གྱིས་ཅི་བྱེད་ཀྱང་བཟློག་པར་སླ་བ་མ་ཡིན་ནོ། །དེ་བཞིན་དུ་སྲིད་པ་ཁམས་གསུམ་འཁོར་བ་འདི་ན་རྒྱུ་བའི་སེམས་ཅན་ཐམས་ཅད་ལ་སྤྱི་མཐུན་དུ་ཡོད་པའི་འབྱུང་བཞི་འཁྲུགས་པའི་ནད་ན་བ་དང་། ལང་ཚོ་རྒུད་པའི་རྒ་བ་དང་། ལུས་སྲོག་འབྲལ་བའི་འཆི་བ་དང་། ཉམས་ཤིང་རྒ་བའི་རྒུད་པ་ཞེས་བྱ་བའི་འཇིག་པ་ཆེན་པོ་བཞི་འབྱུང་སྟེ། འཇིག་པ་ཆེན་པོ་བཞི་པོ་དེ་ལ་གོང་དུ་གསུངས་པ་ལྟར་དེ་ལ་མགྱོགས་པོར་ཞོན་ནས་མགྱོགས་པར་འབྲོས་པ་དང་། སྟོབས་ཤུགས་ཀྱིས་བཟློག་པ་དང་། རྒྱུ་ནོར་འགངས་ཆེན་སྤྲད་པས་བསླུ་བའམ། རྫས་འཕྲུལ་དང་། སྔགས་བཟླ་བ་དང་། སྨན་གྱིས་བཟློག་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་ལ། ད་དུང་འཆི་བ་མི་རྟག་པའི་དཔེ་མང་དུ་གསུངས་ཏེ། ཀུན་མཁྱེན་ཀློང་ཆེན་པས། ཚོང་འདུས་བཞི་མདོ་མགྲོན་ཁང་གནས་རྣམས་སུ། །ཕྱོགས་ཀྱི་སྐྱེ་བོ་འདུས་ཤིང་འགྱེས་པའི་དཔེས། །འདུས་པ་འབྲལ་ཞེས་སྙིང་ནས་ངེས་པར་བསམ། །ཞེས་པ་ལྟར་ཚོང་འདུས་ཆེན་པོའམ་ལམ་གྱི་བཞི་མདོའི་མགྲོན་ཁང་ཆེན་པོ་ན་མི་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་འོང་བས་མཉམ་དུ་འདུས་ཤིང་གནས་སྐབས་འཚོགས་ཀྱང་། འདུས་པ་མི་རྟག་པས་དེ་མ་ཐག་ཏུ་ཕྱོགས་སོ་སོར་འགྱེས་འགྲོ་བ་དེ་བཞིན་དུ། ད་ལྟའི་སྐབས་འདིར་བདག་དང་གཞན། དགྲ་དང་གཉེན། བར་མའི་སེམས་ཅན་མང་པོ་ལྷན་ཅིག་འཛོམས་ཤིང་འདུས་པ་རྣམས་ལ་རྟག་བརྟན་གང་ཡང་ཡོད་པ་མ་རེད། དེ་རྣམས་ལ་བསམ་བློ་གཏོང་ན། ཕ་མ་དང་། མཁན་སློབ། གྲོགས་མཆེད། ཡུལ་མི་ཁྱིམ་མཚེས་མཛའ་མི་མཛའི་མི་སུ་ཡིན་རུང་མཉམ་པོར་ཡོད་དུས་མི་འཐབ་མི་འཁོན་མཐུན་པར་འགྲོགས། འབྲལ་བའི་དུས་སུ་འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཅན། འདུས་བྱས་ཀྱི་མཚང་ད་ལྟ་ནས་རིག་སྟེ་འགྱོད་པ་མི་སྐྱེ་བར་བྱ་དགོས་ཞེས་གདམས་པ་མཛད་ཡོད། རང་གི་མི་ཚེ་གང་པོའི་ད་སྔོན་འདུག་པའི་ས་ཕྱོགས། སྐྱིད་པའི་གནས་ཁང་གནས་མལ། ཚེ་སྟོད་ཀྱི་གཉེན་ཉེ་ཕ་མ། གྲོང་རོགས་ཁྱིམ་མཚེས། གྲྭ་རོགས་གྲོགས་མཆེད། ན་ནིང་ཡོད་རྒྱུ་རྣམས་ད་ལོ་མེད་པ་དེ་ཚོར་འདང་རྒྱག་ན་རྟག་པ་དང་བརྟན་པ་མེད་པར་ཤེས་འདུག་རྒྱུ་ཅན་ཞིག་ཡིན་རེད། མི་རྟག་པའི་ཚོམས་ལས། འདུས་པ་ཐམས་ཅད་འབྲལ་བས་ན། །གང་ལའང་ཡིད་བརྟན་མི་རུང་པས། །སྐྱེ་བོ་རྣམས་དང་བདག་ཉིད་ལ། །ཞེན་ཅིང་ཆགས་པ་མེད་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་རྟག་བརྟན་མེད་པ་ཡིན་པ་རྒྱུ་མཚན་དེའི་ཕྱིར་ན་རང་ཅག་རྣམས་ངེས་པ་འཆི་སྟེ། མྱ་ངན་བསལ་བའི་མདོ་ལས། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེ་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྡོང་པོ་ལྟ་བུ་ཡི། །ལུས་ཅན་རྣམས་ལྟ་སྨོས་ཅི་དགོས། །ཞེས་རྒྱུ་མཚན་ཅི་ཞིག་གི་ཕྱིར་མི་རྟག་པ་ཡིན་ཞེ་ན། སྤངས་རྟོགས་མཐར་ཕྱིན་པའི་མངོན་པར་སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པའི། རྡོ་རྗེའི་སྐུ་མཐོང་ན་མི་མཐུན་པར་མེད་པ་འགྲོ་བའི་དཔལ་དུ་བྱོན་པ་དེ་ཡང་མི་རྟག་ཅིང་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡིན་ན། སྙིང་པོ་མེད་པ། འབྱུང་བ་བཞི་འདུས་ཀྱི་སྡུག་བདེན་ཉེར་ལེན་གྱི་ཕུང་པོ། ཆུ་ཤིང་གི་སྡོང་པོ་ལྟ་བུའི་སོ་སོ་སྐྱེ་བོའི་ལུས་ཅན་རྣམས་མི་རྟག་པ་འཆི་བར་འགྱུར་བར་ལྟ་སྨོས་ཅི་དགོས་ཞེས་པས། སྐྱེ་འཆི་ལ་རང་དབང་ཐོབ་པའི་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་ཡང་གདུལ་བྱ་རྟག་འཛིན་ཅན་གདུལ་བར་བྱ་བའི་ཕྱིར་ཐ་མའི་གཟིམས་ཁྲི་ལ་མནལ་བས་ཡིད་སྐྱོ། འཕགས་པས་འཆི་དང་ན་བ་དང་། རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པས། འཆི་བདག་གི་བདུད་བཅོམ་པས་སྐྱེ་འཆི་རང་མཚན་པ་མི་མངའ་བས་སྐྱེ་འཆི་ལ་རང་དབང་ཐོབ་པའི་འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་དེ་དགུང་ལོ་བརྒྱད་ཅུ་རྩ་གཅིག་གི་སྐབས་སུ་གདུལ་བྱ་རྟག་འཛིན་ཅན་མ་ཐུལ་བ་འདུལ་བ་དང་། མི་རྟག་པ་སྟོན་པ། སྐྱོ་བ་བསྐུལ་བ། ཆོས་ཀྱི་སྐུ་ལ་སྦྱོར་བ་སོགས་དོན་བཅུ་ལ་དགོངས་ནས་གྱད་ཡུལ་རྩྭ་ཆེན་གྱི་ཤིང་སཱ་ལ་ཟུང་གི་དྲུང་དུ་དགེ་སློང་དག་གི་དྲི་བའི་ལྷག་མ་བསལ། གདུལ་བྱ་ལྷག་མ་འགའ་ཞིག་ཀྱང་བརྟུལ་ནས། སེང་གེའི་ཁྲི་ལ་བཞུགས་ཤིང་སྐུའི་སྟོད་གཡོག་བསལ་ཏེ། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག དེ་བཞིན་གཤེགས་པ་ལ་ལྟ་བ་ནི་རྙེད་པར་དཀའ་སྟེ་ཨུ་དུམ་ཝཱ་ར་བཞིན་ནོ། །འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ། །ཞེས་གསུང་གི་ཐ་མ་དེ་བཀའ་བསྩལ་ཏེ་གློ་གཡས་པ་ས་ལ་ཕབ་ནས། སེང་གེའི་ཉལ་སྟབས་མཛད་དེ་མྱ་ངན་ལས་འདའ་བར་མཛད་དོ། །དེ་བཞིན་དུ་རྒྱ་བོད་ཀྱི་པཎ་གྲུབ་རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དེ་དག་ཀྱང་བྱོན་ནས་བསྟན་པ་ལ་བྱ་བ་འདི་ལྟར་མཛད་ཅེས་པའི་གཏམ་རྒྱུད་ཆོས་འབྱུང་། དེབ་ཐེར། རྣམ་ཐར་སོགས་མཛུབ་མོ་རི་སྟོན་ལས་དེ་དག་གཅིག་ཀྱང་མ་བཞུགས་པར་མངོན་སུམ་ཚད་མས་གྲུབ་པས་སྙིང་རླུང་ལྡང་། རྒྱ་བོད་གྱི་པཎ་གྲུབ་རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་སངས་རྒྱས་གཉིས་པ་དེ་དག་ལས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་མཚོན་ན། བོད་གངས་ཅན་ལ་བྱོན་ནས་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། གསང་སྔགས་བསྟན་པའི་ཆོས་འཁོར་བསྐོར། མཁན་སློབ་ཆོས་གསུམ་ཞལ་འཛོམས། མདོ་སྔགས་ཀྱི་ཉི་མ་དེ་བསིལ་ལྡན་ཁ་བ་དཀར་པོའི་ལྗོངས་འདིར་ཤར་བ་མཛད་དེ། སློབ་དཔོན་ཆེན་པོ་ཡུན་དུ་བཞུགས་རྒྱུའི་སྐུ་དངོས་ཀྱི་བོད་ཡུལ་གྱི་གདུལ་བྱའི་འགྲོ་དོན་རྫོགས་ཏེ་ལྷོ་ནུབ་སྲིན་པོའི་ཡུལ་དུ་སྲིན་པོ་འདུལ་དུ་བྱོན་པར་དགོངས་ནས། དོང་པོ་སྐམ་པའི་ཡུར་པ་བཞིན་དུ་ནི། །བོད་དུ་མི་བཞུགས་པད་འབྱུང་སྲིན་ཡུལ་འགྲོ། །ལྗོན་ཤིང་ཁ་ནས་བྱ་ཚོགས་འཕུར་བ་བཞིན། །སྐད་ཅིག་མི་སྡོད་པད་འབྱུང་སྲིན་ཡུལ་འགྲོ། །ཞེས་གསུངས་ཏེ་བཞུགས་ཞུས་ཇི་ལྟར་ཕུལ་ཡང་བཤོལ་མ་ཐུབ་ནས་མང་ཡུལ་གུང་ཐང་ལ་ཁར་ཕེབས་བསྐྱལ་གྱི་གྲ་སྒྲིག་བྱས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཉིན་ཆིབས་པ་ཅང་ཤེས་ནག་པོར་སེང་ལྡེང་གི་སྒ་བསྟད། གསེར་སྲབ་གཡུ་ཐུར་བསྐྱོན་ནས་སློབ་དཔོན་པདྨ་འབྱུང་གནས་ཆིབས་གོང་ལ་བུད་དེ། བསམ་ཡས་ཟུར་མཁར་གྱི་ནེའུ་སིང་དུ་རྒྱལ་སྲས་མུ་ཏིག་བཙན་པོས་གཙོས་པའི་བོད་ཀྱི་རྒྱལ་བློན་ཕོ་མོ་ཐམས་ཅད་ཀྱིས་སློབ་དཔོན་ཆེན་པོ་བསྐྱལ་ཐུང་བྱས་ཚེ། གུ་རུ་རིན་པོ་ཆེ་ཆིབས་གོང་ནས་བབ་སྟེ། རྡོའི་མཆོད་རྟེན་གྱི་ཟུར་དུ་བཞུགས་ནས་བོད་འབངས་ཡོངས་ལ་ཆོས་གསུངས་པ། ད་ལྟར་བཞུགས་དང་མ་འོངས་འབྱོན་པ་ཡི། །པད་འབྱུང་ང་ལ་མོས་གུས་བྱེད་པ་རྣམས། །ཐམས་ཅད་ཐུགས་ལ་འདི་བཞིན་གཞག་པར་ཞུ། །དོན་མེད་ལས་ལ་སྡུག་སྒུར་མ་འཛུགས་པར། །འདི་ཕྱི་གཉིས་ཀར་བདེ་སྐྱིད་ཆོས་མཛོད་ཅིག །སྡིག་པ་མི་དགེས་ངན་སོང་གསུམ་དུ་སྐྱེ། །དགེ་བ་བྱས་པས་མཐོ་རིས་གནས་སུ་སྐྱེ། །ལུས་ངག་ཐ་མལ་མ་སྡོད་ཆོས་གྱིས་དང་། །ངན་སོང་སྐྱེས་ཀྱང་ང་རང་བླུ་རུ་འོང་། །ང་ཡི་ཚེ་ལ་འདས་གྲོངས་ཡོད་མ་ཡིན། །དད་ལྡན་མི་རེའི་མདུན་ལ་པད་འབྱུང་རེ། །ཞེས་གསུངས་པས་བོད་ཀྱི་རྗེ་འབངས་ཐམས་ཅད་ངུ་སྒྲ་དིར་རེ་སོང་བ་དང་། དེ་ནས་རྒྱལ་སྲས་མུ་ཏིག་བཙན་པོ་ལ་རྗེ་འབངས་ཉི་ཤུ་རྩ་ལྔས་བསྐོར་བ་དང་། མཁན་པོ་ཤཱཀྱ་པྲ་བྷ་ལ་སོགས་བོད་ཀྱི་རབ་བྱུང་ཡོད་ཚད། བཻ་རོ་ཙ་ན་དང་སྐ་ཅོག་ལ་སོགས་པ་བོད་ཀྱི་ལོ་ཙཱ་ཐམས་ཅད། མཐུ་མཁན་སངས་རྒྱས་ཡེ་ཤེས་ལ་སོགས་པ་བོད་ཀྱི་སྔགས་ནག་ཐམས་ཅད། སྔགས་པ་རྡོ་རྗེ་བདུད་འཇོམས་ལ་སོགས་པས་སྣ་དྲངས་ཏེ་རྔ་རྡུང་ཕྲེང་ཐོགས་ཐམས་ཅད་དང་། ཡོན་བདག་མཁར་ཆེན་རྒྱལ་གྱིས་སྣ་དྲངས་པའི་བོད་ཀྱི་སྐྱེས་ཕོ་མོ་སེར་སྐྱ་ཚང་མས་དཔལ་མོ་དཔལ་ཐང་དུ་སྐྱེལ་མ་བྱེད་དུས། ཐུགས་རྗེ་ཆེན་པོའི་སྒོམ་ལུང་གནང་། བོད་སྤྱི་སྒེར་ཡོངས་ལ་ཞལ་གདམས་མང་པོ་གསུངས་ནས། རྗེ་འབངས་འཁོར་དང་བཅས་པ་ད་འདི་ནས་ཕྱིར་ལོག་སོང་གསུངས་དུས། བོད་ཀྱི་རྗེ་འབངས་ཡོན་ཆོད་ཐམས་ཅད་སློབ་དཔོན་དང་འབྲལ་དགོས་པའི་སྡུག་བསྔལ་གྱིས་མི་རེའི་ཁོང་ནས་སྙིང་རེ་བཏོན་སོང་བ་ལྟ་བུའི་གདུང་ཡུས་ཀྱིས་མིག་མཆི་མས་གང་ནས། བོད་འབངས་ལྷ་མི་ཐམས་ཅད་ཀྱི། །མི་རེའི་མགོ་ལ་ཉི་རེ་ནུབ། །གསེར་མེས་གདུངས་འཚོ་སུ་ཡིས་བསྲོ། །མི་རེའི་དཔྲལ་ནས་མིག་རེ་ཕྱུང་། །ཅེ་རེ་ལོང་ཁྲིད་སུ་ཡིས་བྱ། །མི་རེའི་ཁོང་ནས་སྙིང་རེ་བཏོན། །སྨྲ་ཤེས་རོ་ཚོར་སུ་ཡིས་བསྲེ། །ཞེས་སོགས་གདུང་དབྱངས་སྨྲེ་ངག་ལ་སྐྱོ་བཏོན་ཀྱང་། བཤོལ་མ་ཐེབས་པར་གུང་ཐང་ལ་ཁར་ཞག་སར་མཛད་དུས། ནམ་མཁའ་སྤྲིན་དཀར་གྱི་ཕུང་པོ་འཇའ་འོད་འཁྱིལ་བའི་དཀྱིལ་ནས་རྟའི་རྒྱལ་པོ་ཅང་ཤེས་བྷ་ལ་ཧ་རྟ་སྔོན་པོ་རིན་པོ་ཆེའི་སྒ་སྲབ་སྤྲས་པ་ཨི་ཧིའི་སྒྲ་ཆེན་སྒྲོག་ཞོར་ལྷ་དང་ལྷ་མོ་མང་པོས་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་མང་པོས་སྣ་དྲངས་ཏེ། རིག་འཛིན་དང་མཁའ་འགྲོ་མང་པོས་བསུས་ཏེ་བྱོན་ཞོར་ལ། གུ་རུ་རིན་པོ་ཆེས་མགུར་འདི་ལྟར་གསུངས། ང་འགྲོ་མེ་ལོང་ཡེ་ཤེས་ཡུལ་དུ་འགྲོ། །མེ་ལོང་ཡེ་ཤེས་ཡུལ་དུ་འགྲོ་ཙ་ན། །ཞེ་སྡང་དགྲ་ལ་མི་ཁྲོ་འོད་གསལ་དྭངས། །དབྱིངས་རིག་མ་བུ་འབྲལ་མེད་འགྲོགས་ནས་འགྲོ། །ཞེས་སོགས་དང་། ང་འགྲོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོ། །གདོང་དམར་སྲིན་པོ་འདུལ་དུ་འགྲོ་ཙ་ན། །སེམས་ཅན་ཐམས་ཅད་བདེ་ལ་བཀོད་དུ་འགྲོ། །ང་འགྲོ་ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ། །ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ་ཙ་ན། །སྲིན་པོ་ཐམས་ཅད་ཆོས་ལ་འཛུད་དུ་འགྲོ། །རྗེ་འབངས་ཡུན་དུ་སྐུ་ཁམས་བདེ་བར་བཞུགས། །ཐུགས་རྗེ་རྒྱུན་ཆད་མེད་དོ་གསོལ་བ་ཐོབ། །ཅེས་གསུངས་ཏེ་ཆིབས་པའི་སེང་ལྡེང་གི་ཆིབས་སྒའི་སྔ་རུའི་ཐོག་ཞབས་གཉིས་མཉམ་དུ་བཞེངས་ཏེ་ཉམས་འུར་ཡོང་བ་འདྲར་བྱས་ནས། དེ་མཚམས་སུ་འདོམ་གང་ནམ་མཁར་འཕགས་ཏེ་བཞུགས་ནས་རྗེ་འབངས་རྣམས་ལ་ཞལ་ཕྱིར་གཟིགས་ཏེ་ཞལ་གདམས་གསུངས་ནས་མཇུག་ཏུ་འདི་ལྟར། བདེ་བ་ཆེན་པོའི་ཕོ་བྲང་དུ། །པདྨ་འབྱུང་གནས་འགྲོ་བ་ལ། །སྐྱེལ་ཐུང་མི་འཚལ་ལོག་ནས་བྱོན། །འདུ་འབྲལ་མེད་དོ་ཐུགས་མ་ཆད། །ཅེས་དང་། ཉིན་པར་བྱུང་རེས་ཐུགས་རྗེ་ཆེན་པོ་སྒོམས། །མཚན་མོ་བྱུང་རེས་པདྨ་ང་ཉིད་སྒོམས། །མི་ཆོས་བྱས་པས་ལྷ་ཆོས་མི་འབྱུང་བས། །ཚེ་འདིའི་བྱ་བ་ཐོངས་ཤིག་རྗེ་འབངས་རྣམས། །ཞེས་གསུངས་ཏེ། རྟ་མཆོག་རིན་པོ་ཆེར་བཅིབས་ཏེ་དཔའ་བོ་སྡེ་བཞིས་སྣ་དྲངས་ནས་འཇའ་མཚོན་འཁྱིལ་ལེ་བར་སྣང་ལ་ཕེབས་སོང་བ་དང་། རྗེ་འབངས་རྣམས་ཀྱིས་ཉ་མོ་བྱེ་ཚན་དུ་བོར་བ་ལྟར། གདུང་བའི་ཡུས་དང་བཅས་པས་ཕྱི་ནས་ཕར་མཇལ་བ་ན། ཉི་ཟེར་གསེབ་ན་བྱ་རོག་ཙམ་དང། ཕུག་རོན་ཙམ། བྱེའུ་ཙམ་སོང་ཞིང་མཐར་ཇེ་ཆུང་དུ་སོང་ནས་མ་མཐོང་བར་གྱུར་ཏོ། །དེ་ལྟར་གུ་རུ་ཨོ་རྒྱན་པད་འབྱུང་སྲིན་ཡུལ་དུ་བྱོན་ནས་བོད་ཡུལ་སྟོང་པ་ལུས་པའི་མི་རྟག་པའི་ངང་ཚུལ་དེ་འདྲ་ཡོང་མྱོང་བ་རེད། རྒྱ་བོད་ཀྱི་པཎ་གྲུབ་རྒྱལ་བློན་ཞེས་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་མཚོན་ན། འཛམ་གླིང་སུམ་གཉིས་མངའ་འོག་ཏུ་བསྡུས། བོད་དུ་དར་བའི་སངས་རྒྱས་ཀྱི་བསྟན་པ་འདི། ཡབ་མེས་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་དབུ་བརྙེས། སྲོང་བཙན་སྒམ་པོའི་དུས་སུ་སྲོལ་བཏོད། ལྷ་གཅིག་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དར་ཞིང་རྒྱས་པར་མཛད་དེ། སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟ་བུ་དེ་བོད་ལ་ཤར་བར་མཛད་པ་རེད། ཁོང་དགུང་ལོ་ལྔ་བཅུ་རྩ་དགུའི་འབྲུག་གི་ལོར་ལོ་གསར་གྱི་སྐབས་རྟ་རྒྱུག་རྩེ་དུས་བདུད་བློན་ཞིག་གིས་ལྐོག་མདའ་བརྒྱབ་པས་བཀྲོངས་སོང་བ་ཡིན་མོད། དེ་ལ་སོགས་པའི་རྒྱལ་བློན་བྱང་སེམས་གྱི་སྤྲུལ་པ་དེ་དག་ཀྱང་མི་རྟག་པའི་ཚུལ་བསྟན་ནས། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་འདི་འདྲ་བྱས་མྱོང་ཞེས་ལོ་རྒྱུས་ཙམ་ལས་ད་ལྟར་གཅིག་ཀྱང་མི་བཞུགས་པར། མིག་རིག་ལག་མྱོང་གི་ཐོག་ནས་མི་རྟག་པར་གྲུབ་པ་ཡིན། ད་དུང་དམ་པའི་སྐྱེས་བུ་ལ་བསམ་བློ་གཏོང་ན། རྗེ་མར་པ་ལོ་ཙཱ་བའི་སྲས་དར་མ་མདོ་སྡེ་སྐུ་གཞོན་དུས་རྟས་དྲུད་ནས་བཀྲོངས་པ་དང་། ལྷ་ལྕམ་པདྨ་གསལ་དགུང་ལོ་བཅུ་གསུམ་གྱི་སྐབས་སུ་མ་འཚོ་བའི་ཚུལ་སོགས་དམ་པའི་སྐྱེས་བུ་ཡིན་ཡང་མི་རྟག་པའི་ཚུལ་ལས་མི་འདས་པའི་ལོ་རྒྱུས་མང་པོ་ཡོད། རྗེ་བཙུན་མི་ལ་རས་པ་ཡིན་ན་ཁོང་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་ཐོས་པ་དགའ་ཞུ། སྲིང་མོ་པེ་ཏ་མགོན་སྐྱིད་དང་བཅས་པ་ཕ་མ་འགོ་འཛིན། རྒྱུ་ནོར་ཁང་གཞིས། རྟ་ནོར་ལུག་གསུམ་བཅས་པ་འཛོམས་པའི་སྐྱིད་པའི་དུས་ཚོད་དེ་ཡུན་ཐུང་། ཐོས་པ་དགའ་དགུང་ལོ་བདུན་གྱི་དུས་སུ་ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྲོངས་སོང་བ་རེད། ཡབ་མི་ལ་ཤེས་རབ་རྒྱལ་མཚན་ཤི་ཁའི་ཁ་ཆེམས་ལ། ཨ་ཁུ་དང་ཨ་ནེ་གཉིས་གཙོས་པའི་ཉེ་འབྲེལ་གྲོང་མི་ཁྱིམ་མཚེས་ཚང་མ་བོས་ནས། ང་ད་རེས་ནད་འདིའི་འོག་ཏུ་མི་ཐར་ཁོ་ཐག་རེད། བུ་ཐོས་པ་དགའ་ཆུང་ནི་རེད། འདི་ལག་ཆགས་ནས་ཁྱིམ་སོ་མ་ཟིན་བར་དུ་འདི་མ་སྨད་གསུམ་གྱི་སྐྱིད་སྡུག་ཁྱེད་ཨ་ཁུ་དང་ཨ་ནེ་ཨ་ཞང་གཙོས་བྱས་པའི་གཉེན་ཉེ་བ་ལ་བཅོལ་བ་ཡིན། ཕུ་ན་རྟ་ནོར་ལུག་གསུམ་གྱི་སྒོ་ཕྱུགས་ཡོད། མདའ་ན་འོར་མ་གྲུ་གསུམ་གྱི་ཞིང་ཁ་ཡོད། མཛོད་ན་གསེར་དངུལ་དར་གོས། ཐབ་ན་རྡིག་ཆ་སོགས་མདོར་ན་རྒྱུ་ནོར་རྫས་གཞན་ལ་སྨོན་མི་དགོས་པར་ཡོད། འདི་ཁ་ནས་བོར་མ་ཤོར། མཐིལ་ནས་ཟགས་མ་ཤོར་བར་འདིའི་ཆ་ཤས་ཤིག་ངའི་རྗེས་སུ་ཐོངས། དེ་མིན་པ་ཐོས་པ་དགའ་ཁྱིམ་སོར་ཟིན་དུས་ལག་ན་ཡོད་པར་གྱིས། ཕ་ཤུལ་བུ་ལ་འཛིན་དུ་ཞོག ངས་ཤི་དུར་ཁུང་ནང་ནས་ལྟ་འདུག་ནི་ཡིན་ཟེར་ནས། ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྲོངས་སོང་བ་རེད། དེ་ནས་ཕ་འདས་པའི་དགོངས་རྫོགས་ཀྱི་སྐབས་སུ་ཨ་ཞང་གིས་གཙོས་པའི་ཡུལ་མི་བསམ་ཤེས་རྣམས་ཀྱིས། རྒྱུ་ནོར་རྫས་ཐམས་ཅད་ད་རྟ་རྔ་རྔོག་གི་བདག་པོ། ཡུག་ས་གྱང་རལ་གྱི་བདག་པོ་མྱང་ཚ་དཀར་རྒྱན་ཡིན་པས། མོ་རང་ལ་བདག་པོར་བྱེད་དུ་ཆུགས། རོགས་ཅི་དགོས་ངེད་རྣམས་ཀྱིས་ཟུར་དུ་འཚོ་ནས་བྱེད། ནུས་ཤུགས་ཕྱུང་རེས་བྱེད་ཟེར་དུས། ཨ་ཁུ་དང་ཨ་ནེ་གཉིས་ཀྱིས། ད་མི་དྲག་བྱས་ཀྱང་ཉེ་རིང་དྲག ཁོང་མ་སྨད་ཚོ་སྡུག་ཁ་མ་འཇོག རྒྱུ་ནོར་ཤི་བོའི་ཁ་ཆེམས་བཞིན་ཚགས་ཉར་བྱེད་དགོས་ཟེར་ནས། ཕོ་ནོར་ཡོད་ཚད་ཨ་ཁུས་ཁྱེར། མོ་ནོར་ཡོད་ཚད་ཨ་ནེས་ཁྱེར། དེ་མིན་ཚང་མ་ཕྱེད་བགོས་བྱས་ནས། རྒྱུ་ཁབ་དང་སྐུད་པ་ཙམ་ཡང་མ་ལྷག་པར་འཕྲོག་སོང་། མ་བུ་གསུམ་པོ་གསོ་རེས་བྱེད་ནི་ཡིན་ཟེར་ནས། མ་བུ་གསུམ་པོ་ལ་རྒྱུ་ནོར་མ་དབང་བའི་ཐོག་ཏུ་དབྱར་ཞིང་ལས་བྱེད་དུས་ཨ་ཁུའི་གཡོག་ཡིན། དགུན་བལ་ལས་བྱེད་དུས་ཨ་ནེའི་གཡོག་ཡིན། ཁྱི་ཟས་བྱིན། མཛོ་བེད་སྤྱད། ཉིན་མཚན་དལ་མེད། ནངས་སྔར་ལངས་དང་ནུབ་ཕྱིས་ཉལ་བྱས་ནས་ལས་ཀ་ཁོ་ནར་བཀོལ། མ་བུ་གསུམ་ཀ་ཕྱི་གོས་མེད་འཁྱག་གིས་འཆིང་། ནང་ཟས་མེད་ལྟོགས་ཀྱིས་མནར། རྐང་ལག་སེར་ཀ་གས། གཉེན་ཉེ་བས་རིག་ན་མཆི་མ་ཤོར་ནི། སྡང་དགྲ་བོ་ཡིན་ཡང་སྙིང་རྗེ་སྐྱེ་བའི་ས་མཚམས་ལ་ཐུག་ནི་རེད། དེ་ནས་མི་ལ་ཐོས་པ་དགའ་དགུང་ལོ་བཅོ་ལྔ་ཙམ་ལ་ཐོན་དུས། མ་ཡུམ་གྱིས་ཨ་ཁུ་དང་ཨ་ནེ་གཙོས་པའི་ཉེ་འབྲེལ་ཚང་མ་བོས་ནས། ད་ནི་བུ་འདི་ལག་ཆགས་འདུག་ཁྱིམ་སོ་འཛིན་པའི་དུས་ལ་ཐོན་རྩིས་རེད། སྔར་གྱི་རྒྱུ་ནོར་ཚུར་ལ་བྱིན་ཟེར་བ་ན། ཨ་ཁུ་ཁོང་ཁྲོ་ལངས་ཏེ། དེ་ཅི་ཟེར་ནི་རེད་གོ། མི་ལ་ཤེས་རབ་རྒྱལ་མཚན་གསོན་གྲང་ང་ཁམས་ལ་སྡོད་དུས་ཕར་གཡར་སོང་རྒྱུའི་རྟ་ནོར་ལུག་གསུམ། ཁང་ས་ཞིང་། གསེར་དངུལ་དར་ཕྲུག་སོགས་མ་ཤི་གོང་ནོར་བདག་པོ་ངེད་ཨ་ཁུ་དང་ཨ་ནེ་ལ་ཕྱིར་སྤྲད་པ་རེད། ཁྱེད་མ་བུ་ལ་དབང་བའི་རྒྱུ་ཞིག་རིག་མ་མྱོང་། ལྟོགས་ཤི་མུག་ཤི་རེད་ལ་ཁད་བྱས་ནས་དེའི་ཐོག་ལ་མ་བཞག་པ་རན་པ་ཡིན། ཟེར་ནས་སྣ་ཤུ་སོ་བྱས་ནས་གཏམ་མ་ཉན་པར། ཡར་ལངས་ནས་མ་སྨད་གསུམ་གྱི་ཚོད་ལ་བལྟས་ནས་བརྡུངས་ནི་རེད། ངོ་མ་བྱས་ན་ཁང་པ་འདིའང་ང་ལ་དབང་བ་ཡིན་ཁྱོད་མ་བུ་གསུམ་པོ་ཕྱིར་ལ་སོང་ཟེར། དེ་དུས་མྱང་ཚ་དཀར་རྒྱན་ངུས་ནས་མི་ལ་ཤེས་རབ་རྒྱལ་མཚན་གྱི་མིང་ནས་བོས་ཏེ། ཁྱེད་ཀྱིས་ཤི་དུར་ཁུང་ནས་ལྟས་འདུག་ཟེར་བ་ད་ངེད་མ་བུ་གསུམ་གྱི་སྐྱིད་སྡུག་ཨེ་རིག་གི་ཟེར་བ་ན། ཨ་ཁུ་གཡུང་དྲུང་རྒྱལ་མཚན་གྱིས། ཁྱོད་ཚང་གི་རྒྱུ་ནོར་ཞིག་ངའི་རྩར་མེད། གལ་ཏེ་ཡོད་ནའང་མི་སྤྲད། ཅི་ཀོབ་རྒྱུ་ཡོད་ན་ཀོབ་ཤོག་ཅེས་ས་ཆ་འདིའི་ཁ་སྐད་ལྟར་ན་ཅི་སྤུར་རྒྱུ་ཡོད་ན་སྤུར་ཤོག ཅི་བསྒྱུར་རྒྱུ་ཡོད་ན་བསྒྱུར་ཤོག་ཟེར་ནི་རེད། ཁྱེད་མ་སྨད་ཚོས་མང་ན་དམག་དྲོངས་ཤོག ཉུང་ན་མཐུ་ཐོངས་ཤིག་ཟེར་ནས། མ་སྨད་ཉམས་ཆུང་ཚོས་བཤད་ས་གཏམ་ས་མ་ལོན་ནི་རེད། ཨ་ཞང་ལ་སོགས་པ་བསམ་པ་དཀར་པོ་འགའ་རེ་ཡོད་ཀྱང་ཁས་དྲག་ཞན་ཤོར་ནས་ཅི་ཡང་མ་ཕན། དེ་ནས་ཨ་ཞང་དང་། ཐོས་པ་དགའ་དང་ཆུང་གཉེན་སྒྲིག་བཞག་པའི་མཛེས་སེའི་ཁྱིམ་ཚང་གཉིས་ཀྱིས་ལྐོག་ནས་རོགས་རེ་བྱས་ཏེ་ཐོས་པ་དགའ་ལ་ཡི་གེ་ཅུང་སྦྱོང་རྒྱུའི་གོ་སྐབས་བྱུང་། མ་བུ་ཚོ་ལྟོགས་ཤི་འཁྱགས་ཤིར་མ་ཐེབས་ཙམ་བྱུང་། ལྕམ་སྲིང་མ་ད་དུང་མུ་མཐུད་ནས་གཡོག་རྒྱུག ཨ་ཞང་གིས་མ་བུ་གཉིས་ལྟོགས་གྲི་འཁྱགས་གྲིར་མ་ཤོར་ཙམ་གྱིས་ནམ་ཟླ་བསྐྱལ་བ་ན། ཉིན་ཞིག་མ་ཡུམ་གྱིས་བུ་ལ་ད་ཁྱེད་ལག་ཆགས་ནས་ན་ཚོད་ལ་སོན་པ་རེད། ཁྱོད་རྒྱབ་ལ་བེར་གྱོན། འོག་ལ་རྟ་ཞོན། ཡོབ་ཁྲ་མོ་དགྲ་བོའི་མགོ་ཐོག་ཏུ་འཐོག་ནི་ཞིག་ཨེ་ཡོང་བསམ་ཡང་། དེ་གཅིག་འོང་དཀའ་རྒྱུ་རེད། ཁྱོད་ལ་དེ་འདྲའི་རེ་ཞིག་ཅང་མི་འདུག ཁྱོད་ཀྱི་ཚོད་ལ་བལྟས་ན་ངན་གཡོ་ཆེ་རབ་འོང་བ་འདྲ་འདུག་པས། མཐུ་ངན་སྔགས་གནན་གཏད་སེར་གསུམ་མཐར་ཕྱིན་པར་སྦྱངས་ནས། ཨ་ཁུ་ཨ་ནེ་གཙོས་རང་རེ་མ་སྨད་སྡུག་གཏད་མཁན་གྱི་དགྲ་ཚོ་མི་རབས་དགུ་རྒྱུད་ནས་ཆད་པ་ཞིག་ཨེ་ཐོན་ལྟོས་ཟེར་བ་ན། བུ་ཐོས་པ་དགའ་བས་དྲིན་མ་ལོའི་གཏམ་དེ་ཞེ་ལ་བཟུང་སྟེ་མཐུ་བསླབ་ཏུ་འགྲོ་གྲབས་བྱས་ནས། འགྲོ་བའི་ཉིན་པར། ཨ་མས་བུ་ལ་སེམས་འཕྲེང་། བུས་ཨ་མ་ལ་སེམས་འཕྲེང་། བུས་ཕྱིར་བལྟས་བྱེད་ཞོར་མཆི་མ་ཕྱི་ཞོར་སོང་། ཨ་མས་བུ་མ་རིག་སར་མ་སོང་བར་དུ་ལང་ཞིང་བལྟས་པ་དང་། མི་མཐོང་བ་དང་ངུ་བཞིན་ཁྱིམ་དུ་ལོག དེ་ཕྱིན་ནས་མ་བུ་གཉིས་ཀ་ཚེ་དེ་ལ་འཕྲད་མ་མྱོང་ནི་རེད། དེ་ནས་བུ་ཐག་རིང་གི་རོགས་འགའ་རེ་དང་འགྲོགས་ནས་སོང་སོང་བ་ན། གཡུང་སྟོན་ཁྲོ་རྒྱལ་དང་མཇལ་ནས་མཐུ་སློབ་པར་ཞུས། ཁོང་གིས་གཙང་རོང་གི་གནུབས་ཁུ་ལུང་དུ་བླ་མ་གནུབས་ཆུང་པའི་མདུན་དུ་མངག་ནས་མཐུ་བསླབས་པས་མཐུ་ལས་སླ་བས་འགྲུབ་ནས། ཞག་བདུན་གཉིས་བཅུ་བཞི་ལ་མཐུ་བསྒྲུབས་ནས་བཏང་བས། ཕ་ཡུལ་ན་ཨ་ཁུའི་བུ་ཆེ་བ་ལ་མནའ་མ་བླངས་ཏེ་བག་སྟོན་ཐོག་ཏུ། ཨ་ཁུའི་བུ་རྣམས་དང་མནའ་མས་ཐོག་དྲངས་མ་བུ་གསུམ་གྱི་སྟེང་དེ་བས་སྡང་མེད་པའི་མི་སུམ་ཅུ་སོ་ལྔ་འཛོམས་ཡོད་པས་གློ་བུར་དུ་ཁང་པ་བརྡིབས་ནས་ལྷན་ཅིག་ཏུ་བསད་སོང་། ནངས་པར་བླ་མ་བྱོན་ནས་མདང་དགོང་བཀའ་སྲུང་དམ་ཅན་རྣམས་ཀྱིས་མི་མགོ་སུམ་ཅུ་སོ་ལྔ་དོན་སྙིང་དང་བཅས་པ་ཁྱེར་བྱུང་། ད་དུང་གཉིས་ལྷག་འདུག་པས་སྒྲོལ་ལམ་གསུངས་དུས། དེ་གཉིས་སྙིང་ཚིམ་བདར་བའི་རྟེན་དུ་འཇོག་དགོས་ཞུས་ནས་བཞག་པས་དེ་གཉིས་ཨ་ཁུ་དང་ཨ་ནེ་གཉིས་ཡིན། ཡང་སེར་བ་གྱང་རིམ་གསུམ་ཙམ་ཡོད་པ་ཕབ་པས་དགྲ་ཕྱོགས་ཀྱི་ཞིང་དང་ལོ་ཏོག་ལེན་རྒྱུ་མེད་པ་ཞིག་བཟོས་པ་རེད། དེ་ནས་མི་ལ་ཐོས་པ་དགའ་མཐུ་དང་སེར་བས་སྡིག་ཆེན་བསགས་པ་དེ་ལ་འགྱོད་སེམས་ཆེན་པོ་སྐྱེས་ཏེ། ད་ནི་ཆོས་ཡང་དག་ཅིག་བསྒྲུབ་དགོས་བསམ་ནས། ཆོས་ཤིག་བསྒྲུབ་རྒྱུ་མ་གཏོགས་དྲན་རྒྱུ་བསམ་རྒྱུ་མེད་པ་ཞིག་ཏུ་གྱུར་ནས། བླ་མ་རོང་སྟོན་ལྷ་དགའི་མདུན་དུ་སོང་སྟེ། བླ་མས་ཁྱོད་ང་དང་ལས་འབྲེལ་མི་འདུག ཁྱོད་འདི་ནས་ལྷོ་བྲག་གྲོ་བོ་ལུང་བའི་དགོན་པ་ན་པཎ་ཆེན་ནཱ་རོ་པའི་དངོས་སློབ། སྐྱེས་མཆོག་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་ཞེས་བྱ་བ་སྔགས་གསར་མའི་གྲུབ་ཐོབ། ས་གསུམ་ན་འགྲན་ཟླ་དང་བྲལ་བ་ཞིག་བཞུགས། དེ་དང་ཁྱོད་རང་ཚེ་སྔ་མ་ནས་ལས་འབྲེལ་འདུག་པས་དེར་སོང་ལ་ཆོས་ཞུས་ཤིག་གསུངས་པ་དང་། སྒྲ་སྒྱུར་མར་པའི་མཚན་ཐོས་པ་ཙམ་གྱིས་སེམས་ལ་སྨྲ་མི་ཤེས་པའི་དགའ་བ་དང་། ལུས་ལ་བ་སྤུ་ཀུན་གཡོ་བའི་བདེ་བ། མཆི་མ་འཁྲུག་པའི་མོས་གུས་ཚད་མེད་པ་ཞིག་སྐྱེས་ནས་དེར་སོང་བ་རེད། སང་ཉིན་ཐོས་པ་དགའ་མར་པའི་མདུན་དུ་ཐོན་པའི་ནུབ་མོར་བླ་མ་ཡབ་ཡུམ་གཉིས་ལ་གཟིམ་ལམ་ཁྱད་པར་ཅན་མང་པོ་རྨིས། ཕྱི་ཉིན་བླ་མས་རྟེན་འབྲེལ་གྱི་ཆེ་བ་འདོན་ཕྱིར་ལམ་ཁར་ཞིང་རྨོ་བའི་ཚུལ་མཛད་ནས་བསུ་མ་ལ་ཕེབས་པ་དང་མཇལ་འཕྲད་མཛད། དེར་རྟེན་འབྲེལ་མཆོག་ཏུ་འགྲིགས། བླ་སློབ་ཏུ་གྱུར། དེ་ནས་རྗེ་བཙུན་མི་ལ་རས་པས་དཀའ་བ་ཆེ་ཆུང་མང་པོར་སྤྱད། མི་ལའི་གསས་མཁར་དགུ་ཐོག་བཞེངས་ཏེ། ཐེངས་རེར་མར་བཤིག ཐེངས་རེར་ཡར་བཞེངས། དུས་བར་དུ་སྐབས་རེར་བླ་མའི་བཀའ་བཞིན་མཐུ་དང་སེར་བ་བཏང་། དེ་ལའང་སྐྱོ་བ་སྐྱེས། ཆོས་མ་ཐོས་ནས་ཡུན་རིང་པོར་འགོར་ཡང་སྙིང་རུས་ཀྱིས་བླ་མའི་བཀའ་བཞིན་དུ། ཅི་མཛད་ལེགས་མཐོང་གིས་ཞབས་ཕྱི་བསྒྲུབས། ཡིད་ཆད་ཆེན་པོ་ལན་དགུ་ལ་ཕྱི་གྱེད་ཐེངས་གཅིག་ཀྱང་མ་བྱས། ཉིན་ཞིག་བླ་མས་རྗེས་སུ་བཟུང་ནས་ཐུན་མོང་སོ་ཐར་དང་། ཐུན་མིན་བྱང་སེམས་ཀྱི་སྡོམ་པ་གནང་། མཚན་ལ་མི་ལ་རྡོ་རྗེ་རྒྱལ་མཚན་བཏགས། དེའི་ཕྱི་ཉིན་ནས་གསང་སྔགས་ཀྱི་སྨིན་བྱེད་ཀྱི་དབང་གནང་། མཚན་བཞད་པ་རྡོ་རྗེར་བཏགས། རྒྱུད་ལུང་མན་ངག་གི་ཉམས་ལེན་ཆ་ཚང་མ་གནང་ནས། མ་འོངས་པ་ན་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་བརྒྱུད་འཛིན་དུ་དབུགས་དབྱུངས་དང་གཟེངས་བསྟོད་མཛད། དེ་ནས་ཁོང་གིས་བླ་མས་གནང་བའི་མན་ངག་མ་ལུས་བུག་སྒོར་འདག་སྦྱར་བྱས་ནས་སྒོམ་སྒྲུབ་མཛད་པས་གྲུབ་པ་ཐོབ། དོལ་གྱི་ཚུར་སྟོན་དབང་ངེ་། གཞུང་གི་རྔོག་སྟོན་ཆོས་རྡོར། གཙང་རོང་གི་མེས་སྟོན་ཚོན་པོ། གུང་ཐང་གི་མི་ལ་རས་པ་བཞི་ལ་རང་རང་གི་བཀའ་བབ་ཕྲིན་ལས་ཀྱི་གདམས་ངག་དང་རྟེན་གསུམ་གནང་། མི་ལ་རས་པའི་གཟིམས་ལམ་ལྟར་བླ་མས་བརྡ་འགྲོལ་མཛད་དེ། བྱང་དུ་ཀ་ཆེན་བཙུགས་པ་དེ། །གུང་ཐང་གི་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ། །ཁོ་མི་གཞི་རྒོད་དང་འདྲ་བ་ཡིན། །རྒོད་རྩེ་སྒྲོ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །རྒོད་ཚང་བྲག་ལ་བཅས་པ་དེ། །ཚེ་སྲོག་བྲག་ལས་སྲ་བ་ཡིན། །རྒོད་དེ་ལ་བུ་གཅིག་བྱུང་བ་དེ། །འགྲན་གྱི་དོ་མེད་ཅིག་འོང་བ་ཡིན། །བྱ་ཕྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། །ཞེས་སོགས་གསུངས་ནས་རྗེ་བཙུན་མི་ལ་རས་པ་ལ་དམིགས་བསལ་གྱིས་གཏུམ་མོའི་གདམས་ངག་དང་། མཻ་ཏྲི་པའི་དབུ་ཞྭ། ནཱ་རོའི་ན་བཟའ་རྣམས་གནང་ནས། གནས་གཡའ་ཁྲོད་དང་གངས་ཁྲོད་འགྲིམས་ལ་ལྟ་བསྒོམ་ཉམས་སུ་ལོངས་ཤིག་གསུངས། རྗེ་བཙུན་གྱིས་བླ་མའི་བཀའ་བཞིན་དེར་ལོ་མང་བསྒྲུབ་པ་མཛད་དེ་བཞུགས། དུས་རྒྱུན་མཚན་མོར་མི་གཟིམས་ཡང་། ལན་ཅིག་ཐོ་རངས་ཅུང་ཟད་གཟིམས་སོང་བའི་རྨི་ལམ་ན། ཕ་ཡུལ་ལ་ཕེབས་ཡོད་པ། ཕ་ཡུལ་གྱི་ཁང་པ་ཀ་བཞི་གདུང་བརྒྱད་དེ་བོང་རྒན་གྱི་རྣ་ཆོག་བཞིན་ཞིག ནང་གི་ནོར་དམ་ཆོས་དཀོན་མཆོག་བརྩེགས་པ་དེ་ཐིག་ཆུས་འཇིག ཕྱིའི་ཞིང་འོར་མ་གྲུ་གསུམ་དེ་འཇག་སྐྱ་འཕྱུར་རེ། མ་རྒན་ཤི། སྲིང་མོ་སྤྲང་འཁྱར་ལ་སོང་བ་སོགས་སྐྱོ་སྣང་ཅན་གྱི་རྨི་ལམ་རྨིས་པས་རྐྱེན་བྱས་ནས་བླ་མ་ལ་ཕ་ཡུལ་དུ་ལན་གཅིག་གཏོང་བའི་གནང་བར་ཞུས། ཕ་ཡུལ་ལ་བྱོན་ཁར་བླ་མས་མཁའ་འགྲོ་སྙན་བརྒྱུད་ཀྱི་སྨིན་གྲོལ་སོགས་གདམས་ངག་མང་པོ་གནང་ནས། བླ་སློབ་འབྲལ་མི་ཕོད་པ་ལྟ་བུའི་ངང་ཕྱིར་བྱོན་ནས་ཕ་ཡུལ་ལ་ཐོན་དུས། སྔར་གྱི་རྨི་ལམ་ཇི་མ་ཇི་བཞིན་དུ། ཕྱིའི་ས་ཞིང་ས་རྒོད་དུ་གྱུར་ནས་འཇག་སྐྱས་འཕྱུར། ཕ་ཁང་ལྷ་ཁང་ལྟ་བུ་དེ་ཞིག་ལ་ཁད། ནང་དུ་སོང་ནས་བལྟས་པས་དམ་ཆོས་དཀོན་མཆོག་བརྩེགས་པ་མཆོད་པ་འབུལ་བའི་རྟེན་དུ་ཡོད་པ་དེ་ཐིག་ཆུ་ཟག་པ་དང་བྱ་དང་བྱི་བའི་ཚང་གདན་དུ་གྱུར། གོ་ཁར་སོང་ནས་བལྟས་པས། རྩྭ་ཉོབ་དང་རས་ཆད་ཀྱི་ལྷན་པ། ས་དང་འདྲ་མ་འདྲེས་ཀྱི་ཕུང་པོ་ལ་སྔོ་མ་མང་པོ་སྐྱེས་འདུག་པ་དེ་ཡར་བླངས་པས་མི་རུས་མང་པོ་སྐྱ་ཁྲོབ་ཁྲོབ་ཏུ་ཡོད་པར་མ་ཡུམ་གྱི་རུས་པ་ཡིན་པར་ཤེས་ཏེ། ཨ་མ་དྲན་དྲགས་པའི་སྐྱོ་གདུང་བཟོད་གླགས་མེད་པར་བསམ་མི་ཤེས་སྨྲ་མི་ཐུབ་པ་ཞིག་སྐྱེས་ནས། རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྒྲ་སྒྱུར་མར་པའི་བཀའ་ལུང་བཞིན། །ཕ་ཡུལ་བདུད་ཀྱི་བཙོན་ར་རུ། །མི་རྟག་སྒྱུ་མའི་སློབ་དཔོན་བྱུང་། །སློབ་དཔོན་བཟང་པོ་འདི་ཉིད་ལ། །ངེས་ཤེས་འདྲོངས་པར་བྱིན་གྱིས་རློབས། །སྤྱིར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །མི་རྟག་མི་བརྟན་འགྱུར་ཞིང་འགྲོ། །སྒོས་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་མེད་པའི་བྱ་བྱེད་བས། །སྙིང་པོའི་ལྷ་ཆོས་བྱེད་དུ་འགྲོ། །དང་པོ་ཕ་ཡོད་ཙ་ན་བུ་ང་མེད། །བུ་ཡོད་ཙ་ན་ཕ་ཡང་མེད། །གཉིས་ཀ་འཛོམས་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་རྟ་སོར་སྒོམ་དུ་འགྲོ། །མ་ཡོད་ཙ་ན་བུ་ང་མེད། །བུ་ང་སླེབས་ཚེ་མ་རྒན་གུམ། །གཉིས་ཀ་འཛོམས་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་རྟ་སོར་སྒོམ་དུ་འགྲོ། །སྲིང་མོ་ཡོད་ཚེ་མིང་པོ་མེད། །མིང་པོ་སླེབས་ཚེ་སྲིང་མོ་འཁྱར། །གཉིས་ཀ་འཛོམས་རུང་སྙིང་པོ་མེད། །བུ་ང་སྙིང་པོའི་ལྷ་ཆོས་བྱེད། །བྲག་དཀར་རྟ་སོར་སྒོམ་དུ་འགྲོ། །སོགས་ཐུགས་སྐྱོ་བའི་མགུར་གསུངས། ཨ་མའི་རྣམ་ཤེས་ཁོང་གི་ཐུགས་སེམས་དང་བསྲེས། དེ་བཀའ་བརྒྱུད་བླ་མའི་ཐུགས་ཡེ་ཤེས་དང་བསྲེས་ནས། མ་ཡི་རུས་པ་ལ་སྔས་མགོར་བྱས་ཏེ་སྒོ་གསུམ་སྐད་ཅིག་ལ་མ་གཡེང་བར་འོད་གསལ་དུ་གནས་པས། ཕ་མ་གཉིས་ཀ་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་བདེན་པ་མཐོང་། ཞག་བདུན་དུ་སོང་བ་དང་ཏིང་ངེ་འཛིན་དེ་ལས་བཞེངས་ནས། མ་ཡི་རུས་པ་སྦྱོང་ཆོག་གི་བཀོད་པ་མཛད། དམ་བཅའ་ཐུགས་ལ་བརྟན་པོར་བཅངས་ཏེ་བྲག་དཀར་རྟ་སོར་དབུ་མ་རྫོང་དུ་སྒྲུབ་པ་ལ་བྱོན་ནས། ཉིན་མཚན་མེད་པར་ཉམས་ལེན་མཛད་རྒྱུའི་ཐུགས་ཐག་བཅད། ཆོས་བརྒྱད་ཀྱི་སྣང་བ་ཤར་ན་ལྕེབས་ནས་ཤི། སྐྱིད་ཆོས་ཀྱི་སྣང་བ་ཞིག་ཤར་ན་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཁོང་གི་སྲོག་ཆོད་ཅིག་གསུངས་ནས། དེ་ལྟར་བྲག་དཀར་རྟ་སོར་སྔོ་མ་ཟ་ཚོད་ལ་འཚོ་རྟེན་བྱས་ནས་དཀའ་ཐུབ་ཁོ་ནས་བསྒྲུབ་པ་མཛད་པ་རེད། དེའི་སྐབས་སུ་མགུར་ནང་དུ། བྲག་དཀར་རྟ་སོ་དབུ་མ་རྫོང་། །དབུ་མ་རྫོང་གི་རྫོང་རྩེ་ན། །བོད་ཀྱི་རྣལ་འབྱོར་རས་པ་ང་། །ལྟོ་གོས་ཚེ་འདི་བློས་བཏང་ནས། །རྫོགས་པའི་སངས་རྒྱས་སྒྲུབ་པ་ལ། །འོག་ན་སྲ་བའི་འབོལ་ཆུང་བདེ། །སྟེང་ན་བལ་པོའི་ཤིང་རས་བདེ། །པུས་འཁྱུད་སྒོམ་ཐག་སྐོར་གཅིག་བདེ། །འགྲངས་ལྟོག་སྙོམ་པའི་སྒྱུ་ལུས་བདེ། །ལྟ་རྟོག་ཐོངས་པའི་སེམས་ཉིད་བདེ། །མི་བདེ་མེད་དེ་བདེ་མོར་གདའ། །སོགས་བདེ་བ་ལྔ་ཡི་མགུར་གསུངས་པ་དང་། བར་ཆད་བདུད་རིགས་ཀྱི་གཡུལ་ལས་རྒྱལ་ཏེ་སྐུ་ཚེ་དེ་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པ་དེ་ཡང་མྱ་ངན་ལས་འདས་པ་རེད། དེ་ལྟར་མི་རྟག་པའི་རང་གཤིས་ལ་བསམ་ན། རྗེ་བཙུན་མི་ལས་གསུངས་པ་ལྟར། ཕ་ཡོད་ཙ་ན་བུ་ང་མེད། །བུ་ང་ཡོད་དུས་ཕ་ཡང་མེད། །གཉིས་ཀ་འཛོམས་ཀྱང་སྙིང་པོ་མེད། །ཅེས་པ་ལྟར་མི་རྟག་འཁོར་བའི་སྡུག་བསྔལ་འདི་ལ་བསམ་བློ་གཏོང་ན་ངོ་མས་སྙིང་རླུང་ལྡང་བྱེད་ཅིག་ཡིན། རང་གི་གཉེན་བཤེས་བར་མའི་འགྲོ་བ་ལ་སོགས་ཏེ་ཇི་སྙེད་ཅིག་ན་ནིང་དང་། ཁ་སང་ཟླ་བ་སྔོན་མ་ཕན་ཆད་ཡོད་པ་འཇིག་རྟེན་ཕ་རོལ་ཏུ་སོང་སྟེ་རོ་མེད་པར་བྱས་ཟིན་པ་དང་། མིང་ཙམ་ཤུལ་དུ་ལུས་པས་རང་རེ་ཡང་ངེས་པར་འཆི། ཞེས་རང་གིས་རང་ལ་བསམ་བློ་ཞིག་བསྐོར་ན་རང་གི་གཉེན་བཤེས་དང་ནི། བར་མའི་འགྲོ་བ་ངོ་ཤེས་མི་ཤེས་པ་གྲངས་མང་པོ་ཇི་སྙེད་ཅིག་ན་ནིང་ལོ་དང་ཁ་སང་ཟླ་བ་སྔོན་ཕན་ཆད་ལ་བདེ་བདེ་ཁོད་ཁོད་བྱས་ནས་ཤི་སྣང་ཞེ་ལ་མ་ཤར་བར་ཡོད་པ་རྣམས། རྐྱེན་གློ་བུར་བ་ཞིག་ལ་བརྟེན་ནས་འཆི་བདག་གཤིན་རྗེའི་ཞགས་པ་ཐེབས་ཏེ་འཇིག་རྟེན་ཕ་རོལ་ཏུ་སོང་སྟེ། རོ་རེངས་ཤིང་རྒོག་འདྲ་མེད་པར་བྱས་ཟིན་པ་དང་། མིང་ཙམ་ཡང་ཤུལ་དུ་ལུས་པ་ལས་མེད་པར་ཡིན་ན། སྔ་མར་ཅི་འོང་རྗེས་མ་ལའང་འོང་རྒྱུ་དེ་ཡིན་པས་ན། རང་རེ་གསོན་པོར་འགྲོ་བ་རྣམས་ཀྱང་ཨེ་འཆི་མི་འཆི་ཙམ་མིན་པར་ངེས་པར་འཆི་བས་ངེས་ཤེས་པ་ཡིན། ད་ནི་བསྐལ་པའི་སྙིགས་མ་ལ་ཐུག་ཅིང་ཚེ་ཚད་ཇི་བཞིན་ཐུབ་ནའང་དབུགས་ཉི་ཁྲི་ཆིག་སྟོང་རྒྱུ་རིང་ལ་ཞག་གཅིག་གི་མི་ཚེ་ཐུང་དུ་སོང་ངོ་། །ད་ནི་སྙིགས་མ་ལྔ་བདོ་བའི་བསྐལ་པའི་དུས་ཀྱི་སྙིགས་མ་ལ་ཐུག་ཅིང་ཁྱད་པར་དུ་ཚེའི་སྙིགས་མ་ཡིན་པས་ཚེ་ཚད་ཇི་བཞིན་དུ་ཐུབ་པར་དཀའ་ཞིང་། ཐུབ་ནའང་དབུགས་ཉི་ཁྲི་ཆིག་སྟོང་རྒྱུ་རིང་ལ་ཉིན་ཞག་གཅིག་གིས་མི་ཚེ་ཇེ་ཐུང་དུ་སོང་། དེ་བཞིན་དུ་ཞག་སུམ་ཅུས་ཟླ་བ་གཅིག ཟླ་བ་བཅུ་གཉིས་ཀྱིས་ལོ་འཛད་པས་ཚེ་ཟད་པ་ལ་དཀའ་ཚེགས་གང་ཡང་མེད་དེ། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་ཏེ། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཀྱི་སྲིད་པ་གསུམ་པོ་མི་རྟག་པ་སྟེ། བརྟན་པ་མེད་པར་སྐད་ཅིག་ཀྱང་མི་སྡོད་པའི་ཕྱིར། དཔེར་ན་སྟོན་ཀའི་ལྷོ་སྤྲིན་དང་འདྲ་བ་དང་། འགྲོ་བའི་སྐྱེ་འཆི་ནི་གཅིག་ཏུ་ངེས་པར་མེད་པས་གར་དང་མིག་འཕྲུལ་ལ་ལྟ་བ་དང་མཚུངས་པ་དང་། སྲིད་གསུམ་འགྲོ་བའི་ཚེ་མྱུར་མགྱོགས་སུ་ཟད་འགྲོ་བ་ནམ་མཁའི་གློག་དང་འདྲ་བ་དང་། དཔེ་གཞན་རི་གཟར་འབབ་ཆུ་བཞིན་སྐད་ཅིག་ཀྱང་མི་སྡོད་པར་མྱུར་མགྱོགས་སུ་འགྲོ་ཞེས་རགས་པ་རྒྱུན་གྱི་མི་རྟག་པ་རྣམས་ཀྱང་ཕྲ་བ་སྐད་ཅིག་གི་མི་རྟག་པས་ཡིན་ལ། མདོར་ན་སྐད་ཅིག་སྐར་ཆའི་ཡུན་ལ་སྡོད་དབང་མེད་པའི་ཚུལ་ལ་ལེགས་པར་བསམས་ནས་སྙིང་པོའི་ལྷ་ཆོས་ཉམས་སུ་ལེན་པ་ལ། མགོ་ལ་མེ་ཤོར་གྱི་ཚུལ་ལྟར་ལེ་ལོ་དང་ཕྱི་བཤོལ་མེད་པར་བརྩོན་འགྲུས་བསྐྱེད་པར་བྱའོ། །ཚེ་ཟད་པའི་ཚུལ་འདི་ལ་གཞན་དཔེ་མང་པོ་གསུངས་ཡོད། དཔེར་ན་ཉི་མ་ནུབ་པའི་གྲིབ་སོ་ལྟ་བུ་འགྲིབ་སྟེ། ཉི་མ་དགོང་ཁའི་རི་མགོར་ནུབ་པ་ན་གྲིབ་མ་དེ་ཚུར་ཚུར་ཇེ་ཉེར་འོང་བ་དང་འདྲ། དེའང་མི་ཚེ་རིང་ཞིག་ལ་ཆ་མཚོན་ན། ལོ་སུམ་ཅུ་ཡར་ནང་དུ་སོན་དུས་དགོང་དཀྱིལ་གྱི་ཉི་མ་ལྟ་བུ་རེད། ད་ལྟར་ལས་ཀ་བསྒྲུབ་ལོང་ཡོད་དུས་སྔ་དྲོ་རེད། དེ་ཟད་ན་ཟད་པ་རེད། ཚེ་ཐུང་ངུ་ཞིག་ཡིན་ན་ཉི་མ་སྔ་དྲོ་དང་ཕྱི་དྲོའི་ཤར་ནུབ་ཀྱི་བར་བགྲོད་ལོང་མེད་པར་ཉི་མ་གློ་བུར་སྤྲིན་ནག་གིས་ནམ་སྒྲིབ་ཅི་ཤེས་དེ་དང་འདྲ། ཡང་འབྲུའི་བང་མཛོད་ལ་དཔེར་བཞག་པ་རེད། དཔེར་ན་འབྲུའི་བང་མཛོད་གང་ཡོད་པ་དེ་ལ་ཚུར་སྣོན་པ་མེད་པར་ཉིན་རེ་བཞིན་ཕར་ལེན་ཁོ་ནར་བྱེད་པས་ཉིན་ཞིག་ལ་ཟད་འགྲོ་བ་བཞིན་དུ། མི་ཞིག་ལ་ཉིན་ཞག་སྟོང་ཕྲག་གཅིག་འདུག་ཚེ་ཡོད་ན་ཉིན་རེ་སོང་ན་ཚེ་ཟད་པར་མ་ཚད་དབུགས་གཅིག་སོང་ན་ཉིས་ཁྲི་ཆིག་སྟོང་ནང་གི་གཅིག་ཟད་པ་རེད། ཚེའི་ཚད་མར་ཇེ་ཉུང་མ་གཏོགས་མེད་ལ། དེ་བཞིན་དུ་ལྟག་ཆུ་ཆད་པའི་རྫིང་བུ་འཁྱིལ་བ་མཐིལ་བརྡོལ་ཡོད་ན་རིམ་བཞིན་བྲི་བ་ལྟར་ཚེའང་ཉིན་རེ་དང་སྐད་ཅིག་རེ་ཞིང་ཁ་དམའ་བཞིན་ཡོད། དེ་བཞིན་དུ་བར་སྣང་གི་སྤྲིན་ཡལ་བ་ལ་དཔེར་འཇོག་ན། བར་སྣང་གི་སྤྲིན་ལ་ཚད་བཙུགས་ཏེ་ཡིད་རྟོན་དང་བློ་ཁེལ་མི་རུང་སྟེ། ད་ཡོད་ན་ད་ཡལ་འགྲོ་བ་བཞིན་དུ་མི་ཚེའང་འདི་ཙམ་གནས་ཞེས་གཏན་ཁེལ་བར་མེད་པ་དང་། རི་གཟར་གྱི་རྦབ་ཆུ་ལ་དཔེར་བླངས་པ་རྒྱ་ཆེར་རོལ་པའི་ལུང་བཞིན་དང་། ཡང་མི་ནག་ཆེན་གཤེད་མའི་དྲུང་ན་སླེབས་པ་ལ་དཔེར་བླངས་པ་ནི། དཔེར་ན་མི་ནག་ཆེན་བཙོན་འོག་ཏུ་ཡོད་པ་ཞིག་སྐེ་བཅད་ནས་གསད་རྒྱུའི་ཐག་བཅད་པ་ཞིག་སྐེ་ལྕགས་ཐག ལག་ལྕགས་སྒྲོག་ལ་འཁྲིད་འགྲོ་ན་གོམ་གང་སོང་ན་མགོ་ཆད་རྒྱུར་ཐག་ཇེ་ཉེ་བཞིན་དུ། ང་ཚོའི་མི་ཚེའང་གཅིག་མཚུངས་ཡིན་པས། བཙོན་པ་བོའུ་བརྒྱན་ལ་འཇོག་རྒྱུའི་ཐག་བཅད་ཚར་བ་ཞིག་ཡིན་ན་སྡུག་ས་ཨེ་འདུག རང་རེའང་དེ་དང་འདྲ་བ་གསོད་རྒྱུ་ཐག་བཅད་ཚར་བ་རེད། སྐྱེས་ནས་གསོད་པ་དང་འཆི་རྒྱུའི་ཐེལ་རྒྱག་པ་དང་འདྲ་འདྲ་རེད། ཤི་ལུགས་དང་འཆི་རྐྱེན་མི་འདྲ་བ། ནད་ན་བ། གློ་བུར་ཡེ་འདྲོག་གིས་ཤི་བའམ། རླངས་འཁོར་འགྲིལ་བ། མགོ་ལ་རྡོ་ཕོགས་པ། གཞན་གྱིས་གསོད་པ། ཟ་ཉེས་དང་འཐུང་ཉེས་ཀྱིས་ཤི་དགོས་པ་སོགས་མི་ཤེས་པ་མ་གཏོགས་བཙོན་པ་སྲོག་ཁྲིམས་གཅད་པ་ཞིག་དང་ཁྱད་མེད་རེད། ཡང་ཆུ་ཕྲན་རྒྱ་མཚོའི་ནང་དུ་འབབ་པ་ལ་དཔེར་བྱེད་ན། རང་རེའི་ས་ན་ཡོད་པའི་རྨ་རྫ་འབྲུ་གསུམ་གྱི་ཆུ་སོགས་རང་རེས་མཐོང་མི་ཐུབ་མ་གཏོགས། གལ་ཏེ་གྲུ་ནང་དུ་ཞུགས་ཏེ་ཆུ་དང་ལྷན་དུ་འགྲོག་སོང་ན་ཇི་ཙམ་སོང་ཡང་རྒྱ་མཚོའི་ནང་དུ་འབབ་རྒྱུ་ཐག་ཇེ་ཉེ་དང་། མཐར་རྒྱ་མཚོའི་ནང་དུ་མ་གཏོགས་འགྲོ་ས་གཞན་མེད་པ་དང་འདྲ། ཡང་མདོ་ལས་གྱད་ཆེན་གྱིས་མདའ་འཕེན་པ་ལ་དཔེར་བྱས་ནས་གསུངས་ཡོད། དེའང་གྱད་སྟོབས་ཆེན་དང་རྩལ་ཆེན་གྱིས་མདའ་འཕངས་ན་འབེན་ལ་བབ་ཚེ་དེའི་ལམ་གྱི་བར་སྣང་ལ་སྐད་ཅིག་ཀྱང་མི་སྡོད་པ་བཞིན་དུ། མིའི་ཚེའང་ སྐད་ཅིག་ཀྱང་མི་བསྡད་པར་ཟད་འགྲོ་བ་རེད། དེས་ན་རྒྱལ་སྲས་ཞི་བ་ལྷས། ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་ཡོང་མེད་པས། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པ་བཞིན་ནོ།།

གཉིས་པ་མན་ངག་གི་སྒོ་ནས་སྒོམ་པ།

ད་གཉིས་པ་དོན་དེ་ཉིད་མན་ངག་གི་སྒོ་ནས་རྒྱུད་ལ་སྦྱར་ནས་སྒོམ་པ་ནི། ད་སྔར་ལུང་ལ་སྦྱར་ནས་གསུངས་པ་རེད། ལུང་ལས་དེ་ལྟར་གསུངས་ཡོད་པར་གོ་བ་རྐྱང་པས་མི་ཆོག་གི། ད་སྔར་རང་གིས་གོའང་གོ་མི་ཆོད་ཅིང་ཕན་ཐོགས་མེད་པ་དེ་ནི། རྒྱུད་ལ་སྦྱར་ནས་མ་བསྒོམས་པས་རེད། དེས་ན་དེ་ཉིད་ལ་མན་ངག་ལག་ཁྲིད་ཀྱི་སྒོ་ནས་རང་གི་རྒྱུད་ལ་སྦྱར་བ་ནི། གང་ཟག་ཆོས་ཀྱི་གོ་རྟོགས་ཅན་ལ་ལུང་ལ་དཔགས་ནས་སྐྱོ་བ་བསྐུལ་བ་ཉིད་རྣམ་པ་གཙང་ཞིང་རྒྱུད་ལ་འཕྲོད། ཅེས་གང་ཟག་དབང་པོ་རབ་ཆོས་ཀྱི་གོ་རྟོགས་ཅན། ཐོས་པ་རྒྱུད་ལ་སྦྱོར་མཁན་ཅན་དེ་ལ་གོང་དུ་བཤད་པ་ལྟར། ལུང་ལ་རྗེས་སུ་དཔགས་ནས་དེའི་རྐྱེན་གྱིས་སྐྱོ་བ་བསྐུལ་བ་ཉིད་རྣམ་པ་གཙང་ཞིང་སྟབས་བདེ་བ་དང་རྒྱུད་ལ་འཕྲོད་པ་ཡིན་ཡང་། ལས་དང་པོ་པ་སྤྱིར་ན་ཆོས་ཕྱོགས་ཀྱི་སྦྱོང་བ་རྒྱ་མི་ཆེ་བ་དང་། ཁྱད་པར་དུ་རྣམ་པར་ཤེས་པ་ཤིན་ཏུ་ལྐོག་ཏུ་གྱུར་པའི་རིགས་ཅན་ཏེ་རྨོངས་ཤིང་བླུན་པ་རྣམ་འབྱེད་ཀྱི་ཤེས་རབ་མེད་པའི་རིགས་ཅན་འགའ་ཞིག་ལ་དཔེ་ཆོས་དང་། ཞེས་དཔེ་དང་སྦྱར་བའི་ཆོས་གོང་དུ་བཤད་པ་ལྟ་བུ་སྒྲུང་རྒྱུད་ལོ་རྒྱུས་དང་འབྲེལ་བ་དང་། བློ་སྣ་ཐབས་ཀྱིས་འདྲིད་ཅིང་འཁྲིད་པ་འདི་གནད་ཟབ་པའི་མན་ངག་ཡིན་པས་ན། བླ་མས་སློབ་མ་སྐྱོང་བའི་ཚེ་ཐམས་ཅད་དཔེ་ཚད་གཅིག་གི་ཐོག་ཏུ་མི་འཇོག་པར་སློབ་མའི་ཁམས་དང་དབང་པོ་བསམ་པ་དང་སྦྱར་ནས་ཁྲིད་དགོས་སོ། །དེ་ཇི་ལྟར་སྦྱར་ཞིང་མན་ངག་གི་ཐོག་ནས་ཇི་ལྟར་སྒོམ་ཞེ་ན། ཉན་པ་རྐྱང་པས་མི་ཚད་ཐུན་བཅད་དེ་སྒོམ་དགོས། རང་རེས་ཐུན་བཅད་དེ་སྒོམ་པའི་ཚེ། འགོར་བླ་མའི་རྣལ་འབྱོར་རེ་འདོན་སྒོམ་བྱེད། དེ་ནས་འདུག་སྟངས་མྱ་ངན་གྱི་འདུག་སྟངས་བྱ་སྟེ། དྲང་སྲོང་ཙོག་པུར་དང་ཧ་ལམ་འདྲ་བ་ལ། ལག་པ་གཉིས་ཁུ་ཚུར་བཅངས་ཏེ་འགྲམ་པ་སྐྱོར་ནས་འདུག འདི་སྐབས་ཁ་དཔེ་བཤད་པ་ལྟར་དེ་འདྲ་ཡོད་དར་བསམ་རྒྱུ་འདྲ་མ་ཡིན་པར། ངོ་མ་རང་ཉིད་དེ་འདྲ་ཞིག་གི་ནང་དུ་ཐོན་ཡོད་པ་དང་། རང་ཉིད་ཀྱིས་དེ་ལྟར་མྱོང་བཞིན་ཡོད་པ་ཞིག་སྒོམ་དགོས། དཔེར་ན་མིག་གིས་རོ་སྐྱུར་བོ་ཅན་མཐོང་ན་ཁ་ནས་འགྲམ་ཆུ་ལྡང་བ་ལྟར། སྒོམ་དུས་བསྒོམ་རྒྱུའི་སྣང་བ་དེ་རང་ཉིད་ཀྱི་ཚོར་སྣང་ཐོག་ཏུ་ཡོང་ངེས་སུ་བྱ་དགོས། ཆོས་གང་སྦྱོང་ན་དེ་འདྲ་རེད། རང་ཉམས་ལ་ཕན་ཐོགས་ཡོད་པ་ཞིག་མ་རེད་པར་ཕྱི་ཚུལ་གྱི་ཚུགས་ཀ་བཏོད་ན་དེ་རང་མགོ་རང་གིས་གཡོག་པ་རེད། དེས་ན་འདི་ལྟར་བསྒོམ་དགོས། དེ་ཡང་བདག་ཉིད་ཡིད་ལ་མེད་པ་ཞིག་ལ་ངོ་མི་ཤེས་པའི་ལུང་པ་མཐོང་བ་ཙམ་ན་སྐྲག་ཅིང་འཇིགས་སུ་རུང་བ། མྱ་ངམ་གྱི་ཐང་ཤིན་ཏུ་རྒྱ་ཆེ་བ། དེའི་ལུང་པ་དེ་ན་མིའི་རྒྱུ་འགྲུལ་མི་དགོས་རྗེས་ཙམ་ཡང་རིག་རྒྱུ་མེད་པ། ས་ཐོག་གི་མི་མ་དགོས་ནམ་མཁའི་བྱ་འཕུར་རྒྱུ་མེད་པ། རླུང་སྒྲ་དྲག་པོ་སུ་རི་རི་སྒྲོག་པ། རླུང་གི་སྒྲ་དང་འགྲོག་པའི་འཇག་སྐྱ་པུ་རུ་རུ་ཟེར་བ། འདྲེ་ཕུར་པར་བཏགས་ན་མི་བཟུང་ས། ལྷ་གཡང་སྐྱབས་བཅས་ན་མི་འཁྲི་ས་དེ་འདྲའི་ས་ཆ་ཞིག་ཏུ་སླེབས་ནས། ཅི་བྱ་བརྟོལ་མེད་ཅིང་ཡིད་སློང་སློང་པོའམ་སེམས་སྐྱོ་ལྷང་ལྷང་པོར་གྱུར་ནས་ཡོད་ཙ་ན། གློ་བུར་དུ་གང་ནས་འོངས་བའི་ཆ་མེད་པའི་སྐྱེ་བོ་ཕོ་མོ་དཀར་ནག་གཉིས་བྱུང་བ་སྟེ། སྐྱེས་པ་ཁ་དོག་དཀར་པོ་དང་བུད་མེད་ཁ་དོག་ནག་པོ་ཅན་གཉིས་བྱུང་ནས་དེ་གཉིས་ཀྱིས་འདི་ལྟར་ཟེར། ས་ཚོགས་དྲུག་སྒྱུ་མའི་གྲོང་ཁྱེར་བྱ་བ་ན་ཡིད་བཞིན་གྱི་ནོར་བུར་མཆིང་བུ་བྱ་བ་ཡོད། དེ་ལེན་དུ་འགྲོ་བ་ལ་ཆུ་བོ་ཆེན་པོ་ལ་གྲུ་གཟིངས་སུ་ཞུགས་ནས་འགྲོ་དགོས། རང་རེ་གསུམ་ལྷན་དུ་འགྲོགས་པར་འདོད་དམ་ཞེས་ཟེར་བ་ན། གཏམ་དེ་རང་གི་བློ་ལ་བབ་ནས་དེ་མི་ཆོག་རྒྱུ་མི་འདུག་པས་ངོ་མ་དེར་འགྲོགས་དགོས་བསམ་ནས། དེ་ལ་རང་ཉིད་བློ་ཡིད་ཕྱོགས་ཏེ་ཁོང་གཉིས་ཀྱི་རྗེས་སུ་འབྲངས་ནས་སོང་སོང་བ་ལས། ཅི་ཞིག་ན་རྒྱ་མཚོ་ཆེན་པོ་གནམ་ཐང་ལ་བབ་པ་འདྲ་བ། ཡར་གནམ་ལ་ལྟ་ན་གནམ་གྱི་མཐའ་དང་མར་རྒྱ་མཚོ་ལ་ལྟ་ན་མཚམས་མི་མངོན་པར་རྒྱ་ཁྱོན་བློས་མི་ཆོད་པ། རྒྱ་མཚོ་འཇམ་ཆིལ་ལེ་འཁྱིལ་བ་མ་ཡིན་པར་རྦ་རླབས་བར་སྣང་ལ་འཕྱོ་བ། མཐོང་ན་འཇིགས་སྐྲག་སྐྱེ་བ། དེའི་ནང་ན་ཆུ་སྲིན་གྱི་རིགས་མི་འདྲ་བ་སྐྱེས་རབས་སོགས་སུ་འབྱུང་བ་ལྟར་འཛིན་འཁྲི་དང་། རལ་གྲིའི་སོ་ཅན་སོགས་དང་། སྲོག་ཆགས་གང་དང་འཕྲད་ན་སྲོག་འཕྲོག་པར་བྱེད་པའི་ཉ་བོ་ཆེ་དང་། ཆུ་མི་དང་། ཆུ་རྟ་ལ་སོགས་པ་མདོར་ན་གདུག་པ་ཅན་སྔར་མིག་གིས་མཐོང་མ་མྱོང་བ། རིག་ན་སྐྱི་གཡའ་ཞིང་། འཕྲད་ན་སྲོག་འཕྲོག་པར་བྱེད་པའི་འགའ་རེ་མགོ་ཆེ་ལ་ལུས་ཆུང་བ། འགའ་རེ་ལུས་ཆེ་ལ་མགོ་བོ་ཆུང་བ། འགའ་ཞིག་མགོ་ཆེན་པོ་མགོ་ལུས་ཚང་མ་ཁ་རེད་སོང་བ་སོགས་སྲོག་ཆགས་མགོ་ལུས་མི་མཚུངས་པ་མང་པོས་རྒྱ་མཚོ་ཁེངས་ཤིང་གང་བ། རྒྱ་མཚོ་རླུང་ཆེན་གྱིས་བསྐུལ་བའི་རྦ་རླབས་ཀྱི་གཉེར་མ་ལ་ཕར་ཚུར་འཇུག་ལྡོག་བྱེད་པ་ཞིག་གི་རྩར་སླེབས། དེར་རང་ཉིད་ཤིན་ཏུ་འཇིགས་ཤིང་སྐྲག་པས་བྲོས་འཚལ་བ་ནའམ་བྲོས་བསམ་པ་ཞིག་ཡིན་ནའང་། ནོར་བུ་དེ་ལོན་དུ་རེ་བའི་འདོད་པས་གདུངས་ཏེ་སྐྲག་ཞོར་འཇིགས་ཞོར་དུ་ཁོང་གཉིས་ཀྱིས་གཏོང་བའི་གཟིངས་སུ་ཞུགས་ཏེ་སོང་སོང་བ་ན་རྒྱ་མཚོ་ཆེན་པོ་ལ་བརྒལ་བ་ལས་མཚོ་ཆེན་པོ་དེའི་དཀྱིལ་ཙམ་དུ་སླེབས་པ་དང་། གློ་བུར་དུ་རླུང་དམར་དྲག་པོ་ཤིན་ཏུ་མི་བཟད་པ་ཞིག་ལངས་ནས་རྒྱ་མཚོའི་རླབས་ཇེ་ཆེར་སོང་བས་དེའི་འཇིགས་སྐྲག་གིས་མ་བཟོད་པར་སྐྱ་བ་ཞེས་གྲུ་འདོར་བྱེད་ཤིན་ཏུ་དུབ་ཅིང་རྩོལ་བར་བརྒྱབ་པ་ལས་མི་སྐྱེས་ཕོ་མོ་དེ་གཉིས་ཀྱི་ལག་པའི་སྐྱ་བ་ཟུང་ཡང་དུས་གཅིག་ལ་ཐུག་སྟེ་མཉམ་པོར་ཆག ཆུའི་རྦ་རླབས་ནམ་མཁའ་ལ་འཕྱོ་བ་ལྟ་བུས་རེས་འགའ་གྲུ་གཟིངས་སྲིད་པའི་རྩེ་མོ་ལ་ལྡིང་བ་སྙམ་བྱེད་པ་དང་། རེས་འགའ་ཆུ་བོ་བར་སྣང་ལ་འཕྱོ་ཞིང་གྲུ་གཟིངས་རྒྱ་མཚོའི་གཏིང་དུ་ཆུད་པ་སྙམ་བྱེད་པ། དེའི་ཚེ་བྲོས་པས་ཐར་པ་དང་། གཞན་ལ་ར་མདའ་སྦྲན་དང་། རང་སྟོབས་ཀྱིས་ལག་པ་འཇུ་ས་ནི་མེད། ལུས་ཅན་ཐམས་ཅད་འཆི་བ་དེ་ལས་ཐར་མི་ཞེས་ཟེར་འདུག་རྒྱུའི་འཆི་བ་འཆི་བ་ཟེར་བའི་འཇིགས་པ་ཅན་གྱི་དགྲ་ཆེན་དེ། དབུགས་ཕར་ཚུར་འབྱུང་འཇུག་ཙམ་གྱི་ཁོངས་སུ་བཙན་ཐབས་སུ་སླེབས། ད་ནི་འཆི་རྒྱུ་མ་གཏོགས་ཐར་ས་ཡོད་མ་སོང་། སྔོན་ཆད་འཆི་བ་དེ་དེ་འདྲ་ལས་སླ་མོ་ཞིག་གིས་ཡོང་སྣང་ཡེ་མ་དྲན་པས། འཆི་དུས་མི་འཇིགས་པ་དང་དེ་ལ་ཕན་པའི་ཆོས་བྱས་པའི་གདེང་ཚོད་ནི་རང་ལ་མེད། གཅེས་པའི་བུ་དང་ཞེན་ཆགས་ཀྱི་ཡུལ་ནོར་རྫས་གཉེན་འདུན་ཡུལ་མི་ཁྱིམ་མཚེས་ཐམས་ཅད་དང་ཉི་མ་དེ་རིང་ནས་བྲལ་ཞིང་། འཇིགས་སྐྲག་འདི་འདྲས་སྡུག་ཐུག་པའི་ཉི་མ་བྱུང་དུས་དེ་དག་གིས་ཕན་པ་ནི་ཏིལ་འབྲུ་ཙམ་ཡང་མེད། ཇི་སྐད་དུ། ཚེ་འདི་སྐྱིད་ཀྱང་དེ་རིང་ཉིན་གུང་ཙམ། །ཕྱི་མའི་སྣང་བ་མི་རིང་སང་ཉིན་ཙམ། །བར་དོའི་སྣང་བ་དེ་བས་མི་རིང་ཙམ། །ད་ལྟ་ཉིད་ནས་དམ་པའི་ཆོས་ལ་འབུངས། །ཞེས་པ་ལྟར་དྲན་མ་ཐུབ་པས་འདི་འདྲ་བྱུང་སོང་། ད་དྲན་ཡང་ཕྱིས་དྲགས་སོང་། ད་ཅི་བྱེད། ཨ་ཙི་འཇིགས་པ་ལ། ད་ཅི་བྱེད་ན་དྲག ཨ་ཙ་མ་ཞེས་སྐྲག་པའི་འཇིགས་པ་ཐོག་ཏུ་བབ་པའི་ཚིག་དང་། ཀྱི་ཧུད། ཀྱི་ཧུད། ཅེས་སྨྲེ་སྔགས་དང་དེ་ངུ་འབོད་དང་ལྡན་པའི་འོ་དོད་དྲག་པོ་འདོན་གྱིན་ཡོད་པའི་ཚེ་ན། གློ་བུར་དུ་མདུན་གྱི་ནམ་མཁར་སྐུ་དྲིན་ཅན་གྱི་བླ་མ་ཞེས། བཀའ་ཡི་དྲིན་གསུང་གི་བདུད་རྩིས་སྐྱོང་བའི་བཀའ་དྲིན་དང་། སྐུ་ཡིས་རྫས་གནང་བ་དང་སྐུ་དངོས་ཀྱིས་སྲོག་སྐྱོབ་པ་སོགས་ལ་སྐུ་དྲིན་དང་། ཡང་ན་གསུང་གི་ཆོས་ཀྱིས་བསྐྱངས་ཤིང་ཐུགས་ཀྱི་བྱིན་རླབས་འཕོ་བའང་རྟེན་གཟུགས་སྐུ་ལས་བརྒྱུད་ནས་བྱུང་བས་ན། སྐབས་འདིར་བཀའ་དྲིན་དང་སྐུ་དྲིན་གཅིག་མཚུངས་ཤིག་གོ་ན་ཨེ་ཆོག་སྙམ། དེ་ལྟ་བུའི་སྐུ་དྲིན་ཅན་གྱི་རྩ་བའི་བླ་མ་དེ་ཉིད་ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་འགྱུར་ཅན་དུ་སྐུ་གར་སྟབས་ལིང་ལིང་བྱོན་ནས། ཀྱེ་ཞེས་འབོད་པའི་ཚིག་གིས་ཁྱོད་ཀྱིས་འཁོར་བའི་རྒྱ་མཚོ་ཆེན་པོ་སྡུག་བསྔལ་གསུམ་གྱི་རང་བཞིན་ཅན་འདི་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་མཐོང་སྟེ། མི་གཙང་བ་ལ་གཙང་བ་དང་། སྡུག་བསྔལ་བ་ལ་བདེ་བ། མི་རྟག་པ་ལ་རྟག་པ། བདག་མེད་པ་ལ་བདག་ཏུ་འཛིན་པས་མཁྲིས་ནད་ཅན་གྱིས་དུང་ལ་སེར་པོར་སྣང་བ་ལྟར་ཕྱིན་ཅི་ལོག་གི་རྟོག་པས་དེ་ལྟར་མཐོང་བ་ཡིན། སྙིང་མེད་འཁོར་བའི་ཆོས་ལ་ཞེན་ལོག་དང་ངེས་འབྱུང་མ་སྐྱེས། འཆི་ཁར་ཕན་པའི་ཆོས་ཡེ་ནས་མ་དྲན་པས་ལན་ནས་འདི་བྱུང་བ་རེད། ཁྱོད་རང་གི་ད་ལྟའི་སྣང་བ་འཁྲུལ་སྣང་ཤིན་ཏུ་འཐུག་པོའི་ཨ་འཐས་མངོན་ཞེན་ཅན་འདི་ནི་མ་རིག་པ་རྣམ་པ་གསུམ་ལས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ལས་བྱུང་ངོ། །སྤྱིར་མ་རིག་པ་འདི་ལ་རྫོགས་པ་ཆེན་པོའི་རྒྱུད་རང་ཤར་ལས། དབྱེ་བ་དྲུག་གསུངས་ཏེ། རྩ་བ་སེམས་ཀྱི་མ་རིག་པ་དང་། འཁྲུལ་པ་ཡུལ་གྱི་མ་རིག་པ། འཁྲུལ་རྒྱུ་གཞི་ཡི་མ་རིག་པ། འཛིན་པ་རྟོག་པའི་མ་རིག་པ། བཅོས་པ་ལམ་གྱི་མ་རིག་པ། མ་ཤེས་རྨོངས་པའི་མ་རིག་པ་རྣམས་ཡོད་ཀྱང་། དང་པོ་སེམས་ཅན་འཁྲུལ་པའི་ཚེ་གཞི་ལས་གཞི་སྣང་ཤར་བ་ན། ཐུགས་རྗེའི་རྩལ་ཤེས་པ་གསལ་རིག་གི་རྣམ་པ་ཡུལ་དཔྱོད་བྱེད་དུ་ཤར་བ་ལ་ལྟོས་ཏེ། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་ཤེས་པའི་རྣམ་པ་དེ་ལ་རང་ངོར་མ་ཤེས་པ་དེ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་ནི་རང་ངོ་མ་ཤེས་པ་དེ་ལས་དཔྱོད་བྱེད་ཤེས་པ་ཕྲ་མོ་དེ་ཉིད་ནུས་པ་ཇེ་ཆེར་སོང་ནས་མ་ཤེས་པའི་ལྡོག་པ་དེ་དང་། ཀུན་ཏུ་བཏགས་པའི་མ་རིག་པ་རང་སྣང་ལ་བདག་གཞན་གཉིས་སུ་རྟོག་པ་གྱུར་པའི་ཆ་དེ་གསུམ་རེད། ཆ་ཞེས་ཟེར་དོན་དེ་གསུམ་ཤེས་པ་གཅིག་ལ་ལྡོག་པ་ཐ་དད། ངོ་བོ་གཅིག་ཡིན་པ་དེ་རང་སྣང་ལ་ཤར་བའི་གནས་སྐབས་ན། གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་གཞི་སྣང་གི་རང་བཞིན་ཡིན་པར་མ་ཤེས་པས་གཞན་ཡིན་པར་བཟུང་བའི་ཁྱད་པར་གྱི་ཐོག་ནས་འཁྲུལ་སོང་བ་དེ་འདྲ་ཞིག་རེད། དེས་ན་འདི་ད་ལྟའི་སྣང་བ་ཨ་འཐས་མངོན་ཞེན་ཅན་འདི་ནི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ལས་བྱུང་ངོ་ཞེས་གསུངས་སོ། །བསླུ་བྲིད་མཁན་གྱི་སྐྱེ་བོ་ཕོ་མོ་གཉིས་ནི་རང་ངོ་མ་ཤེས་པ་དེ་དང་མཉམ་དུ་རྟོག་དཔྱོད་ཀྱི་ཤེས་པ་བྱུང་བ་ལྷན་སྐྱེས་ཀྱི་མ་རིག་པ་དང་། རང་སྣང་ལ་བདག་གཞན་དུ་འཛིན་པའི་ཆ་ཀུན་ཏུ་བཏགས་པའི་མ་རིག་པའོ། །རྒྱ་མཚོ་ཆེན་པོ་ནི་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མཐའ་མེད་པ་འདིའོ། །གྲུ་གཟིངས་ནི་གཟུགས་ནི་དབུ་བ་རྡོས་པ་འདྲ་ཞེས་གསུངས་པ་བཞིན་དབུ་བ་བརྡོས་པ་ལྟ་བུའི་ཟག་བཅས་ལས་ཉོན་གྱིས་བསྐྱེད་པའི་སྒྱུ་ལུས་ཀྱི་ཕུང་པོའོ། །སྐྱེ་བོ་ཕོ་མོ་དེ་གཉིས་ཀྱིས་ལག་ན་གཟུང་བའི་གྲུ་འགྲོ་བྱེད་ཀྱི་སྐྱ་བ་གཉིས་ཐུག་གིས་ཆག་པ་ནི། ཉིན་དང་མཚན་མོ་ལྟེ་བ་བསྣོལ་གྱི་ཐོག་ནས་མི་ཚེ་བཅར་གྱིས་ཟད་ནས་དེ་ལ་ཡར་ཁ་བསབས་ཐེབས་ཅིས་ཀྱང་མེད་པའོ། །ཀྱེ་རིགས་ཀྱི་བུ། ད་ནི་ཤི་བས་ཀྱང་མི་ཆོག་ཤི་ཚར་ནས་ལས་ཀྱི་རྗེས་སུ་འབྲངས་ཏེ་རྣམ་སྨིན་མྱོང་དགོས་ཀྱི། ཤི་ཚར་ནས་མུ་སྟེགས་ཆད་པར་ལྟ་བ་གཅེར་བུ་རྒྱང་འཕེན་པའི་འདོད་པ་བཞིན་ཁྲོན་པ་ཞབས་མེད་པའི་ནང་དུ་རྡོ་འཕངས་པ་བཞིན་དུ་གར་སོང་འདིར་སོང་མེད་པར་སོང་ན་དེ་ཀས་ཆོག་སྟེ། ཆད་པར་ལྟ་བའི་མུ་སྟེགས་པ་རྣམས་ཀྱིས་ཚེ་སྔ་ཕྱི་དང་། ལས་རྒྱུ་འབྲས། ཐར་པ་དང་གྲོལ་བ། མ་མཐོང་བའི་འགྲོ་བ་མེད་ཟེར་བ་རེད། དེ་མེད་པར་ཇི་ལྟར་སྒྲུབ་ན། རིགས་པའི་སྒོ་གཅིག་དང་། དཔེ་གསུམ་དང་ཚུལ་བཞིའི་སྒོ་ནས་སྒྲུབ་པ་རེད། རིགས་པའི་སྒོ་གཅིག་ནི། རང་གི་དབང་པོའི་སྤྱོད་ཡུལ་དུ་མ་མཐོང་བའི་ཕྱིར་ན་མེད་པར་འདོད་པ་དང་། དཔེ་གསུམ་ནི། རྒྱུ་མེད་པའི་དཔེ། སྤང་ལ་ཤ་མང་རྡོལ་བ་ལྟ་བུ། འབྲས་བུ་མེད་པའི་དཔེ། ཐལ་བ་རླུང་གིས་གཏོར་བ་ལྟ་བུ། ཆོས་ཐམས་ཅད་རྒྱུ་མེད་ངོ་བོ་ཉིད་ཀྱིས་བྱུང་བའི་དཔེ། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟེང་རིང་རྣོ་བ་དང་། །རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་། །ཟེར་བ་ལྟ་བུ་དང་། ཚུལ་བཞི་ནི། ཚེ་སྔ་ཕྱི་མེད་ཀྱང་ཕྱིའི་འཇིག་རྟེན་བདེ་སྡུག་སོགས་ཡོད་པའི་ཚུལ་དང་། བདག་གཙོ་བོ་ལྟ་བུ་སྔ་ཕྱིར་འཕོ་བ་མེད་ཀྱང་གློ་བུར་ལུས་གྲུབ་དུས་རང་ཆས་སུ་ཡོད་ཚུལ། ས་སོགས་འབྱུང་བ་རྣམས་ལ་རིག་པ་སྐྱེད་ནུས་ཀྱི་རྒྱུ་ཡོད་པ་ལྷན་ཅིག་ཏུ་འདུས་པ་ལས་ཆན་ལས་མྱོས་བྱེད་ཀྱི་ནུས་པ་ལྟར་ཤེས་པ་གསར་དུ་གྲུབ་ཚུལ། ལམ་སྦྱོང་དཀའ་ཐུབ་ཀྱི་གྲོལ་བ་མེད་ཀྱང་རང་བཞིན་ཤི་བ་ན་ཐམས་ཅད་གྲོལ་བ་གཅིག་པའི་དབྱིངས་སུ་གནས་པའི་རྒྱུ་འབྲས་མེད་པའི་ཚུལ་ཤེས་ན། གྲོལ་བའི་ཆེད་དུ་ངལ་དུབ་སོགས་ལ་མི་བརྟེན་པའི་རྒྱང་འཕེན་གྱི་གཞུང་བསྟན་པ་དོན་མེད་མིན་པའི་ཚུལ་ཏེ་བཞིར་འདོད་པ་རེད། འདི་ན་དེ་ཚང་གིས་འདོད་པ་ལྟར། བཟང་མོ་མ་ཤི་བར་དུ་ཅི་བདེར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ཟེར་བ་ལྟར་ཡིན་ན་ཤི་རྒྱུ་རྐྱང་པའི་སྡུག་རེད། དེ་ཕན་ཆད་མེད་ན་དེ་ཀས་ཆོག་གི་དྲག་ཀྱང་། དེ་མིན་པར་མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱ་ཡང་ཆུད་མི་འཛའ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་མྱུར་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་སྐྱེས་བུས་བྱས་ཤིང་བསགས་པའི་དཀར་ནག་གི་ལས་ཐམས་ཅད་ཆུད་མི་ཟ་བ་ཁྲེ་འུར་ཞེས་པ་བརྡ་རྙིང་ཞིག་རེད། སྐབས་འགར་ཁྲ་བོ་ལ་གོ་བ་ཡོད་ཀྱང་། འདིར་དཀར་ནག་གི་ལས་གཞི་གཅིག་ཏུ་བསགས་པ་ལ་གོ་དགོས་པས། དཀར་ནག་གི་ལས་སྣ་ཚོགས་པར་བསགས་པ་ཐམས་ཅད་མ་ནོར་མ་འདྲེས་པར་གནམ་ཐིག་དྲང་པོ་ཡོ་ཟུར་མེད་པར་བཏབ་པ་བཞིན་དུ། ནོར་བ་དང་འཕྱུགས་པ་མེད་པར་ལས་བྱེད་པ་པོའི་སྟེང་དུ་ཇི་ལྟར་བྱས་པ་དེ་ལྟར་འབབ་པ་ཡིན་གསུངས་ཏེ། ཡོན་ཏན་མཛོད་ལས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་གསུངས་པ་བཞིན། དཔེར་ན་བྱ་འདབ་ཆགས་གཤོག་ཅན་ཞིག་ནམ་མཁའ་མཐོན་པོའི་དབྱིངས་སུ་འཕུར་སོང་ན། ད་ལྟ་རེ་ཞིག་དེའི་གྲིབ་མ་འདི་ཡིན་ཞེས་ལྷག་པར་མ་མངོན་ནའང་། དེའི་གྲིབ་མ་མེད་པར་སོང་བ་མ་ཡིན་པར་བྱ་ས་ལ་བབ་པ་དང་མཉམ་དུ་གྲིབ་མ་ནག་རིལ་ལེ་མཐོང་ཡོང་བ་བཞིན་དུ། སྐྱེས་བུས་དགེ་སྡིག་གི་ལས་བྱས་པ་ཐམས་ཅད་དེ་མ་ཐག་ཏུ་མ་མངོན་ནའང་། མཐར་རང་གི་ཐོག་ཏུ་མི་བབ་འགྲོ་ས་གཞན་ཞིག་མེད། དེས་ན་ཤི་རྒྱུའི་མི་ཚད་བསགས་པའི་ལས་ཀྱི་རྣམ་སྨིན་རང་ཐོག་ཏུ་འབབ་རན་པ་ཡིན་པས། དེ་ལ་བསམ་ན་ད་ཇི་ལྟར་བགྱི། ཞེས་གསུངས་པས་དེ་དུས་ཤི་བའི་སྡུག་བསྔལ་མྱོང་རྒྱུ་མི་ཚད་ཤི་ནས་ལས་ཀྱི་རྣམ་སྨིན་མྱོང་རྒྱུ་ལ་བསམ་ནས་སླར་འཇིགས་ཤིང་སྐྲག་པ་དང་སྡུག་བསྔལ་ཤིན་ཏུ་ཇེ་ཆེར་སོང་ནས། བླ་མ་དང་ཨོ་རྒྱན་ཆེན་པོ་དབྱེར་མེད་པ་ལ་ཡིད་ཁྱེད་ཤེས། བློ་གཏད་ལིང་བསྐྱུར་གྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་ཅི་བྱ་དང་འདི་བྱ་གཏོལ་མེད་པར་ཡོད་ཙ་ན། བླ་མའི་ཐུགས་ཀ་ནས་འོད་ཟེར་དཀར་ལ་འཚེར་བ་བ་ཐག་འཛིངས་པ་ལྟ་བུ་ཞིག་སྐྱ་ནར་གྱིས་བྱུང་སྟེ། རང་གི་སྙིང་གར་ཟུག་པ་དང་མཉམ་དུ་གྲུ་གཟིངས་མགོ་མཇུག་ལྡོག་པ་དང་དུས་མཉམ་སྟེ་ལུས་སེམས་རྒྱབ་གྱེས་བེམ་རིག་གཉིས་ཁ་བྲལ་ཏེ། དེ་མ་ཐག་ཏུ་སྐུ་གསུམ་ཀྱི་གཞལ་ཡས་ཁང་པདྨ་འོད་ཀྱི་ཕོ་བྲང་དུ་ཨོ་རྒྱན་ཆེན་པོའི་ཐུགས་དང་གཉིས་སུ་མེད་པར་གྱུར་ནས་སངས་རྒྱས། དེ་ལྟ་བུའི་རྒྱུ་མཐུན་གྱིས་འཇིགས་པས་མནར་ཞིང་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་བདག་གིས་ཐར་པའི་གླིང་དུ་འདྲེན་ནུས་པའི་སྐལ་བ་རང་ཉིད་ཀྱི་རྒྱུད་ལ་བཞག་པར་བསམ་དགོས། དེ་ལྟར་བསམ་པའི་རྗེས་སུ་སྤྲོས་བྲལ་ལྟོས་མེད་ཀྱི་ངང་དུ་མཉམ་པར་བཞག་པས། དུས་གསུམ་གྱི་རྣམ་རྟོག་ཐམས་ཅད་རྟེན་མེད་ཁ་ཡན་རང་བབ་ཏུ་གློད་ལ། འཕྲོ་ན་འཕྲོ་བའི་ཐོག་དང་། གནས་ན་གནས་པ་སོ་སོའི་ཐོག་ཏུ་དྲན་པའི་བྱ་ར་དང་བཅས་ཏེ་བཞག་གོ། །ཞེས་གསུངས་སོ། །སྤྱིར་རྩེ་གཅིག་འདུན་པའི་གཞུ་ལ་དྲངས་ཏེ་མི་གཡོ་བར་མཉམ་པར་བཞག་པ་དེ་ཞི་གནས་ཡིན་ལ། འདིའི་ཁྲིད་རྐང་འདི་འདྲ་ཡིན་ན། དང་པོ་དམིགས་རྟེན་མཚན་མ་ཡོད་པའི་དམིགས་པ་དེ་ལ་དམིགས་ཏེ་རང་གིས་དངོས་སུ་ཉམས་སུ་མྱོང་བཞིན་ཡོད་པ་ཞིག་སྒོམ། དེ་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་མི་རྟོག་པའི་ངང་དུ་རྒྱ་མཚོ་རླབས་ཀྱིས་མི་བསྐྱོད་པ་བཞིན་དུ། འཇུ་དྲན་དང་བྲལ་བའི་ངང་དུ་གནས་པ་དེ་ཞི་གནས་དམིགས་མེད་ཡིན། དེའི་སྟེང་དུ་གསལ་སྟོང་བརྗོད་པ་དང་བྲལ་བའི་ཉམས་སྣང་མེད་ཀྱི་གསལ་ཆ་ཡོད་ན་ཞི་ལྷག་ཟུང་འཇུག་གི་སྒོམ་ཡོད་ཚུལ་རེད། ཡིན་ནའང་ལས་དང་པོ་པས་མཉམ་པར་བཞག་པའི་སྐབས་སུ་ཐ་མལ་རང་བབས་སུ་གློད་དེ་འཕྲོ་ན་འཕྲོ་བའི་ཐོག་དང་། གནས་ན་གནས་པའི་ཐོག་ཏུ་འདས་པའི་རྣམ་རྟོག་གི་རྗེས་མི་གཅོད། མ་འོངས་པའི་རྣམ་རྟོག་གི་མདུན་མི་བསུ། ད་ལྟའི་རྣམ་རྟོག་གིས་བཅས་བཅོས་མི་བྱེད་པར། གཞི་མེད་ཧ་སངས་རྗེན་པ། ཡངས་ཁྲོལ་ལེ་བའི་ཐོག་ཏུ་བཞག་ཐབས་དང་ལྡན་ཏེ་འཇོག་དགོས། འོན་ཀྱང་ལས་དང་པོ་བའི་ཚེ་ན་རྣམ་རྟོག་འདི་ཐོག་མེད་ནས་གོམས་པའི་དབང་དུ་སོང་བས་འཁྲུལ་པ་རྒྱ་འབྱམས་སུ་འགྲོ་བ་ཞིག་ཡིན་ཡང་། དྲན་པའི་རྒྱང་སོ་དང་མི་འབྲལ་བའི་སྒོ་ནས། ཡང་སྒོམ་ཡང་སྒོམ་ཡུན་ཐུང་གྲངས་མང་གིས་བསྒོམས་ན། སྒོམ་གྱི་བརྟན་ཆ་དང་ཞི་གནས་ཀྱི་གནས་ཆ་ཐོན་ཡོང་། ཞི་གནས་སྒོ་ཅན་གྱི་ཁྲིད་འདི་ལ་དང་པོ་བརྟན་ཆ་ཐོན་རྒྱུ་གལ་ཆེན་རེད། དྲན་པའི་བྱ་ར་ཞེས་དྲན་པའི་སོ་བ་ལ་ཟེར། སྤྱིར་ན་དྲན་པ་ཞེས་པ་དེ་སེམས་མི་གཡེང་བར་དམིགས་པ་གང་ཡིན་པ་དེ་མི་བརྗེད་པ་ཞིག་ལ་ཟེར་བ་རེད། རྫོགས་པ་ཆེན་པོའི་སྐབས་སུ་འདུ་བྱེད་ཀྱི་དྲན་པ་དང་། ཆོས་ཉིད་ཀྱི་དྲན་པ། མ་བཅོས་རང་བབས་ཀྱི་དྲན་པ་རྣམས་གསུང་རྒྱུ་ཡོད་པ་རེད། ལས་དང་པོ་པས་འཕྲོ་གནས་སོ་སོའི་སྟེང་དུ་རང་བབས་སུ་གཞག་བྱ་འཇོག་བྱེད་གཉིས་དང་བྲལ་བའི་སྒོ་ནས་མ་ཡེངས་པར་སྒོམས། མཉམ་བཞག་དེ་ལས་ལྡང་བའི་རྗེས་ཐོབ་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། མདང་དགོང་མ་ཉལ་གྱི་རྨི་ལམ་ལྟ་བུ་སྣང་ལ་རང་བཞིན་མ་གྲུབ་པའི་ངེས་ཤེས་སམ། མཉམ་བཞག་གི་ནུས་པའམ་ངེས་པ་ཚུར་རྗེས་ཐོབ་ལ་དྲངས་ནས། སྤྱོད་ལམ་ལ་ཞུགས་པའི་སྐབས་ཡིན་ན། ཆོས་ཆོས་རེད་འཇིག་རྟེན་འཇིག་རྟེན་རེད་བསམ་ནས་ད་ལྟ་ཆོས་རའི་ནང་གི་མི་དེ་ད་མིན་པར། དགེ་སེམས་སྐད་ཅིག་མ་དེ་ཆོས་རའི་ནང་དུ་བསྐྱུར་ནས་རྒྱུག་འགྲོ་མི་ཉན། ཆོས་ཞུས་པ་དེ་སྤྱོད་ལམ་དང་འཚོ་བའི་ནང་དུ་བེད་སྤྱོད་གཏོང་ཐུབ་དགོས་རེད། འུ་ཚོས་ད་རེས་ཁྲིད་སྦྱོང་བྱ་བའི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་འདི་ལ་སེམས་སྦྱོང་རྣམ་པ་བདུན་ཡོད། དེའི་བདུན་པ་དེ་ལ་ནང་གསེས་གསུམ་དུ་ཕྱེས་ནས་ཁྲིད་རྐང་ཚན་པ་དགུ་ཡོད་པ་རེད། ཁྲིད་རྐང་སྔ་མ་དྲུག་པོ་རེ་རེ་ལ་ཉིན་གཉིས་རེ་དང་། ཕྱི་མའི་ནང་གསེས་གསུམ་ལ་ཉིན་གསུམ་བཞི་ཙམ་རེ་དུས་ཚོད་དང་བསྒྲིགས་ནས་ཁྲིད་སྦྱོང་བྱེད་ན། ཚོགས་འཁོར་བཅས་པ་ཟླ་ཁྲིད་གཅིག་ལྷག་གི་འཆར་གཞི་རེད། ཁ་སང་ཡན་གྱི་ཆོས་ཁྲིད་ཉིན་གཉིས་ལས། ཉིན་དང་པོ་ལ་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། གཉིས་པ་ལ་ཆོས་འཆད་ཉན་ཇི་ལྟར་བྱ་ཚུལ་ཐེག་པ་སྤྱིའི་ཁོག་འབུབས། ད་དེ་རིང་དངོས་གཞི་ཁྲིད་རྐང་དང་པོ་འདུས་བྱས་མི་རྟག་པ་སྒོམ་པ་རེད། འདི་ལ་ལུང་ལ་བརྟེན་ནས་རྗེས་སུ་དཔག་པ་དང་། མན་ངག་ལ་བརྟེན་ནས་རྒྱུད་ལ་སྦྱར་བའི་ས་བཅད་གཉིས་ཀྱི་སྒོ་ནས་གསུངས་ཡོད་ལ། སྒོམ་དུས་ཀྱང་དེ་ལྟར་དུ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་བྱས་ནས་སྒོམ་དགོས་ཏེ། རང་རེས་སྦྱངས་ཏེ་ཉམས་སུ་ལེན་དུས། དང་པོ་ཐོས་བསམ་གྱི་སྒོ་ནས་ལུང་གི་དོན་ལ་ཚད་མ་གསུམ་གྱིས་དཔྱད་ནས་ངེས་ཤེས་འདྲོང་དུ་བཅུག་པ་དང་གོ་བ་སྐྱེས་འཇུག དེ་ནས་མན་ངག་རང་རྒྱུད་ལ་སྦྱར་དུས་དོན་ངོ་མའི་ཐོག་ནས་གོང་དུ་བཤད་པའི་གཏམ་རྒྱུད་དང་འབྲེལ་ནས་གསུང་རྒྱུ་དེ་རང་གི་རྒྱུད་ལ་མྱོང་ནས་སྨིན་ཡོད་པར་བྱས་ཏེ། དེ་ལྟར་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀ་བྱས་ནས་མཐར་མི་དམིགས་པའི་ངང་དུ་བཞག རང་རེའི་ཆོས་ཁྲིད་འདི་རིག་གནས་ཀྱི་སློབ་ཁྲིད་མ་རེད། ཁ་ཡང་ཟེར་ཤེས་པ་ཙམ་གྱིས་མི་ཆོག་ལ། ལུང་བཏོན་པ་དང་ཡང་མི་འདྲ། བཀླག་ལུང་གི་སྒྲ་རྣ་བས་ཐོས་དུས་ལུང་ཐོབ་སོང་ཡང་། འདི་ཁྲིད་རེད། ཁྲིད་ནང་གིའང་ལག་ཁྲིད་རེད། འདི་སེམས་ཐོག་ལུས་ཐོག་གཉིས་ཀ་ནས་ཉམས་སུ་བླངས་ཏེ་རང་རྒྱུད་འདུལ་ཐུབ་པ་དང་། སྔར་མེད་ཀྱི་སེམས་རྒྱུད་ལ་ཆོས་ངོ་མ་ཞིག་སྦྱར་རྒྱུའི་ཆེད་དུ་རེད། དེས་ན་རང་རྒྱུད་འདུལ་སྦྱོང་གི་སྔོན་འགྲོ་འདི་ཡག་པོ་རེད་ན་ཆོས་པ་རྣམ་དག ཆོས་ཁ་ཆོས་མིན་པའི་དོན་ཆོས་བསྒྲུབ་པ། ཆོས་བསྒྲུབ་ན་སྒྲུབ་གོ་ཆོད་པ་ཞིག་ཨེ་རེད་བསམ་ནས་འདི་བཤད་པ་རེད། དཔེར་ན་གྱང་དང་ཞལ་བ་རི་མོ་གསུམ་པོ་གཅིག་ལ་གཅིག་བརྟེན་ཡིན་པར་མ་ཟད། སྔ་མ་མེད་ན་ཕྱི་མ་ཡོང་ཐབས་མེད་པ་ཞིག་རེད། གྱང་མེད་ན་ཞལ་བ་གང་ལ་བྱུག དེ་གཉིས་མེད་ན་རི་མོ་གང་ལ་འབྲི། ཡག་པོ་ཞིག་གཏན་ནས་ཡོང་ཐབས་མེད་པ་དེ་བཞིན་དུ། ད་སྔར་སྔོན་འགྲོ་མེད་པའི་ཆོས་རེ་བསྒྲུབས་ཡོད་ན་དེ་ཞལ་བ་མེད་པའི་གྱང་ལ་རི་མོ་བཙོག་པ་འབྲི་བའམ། ཡང་ན་གྱང་དང་ཞལ་བ་གཉིས་ཀ་མེད་པའི་རི་མོ་ཡག་པོ་ཞིག་ཡོང་རེ་བའི་རེ་སྟོང་དོན་ལ་མི་གནས་པ་གང་རུང་ཞིག་རེད་སོང་བའི་རྟགས་རེད། ཆོས་གོ་ནས་ལོ་ཅི་ཙམ་སོང་ཡང་སེམས་འདི་ལ་འགྱུར་བ་ཞིག་འགྲོ་རྒྱུ་མེད་པ་དེ། དེ་འདྲ་ཐབས་མི་མཁས་པ། ཆོས་བསྒྲུབ་བསམ་ཡང་སྒྲུབ་ལུགས་མ་ཤེས་པས་ལན་སོང་བ་རེད། དེ་ཟེར་ན་ས་ཆ་འདིའི་མིས་བསམ་ན། སུ་གཅིག་གིས་ཆོས་སྒྲུབ་ལུགས་མི་སློབ་པས་ཁ་རོག་ཅི་ལ་ཤེས་འོང་བསམ་ན་མི་ཤེས་ཏེ། རང་གི་རྒྱུད་ལ་ཕན་ངེས་ཀྱི་ཆོས་བླ་མ་ལ་གསུངས་རོགས་ཞུ་དགོས་པ་རེད། དཔེར་ན་ནད་དུས་རང་གིས་སྨན་པ་ཕར་བཙལ་དགོས་པ་བཞིན་དུ། ཚེ་འདིའི་དོན་ཆུང་གང་ལ་རང་གིས་དོན་གཉེར་དང་འབད་པ་མ་བྱས་ན་མི་འགྲུབ་ན། འདི་ཕྱིའི་དོན་ཆེན་ལ་རང་གིས་དོན་གཉེར་གྱིས་འབད་པ་མ་བྱས་ན་ཇི་ལྟར་འགྲུབ། དེས་ན་རང་གིས་དོན་གཉེར་བྱེད་དགོས། རང་རེའི་ཆོས་ཁྲིད་ནང་བླ་གྲྭ་སྐྱ་སེར་ལོ་ཆེ་ཆུང་དང་བློ་མཆོག་དམན་གྱི་རིགས་མང་པོ་ཡོད་པས། དེ་དང་མཚུངས་པའི་ཁྲིད་སྦྱོང་བྱེད་ཚུལ་བསམ་བློ་གཏོང་དགོས། ཐོག་མའི་ཁྲིད་སྦྱོང་དྲུག་ཚང་མས་མཉམ་དུ་བྱ་རྒྱུ་དང་། བདུན་པའི་ཁྲིད་རྐང་གནད་ཆེན་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ། ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་གསུམ་ལ་ཐུག་དུས། མི་སྐྱ་ཕོ་མོ་རྣམས་ཀྱིས་བླ་མའི་རྣལ་འབྱོར་དང་སྦྲགས་ནས་སིདྡྷི་གསོག དགེ་འདུན་པས་གཏུམ་མོ་དང་རྩ་རླུང་འཕོ་བ་རྣམས་དང་སྦྲགས་ནས་སྦྱོང་དགོས། བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་དང་མཉམ་དུ་གཏུམ་མོ། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་དང་མཉམ་དུ་དེ་དང་འབྲེལ་བ་རྩ་རླུང་། ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་བ་དང་སྦྲགས་ནས་འཕོ་བ་སྦྱོང་། དེ་དུས་དབང་པོ་རབ་དང་སྦྱོང་བ་རབ་རྣམས་ཀྱིས། རབ་ཆོས་སྐུའི་འཕོ་བ་དབྱིངས་རིག་བསྲེ་བའི་རྩལ་སྦྱོང་། ཁྲེགས་ཆོད་ཐོད་རྒལ་ཟུང་འབྲེལ་གྱི་ཐོག་ད་ལོའི་དངོས་གཞིའི་བོགས་འདོན་ཡང་རེད་འགྲོ་དགོས། དེས་ན་ད་རེས་ཀྱི་ཆོས་ཁྲིད་འདི་ཁྲིད་སྦྱོང་གཙོ་བོར་བྱེད་དགོས། རང་ལ་འོང་སྒོ་ཅི་འདྲ་འོང་གཞན་ལ་རག་མི་ལས་པར་རང་ཉིད་ལ་རག་ལས་པ་རེད། ཐོག་མར་ཐུན་འགོར། བླ་མ་མཁྱེན། ལན་གསུམ། སྐུ་གསུམ་བཀའ་བརྒྱུད། རྒྱལ་བ་ཀུན་འདུས། སྐྱབས་གནས་ཀུན་འདུས་རྣམས་ཚར་གསུམ་རེའི་འཕྲོར། ཧྲཱིཿ འོག་མིན་ཆོས་ཀྱི་སོགས་གསུངས་ནས་བླ་རྣལ་བསྡུས་པ་རེ་ཨེ་དགོས་ལྟོས། དེ་ནས་དེ་རིང་ཡིན་ན། བུ་ཡིག་ལས་ཞེས་པའི་མན་ཆད་ལུང་ལས་དཔག་པ་དེ་དལ་མོར་བྱས་ནས་ཚར་གཅིག་འདོན། གཉིས་པ་དེ་ཉིད་མན་ངག་གི་སྒོ་ནས་རྒྱུད་ལ་སྒོམ་པ་ནི། དེ་ཡང་བདག་ཉིད་ཡིད་ལ་མེད་པ་མན་ཆད་ཤིན་ཏུ་དལ་མོ་ཚིག་ཁེར་ཟེར་གཉིས་ཟེར་བྱས་ནས་རྒན་རྒོན་རྣམས་ཀྱིས་གོ་ལོང་ཉན་ལོང་དང་བསམ་ལོང་ཡོད་པར་བྱས་ནས། མཚམས་མཚམས་སུ་ཡུན་ཅུང་ཟད་ཡོད་པ་ཞིག་བྱ་དགོས། འདིའི་སྐབས་སུ་མྱ་ངན་གྱི་འདུག་སྟངས་ཏེ། སྡུག་འདུག་ཁྱི་མོ་ཙོག་པུའི་འདུག་ལུགས། ལག་པ་ཁུ་ཚུར་ལག་མཐིལ་གཉིས་ཀྱིས་འགྲམ་པ་སྐྱོར་ནས། ཚིག་གིས་གསལ་བཏབ་ནས་རང་གི་ཐོག་ཏུ་དངོས་སུ་དེ་ལྟར་འབབ་ཡོང་བའི་མྱོང་བ་ཐོན་པའི་དམིགས་གཏད་ཅན་གྱིས་དེ་ལྟར་བྱས་ནས་སྒོམ་དགོས། མཐར་ཨོ་རྒྱན་ཆེན་པོ་དང་གཉིས་སུ་མེད་པར་སངས་རྒྱས་ཞེས་དང་། འཕྲོ་གནས་སོ་སོའི་ཐོག་ཏུ་དྲན་པའི་བྱ་ར་བཞག་གོ་ཞེས་པའི་སྐབས་ན་ལུས་འདུག་སྟངས་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱ་དགོས། རྣམ་སྣང་ཆོས་བདུན་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་གཉིས་ཀྱི་ལག་མཐིལ་གཉིས་པུས་མགོར་བཀབ། དཔུང་པ་ལྷོད་དེ་རྐྱོང་། རྒལ་ཚིགས་ཡར་མདའ་ལྟར་དྲང་པོར་སྲོང་། སྐེ་ཅུང་ནང་དུ་དགུག ཁ་ཧ་ཅང་མི་གདང་ཧ་ཅང་མི་བཙུམ་པར་མཆུ་སོ་མ་རེག་གི་བར་དུ་དབུགས་ཁ་ནས་གཏོང་། མིག་ཟིམ་བུའི་ཚུལ་གྱིས་མདུན་གྱི་བར་སྣང་ལ་ལྟ། དེ་འདུག་སྟངས་རེད། དེ་དུས་སེམས་ཀྱིས་ཇི་ལྟར་བསམ་ན། ལས་དང་པོ་པས་འཕྲོ་གནས་སོ་སོའི་ཐོག་ཏུ་དྲན་པའི་བྱ་ར་བཅས་བཞག་ཅེས་གསུངས་ན། རྣམ་རྟོག་ཡུལ་རྗེས་མི་འབྲང་བར། གུ་རུ་རིན་པོ་ཆེའི་ཐུགས་དང་དབྱེར་མེད་དུ་སངས་རྒྱས་པར་བསམ་ཞིང་དེའི་ངང་ནས་མོས་གུས་སྒོམ་ལ་འཆར་བ་ཞིག་བྱས་ཏེ། མཚན་མ་མེད་པའི་མི་རྟོག་པའི་ངང་དུ་བཞག་པར་བྱ་དགོས། དེ་ལྟར་གཞུང་གི་མན་ངག་ལུགས་ཀྱི་ཁྲིད་སྦྱོང་དེ་ལན་གསུམ་རེ་ཙམ་ཨེ་འགྲོ་ལྟོས། ཐུན་དེ་ལས་ལངས་ནས་དགེ་བ་བསྔོ་བར་བྱའོ། །ཡང་སང་ཉིན་སྔ་དྲོ་ནས་བཟུང་སྔ་དྲོ་རྣམས་ལ་འབུམ་ལྔའི་ཁྲིད་སྦྱོང་ཞིག་ཀྱང་བྱ་འཆར་རེད། ཐོར་ཐུན་སྔ་མོར་སོང་ཚར་བའི་དབང་དུ་བཏང་ནས། རླུང་རོ་བསལ་བ་དང་། རླུང་བྱིན་རླབས་སོགས་མི་དགོས། ངག་བྱིན་རླབས་ནས་སྔོན་འགྲོ་ངག་འདོན་ཧ་ཅང་མི་དལ་མི་བྲེལ་བས་གསུངས་ཏེ། སང་ཉིན་སྔ་དྲོ་ནས་སྐྱབས་འགྲོ་བསགས་ཏེ་ཐུན་གྱི་མཐའ་ན་མཇུག་ཕུད། སྔོན་འགྲོའི་ཁྲིད་སྦྱོང་བྱེད་རྒྱུ་འདི་ནི། བསགས་སྦྱོང་གཉིས་ཀྱི་གནད་བསྡུས་པའི་ཉམས་ལེན་རང་རེའི་ཆོས་བརྒྱུད་འདི་ལ་འབུམ་ལྔ་ཟེར་བ་ཞིག་གསོག་རྒྱུ་ཡོད་པ་དང་། ཇི་ལྟར་གསོག་པའི་ཚུལ་ཤེས་པའི་ཆེད་དང་། འབུམ་ལྔ་གསོག་ན་ཕན་ཡོན་ཅི་ཡོད་བསམ་པའི་དྲན་བསྐུལ་གྱི་ཆེད་དུ་འབུམ་ལྔ་གསོག་རྒྱུའི་མགོ་འཇོག་པ་རེད། ཐུན་ཚང་མ་ལ་དེ་འདྲའི་ཁྲིད་སྦྱོང་བྱེད། སྒོམ་རྒྱག་རྒྱུ་དང་འཆི་ཆོས་བསྒྲུབ་རྒྱུ་དེ་བླ་མ་གྲྭ་བ་མ་གཏོགས་མི་དགོས་པ་ཞིག་མ་རེད། རྒད་པོ་རྒན་མོ་རྣམས་སྒོམ་རྒྱག་པ་ལ་ངོ་ཚ་དགོས་པ་མ་རེད། དེ་བས་ཤི་དུས་ཁ་གདང་མིག་བགྲད་འཁྲུལ་ནས་ཁ་ལབ་རྒྱུ་དེ་ཚོ་ངོ་ཚ་བ་རེད། ངོ་ཚ་བའི་ཕན་ལ་ད་རུང་འཇིགས་སྐྲག་ཡོད་པ་རེད། སྐྲག་སྔངས་ཕྱོགས་ལ་བསམ་བློ་གཏོང་ཕོད་ཞིག་ཡིན་མ་རེད། ད་ནས་གྲ་སྒྲིག་གྱིས། མི་སྐྲག་རྒྱུ་རང་གིས་བྱེད་ཆོག སེམས་ལ་མི་འཇིགས་པའི་གདེང་རེ་ཡོད་ན་གནམ་ས་ཁ་རྡེབ་ཀྱང་མི་སྐྲག་པ་བྱེད་ཆོག་རེད། ཨེ་བྱེད་མི་བྱེད་ད་ལྟ་རང་ལག་རེད། དེ་ལྟར་ཐུགས་ལ་ཞོག། །།


previousཉིན་གསུམ་པའི་ཆོས་ཁྲིད། next