Nitartha Digital Library
Tibetan
 
previousཉིན་བཞི་པའི་ཆོས་ཁྲིད། next

ཉིན་བཞི་པའི་ཆོས་ཁྲིད།

བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་དཔུང་གཉེན་དུ་གྱུར་པ་གང་གིས། སེམས་ཅན་ཐམས་ཅད་ཉོན་མོངས་པའི་སྡུག་བསྔལ་ལས་བསྒྲལ་ཏེ་ཞི་བ་མྱང་འདས་ཀྱི་གོ་འཕང་དམ་པར་འགོད་པའི་ཆེད་དུ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངམ་ཆོས་འཁོར་རིམ་པ་གསུམ་གྱི་གསུང་གི་བདུད་རྩི་བཀའ་བསྩལ་བ་རེད། ཆོས་འཁོར་རིམ་པ་གསུམ་པོ་དེ་བཀའ་རྒྱ་ཆེ། གསུང་གྲངས་མང་། མན་ངག་ཐོར་བུའི་ཚུལ་དུ་གསུངས་ཡོད་པ་ཞིག་ཡིན་པས། དེའི་ནང་དོན་སྙིང་བཅུད་བསྡུས་ནས་གོ་སླ་ཉན་བདེའི་ཐོག་བཤད་ན། ངའམ་བདག་ཏུ་འཛིན་པའི་འཁྲུལ་པ་འདི་ཟད་བྱེད་དང་། གཞན་དོན་ལྷུར་ལེན་གྱི་བསམ་སྦྱོར་ལ་གོམས་པར་བྱེད་པའི་ཐབས་ཆ་ལག་དང་བཅས་པ་དེ་གཉིས་སུ་འདུ་ལ། དེའང་བདག་འཛིན་ཟད་བྱེད་ཀྱི་ཆོས་དེ་ལས་གཙོ་བོར་བརྩམས་ཏེ། བརྗོད་བྱའི་དབང་དུ་བྱས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས། རྗོད་བྱེད་ཀྱི་དབང་དུ་ན་ཉན་རང་གི་རིགས་ཅན་ལམ་ལ་བཀྲི་བའི་ཐེག་དམན་གྱི་སྡེ་སྣོད་གསུངས་ཤིང་། གཞན་དོན་ལྷུར་ལེན་གྱི་བསམ་སྦྱོར་གོམས་བྱེད་གཙོ་བོར་མཛད་དེ། བརྗོད་བྱ་ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཐེག་པ་དང་། རྗོད་བྱེད་ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་གསུང་རབ་རྣམས་གསུངས་སོ། །དེས་ན་སྟོན་པའི་བསྟན་པ་ཆུན་གཅིག་ཏུ་བཟུང་ནས་བསྟན་པ་དམ་ཆོས་ངོ་མ་ཉམས་སུ་ལེན་པ་ཞིག་ཡིན་ན། དེ་གཉིས་ཀ་འགལ་མེད་ལམ་གྱི་ལུས་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལེན་དགོས། དེ་ཡིན་ན་རང་རེ་བོད་གངས་ཅན་དུ་སྐྱེས་པའི་མི་ལ་མཚོན་ན། མང་ཆེ་བ་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ཚུལ་ལ་ཞུགས་ཏེ་ཐར་པ་དོན་གཉེར་བྱེད་མཁན་ཡིན་པར་མ་ཚད། རང་རེ་ཡིན་ན་ཐེག་ཆེན་སྔགས་ཀྱི་ཆོས་ལ་འཆད་ཉན་བྱེད་པའི་སྐབས་ཡིན། ཐོག་མར་བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། མཐའ་གཉིས་ལ་མི་གནས་པའི་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཞིག་སྙིང་ནས་མེད་ན། ཐེག་ཆེན་སེམས་བསྐྱེད་ཀྱི་གྲལ་དུ་མི་འགྲོ། དེས་ན་ཐེག་པ་ཆེན་པོ་ལ་འཇུག་པའི་སྒོ་དང་པོ་དེ། བྱང་ཆུབ་སེམས་སྦྱོང་གི་གདམས་པ་ལ་ཐུག་ཡོད་པའི་ཕྱིར་ན། དེ་ཉིད་གལ་ཆེན་གཙིགས་སུ་འཛིན་དགོས། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་ཇི་སྙེད་ཅིག་བཀའ་བསྩལ་པ་དེ་ཉིད། ཤིང་རྟ་ཆེན་པོ་སོ་སོའི་ལུགས་ལྟར་དུ་ཕྱག་ལེན་དུ་འདེབས་ལུགས་ལ་ཡོངས་སུ་གྲགས་པ་ཞིག་ཡིན་ན། ཐམས་ཅད་ཀྱིས་ཅི་ཞིག་ལ་ཕན་པ་ཡོད་རེད་ཟེར་ན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་ནད་དང་། ནད་དེ་དག་གིས་བསྐྱེད་པའི་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་བཅོམ་སྟེ་མི་གནས་པའི་མྱང་འདས་ཞི་བ་དམ་པའི་བདུད་རྩི་མཆོག་ཏུ་ཐོབ་པ་དེ་ཡིན། དེས་ན་རང་རེས་ལམ་དེ་ལ་ཞུགས་ཏེ་དམ་པ་གོང་མའི་ཞབས་རྗེས་བསྙེགས་ཏེ་དེ་རྣམ་པའི་རྗེས་སུ་བསླབ་དགོས་ན། དང་པོ་སྔོན་འགྲོའི་ཆོས་དེ་རང་ཉིད་ཀྱི་སེམས་ཐོག་ཏུ་རྨང་གཞི་བརྟན་པོར་ཞོག་དགོས། འདི་འདྲ་བྱས་ནས་འདང་རྒྱག་ན། འཁོར་བ་ཐོག་མེད་ནས་ད་ལ་ཐུག་གི་བར་དུ། རང་རེ་སེམས་ཅན་ཞེས་པ་སེམས་ཀྱི་གཞན་དབང་དུ་སོང་། སེམས་ཉོན་མོངས་པའི་གཞན་དབང་དུ་སོང་། ཉོན་མོངས་པས་འཁོར་བའི་རྩ་བ་ལས་གསོག ལས་དང་ཉོན་མོངས་དེ་དག་གིས་རྐྱེན་བྱས་ནས་འཁོར་བའི་སྡུག་བསྔལ་མི་མྱོང་དགུ་མྱོང་། འདི་མ་མྱོང་བསམ་རྒྱུ་མེད་པ། མྱོང་རྒྱུ་ཟད་པ་མེད་པར་དེ་འདྲ་ཞིག་མྱངས་ནས་མཐར་འདི་ལ་ཐུག་པ་ཡིན་པའི་ཚུལ་དེ་ཤེས་དགོས། དེ་ཤེས་ནས་ད་ནི་འཁོར་བའི་སྡུག་བསྔལ་འདི་མི་མྱོང་བ་ཞིག་བྱ་དགོས། དེ་བྱེད་དགོས་ན། རྩ་བ་སེམས་ལ་ཐུག་ཡོད་དེ། དེའི་རྒྱུ་མཚན་སེམས་ཅན་སེམས་ཀྱི་གཞན་དབང་དུ་སོང་ནས། སྡུག་བསྔལ་མྱོང་བའི་གཞི་རྩ། རིག་པ་རླུང་སེམས་ཀྱིས་གཡོས་ནས་རྣམ་རྟོག་གི་དབང་དུ་ཤོར་སོང་བ་ཡིན་ན། ད་ནི་དབང་མི་ལག་དང་། ཅོ་ཏོ་གཞན་ལག་ལ་མི་འཇོག་པར་རང་དབང་རང་ལག་ཏུ་ཡོད་པ་ཞིག་བྱ་དགོས། དེ་དགོས་ན་བཅོམ་ལྡན་འདས་ཀྱིས་ཚིག་ཉུང་དོན་འདུས་ཐོག་ནས། རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་ཡོད་པས། རང་གི་སེམས་དེ་རང་དབང་རང་ལ་ཡོད་པ། འདི་གཞག་སར་འདུག་པ། གཏང་སར་འགྲོ་བ། གཏོང་འགྲོ་བཞག་སྡོད་གང་བྱེད་ན་ལས་སུ་རུང་བ་ཞིག་བྱས་ཏེ། སྔོན་འགྲོ་དངོས་གཞི་གང་ཞུ་བའི་གནས་སྐབས་ཡིན་ནའང་། སེམས་བྱིང་རྒོད་རྣམ་རྟོག་གི་དབང་དུ་མི་འགྲོ་བ་ཞིག་གི་ཐོག་ནས་རང་ཉིད་ལ་ཕན་ཐོགས་ཡོད་པ་ཞིག་བྱེད་དགོས། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ཡིན་ན། ད་རེས་རྙེད་དཀའ་བའི་མི་ལུས་རིན་པོ་ཆེ་རྙེད། ཚང་དཀའ་བའི་དལ་འབྱོར་བཅོ་བརྒྱད་ཚང་ཡོད་ན། འདི་རྟག་བརྟན་སྙིང་པོ་ཅན་ཞིག་མིན་པར་མ་ཟད། ད་སྔོན་ལས་ལུགས་བཅའ་སྟངས་ལ་བསམ་བློ་གཏོང་ན། སྤྱོད་འཇུག་གི་ནང་ནས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་ཤི་ཚར་ནས་སྐྱེ་བ་ཞིག་མི་བླང་ག་ན་འགྲོ། ལས་འབྲས་བསླུ་བ་མེད་པར་ཡིན་པས་སྐྱེ་བ་ཡག་པོ་ཞིག་ལེན་བྱེད་དང་། སྐྱེས་ནས་བདེ་བ་ཐོབ་པའི་རྒྱུ་ཞིག་རེད་མི་འདུག་བསམ་ནས། ངེས་འབྱུང་དང་སྐྱོ་ཤས་ཀྱི་ཐོག་ནས་དལ་འབྱོར་རྙེད་དཀའ་བ། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས་ལ་ཡིད་ཆེས་བཅས་ཀྱིས་བློ་ལྡོག་རྣམ་པ་བཞི་ཡིས་བློ་སྦྱངས་ནས་སྔོན་འགྲོ་རྟེན་གྱི་ཆོས་དེ་རང་རྒྱུད་ལ་ངེས་ཤེས་རྙེད་ངེས་པར་བྱས། དེ་ནས་དངོས་གཞི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་གི་རྒྱུད་ལ་བསྐྱེད་དགོས། ད་འགོ་ནས་ཞུས་པ་ལྟར། ཐེག་ཆེན་མདོ་སྔགས་ཀྱི་ཆོས་སྒོ་ལ་གཅིག་ཞུགས་དུས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱངས་ནས་ཞུགས་དགོས། བྱང་ཆུབ་ཀྱི་སེམས་དེ་ནམ་རྒྱུད་ལ་སྐྱེས་ན་ཐེག་པ་ཆེན་པོར་འགྱུར་འགྲོ། དེ་དང་བྲལ་ན་ཡོན་ཏན་གཞན་ཅི་ཡོད་ཀྱང་ཕན་ཐོག་མེད་པར་ཐེག་ཆེན་གྱི་གྲལ་ནས་ལྷུང་སྟེ་དེའི་གྲལ་དུ་མ་ཐེ་བ་རེད། དེས་ན་དང་པོ་ཐེག་ཆེན་དུ་ཚུད་པ་དེའང་བྱང་ཆུབ་སེམས་བསྐྱེད་ཀྱི་ཐོག་ནས་འཇོག་ལ། ཐ་མ་དེའི་གྲལ་ནས་བུད་རྒྱུ་དེའང་སེམས་བསྐྱེད་དེ་དང་བྲལ་བ་ལ་ཐུག་པ་རེད། འོ་ན་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེའི་ཕན་ཡོན་ཇི་ལྟར་ཡིན་སྙམ་ན། དཔེ་རྣམ་གྲངས་མང་པོ་ཞིག་གི་སྒོ་ནས་དེའི་ཡོན་ཏན་བསྟན་ཡོད་དེ། བྱང་ཆུབ་ཀྱི་སེམས་དེ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་བྱེད་པས་སངས་རྒྱས་ཀྱི་ས་བོན་ལྟ་བུ་དང་། འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོའི་ཕྱོགས་འཕེལ་བར་བྱེད་པས་ཞིང་ས་བཟང་པོ་ལྟ་བུ། དོན་ཐམས་ཅད་ཡང་དག་པར་སྒྲུབ་པར་བྱེད་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན་བུམ་པ་བཟང་པོ་ལྟ་བུ་ཡིན་ཚུལ་སོགས་གསུངས་པ་དང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད། ཐེག་ཆེན་ལ་འཇུག་པའི་སྒོ་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་དེ་རང་གི་རྒྱུད་ལ་འཁྲུངས་ན། སྔོན་བསགས་ལས་ཀྱི་སྒྲིབ་པ་ཐམས་ཅད་ཉི་མས་བ་མོ་འཇོམས་པ་ལྟར་དག་པ་དང་། སྡུག་བསྔལ་དང་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། དེས་མི་ཚད་པར་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་ཟད་མི་ཤེས་པ་ཞིག་འབྱིན་པར་བྱེད་པར་གསུངས་པས་ན། ད་རེས་ངས་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་རྒྱུ་ཡོད་པ་འདི་ནི། སྐལ་བ་བཟང་པོ་རེད་བསམ་ནས་ངེས་ཤེས་ཤུགས་དྲག་ཅིག་ཡོད་པའི་ཐོག་ཏུ། ཐོག་མར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་དགོས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་དེ་ཡང་མདོར་བསྡུ་ན། གཞན་དོན་དོན་གཉེར་དང་། བྱང་ཆུབ་དོན་གཉེར་གྱི་བློ་སྦྱོང་གཉིས་ལ་འདུས་པ་ཡིན་ཏེ། སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་གཉིས་ལ་འདུས་ཡོད་པས་སོ། །དེས་ན་དང་པོ་རང་གཅེས་འཛིན་གྱི་ཉེས་དམིགས་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་ཐོས་པར་བྱེད་དགོས་པས། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་འཆད་ཀ་བས། ལེ་ལན་ཐམས་ཅད་རང་ལ་བདའ་ཞེས་གསུངས་པས། རང་རེ་ལ་སྡུག་བསྔལ་མི་འདོད་ཅིང་མ་བསམ་ནའང་ཐོག་ཏུ་འབབ་པ་དང་། འདོད་པ་བསམ་པ་འདྲ་ཞིག་མི་འགྲུབ་པ་ཚང་མ་ཕྱི་རོལ་ཡུལ་གྱི་ཐོག་ལ་ལེ་བདར་བྱས་ནས། དེས་ང་གཅིག་བྱེད་མ་བྱུང་མ་གཏོགས་ང་མ་འདྲ་བ་ཞིག་རེད་ས་ཡོད། དེ་འཆུག་ཅིང་ནོར་ནས་དེས་རེད་མ་ཐལ་མ་གཏོགས་ངས་མ་འདྲ་བ་ཞིག་ཐོན་ཡོད་བསམ་རྒྱུ་ཐམས་ཅད་ནོར་སོང་བ་རེད། ད་བསམ་བློ་གཏོང་ན་མཐོ་སྲིད་པའི་རྩེ་མོ་མན་ཆད་དང་དམའ་དམྱལ་ཁམས་ཡན་ཆད་ཀྱི་འགྲོ་བ་རིགས་དྲུག་དང་རྒྱུད་ལྔ་པོའི་སེམས་ཅན་གྱིས་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་འདུག་ཡོད་པ་འདི། རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་མ་ཡིན་ལ། མི་མཐུན་པའི་རྒྱུ་དང་རྒྱུ་རྐྱེན་འཛོལ་ནས་བྱུང་བ་ཞིག་ཀྱང་མ་ཡིན། ལས་དང་ཉོན་མོངས་པའི་ཀུན་འབྱུང་ལ་བརྟེན་ནས་བྱུང་བ་རེད། ལས་ཉོན་དེ་གཉིས་ལས་ཀྱང་ལས་དེ་ཉོན་མོངས་པའི་དབང་གིས་གསོག་པས། ཉོན་མོངས་པ་དེ་གཙོ་ཆེ་ལ། ཉོན་མོངས་པའི་ནང་ནས་ཀྱང་ལུས་ལ་ལུས་དབང་བཞིན་དུ་ཀུན་ལ་ཁྱབ་བྱེད་ཀྱི་བདག་ཏུ་འཛིན་པའི་མ་རིག་པས་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པས་ན། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་འདི་ཡིན་པས། དེས་ན་རྒྱལ་སྲས་ཞི་བ་ལྷས། འཇིག་རྟེན་དག་ན་འཚེ་བ་ཅི་ཡོད་པ། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་འདི་ལས་བྱུང་། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་གསུངས་པ་བཞིན་དུ། བདག་འཛིན་གྱིས་གཙོས་བྱས་པའི་ཉོན་མོངས་འདི་རྣམས་ཀྱིས་གནོད་པར་བྱེད་པ་ལ་འདང་རེ་རྒྱག་ན། གནོད་བསྐྱལ་བའི་གནོད་ཚབ་ཆེ་བ་དང་། གནོད་བསྐྱལ་བའི་དུས་ཚོད་རིང་བ་ལ་བསམ་ན། གནོད་བྱེད་ཀྱི་དགྲ་བོ་དེ་ཉིད་དང་འགྲིག་དགོས་ན་འགྲིག་ཐབས་མཐུན་ཐབས་མེད་པ་རེད། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲ་རུ་གྱུར་པ། གནོད་པའི་ཚོགས་མང་པོ་འཕེལ་བའི་རྒྱུ་གཅིག་པོ་དེ་བདག་རང་གི་ནང་ན་གནས་བཅས་ནས་བསྡད་ཡོད་ན། འཁོར་བའི་གནས་འདིར་འཇིགས་པ་མེད་པ་དང་། བདེ་བ་དང་དགའ་བ་འཐོབ་རྒྱུ་ཞིག་ཡོད་ལོ་བ་མ་རེད། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པའི། །གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར། །ཞེས་གསུངས། རང་གཅེས་འཛིན་བྱེད་པ་འདི་ལས་གནོད་པ་མང་པོ་ཞིག་མ་འོང་བསམ་རྒྱུ་ཅི་ཡོད། འདིས་གཞན་ཕན་སྒྲུབ་པའི་གོ་བཀག་པ་རྐྱང་བ་ལ་བསམ་ན་ཞེ་ནད་འཁོན་འཛིན་དེ་སོད་འགྲོ་རྒྱུ་མེད་པ་རེད། འདིས་ཐོག་མཐའ་བར་གསུམ་དུ་གནོད་པ་བྱེད་ལུགས་ལ་ཞིབ་ཏུ་བསམ་ན། གཏི་མུག་མ་རིག་པས་དྲང་བའི་རང་གཅེས་འཛིན་དང་། གཞན་ཡལ་བར་དོར་བའི་དགྲ་དེས། ལས་དགེ་སྡིག་རྒྱུ་འབྲས་ཁྱད་དུ་བསད་དེ་ལོག་པར་ལྟ་བའི་མཚོན་ཆ་བཟུང་ནས། མཐོ་རིས་ཐར་པའི་སྲོག་གཅོད་པས། སྡིག་ཆེན་ཤན་པ་འདི་རེད། རང་གཅེས་འཛིན་གྱི་དུག་གི་རྐྱལ་པ་བཟུང་ནས། དགེ་བའི་ལོ་ཏོག་ཅུང་ཟད་ཡོད་ཚད་འཇོམས་པར་བྱེད་པས། དགྲ་རྐུན་མ་གཉིས་ཀ་འདི་རེད་འདུག་གསུངས་པ་རེད། ཞེ་སྙིང་གི་གཏིང་ནས་སྡིག་རྫས་ཁོ་ན་གསོག མི་དགེ་བའི་སྒོ་ནས་མི་དང་མི་མིན་གྱི་གནོད་བྱེད་ཐམས་ཅད་འགུགས་བྱེད་ཀྱི་ལྟས་ངན་འུག་པའི་ཧ་བགད་བྱེད་པ་འདི་རེད། ལས་ཀྱི་ཞིང་ས་ལ་རྣམ་ཤེས་ཀྱི་ས་བོན་ཞིག་བཏབ་ནས། སྲེད་པ་དང་ལེན་པ་གཉིས་ཀྱི་ཆུས་བརླན་ཁྲིད་ནས་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་མྱུ་གུ་སྐྱེད་ཐོན་བྱེད་མཁན། ཞིང་པ་རྒན་པོའི་རྩ་བ་འདི་ལ་ཐུག་ཡོད་པ་རེད་ཅེས་གསུངས་ཡོད། དེས་ན་ངོ་མར་བཤད་ན་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་དང་རང་རེ་ཚང་མ་སྲིད་པ་འདི་ན་སྔ་ཕྱི་མེད་པར་དུས་མཉམ་དུ་ཡོང་ཡོད་ན། རང་རེ་སོ་སོའི་སྐྱེ་བོ་རྣམས་ལ་ད་དུང་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་སྣ་གཅིག་ཀྱང་མ་འགོས་ནས། གཅེར་བུ་ལག་སྟོང་དུ་ལུས་པ་ཡང་འདི་ལས་བྱུང་བ་རེད། ཐོག་མེད་ནས་རང་གཅེས་འཛིན་འདིའི་དབང་དུ་སོང་སྟེ། ཡུལ་འདི་ན་ནད་ན་ཚ་ཞིག་ཡོད་ན་ང་ལ་འགོས་ཨེ་འོང་། སྒོ་ཁྱི་བཙན་པོ་ཞིག་གསིག་ནས་ཤོར་འོངས་ན་ང་གཟུང་ཨེ་འོང་། འབྲུག་སྒྲ་ཆེན་པོ་ཞིག་གྲག་ན་ཐོག་བརྒྱབ་ནས་ང་བསད་ཨེ་འགྲོ་བསམ། ང་ཁོ་ནའི་ཉེན་ཁ་བསམ་པར་མི་ཚད་དེའི་བག་ཆགས་ཀྱིས་མཚན་མོ་རྨི་ལམ་ནང་ཚུན་ཆད་ང་ཁོ་ནར་བསམ་པས། ང་གཡང་སར་ལྷུང་ཡོད་སྣང་ཤར་ནས་འཇིགས་སྐྲག་སྐྱེས། ང་ལ་མི་འདོད་པ་ཡོང་གིན་ཡོད་པ་རྨིས་ནས་སྡུག་བསྔལ་བ་སོགས། དེ་ཐམས་ཅད་ཀྱི་རྩ་བ་ངར་འཛིན་གྱི་དགྲ་དེ་ལ་ཐུག དེ་ཡིན་པས་དགེ་བའི་བཤེས་གཉེན་གླང་རི་ཐང་པས། ཁོང་གིས་གསོལ་ཇ་བཀོལ་དུས། ཇ་ཀོང་ནང་དུ་ཇ་རྡུང་བ་ན། བདག་འཛིན་གྱི་མགོ་ལ་ཛ་ཛ་གསུངས་ནས་བརྡུང་དར་བ་རེད་གསུངས་འདུག གཞན་ཡང་ཁོང་གི་ཞལ་ནས། ཁེ་དང་རྒྱལ་ཁ་ཐམས་ཅད་གཞན་སེམས་ཅན་ལ་སྦྱིན་དགོས། ལེགས་ཚོགས་ཐམས་ཅད་ཁོང་སེམས་ཅན་ལ་བརྟེན་ནས་བྱུང་བ་རེད། གྱོང་དང་བུབ་ཁ་ཐམས་ཅད་རང་གིས་ལེན་དགོས། གནོད་པ་དང་སྡུག་བསྔལ་ཐམས་ཅད་རང་གཅེས་འཛིན་གྱི་ཁོངས་ནས་བྱུང་བ་རེད་ཅེས་གསུངས། དེས་ན་རང་གིས་རང་ལ་བློ་སྦྱོང་ན། རང་གཅེས་འཛིན་གྱི་འགོང་པོ་དེ་མགོ་མར་དམའ་ཐབས་ཐོན་འགྲོ། དེ་སོང་ན་སེམས་རྒྱུད་ཆོས་དང་འདྲེས་པ་ཞིག་ད་གཟོད་ཡོང་ཐུབ་པ་དང་། ཆོས་ཞུ་ན་ཆོས་པ་ཞིག་འོང་རྒྱུའི་རེ་བ་འདྲ་བོ་གཞི་ནས་ཡོད་སོང་བ་རེད། དེ་མིན་ན་ཡོན་ཏན་གྱི་མིང་བཏགས་པ་སོགས་ཅི་འདྲ་ཞིག་ཡོད་ནའང་། དེ་ཐམས་ཅད་བདག་འཛིན་ལ་གྲོགས་དང་། ཁ་སྣོན་དང་ཉོན་མོངས་ཡར་འཕེལ་བྱེད་ལ་ལོག་རྒྱུ་རེད། དེས་ནི་ད་ལྟ་གོང་ན་ཐུབ་པའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་པོའི་དོན་གྱི་རྩ་བ་བསྡུས་ན། ངའམ་བདག་ཏུ་འཛིན་པའི་འཁྲུལ་བ་འདི་སེལ་བྱེད་དང་། གཞན་དོན་ལྷུར་ལེན་གྱི་སྤྱོད་པ་ལ་གོམས་པར་བྱེད་པའི་ལམ་ཆ་ལག་དང་བཅས་པར་འདུས་ཡོད་ཅེས་བཤད་ན། དེས་བདག་འཛིན་འཁྲུལ་བས་བཟོས་པའི་ཉེས་དམིགས་སྐྱོན་ཆ་རིག་ནས། དེའི་དབང་གིས་བྱུང་བའི་རང་གཅེས་འཛིན་གྱི་ཉེས་དམིགས་དང་། སྐྱོན་ཆ་རིག་ནས་དོར་བྱ་ཡིན་པར་བཤད་ནས། གཞན་གཅེས་འཛིན་གྱི་ཕན་པ་དང་ཡོན་ཏན་ལ་བསམ་ནས་དེ་ཉམས་སུ་ལེན་རིགས་པའི་སྐོར་ལ་བསམ་བློ་གཏོང་ན། དགེ་བའི་བཤེས་གཉེན་ཆེན་པོ་འཆད་ཁ་བས། ཀུན་ལ་བཀའ་དྲིན་ཆེ་བར་སྒོམ། །ཞེས་གསུངས་ཡོད་ལ། ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་ཅིག་གིས་ཐེག་པ་ཆེན་པོའི་རང་ལམ་ནས་རྫོགས་པའི་བྱང་ཆུབ་བསྒྲུབ་དུས། བྱམས་དང་སྙིང་རྗེ་དེ་ཐོག་མཐའ་བར་གསུམ་དུ་ཡོད་དགོས་ཤིང་མེད་ཐབས་མེད་པར་ཡིན་ཏེ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །ཞེས་སོགས་འཇུག་པའི་ལུང་གིས་ཤེས་པས་སོ། །དེས་ན་མེད་དུ་མི་རུང་ཞིང་མེད་ན་ཐབས་མེད་ཀྱི་བྱམས་སྙིང་རྗེ་དེ་སེམས་ཅན་ལ་བརྟེན་ནས་སྐྱེ་བ་ཞིག་རེད། སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་ལ་དམིགས་ནས་སྙིང་རྗེ་སྐྱེ་བ་དང་། སེམས་ཅན་བདེ་བ་མྱོང་བཞིན་པ་ཞིག་ལ་དམིགས་ནས་བྱམས་པ་སྐྱེ་དགོས། དེ་མ་ཟད་བྱམས་སྙིང་རྗེ་སྔོན་སོང་ཅན་གྱི་བླ་མེད་བྱང་ཆུབ་དོན་གཉེར་ཀྱི་སེམས་དེའང་སེམས་ཅན་ལ་བརྟེན་ནས་སྐྱེ་དགོས་ཏེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པས། སེམས་ཅན་ཐམས་ཅད་ལ་ཕན་བདེ་མ་ལུས་པ་བསྒྲུབས་ཤིང་། སྡུག་བསྔལ་མཐའ་དག་སེལ་བར་འདོད་ཅིང་། དེ་ནུས་པ་ནི་རྫོགས་པའི་སངས་རྒྱས་ཉག་གཅིག་རེད། དེ་བསམ་ནས་བྱམས་སྙིང་རྗེས་བསྐུལ་ཏེ་རྫོགས་པའི་བྱང་ཆུབ་འཐོབ་འདོད་ཀྱི་སེམས་བསྐྱེད་པ་དང་། བསྡུ་བའི་དངོས་པོ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་སེམས་ཅན་ལ་བརྟེན་ནས་སྐྱེ་བ་རེད། སྐྱེས་པ་ཙམ་མ་ཟད་སྐྱེས་པ་དང་གནས་པ་དང་གོང་དུ་འཕེལ་བ་ཐམས་ཅད་སེམས་ཅན་ལ་བརྟེན་དགོས། གཞན་ཡང་འབྲས་བུ་སངས་རྒྱས་འགྲུབ་པའི་རྒྱུ་ཚོགས་ཐམས་ཅད་སེམས་ཅན་ལ་བརྟེན་ནས་འབྱུང་བ་ཡིན། དེས་ན། མིག་གིས་སེམས་ཅན་ལྟ་ན་ཡང་། །འདི་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་ལྟ། །ཞེས་གསུངས་ཏེ། དཔེར་ན་ཞིང་ས་ཡག་པོར་ས་བོན་བཟང་པོ་ཞིག་བཏབ་ན། སྟོན་ཀའི་དུས་སུ་ལོ་ཏོག་གང་མང་མང་དང་། གང་བཟང་བཟང་ལེན་རྒྱུ་ཡོང་ལ། དེ་ཡོང་བར་རིག་ནས་ཞིང་ས་བཟང་པོ་དེར་གཅེས་སྤྲས་བྱེད་རིགས་པ་དེ་བཞིན་དུ། སེམས་ཅན་གྱི་ཞིང་སར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བསྡུ་བའི་དངོས་པོ་བཞིས་ས་བོན་ལེགས་པར་བཏབ་སྟེ། གཅེས་སྤྲས་བྱས་ནས་སྲུང་ནུས་ན། དོན་གཉིས་མཐར་ཕྱིན་སངས་རྒྱས་ཀྱི་གོ་འཕང་དེ་འགྲུབ་པ་ཡིན་པས། སེམས་ཅན་གྱི་ཞིང་ས་དེ་གཅེས་སྤྲས་བྱེད་རིགས་པའི་ཕྱིར་རོ། །དེས་ན་རང་གཅེས་འཛིན་དགྲ་ལྟ་བུ་དེ་བཅོམ་ལ། གཞན་གཅེས་འཛིན་གྱི་གཉེན་པོ་དེ་བསྟེན་ནས། མ་དྲིན་ཆེན་སེམས་ཅན་རྣམས་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྐྱེན་དང་། བར་དུ་བྱང་ཆུབ་སྒྲུབ་པའི་ལམ་གྱི་གྲོགས་དང་། མཐའ་མར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་འགྲུབ་པའི་རྐྱེན་དང་ཕྲིན་ལས་ཀྱི་ཡུལ་ཡིན་པས། སེམས་ཅན་དེ་དག་ལ་ཁ་ཞེ་གཉིས་མཚུངས་གོང་དུ་ཞུས་པ་ལྟར་ཉམས་ལེན་དང་མ་བྲལ་བའི་སྒོ་ནས། དམ་པའི་ཆོས་འཆད་ཉན་ལ་ཞུགས་དགོས་སོ། །གང་བཤད་པར་བྱ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་འདི་འཆད་ཉན་བྱེད་པའི་སྐབས་ཀྱི། ཐོག་མར་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ཐམས་ཅད་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལ་ཆོས་འཆད་ཉན་ཇི་ལྟར་བྱ་བ་དང་། ཐེག་པ་དམ་ཆོས་ཇི་ལྟར་འཆད་ཉན་བྱེད་ཚུལ་སྤྱིའི་ཁོག་འབུབས་བཅས་པ་བཤད་ནས། ད་སེམས་སྦྱོང་བདུན་གྱི་དོན་དངོས་འཆད་པ་ལ་སེམས་སྦྱོང་དང་པོ་འདུས་བྱས་མི་རྟག་པ་ལ་བསམ་པའི་སྐོར་བཤད་གྲུབ་ནས།

ཨ༽ སེམས་སྦྱོང་གཉིས་པ།

དང་པོ་ལུང་ལས་རྗེས་སུ་དཔག་ནས་བསམ་པ།

ད་ནི་སེམས་སྦྱོང་གཉིས་པ་བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་སྣང་བ་བསམ་པ་ནི། །སེམས་སྦྱོང་གཉིས་པ་ནི། བུ་ཡིག་ཡེ་ཤེས་གསལ་སྒྲོན་ལས། བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་སྣང་བ་བསམ་པ་དང་། ཞེས་ལུང་ཚིག་ཉུང་ངུ་ཞིག་གིས་བསྟན་པ་རེད། དེའང་འཇིག་རྟེན་འདིར་སྣང་གིས་གཙོས་བྱས་པའི་ལས་འདུ་བྱེད་པ་ཐམས་ཅད། ད་ལྟའི་སྡུག་བསྔལ་གྱི་ཁུར་དང་། མ་འོངས་པའི་སྡུག་བསྔལ་གྱི་འབྱུང་རྩ། སྡུག་བསྔལ་རྣམ་པ་གསུམ་གྱི་རྒྱུར་སྣང་བ་ཉིད། ཇི་བཞིན་དུ་བསམ་ནས་རྒྱུད་ལ་སྦྱོར་བ་འདི་ཁྲིད་རྐང་གཉིས་པ་རེད། དང་སྒྲས་ཁྲིད་རྐང་འོག་མ་དང་མཚམས་སྦྱོར་བྱེད་ཡིན་པ་ནི་གོང་འོག་ཐམས་ཅད་དུ་འདྲ། ཞེས་པའི་ལུང་དེས་བསྟན་པའི་དོན་འདི་ལའང་ལུང་ལས་རྗེས་སུ་དཔག་པ་དང་། བློ་བྲིད་དེ་ཐབས་ཀྱིས་སྒོམ་པ་གཉིས་ཡོད་པ་ལས། དང་པོ་ལུང་ལ་རྗེས་སུ་དཔག་ནས་བསམ་པ་ནི། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་ཁམས་གསུམ་གྱི་ལུས་ཅན་ནམ་སེམས་ཅན་ཐམས་ཅད་ཀྱི་གནས་རིས་དང་བདེ་སྡུག་མི་འདྲ་ཐ་དད་པ་ནི། སྡོན་བསགས་ལས་དཀར་ནག་གཉིས་ལས་བྱུང་བ་ཡིན་པར་བདེན་པར་སྨྲ་བའི་ཐུབ་པས་གསུངས་ལ། སློབ་དཔོན་དབྱིག་གཉེན་གྱིས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ལས་ནི་སེམས་པ་དང་དེས་བྱས། །ཞེས་སོགས་གསུངས་པ་ལྟར། ལས་རྣམས་ཀྱང་ནི་དབྱེ་བ་མི་འདྲ་བ་སྣ་ཚོགས་པ་ཡིན་ལ། ལས་འབྲས་ཀྱི་ཞིབ་ཕྲའི་རྣམ་བཞག་ཇི་བཞིན་པ་ནི། ཀུན་མཁྱེན་གྱི་ཡེ་ཤེས་མིན་པར་རྟོགས་མི་ཐུབ་པ་ཡིན་ལ། སྣ་ཚོགས་པའི་ལས་དེ་ཡིས་འགྲོ་བ་འདི་ཡི་རྣམ་གྲངས་དང་བདེ་སྡུག་སྣ་ཚོགས་སུ་བྱས་ཏེ། འགྲོ་བ་འདི་གནས་རིས་མཆོག་དམན་ཐ་དད་པ་ཐམས་ཅད་དུ་བདེ་སྡུག་མི་འདྲ་བ་སྣ་ཚོགས་པ་མྱོང་ཞིང་། ལོང་བ་རྒྱུས་མེད་ཐང་དཀྱིལ་དུ་ལུས་པ་ལྟ་བུ་གཏད་སོ་མེད་པར་གནས་མེད་རྟེན་མེད་དུ་རྣམ་པར་འཁྱམས་ཤིང་། སླར་ཡང་རྟེན་འབྲེལ་བཅུ་གཉིས་སྲིད་པའི་འཁོར་ལོ་ལུགས་རྒྱུད་དུ་འཁོར་ཞིང་འཁོར་བར་འཇུག་པར་བྱེད། དེས་ན་ལས་ཀྱི་འཆིང་བྱེད་ཀྱི་དྲྭ་བ་འདི་ཆེའོ་ཞེས་འདི་འཆིང་བྱེད་ཡིན་པས་དྲྭ་བའི་གཟུགས་སུ་བཀོད་པ་ཡིན། ཞེས་གསུངས་པས་རང་རེ་རྣམས་ཀྱི་བདེ་སྡུག་བཟང་ངན་ལེགས་ཉེས་ཐམས་ཅད་ནི་ལས་ཁོ་ནའི་རྗེས་སུ་འབྲང་བར་གདོན་མི་ཟ་ན། ཞེས་རང་རེ་འཁོར་བ་ན་གནས་པའི་སེམས་ཅན་རྣམས་ཀྱི་མྱང་བྱ་བདེ་བ་དང་སྡུག་བསྔལ། གནས་རིས་དང་ལུས་རྟེན་བཟང་ངན་ལེགས་ཉེས་ཐམས་ཅད་ནི་སྔོན་གྱི་ལས་ཁོ་ནའི་རྗེས་སུ་འབྲང་བར་གདོན་མི་ཟ་བའམ་གོར་མ་ཆག་པ་ཐེ་ཚོམ་མི་དགོས་པར་ཡིན་ངེས་ན། དེའི་མི་མཐུན་ཕྱོགས་ཚེ་འདིའི་བྱ་བཞག་དགྲ་འདུལ་གཉེན་སྐྱོང་སོ་ནམ་ཚོང་ཁེ། ཁེ་དྲག་ལོ་འདོད་ཆགས་སྡང་ཁོང་ཁྲོ། གཞན་ལ་ཤ་ཚ་གྲོས་འདེབས། ཆེ་ཐབས་དང་སྙན་གྲགས་བསྒྲུབ་པ་ལ་སོགས་ཅི་བྱས་ཀྱང་ཡིད་བརྟན་དང་བློ་ལྟོས་རུང་བ་མི་འདུག སེམས་ཅན་ཐམས་ཅད་བདེ་སྐྱིད་འདོད་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། འདོད་རྒྱུའི་བདེ་སྐྱིད་དེའི་མི་མཐུན་ཕྱོགས་མི་བདེ་བ་འབྱུང་བའི་རྒྱུ། ཚེ་འདིའི་བྱ་བཞག་དགྲ་འདུལ་གཉེན་སྐྱོང་གསུངས་ཏེ། སྐད་ཅིག་གིས་ནི་འཛའ་འགྱུར་ཞིང་། །སྐད་ཅིག་གིས་ནི་དགྲ་རུ་འགྱུར། །ཞེས་པ་ལྟར་གནས་སྐབས་རྐྱེན་ཅུང་ཞིག་གི་དོན་གྱིས་དགྲ་རུ་འགྱུར། དེ་ལ་ཞེ་སྡང་སྐྱེས། དེ་འདུལ་ཁུལ་བྱེད། སྔོན་ལས་ལན་ཆགས་ཀྱི་དབང་གིས། ད་ལྟ་གནས་སྐབས་གཉེན་དུ་གྱུར་པ་རྣམས་ལ་ཞེན་ནས་སྐྱོང་། ཞིང་ལ་སོ་ནམ། ཚོང་ཁེ་སྐྱེད། འཇིག་རྟེན་ཆོས་བརྒྱད་དང་འབྲེལ་བའི་ཁེ་དྲག་ལོ་འདོད། གཉེན་དང་དགྲ་ལ་ཆགས་སྡང་། དུས་རྒྱུན་དུ་རྒྱུད་འཚིག་པར་བྱེད་པའི་ཁོང་ཁྲོ། འཇིག་རྟེན་འདི་སྣང་ལ་འཁྲུལ་ནས་རང་ཉིད་མུན་པའི་གླིང་དུ་འཕྱན་འགྲོ་བར་མི་ཤེས་པས་ད་དུང་གཞན་ལ་ལམ་སྟོན་དང་བློ་སྣ་བཀོད་པ། རང་གཞན་གཉིས་ཀ་འཁོར་བར་འཁྱམས་བྱེད་ཀྱི་ཤ་ཚ་གྲོས་འདེབས། སུ་གང་ཡིན་ཡང་རང་ཉིད་ཡར་མཐོ་ཐབས་ཆེ་ཐབས་དང་། བཟང་དང་འཇིག་གི་ཟེར་ཐབས། སྙན་གྲགས་ཆེ་འགྲུབ་ཆུང་འགྲུབ་ཀྱིས་བསྒྲུབ་པ་ལ་སོགས་པ། མདོར་ན་ཚེ་འདིའི་བྱ་བ་ཅི་བྱས་ཀྱང་བྱེ་མའི་ཁང་བུ་ལྟར། ཡིད་རྟོན་དང་བློ་ལྟོས་དང་། རང་གཞན་གཉིས་ཕན་གྱི་བྱ་བ་ཞིག་དེའི་ཁོངས་ན་མི་འདུག ཚེ་འདིའི་བདེ་སྐྱིད་ནོར་རྫས་ཀྱིས་སྒྲུབ་ཆོག་བསམ་ནས། བསགས་དང་བརླག་པའི་སྡུག་བསྔལ་ཐམས་ཅད་བཟོད་པར་བྱས་ཏེ། ཡོ་བྱད་ཐབས་སྣ་ཚོགས་ཀྱིས་བསགས་ཀྱང་། ནོར་ནི་ཕུང་ཁྲོལ་མཐའ་ཡས་བསྐྱེད་པའི་རྒྱུ། །གསུངས་པ་ལྟར། དགྲ་རྐུན་གྱི་འདོད་པ་བསྒྲུབ་པ་ཡོད་དེ། དགྲ་རྐུན་མ་ལ་ལག་གཡུག་བྱས་པ་ལྟ་བུ་རེད་རྒྱུ་ཡོད་པ་དང་། ཞིམ་དུ་རེ་བའི་ཟ་འདོད་ཀྱིས་ཟས་སྐོམ་ཟོས་ཀྱང་ནད་རོ་བསླངས་ཤིང་སྲོག་གཅོད་ཀྱི་གཤེད་མར་ནང་ནས་གྱུར་ཏེ་འཆི་བའི་རྐྱེན་དུ་གྱུར་པ་དང་། སྔ་དྲོར་གཉེན་གྱི་དྭངས་མ་ཡིན་ཡང་ཕྱི་དྲོར་དགྲ་ཡི་རྩེ་མོར་གྱུར་པ་སོགས། ཕན་དུ་རེ་ནས་གཉེན་བཤེས་མཛའ་གཅུགས་སུ་བཏགས་ཀྱང་། དེའི་སྟེང་དུ་མི་སྡོད་པར་དུས་ངན་སྐྱེ་བོའི་བློའི་འགྱུར་བག་ནི་ནམ་ཟླ་སྟོན་ཁའི་ལྷོ་སྤྲིན་ལྟར་ཡིན་པས་ཡུན་རིང་མི་དགོས་པར། ཡང་དགྲ་ཡི་དྭངས་མར་གྱུར་པ་དང་། གཞན་ལ་གནོད་པ་ལ་སོགས་པ་མ་བྱས་ཀྱང་དོན་མེད་ལ་ཕར་ཡག་པོ་བྱས་ཀྱང་ཚུར་ངན་བྱེད་པས་མངོན་ལྐོག་བརྒྱུད་གསུམ་ནས་ངན་སྨྲས་ཞེ་ཤ་གཅོད་པའི་ཚིག་བཤད་པ་དང་། སྐྱོན་ནས་བརྗོད་དེ་འཕྱ་བའི་ཚིག་དང་། སྔར་མི་ཞིག་གིས། མི་ལ་མ་དགའ་ན་དེ་ཐུབ་བྱེད་ལ་སློང་འདེབས་རྒྱུ་ལས་ལྷག་མི་འདུག་ཅེས་ལབ་པ་ལྟ་བུ། མ་ཉེས་ཁ་ཡོག ཡོན་ཏན་ཡོད་པ་ལ་མེད་ཟེར་བ་སོགས་བསྐུར་འདེབས་དང་། སྐྱོན་མེད་ཀྱང་ཡོད་པར་བརྗོད་པ་སྒྲོ་འདོགས་པ། དངོས་སུ་མ་བརྗོད་ཀྱང་དོན་གྱིས་ཟུར་ཟས་ཤེས་རྒྱུད་བསྲེག་པ་སོགས་སྣང་ཚུལ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དང་། འཕྲལ་དང་ཡུན་དུ་སྡུག་བསྔལ་བསྐྱེད་པའི་རྒྱུ་ཁོ་ནར་འདུག་པས་ན། ཆོས་རྣམ་དག་ཅིག་བསྒྲུབ་དགོས་ན་ཚེ་འདིའི་བྱ་བ་བློས་ཐོང་བ་ཞིག་མ་རེད་ན། ལྟར་སྣང་གི་དགེ་སྦྱོར་གང་བྱས་ཀྱང་དམ་ཆོས་རྣམ་དག་ཅིག་འགྲུབ་པའི་གོ་ཆོད་ཡོད་པ་མ་རེད། ཇོ་བོ་རྗེ་འདའ་ཁར། རྣལ་འབྱོར་པས་ཁྱེད་འདས་ཚར་དུས། ཁོ་བོས་སྒོམ་རྒྱག་འདུག་ཨེ་རེད་ཞུས་པས། ཇོ་བོས། སྒོམ་བྱེད་པའང་ཆོས་རེད་ཅེས་གསུངས། དེ་ཅི་ཡིན་རྒྱུ་མ་རེད་བསམ་ནས། འོ་ན་ཆོས་འཆད་པར་བྱེད་ཨེ་རེད་ཞུས་དུས། ཇོ་བོས་སྔར་ལྟར་གསུངས། འོ་ན་ཅི་བྱེད་ཞུས་པས། ཇོ་བོས་ཁྱེད་རྣམས་ཀྱིས་འབྲོམ་སྟོན་འདི་ལ་བརྟེན་ནས་ཚེ་འདི་བློས་ཐོང་ཞེས་གསུངས་པ་རེད། གྲྭ་བ་ཞིག་གིས་རྭ་སྒྲེང་ལ་གླིང་སྐོར་བྱེད་བཞིན་པ་ན་འབྲོམ་སྟོན་དང་མཇལ་ཚེ། འབྲོམ་སྟོན་གྱིས། སྐོར་བ་བྱེད་པའང་གློ་བ་དགའ་སྟེ། དེ་བས་ཆོས་ཤིག་བྱེད་ན་མི་དགའམ་ཞེས་གསུངས། ཁོང་གིས་སྐོར་བ་བྱེད་པ་ལས་མདོ་འདོན་པ་དགའ་འམ་སྙམ་ནས་མདོ་འདོན་པའི་ཚེ། ཡང་འབྲོམ་གྱིས། མདོ་འདོན་པའང་གློ་བ་དགའ་སྟེ། དེ་བས་ཆོས་ཤིག་བྱེད་ན་མི་དགའམ་ཞེས་གསུངས། གྲྭ་བས་དེ་བས་སྒོམ་རྒྱག་ན་དགའ་འདུག་བསམ་ནས། མིག་ཟིམ་ཟིམ་བྱས་ནས་སྒོམ་རྒྱག་ཚེ། འབྲོམ་གྱིས་དེ་བས་ཆོས་ཤིག་བྱེད་ན་མི་དགའམ་གསུངས་པས། གྲྭ་བས་ཐབས་མ་རྙེད་ནས་དགེ་བཤེས་ཚང་ལ། འོ་ན་ཆོས་ཇི་ལྟར་བྱེད་དྲིས་ཚེ། དགེ་བཤེས་ཀྱིས། ཚེ་འདི་བློས་ཐོང། ཚེ་འདི་བློས་ཐོང་ཞེས། ཤིན་ཏུ་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་པ་ལྟར་ལན་གཉིས་སུ་ནན་ཏན་གྱིས་བསྐྱར་ནས་གསུངས་པ་རེད། དེ་ལྟ་བུའི་འདི་ཕྱི་གཉིས་དོན་གྱི་དམ་ཆོས་རྣམ་དག་དེ་སྒྲུབ་ལུགས་མ་ཤེས་པས། ད་སྔ་ཕན་ཆོད་དེ་ལྟར་མ་གོ་བའམ་མ་ཤེས་པ་འདི་མཚང་རེ་ཆེ་བའམ་སྐྱོན་རེ་ཆེ། ད་ཁ་ནང་དུ་བསྐོར་ནས་ལེགས་པར་བསམ་ན། འདས་པ་ཐམས་ཅད་མཐོང་མི་འགྱུར། །དེ་དེ་དྲན་པའི་ཡུལ་དུ་གྱུར། །ཞེས་པ་ལྟར་ཁ་སང་ཕན་ཆད་ཀྱི་བྱ་བྱེད་ཐམས་ཅད་ཀྱང་ཡིད་ཡུལ་དུ་དྲན་པ་ཙམ་ལས་རྗེས་སུ་མི་འབྲང་བས་མདང་གི་རྨི་ལམ་དང་འདྲ། མདང་གི་རྨི་ལམ་ནང་དུ་བུ་ཤི་བར་རྨིས་པ་དེ་རིང་སྡུག་མྱོང་བ་མེད་ལ། མདང་རྨི་ལམ་དུ་ནོར་བུ་རྙེད་པར་རྨིས་པ་དེ་རིང་བེད་སྤྱད་དུ་མེད། དེ་རིང་གི་སྣང་བ་དང་བྱ་བྱེད་ཐམས་ཅད་ཀྱང་དོ་ནུབ་ཀྱི་རྨི་ལམ་དང་མཚུངས་ཏེ། སང་ཉིན་མེད་པར་གར་སོང་ཆ་མེད་རེད། སང་ཕན་ཆད་ཀྱི་མ་འོངས་པའི་བྱ་བཞག་ལ་བསམ་ན། གནང་གཞེས་ཉིན་དང་། ཟླ་བ་རྗེས་མ། ལོ་རྗེས་མ། ཚེ་སྨད་སོགས་ཀྱི་བྱ་བྱེད་རྣམས་ཀྱང་སང་ནུབ་ཀྱི་རྨི་ལམ་དང་འདྲ་བ་ཞིག་ཡིན་པ་ལས། རྟག་ཐུབ་པ་དང་ཡིད་རྟོན་ཁེལ་བ་ཞིག་ཇི་ལྟར་བརྟགས་ནའང་མི་འདུག་ཀྱང་། མེད་ལ་ཡོད་པར་འཛིན་པ་འཁྲུལ་པའི་རྟགས། །ཞེས་པ་ལྟར་དོན་མེད་དོན་དུ་འཁྲུལ་བའི་མངོན་ཞེན་གྱི་སྣང་བ་ཨ་འཐས་པས་ན། དེའི་རྐྱེན་གྱིས་གཉེན་ལ་ཆགས། དགྲ་ལ་སྡང་། ལུས་ངག་གི་འཐབ་རྩོད་དང་། སྙན་མི་སྙན་བསྟོད་སྨད་གཤེ་བསྐུར་གྱི་ཚིག རྒྱུ་ནོར་ལ་གསོག་འཇོག རང་གཞན་གྱི་བདེ་སྡུག་ཁྱིམ་གཞིས་དང་སྡེ་རིས་ལ་ཁ་འཛིན་གྱི་ལོག་པའི་སྤྱོད་པས་དུས་འདའ་བ་འདི་རང་རེ་སོ་སོའི་སྐྱེ་བོ་རྣམས་ནི་སྐྱོན་གྱི་གོང་བུར་འདུག འཇིག་རྟེན་ཚེ་འདིའི་སྣང་བ་འདི་ཀུན་བྱིས་པ་མིག་འཕྲུལ་གྱིས་བསླུས་པ་ལྟར་བསླུ་བྲིད་སྒྱུ་མའི་རང་བཞིན་དུ་འདུག་པར་བསམ་བློ་བཏང་ན། མི་རྟག་པ་ལ་རྟག་པར་བཟུང་ནས་ད་སྔོན་གྱི་བར་དུ་རྟག་བརྟན་ཐེར་ཟུག་ཏུ་ལྟ་བ་དེ་འགྱོད་པའི་གཞི་མ་ཞིག་རེད་འདུག་པས་ང་རེ་འགྱོད་ཅེས་གསུངས་ལ། དེའང་དཔེར་ན། སྔོན་གྲྭ་བ་ཞིག་ལ་གྲོགས་པོ་ངོ་ཤེས་སྒྱུ་མ་མཁན་ཞིག་ཡོད། ཉིན་ཞིག་གྲྭ་བ་དེ་ཁོམ་སྐབས་ཤིག་ཁེལ་ཏེ། སྒྱུ་མ་མཁན་གྱི་ཁྱིམ་དུ་སོང་ནས། སྒྱུ་མ་མཁན་ལ་ཁྱོད་ཀྱིས་ང་ལ་སྒྱུ་མའི་ལྟད་མོ་ཞིག་ཨེ་བསྟན་ཟེར། སྒྱུ་མ་མཁན་གྱིས། སྒྱུ་མའི་ལྟད་མོ་སོ་ཅི་མི་བསྟན། དེ་བས་ཁྱེད་རང་གིས་ཇ་འཐུང་ཟེར་ནས་ཇ་ཕོར་བ་གང་བླུགས་ཏེ་གྲྭ་བའི་མདུན་ཅོག་ཐོག་ཏུ་བཞག་ནས། ཁོང་གཉིས་ཀྱིས་སྐད་ཆ་བཤད། དེ་ནས་བར་ཞིག་ན་སྒྱུ་མ་མཁན་སྒོར་སོང་ནས་ཅུང་མ་འགོར་བར་ཕྱིར་ཡོང་དུས། གྲྭ་བ་ལ། དེ་རིང་ངེད་ཚང་གི་སྒོ་ཁར་རྟ་ཡག་པོ་ཞིག་བཙོང་རྒྱུ་ཁྲིད་འདུག་ཟེར་བས། གྲྭ་བ་དེ་ཁོ་རང་རྟ་ལ་ཤིན་ཏུ་དགའ་བས། རྟ་ག་རེ་ཟེར་ནས་སྒོར་བུད་དེ་བལྟས་པས། སྒྱུ་མ་མཁན་ཚང་གི་སྒོ་ཁར་རྟ་སྔོ་ནག་གཡུ་འབྲུག་འཁྱིལ་འདྲ། དོང་ཁར་ཉི་ཟླའི་རི་མོ་དོད་ཡོད་པ། ཐང་གའི་ནང་གི་རི་མོ་ལ་མ་བལྟས་ན་དཔེར་འཇོག་ས་མི་ལོན་པ་ཞིག་ཡོད་པ་དང་། ཁོས་སེམས་དེ་ལ་ཤོར་ནས། འདི་འདྲའི་བྱོལ་སོང་མ་འདྲ་བ་འཇིག་རྟེན་གྱི་ཁམས་ན་ཡོད་སྲིད་པ་ལ། འདི་ལག་ན་མ་ལོན་ཐབས་མེད་ཡིན་བསམ་ནས། ཡ་རྟ་བདག་གོང་ཅི་དགོས་ཟེར་བ་ན། རྟ་བདག་གིས་དང་པོ་གོང་མི་བཤད། ཁྱོད་ཀྱིས་རྟ་ཅི་འདྲ་གོམ་ཚད་གྱིས་ཟེར་ནས་སྲབ་མདའ་ལག་ཏུ་གཏད་པ་ན། གྲྭ་བ་ཅི་བསམ་འདི་དྲན་མེད་པར་མཆོང་ཐེངས་གཅིག་གིས་རྟ་གོང་བུད་པ་དང་། རྟ་དེ་ནམ་མཁའི་བྱ་དང་འདྲ་བ། རྒྱུག་འཕུར་མཆོང་ནས་སོང་བས་མཐོན་པོའི་གངས་དང་རྫ་ལ་ཁུར། དམའ་མོའི་ལུང་དང་ཐང་ལ་ཁུར། ལ་ལུང་པ་དང་ཐང་ཆེན་པོ་བརྩི་ཚོད་མེད་པ་ཞིག་བཅད་ནས། བར་སྐབས་ཤིག་ལ་ས་མཐའ་གནམ་མཐའ་གང་ཡིན་མི་ཤེས་པའི་ས་རྒྱུས་མེད། ཕ་ཡུལ་ཟེར་རྒྱུ་དེ་མི་ཚེ་གཅིག་ལ་ད་མིག་གིས་མ་མཐོང་ཐལ་བསམ་པའི་ས་ཞིག་ལ་ཁུར་སོང་ནས། ཁུར་ཁུར་རྒྱུག་རྒྱུག་གི་ཐ་མར། གྲྭ་བ་སྐྲག་ནི་འདྲ། མགོ་ན། ཞེ་ཁ་ལོག མགོ་ཡུ་འཁོར། མིག་སྔར་དཀར་ལམ་དམར་ལམ་འཆར་ཏེ་ག་ཤེད་དུ་ལྷུང་ནས་བརྒྱལ་སོང་འདུག ཅུང་ཟད་ན་བརྒྱལ་སངས་ནས་གཅིག་བལྟས་པས་རྟ་མ་དགོས་རྟ་སྤུ་གཅིག་ཀྱང་མེད་པར་བྱང་ཐང་སྐྱ་མོ་ཞིག་ཏུ་འཕངས་ཡོད་འདུག དེ་ནས་ཡར་ལངས་ནས་འགྲོ་བསམ་ཡང་གར་འགྲོ་དང་འདིར་འགྲོ་མེད་པ། ཕྱོགས་ཤར་ལྷོ་ནུབ་བྱང་ངོས་མི་ཟིན་ས་ལ་ཐོན་འདུག དེ་ནས་ས་འགྲོ་རྡོ་འགྲོ་བྱས་ནས་ཉིན་མཚན་འགའ་རེར་སོང་སོང་ནས། ཉིན་ཞིག་ལ་རི་ལུང་པ་ཡོད་སའི་ས་ཕྱོགས་མི་རྒྱུ་འགྲུལ་ཡོད་ས་རེད་བསམ་པ་ཞིག་ཏུ་སླེབས་སོང་། ད་དུང་སྡུག་རུས་བྱས་ནས་སོང་སོང་བ་ན། རྫི་བོ་འགའ་རེ་དང་འཕྲད་ནས་སྐད་ཆ་དྲིས་ཀྱང་ཡུལ་ལུང་ས་ཐག་རིང་བ་སྐད་བརྡ་མ་འཕྲོད། ཁ་བརྡ་ལག་བརྡ་བྱས་ནས་དེ་རྣམས་ཀྱི་ཡུལ་དུ་ཁྲིད། རིམ་བཞིན་འདྲིས་པས་སྐད་བརྡ་འཕྲོད་དེ། སེར་གོས་ཤིག་ཀྱང་གྱོན་པས་ཡུལ་དེ་ཡང་ཆོས་དད་ཡོད་པ་ཞིག་ཡིན། དེ་ན་ཨ་མཆོད་བྱས་ཏེ་ཆོས་འདོན་འཇུག་ནས་དུས་ཚོད་ཡུན་རིང་སོང་། དེ་ཁོས་འདོན་ཡོན་རེ་བསགས་ནས་རྒྱུ་ཅུང་བསགས་པ་དང་། དེ་དང་མཉམ་དུ་ཚོང་བརྒྱབ་ནས་རྒྱུ་ཆེན་ལ་གྱུར་སོང་། ད་དུང་འདོད་རྔམ་ཇེ་ཆེར་གྱུར། དེ་ནས་སྐྱ་མིན་སེར་མིན་དུ་གྱུར་ནས་ཨ་མཆོད་ཀྱང་འདོན་མ་མོས། དོན་ནང་ཉམས་ལ་སྐྱ་ཚབ་སེར་གོ་གཉིས་ཀ་མི་ཆོད་རུང་། ཕྱི་ནས་བལྟས་ན་སྐྱ་གོ་སེར་གོ་གཉིས་ཀ་ཆོད་པ་ཞིག་ཏུ་གྱུར་སོང་ནས། ཕྱི་ལོ་ཡང་ལོ་ཡུན་རིང་མ་འགོར་བར་གྲྭ་ལོག་ཏེ། ཁོ་རང་ལའང་རྒྱུ་ཡོད་ཅིང་། ཁྱིམ་ཚང་ཡང་རྒྱུ་ཆེན་པོ་ཡོད་པ་ཞིག་དང་གཉེན་བསྡེབས་པས་འཁོར་བ་ཆེན་པོར་ཆགས་སོང་། སྦྲ་ནག་མཚོ་འདྲ་ཕུག ཁྱི་ནག་དོམ་འདྲ་བསྐོར། རྟ་ནོར་ལུག་གསུམ་གྱིས་སྒོར་གང་སྟེ། སླས་མཐར་ཀི་བཏབ་ན་མི་གོ་བའི་ཁྱིམ་ཚང་ཆེན་པོ་ཞིག་གི་ཁྱིམ་བདག་གྱུར། རྒྱབ་ན་བོའུ་འཁུར་རྒྱུ་དང་། འོག་ན་རྟ་བཞོན་རྒྱུ་ཡོད་པ། མི་ཕྱེད་ལ་ཁ་ཡ་དང་། ཆུ་ཕྱེད་ལ་ལྷམ་མི་ཕུད་པ་ཞིག་ཏུ་གྱུར། དེ་འདྲ་བྱས་ནས་འཚོ་བ་བསྐྱལ་བ་ན། ཕྱི་ནས་བལྟས་ན་ལོས་སྐྱིད་བསམ་རྒྱུ་འདྲ་འདྲ། དོན་ནང་ཉམས་ལ་བལྟས་ན་དཀའ་ལས་དཀའ་ཚེགས་ཉིན་རེ་བཞིན་ཇེ་ཆེ། སྔར་གྲྭ་ཆུང་ཡིན་དུས་ཀྱི་ཁ་འཕང་མགོ་འཕང་དེ་མེད་པར་སོང་། དེ་ནས་བཟའ་འཛིངས་ནང་འཁོན་ཇེ་ཆེ་ཇེ་མང་། ཉི་མ་འདིའི་ཉིན་པར་སྐྱིད་འདི་རིག་སོང་བསམ་རྒྱུའང་ཅང་མེད་པར། དེ་འདྲ་བྱས་ནས་སྐྱིད་མེད་སྡུག་གིས་མི་ཚེ་ན་ཚོད་བསྐྱལ་བསྐྱལ་ནས། བར་སྐབས་ཤིག་ན་བྱིས་པ་སྤྲང་ཕྲུག་གསུམ་གྱིས་མཐའ་བསྐོར། རྒྱུ་མི་རྟག་རྩ་མགོའི་ཟིལ་བ་ཡིན་ནི་རེད། རྒྱུ་ནོར་ལོངས་སྤྱོད་དེ་མར་ཇེ་ཉམས། དབང་ཐང་རླུང་རྟ་དེ་ཇེ་རྒུད། ལོ་ན་ཚོད་ཀྱང་ཇེ་ཆེ་ལ་ཐོན་ནས། བར་གཅིག་ཁ་མ་སོས། ནམ་མ་ལངས། ཧ་དོམ་བུ་ལོན་བླངས་ནས་ཁ་ཨེ་སོས་བལྟ་དགོས་པའི་ས་མཚམས་ཤིག་ལ་ཐོན། དེ་དུས་སྔར་འཁོར་བ་ཐོག་མར་བཟུང་སྐབས་ཀྱི་རྣམ་དཔྱོད་དབང་ཐང་ཡང་མེད་པས། རྒད་པོ་མདོག་སྡུག་འདྲ་འདྲ་རེད། རྒན་མོ་ཁ་བཙན་ཆེ་ནི་འདྲ་འདྲ། སྤྲང་ཕྲུག་ཚོ་ཡང་མགོ་རྒྱས་བུད་སོང་ནས། ཁྱི་དེད་པ་ལམ་དུ་འགྲོ་ནི་གཅིག་ཀྱང་མེད་པར། ཁྱིམ་གོ་ཁ་གསུམ་ནས་ཐལ་བ་འཕྱུར། རྒན་མོ་ཁ་བཙན་ཆེ་ནི། རྒད་པོའི་གནས་ཚུལ་ཅི་སྡུག་འདི་སྡུག་མེད་པ། སྡང་དགྲ་བོས་བལྟས་ན་ཡ་ང་བ། གཉེན་ཉེ་བས་བལྟས་ན་ཡིད་མུག་པ་ཞིག་ཏུ་གྱུར། དེ་ལྟའི་ལྟོགས་མུ་གེས་ལོ་ཟླ་ས་ཆོད་རྡོ་ཆོད་བྱས་ནས། བར་གཅིག་ཅི་བྱེད་ལ་དང་འདི་བྱེད་ཀྱི་ཐུར་མེད་པས། རྒད་པོས་རི་དྭགས་འདྲ་ཨེ་སོད་བལྟས། རྔོན་གཡོག་བྱས་ནས་རྔོན་བདའ་རུ་སོང་བ་ན། དང་པོ་རེ་གཉིས་རེ་སོད་ཀྱང་། རྗེས་མར་ལོ་ན་མཐོ་ནི་རེད་རྐང་པས་མ་བཟོད་པར་རྔོན་རྗེས་མ་ཆོད་ནས་རྔོན་ཡང་མ་སོད་ནས། འཕྱི་བ་བདའ་ཁ་བྱས་ཀྱང་། འཕྱི་བ་ཁོ་རང་གིས་འདི་འདྲ་ཟེར་བ་རེད་ཟེར་སྲོལ་ཡོད་པ་རེད། མི་དྲག་ཤོས་ཀྱིས་ཁོ་མི་གསོད། མི་སྡུག་པོས་ཁོ་མི་སོད་ཟེར་ནི་རེད་ཅན་པོ། འཕྱི་མགོར་བརྡུང་རྒྱུའང་ལས་བོ་སླ་མོ་ཞིག་གིས་མ་ཡིན་པས། ད་ནི་རྒད་པོ་ཁྱིམ་བཟའ་ཚང་ནང་གི་སྔར་གྱི་གོ་ས་ཤོམ་ར་ག་ན་ཡོད། དེ་མེད་ནས་མ་ཚད་བཟའ་ཆེ་ཆུང་གཉིས་ཀའི་མི་གཡོག་ལ་ལྷུང་བས། ཁ་ངན་ཚིག་གྱོང་རག་པ། སྒོའི་ཁྱི་རྒན་རྒྱ་བོའི་ཡན་ཞིག་ལ་ལྷུང་སོང་བ་རེད། ཡང་ཉིན་ཞིག་ཐད་ཀའི་རི་མགོར་གཅིག་ཨེ་སོད་བལྟར་སོང་བ་ན། དེ་ཉིན་རྟགས་ཤིག་ལོས་ཡིན་ཏེ། རྒོ་ལུ་མ་ཞིག་སོད་པས་དགའ་དྲགས་ནས། ཕྱི་དྲོར་རྒོ་རོ་རྒྱབ་ན་ཁུར། བོའུ་ཡོག་གིས་ལག་རྟེན་བྱས་ནས་པུས་ཚིགས་ལྟེབ་ཞོར་ཡུལ་ལ་གཏད་དེ་བབ་ཡོང་ནས་ཁྱིམ་ཚང་རིག་ས་ཞིག་ཏུ་སླེབས་པ་ན། བྱིས་པ་ཆུང་བ་དེ་བུ་ཞིག་ཡིན་པ་དེས་རིག་སྟེ། དེ་རིང་ཨ་ཕས་ཆེན་པོ་ཞིག་འཁྱེར་འདུག་བསམ་ནས། ཨ་ཕ་ཟེར་ནས་འབོད་ཞོར་ཨ་ཕ་བསུ་བར་རྒྱུག་འོང་བ་དང་། ཉིན་སྲིབ་གཉིས་ཀྱི་བར་གྱི་ལུང་གཞུང་ན་ཆུ་ཆེན་པོ་ཞིག་ཡོད་པས་དེའི་ཟམ་ཐོག་ན་བྱིས་པ་རྡེག་འཆའ་སྟེ་ཆུ་ནང་ལྷུང་ནས་ཤི་སོང་། དེའི་སྐབས་སུ་བྱིས་པ་ཆེ་བ་བྱིས་མོ་གཉིས་རྒྱུག་ཡོང་སྟེ་ལག་སྦྲེལ་བྱས་ནས་ཆུ་ནང་མཆོང་ནས་བྱིས་པ་ཆུང་བ་ཨེ་ལོན་བལྟ་ཁུལ་བྱས་པས་གསུམ་ཀ་ཆུས་ཁྱེར་སོང་བ་དང་། མ་རྒན་གྱིས་དེ་རིག་པ་དང་ཕོས་ཆེ་རྒྱུ་ཆུང་རྒྱུ་མེད་པ་ཞིག་བཏབ་ནས་བསམ་བློ་ཞིག་ཀྱང་མ་གཏོང་བར་ཆུ་ནང་ལྕེབ་སོང་བ་ན། རྒད་པོ་འགྲོ་ས་རི་ན་མེད། འདུག་ས་ཡུལ་ན་མེད་པར། སྡུག་ཆེ་ནས་ཤི་ན་ཤི་མ་དོ། སྡུག་སྨྲེ་སྔགས་འདོན་ནས་བསྡོད་ཡོད་པ་ན། སྐད་ངོ་ཤེས་པ་ཅན་ཞིག་གིས་ཟུར་དེ་ནས་དགོས་མེད་གི་ད་ཡར་ལོངས་ཟེར་བ་ཞིག་རྣ་ལམ་དུ་གོ་ནས་གཅིག་བལྟ་དུས། སྔར་གྱི་སྒྱུ་མ་མཁན་ཚང་གི་སྒོ་ཁ་ན་དབྱུག་པ་ཞིག་དྲུད་ནས་ནུད་ཀྱིན་བསྡད་ཡོད་པ་དང་། བན་རྒན་སེམས་ཐོག་ཚུར་ཐོན་ནས་ངོ་ཚ་བ་དང་སེམས་སྡུག་ནི་མཉམ་དུ། ཅི་སྡུག་འདི་སྡུག་མེད་པར་ཡར་ལངས་ནས་ཁྱིམ་ནང་དུ་སོང་དུས། ད་དུང་ཅོག་ཙེའི་སྟེང་གི་ཇ་ཕོར་བ་གང་གི་རླངས་པ་ཡང་ཡལ་མེད་པ་རེད། འཁོར་བའི་འཁྲུལ་སྣང་ཟེར་བ་དེ་དང་འདྲ་བ་ཞིག་ཡིན། དེས་ན་འཇིག་རྟེན་གྱི་སྣང་བ་འདི་ཀུན་བསླུ་བྲིད་སྒྱུ་མའི་རང་བཞིན་དུ་འདུག་པ་ལ་རྟག་བརྟན་ཐེར་ཟུག་ཏུ་བལྟ་བ་ང་རེ་འགྱོད་ཅེས་གསུངས་སོ། །ད་ནི་སང་ཕན་ཆད་ཀྱི་བསམ་མནོ་གང་ཡང་མི་གཏོང་བར་བདག་ཏུ་འཛིན་པ་ལ་སྐྱོན་དུ་བལྟ་བར་བྱའོ་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། །འཁོར་བ་ཐོག་མེད་ནས་ད་ལ་མ་ཐུག་གི་བར་དུ་བདག་མེད་པ་ལ་བདག་ཏུ་འཛིན། ང་རང་གི་དོན་དུ་གཞན་ལ་གནོད་པ་བསྐྱལ་བ་ལ་སོགས་པ་སྡིག་པ་མི་དགེ་བའི་ལས་མང་པོ་ཞིག་བསགས་པས་འཁོར་བའི་གནས་སུ་ངན་སོང་ལ་སོགས་པའི་སྡུག་བསྔལ་འདི་དག་བྱུང་བ་རེད། དེས་ན་སྤྱོད་འཇུག་ལས། ཡིད་ཁྱོད་རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང་། །ངལ་བ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས། །ཞེས་གསུངས། ད་དེ་འདྲར་བྱས་ནས་སྡུག་བསྔལ་འདི་བདག་འཛིན་གྱིས་བསྐྱེད་པ་ཡིན་པས། གནོད་བྱེད་ཀྱི་དགྲ་བོ་སྡུག་བསྔལ་གྱི་ནང་དུ་འཕེན་མཁན་སུ་རེད་ཟེར་ན། བདག་འཛིན་འདི་ཡིན། དེས་ན་བདག་འཛིན་འདི་ལ་དགྲར་བཟུང་ནས་འདིའི་སྐྱོན་ཡོད་ཚད་ལྷང་ལ་ཕུད་དགོས། འདིས་འཁོར་བ་ཐོག་མེད་ནས་ད་བར་དུ་སྡུག་བསྔལ་འབའ་ཞིག་བསྐྱེད་དེ། འདིས་མཐོ་ལ་ཕྲག་དོག དམའ་ལ་བརྙས་བཅོས། མཉམ་ལ་འགྲན་སེམས། འཁོར་བའི་ནང་ནས་ཐར་རྒྱུ་མེད་པ་ཞིག་བྱེད་པ་དང་། མི་དང་མི་མིན་གྱི་གནོད་པ་ཐམས་ཅད་འདིའི་ཁུངས་ནས་བྱུང་བ་རེད། མདོར་ན་མི་འདོད་པ་ཡོད་ཚད་འདིས་ལན་པ་ཡིན་པར་ཤེས་པར་བྱས་ནས། འདི་འདུལ་བར་ཅི་ཐུབ་གང་ཐུབ་ལ་འབད་དགོས་ཞེས་གསུངས་ཏེ། བཀའ་གདམས་པའི་དགེ་བཤེས་ཤར་བོ་བས། ད་རེས་ཚེ་ཐུང་འདི་ལ་འགོང་པོ་འདི་ཅི་ཐུབ་ཅིག་བྱ་དགོས། ཞེས་དང་། དགེ་བཤེས་འབེན་གྱིས་ཀྱང་། ད་རེས་སེམས་ཀྱི་གཉེན་པོའི་མཁར་སྒོ་ན་གཉེན་པོའི་མདུང་ཞིག་བཟུང་ནས་འདུག་པ་ལས་གཞན་ཅི། ཁོ་སྒྲིམ་ན་ང་ཡང་སྒྲིམ། ཁོ་ལྷོད་ན་ང་ཡང་ལྷོད་ཅེས་གསུངས་སོ། །དེས་ན་བདག་འཛིན་དགྲ་རུ་བཟུང་ནས་གཞན་གཅེས་འཛིན་ལ་བློ་སྦྱོང་དགོས། དེས་བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་སྣང་བ་དེ་ཉིད་ལུང་ལས་དཔག་ནས་བསམ་པ་སོང་ངོ་། །

གཉིས་པ་བློ་བྲིད་དེ་ཐབས་ཀྱིས་སྒོམ་པ།

གཉིས་པ་མན་ངག་གི་ལུགས་ལ་བློ་མ་དྲངས་གྲོལ་བ་དེ་ཉིད་བྲིད་དེ་ཐབས་ཀྱིས་རང་རྒྱུད་ལ་སྦྱར་ཏེ་ཐུན་ནང་སྒོམ་པ་ནི། ཡང་རང་ཉིད་ས་ཆ་གང་ནས་ཕྱིན་ཆ་མེད་རྒྱུས་མེད་པའི་ལུང་བ་ཐག་རིང་པོ་གང་ཡིན་ངོ་མི་འཚལ་བ་སྟེ་ངོ་མི་ཤེས་པའི་ས་ཆ་རྒྱུས་མེད་ཞིག་ཏུ་སླེབས་པར་སྒོམ། མདུན་གང་ལ་གཏད་ནས་གར་འགྲོའི་གཏད་སོ་མེད་པ། རྒྱབ་གང་ལ་གཏད་ནས་གང་ནས་འོང་ཆ་མི་འཚལ་བར་ཐོམ་ཐོམ་དུ་ཅི་བྱེད་འདི་བྱེད་མེད་པར་ཡོད་ཙ་ན། གློ་བུར་དུ་གར་ཡོང་འདི་ཡོང་མི་ཤེས་ཤིང་ངོ་མི་ཤེས་པའི་ཕོ་སྐྱེས་གཞོན་ནུ་བརྒྱད་ཐོན་བྱུང་ནས། དེ་དག་ན་རེ། བདག་ཅག་ནི་ཀུན་གཞི་མུན་པའི་གླིང་བྱ་བའི་ས་ཆ་ནས་འོངས་། འདི་ནས་ཕར་ལ་ལོ་ཟླ་མང་པོ་བརྒལ་བའི་ས་ཆ་ན། ཡུལ་རིན་པོ་ཆེའི་གླིང་ཞེས་བྱ་བ་ཡོད། གླིང་དེ་ན་ནོར་བུའི་རིགས་བྱེད་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་མཆིས་ལ། དེ་དག་ལེན་དུ་འགྲོ་བ་ལ་ལམ་དུ་དཀའ་ཚེགས་ལ་མི་འཛེམས་པར་ངལ་བ་ཁྱད་དུ་བསད་ནས་འགྲོ་དགོས་པ་ཡིན། ཁྱོད་ཅག་ཀྱང་དེ་ལྟར་འགྲོ་བར་མི་བགྱིའམ་ཞེས་ཟེར་བ་དེ་གོ་བས་བློ་འགྱུར་ཏེ། ཕོ་སྐྱེས་བརྒྱད་པོ་དེ་དག་དང་བསྡོངས་ནས་བསྐྱོད་དེ་སོང་བ་ན། སྐབས་རེས་འགའ་ནི་གྲང་ངར་ཤུགས་དྲག་ལྡན་པའི་རྫི་ངར་ཅན་གྱི་རླུང་ལ་འགམས། ཡང་རེས་འགའ་ནི་སྟག་གཟིག་དོམ་དྲེད་ལ་སོགས་པ་གཅན་གཟན་གདུག་པ་ཅན་གྱིས་ད་ཟ་འགྲོ་སྙམ་པའི་འཕྲང་ལ་བཤར། ཡང་རེས་འགའ་ནི་ཆུ་བོ་ཆེན་པོའི་དབའ་ལ་བཤམས། དཀའ་ཚེགས་འཁྱགས་གསུམ་པོ་བསྲན་ནས་རྒྱུ་སྟོང་སྐེད་པར་དཀྲིས། མཆིལ་མས་སྐོམ་སེལ། རྒྱུ་མས་སྐེ་རགས་བྱས། མི་ཚེ་རིང་པོ་ལ་དུས་ཀྱི་ཚད་བཙུགས་ནས། ཉིན་གཅིག་འདུག་པའི་ཚེ་ཡོད་མེད་མི་ཤེས་རུང་། ལོ་བརྒྱ་འདུག་རྒྱུའི་ལས་ཀ་ཡུན་རིང་གི་འདང་བརྒྱབ་སྟེ་ཉིན་མཚན་བར་མེད་དུ། ནངས་བ་མོས་ལྷམ་བྱས། ནུབ་སྐར་རྒྱན་གྱིས་ཞྭ་བྱས་ནས། ལོ་དང་ཟླ་བ་མཐུད་དེ་སོང་སོང་བས་ལུས་སེམས་གཉིས་ཀ་ཤིན་ཏུ་ཐང་ཆད་པའི་ངང་ལ་ཕྱིན་ཕྱིན་པ་ལས། ཅི་ཞིག་ན་མི་ཚེ་ཡང་ཕལ་ཆེར་ཟད། སྐྲ་དང་ཁ་སྤུ་ཡང་དཀར་པོར་སོང་སྟེ་ཚེ་སྟོད་གཞོན་སོ་དཀར་གྱི་དུས་ནས་བཟུང་ཚེ་སྨད་རྒན་སྐྲ་དཀར་གྱི་བར་དུ་སོང་སོང་བའི་སྐབས་ཤིག་ན། དང་པོ་བསམ་པའི་དམིགས་ཡུལ་གྱི་འདོད་པའི་དོན་ཐམས་ཅད་གྲུབ་སྟེ་རིན་པོ་ཆེའི་གླིང་ནས་ནོར་བུའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་གྱི་དངོས་པོ་དེ་དག་ཐོབ་ནས། ད་ནི་ལོན་རྒྱུའི་དངོས་པོ་རྣམས་ནི་ལོན་སོང་བསམ་ནས་དགའ་སྤྲོ་ཡང་དཔག་ཏུ་མེད་པ་དང་བཅས་ཏེ་རང་གི་ཡུལ་དུ་ཕྱིར་ལྡོག་ནས་ཡོང་ཙ་ན། ཞག་གསུམ་གྱིས་རང་གི་ཕ་ཡུལ་སླེབས་རྒྱུའི་སའི་ཆ་མིང་ལ་འདུ་བ་རྣམ་བཞིའི་ཐང་ཞེས་བྱ་བ་དེར་ཞག་ཚུགས་བྱས་ནས་འདུག་པའི་ཚེ་ན། གློ་བུར་དུ་ཇག་པ་ཤིན་ཏུ་མི་བསྲུན་མ་རུངས་པ་འཇིགས་སུ་རུང་བའི་སྤུན་བདུན་དང་ཕྲད་དེ། མི་ཚེ་ཚད་ལ་བཙུགས། སྲོག་ལ་བརྡོས་ཏེ་ཡུན་རིང་པོས་དཀའ་བས་བཙལ་བའི་ནོར་བུ་རྣམས་ཕྲོགས། ཐ་ན་ལུས་ལ་གྱོན་ཞིང་འཇག་པའི་ལྷག་སྐྱོབ་ཀྱི་གོས་ཀྱང་ནི་བཤུས། རྐང་ལག་སོགས་ཡན་ལག་ཐམས་ཅད་ལྕགས་སྒྲོག་སོགས་ཀྱིས་དམ་པོས་བཅིངས་ཏེ་དབང་མེད་དུ་བྱས། མདའ་མདུང་རལ་གྲི་ལ་སོགས་པ་མཚོན་ཆའི་རིགས་ཤིན་ཏུ་རྣོན་པོ་ཐོགས་ནས་ཚིག་རྩུབ་བརླང་པོ་མི་སྙན་པའི་ངག་གིས། ལས་ངན་ཁྱོད་ལ་བླ་མ་ཟེར་བའི་བྱིན་རླབས་ཅན་ཞིག་ཡོད་ན་འབོད་རན་པས་གསོལ་བ་ཐོབ། ཡི་དམ་ཞེས་པ་དངོས་གྲུབ་ཅན་ཞིག་ཡོད་ན་ད་ཐུགས་རྗེ་བསྐུལ། མཁའ་འགྲོ་དང་ཆོས་སྐྱོང་ཟེར་བའི་འཕྲིན་ལས་མྱུར་མགྱོགས་དང་ལྡན་པ་ཞིག་ཡོད་ན་ད་ར་མདའ་སྦྲོན། རྒྱབ་རྟེན་དང་དཔུང་གཉེན་ཡོད་ན་ད་འོང་རན། སྐྱབས་དང་རེ་ས་མགོན་དཔུང་གཉེན་དེ་དག་གང་ཡང་མེད་ན་འཆི་བ་ཟེར་བའི་སྒྲ་བོ་ཆེ་དེ་སྒོམ། དེ་རང་ཐོག་ལ་བབ་པ་རེད། ཚེ་འདི་ཕྱི་ཟེར་བའི་ས་མཚམས་ཤི་གསོན་བྱེ་མའི་ལ་ཁར་ད་སླེབས་པ་ཡིན་ནོ། ད་དེའི་ཕན་ལ་འགྲོ་ས་འདུག་ས་ཞིག་ཡོད་པ་མ་ཡིན་ནོ། །ཞེས་ཟེར་བའི་སྒྲ་མི་སྙན་པ་དེ་ཐོས་པས་སྙིང་རྩེ་ཤུམ་མམ་ཚ་ཤར་གྱིས་སོང་། ཨ་ཙ་མ་ཞེས་སྡུག་བསྔལ་མགོ་ཐོག་ལ་བབ་ནས་ཤུགས་དྲག་གི་མྱ་ངན་མྱོང་བའི་ཚིག་སྨྲས་ནས། བདག་གིས་མི་ཚེ་ཁོ་ན་ཚད་བཙུགས་ནས་ཁྲག་དང་རྔུལ་ཆུའི་ཐིག་པ་བསགས་ཏེ་དཀའ་བ་དེ་ཙམ་ཞིག་བྱས་པ། ཨ་བྲའི་གསོག་པ་མཛོ་ཕོའི་ཁམ་གང་། རྒྱུ་ནོར་ཡོད་ཚད་ཕྲོག་ནས་དོན་མེད་དུ་སོང་བས་མ་ཆོག་ད་ནི་རིན་ཆེན་སྲོག་དང་བྲལ་བ་ལ་ཐུག བདག་མེད་ཀྱི་ལུང་པ་ས་སྟོང་རྒྱུས་མེད་འདི་ལྟ་བུར་གཤེད་མ་གདུག་རྩུབ་ཅན་འདི་ལྟ་བུ་དང་འཕྲད་དུས། རི་བོང་གླག་གིས་འཁྱེར་དུས། འབོད་ས་ཨ་སྔོན་གནམ་ཟེར་བ་ལྟར། སྐྱབས་དང་མགོན་དང་དཔུང་གཉེན་རེ་ས་ནི་མེད། ཅི་བྱེད་དང་འདི་བྱེད་མེད་སར་ཐུག སྔར་དཀའ་བ་སྤྱད་པའི་ལས་བྱས་བྱས་ཐམས་ཅད་ཀྱིས་ཕན་པ་ཡོད་པ་ནི་གཅིག་ཀྱང་མ་བྱུང་། ཚེ་ཚད་ཡུན་རིང་དུ་འཇོག་འདུག་རྒྱུའི་ཚེ་ཟད་ལོང་མེད་པར་འཆི་བ་གྲི་ཐོག་དམར་པོ་མགོ་ལ་ལྷུང་བ་ལྟར། གློ་བུར་བཙན་ཐབས་སུ་ངའི་མགོ་ལ་སླེབས་ནས་གདའ། ཨ་ཙ་མ་ཞེས་སྐྱི་གཡའ་བའི་ཚིག་དང་། བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་གྱུར། །ཞེས་པ་ལྟར། འཇིགས་པ་ལ་ཞེས་ཉམ་ཐག་གི་ང་རོ་དང་། ཀྱི་ཧུད་ཀྱི་ཧུད་ཅེས་སྨྲེ་སྔགས་དང་འོ་དོད་དྲག་པོ་འབོད་ཀྱིན་ཡོད་པའི་ཚེ། མདུན་གྱི་ནམ་མཁར་འཇའ་འོད་གུར་ཁང་ན་ཨོ་རྒྱན་ཆེན་པོ་ཉིད། ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ། །བསད་འཁྱེར་ཇག་པ་ཆོམ་པོས་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པ་ལྡན། །ཙོ་ར་མི་རྒོད་རྔམས་སེམས་བརླག་པར་བྱེད། །ཅེས་པ་ལྟར། བསད་པ་དང་། དབྱེ་བ་དང་། བསྐྲད་པ་དང་། མྱོས་པ་སྟེ་ཕྱག་རྒྱ་བཞི་ལྡན་གྱི་རྣམ་པར་བྱོན་ནས་འོད་ཟེར་སྤྲོ་ཞིང་བསྡུས་པས་མི་རྒོད་ཇག་པའི་ཚོགས་རྣམས་རྒྱང་རིང་པོར་ཕྱིར་བསྐྲད་པར་མཛད་རྗེས། ཀྱེ་ཞེས་པའི་སྙན་པའི་གསུང་དབྱངས་ཀྱིས་བསྐུལ་ནས། ལས་ངན་གྱི་སེམས་ཅན་ཁྱོད་ཀྱིས་དགྲ་འདུལ་གཉེན་སྐྱོང་། ཚོང་སོ་ནོམ། ནོར་གསོག་འཇོག་སོགས་འཁོར་བའི་བྱ་བ་བཙན་དུག་ཁོང་དུ་སོང་ན་སྲོག་གཅོད་པ་ལྟ་བུ་ཐར་པའི་སྲོག་འཕྲོག་བྱེད་ལ་རོ་བརྒྱ་དང་ལྡན་པའི་བདུད་རྩི་ལྟ་བུར་བརྩིས་ནས་ཆགས་པས་ལན། སྔར་ངོ་མ་ཤེས་པའི་ཁྱོད་མགོ་གཡོག་ནས་ཁྲིད་མཁན་གྱི་ཕོ་སྐྱེས་བརྒྱད་པོ་ནི། རྣམ་ཤེས་ཚོགས་བརྒྱད་རླུང་སེམས་ཀྱི་བཞོན་པ་རྟ་ལོང་བ་དང་འདྲ་བ་དེས་རིག་པའི་ཡེ་ཤེས་བསླུས་ཏེ་དེའི་གདང་ཕྱིར་འཆར་ཞིང་འཕྲོ་བའི་འཁྲུལ་བའི་སྣང་བ་བསྐྱེད་པ་ཡིན། རིན་པོ་ཆེའི་གླིང་གི་ནོར་བུར་ལོན་པ་ནི་མི་བརྟན་ཚེ་འདིའི་ཟག་བཅས་ཀྱི་བདེ་སྐྱིད་རྨི་ལམ་ལྟ་བུ་དོན་ལ་མེད་པའི་འཁྲུལ་སྣང་བརྟག་མི་ཐུབ་པ་ཡིན། རྒྱུ་སྟོང་སྐེད་པར་དཀྲིས་ནས་དཀའ་བ་སྣ་ཚོགས་སྤྱད་པ་ནི། རྡོ་ཐང་ལ་ཡོད་པ་ཐད་ལ་བླངས་པ་བཞིན། རང་སྡུག་རང་ལ་གཏད་དེ་སྡུག་བསྔལ་རང་ཉིད་ཀྱི་སྟེང་དུ་དང་དུ་བླངས་པས་བསླུ་བའི་གཞི་ངོ་མ་དེ་བསྒྲུབ་པ་ཡིན། སྐྲ་དང་ཁ་སྤུ་ནག་པོ་ཡིན་པ་དེ་ལོ་ཟླའི་འཕྲེང་བ་བར་མེད་དུ་བགྲངས་ནས་དཀར་པོར་མདོག་འགྱུར་སྟེ་གཞོན་སོ་དཀར་ཅན་དེ་རྒན་མགོ་དཀར་ཅན་གྱི་བཅོལ་རྒན་དུ་འགྱུར་བ་ནི། འཁོར་བའི་སེམས་ཅན་སྡུག་བསྔལ་གྱི་ལས་ལ་གཡེང་ཞིང་སྡུག་བསྔལ་བདེ་བར་འཛིན་པ་ལ་འཁྲུལ་བཞིན་པའི་ངང་དུ་མི་ཚེ་ཡེང་མ་ལམ་ལ་དོན་མེད་དུ་འཛད་པ་ཡིན། རླུང་མཁྲིས་བད་ཀན་འདུ་བའི་ནད་ཀྱི་འདུ་བ་རྣམ་བཞིའི་ཐང་དུ་ཇག་པ་མ་རུངས་པས་སྲོག་ལ་རྒོལ་བ་ནི། བཞི་བརྒྱ་རྩ་བཞིའི་ནད་ཀྱིས་གཙེས་ཏེ་མནར་བས་འཆི་བདག་ངོམ་གནག་གཤིན་རྗེའི་སྐྱེས་བུ་གློ་བུར་དུ་ཐོན་ནས་དབང་མེད་དུ་སྲོག་འཕྲོག་ཅིང་གཏོར་བ་ཡིན། འདོད་པའི་དབང་དུ་སོང་ནས་སྡུག་བསྔལ་མྱོང་བ་ལུང་ལས་བྱུང་བ་ལ་བསམ་ན། སྔོན་སངས་རྒྱས་བཅོམ་ལྡན་འདས་སྐུ་བཞུགས་པའི་ཚེ། དགེ་སློང་མ་ཨུཏྤལའི་མདོག་ཅེས་པ་དགྲ་བཅོམ་མ་ཞིག་ཡོད། ཁོང་གིས་དགེ་སློང་མ་གསར་བུ་འདོད་པའི་ཉོན་མོངས་ལས་མ་གྲོལ་བ་རྣམས་ལ་ཆོས་གསུངས་པའི་ཚེ། ཁོང་རབ་ཏུ་མ་བྱུང་དགྲ་བཅོམ་མ་ཐོབ་པའི་སྔོན་གྱི་བྱུང་བ་ཚེ་འདིའི་གནས་ཚུལ་ངོ་མ་དེ་བརྗོད་པ་རེད། དེའང་ཁོང་ཀུན་ཏུ་རྒྱུ་རིགས་མཐོན་པོ་ཞིག་གི་ཁྱིམ་དུ་སྐྱེས། ནར་སོན་པ་ན། ཀུན་ཏུ་རྒྱུ་རིགས་མཐོན་པོ་རྒྱུ་ནོར་ལོངས་སྤྱོད་ཡོད་མཁན། རིག་བྱེད་ལ་མཁས་པ་ཞིག་ལ་བག་མར་བྱིན་པས། བུ་གཅིག་སྐྱེས་ཤིང་ཡང་ལུས་ལ་བུ་གཅིག་འཁོར་ནས་ཁྱིམ་ཐབས་དང་ལྷན་དུ་བུ་བཙས་ཕྱིར་ཕ་མའི་ཁྱིམ་དུ་ལོག་སྐབས། ཕ་མའི་ཁྱིམ་ཡོད་ས་ཐག་རིང་པོ་ཡིན་པས་དེའི་དགོང་མོ་ལམ་ཕྱེད་ཙམ་དུ་ཕྱིན་ནས་ས་སྟོང་ཞིག་ཏུ་ཞག་སར་བྱས། ཁོང་ཤིང་སྡོང་ཞིག་གི་རྩར་ཉལ་ནས་ནམ་ཕྱེད་ཙམ་ལ་བུ་བཙས་པ་ན། ཁྱོ་ཕོ་ལ་བོས་ཀྱང་ལན་མ་སྟེར། ཕྱི་ཉིན་ནམ་ལངས་དུས་བལྟས་པ་ན། ཁྱོ་ཕོ་དུག་སྦྲུལ་གྱིས་བཟུང་སྟེ་དུག་གིས་ཟིན་ནས་ཤི་ཚར་འདུག དེའི་སྐབས་ན་མྱ་ངན་གྱིས་དྲན་མེད་དུ་བརྒྱལ་སོང་། རེ་ཞིག་བུ་ཆེ་བ་དེས་ཕའི་རོ་ལ་འཐམས་ཏེ་ངུས་པས་རྐྱེན་བྱས་ནས་སད་བྱུང་བ་དང་། གཞན་ཅི་བྱེད་མེད་པར་ཕ་མའི་ཁྱིམ་གྱི་ཕྱོགས་སུ་གཏད་དེ། བུ་ཆེ་བ་རྒྱབ་ལ་འཁུར། ཆུང་བ་པང་དུ་བཟུང་ནས་ངུ་བཞིན་ས་སྟོང་ཞིག་ལ་སོང་སོང་ནས་ཆུ་ཆེན་པོ་ཞིག་དང་ཐུག་པ་ན། ལུས་ཟུངས་ཞན་པས་བུ་གཉིས་ཀ་ལྷན་ཅིག་ཏུ་མ་ལྕོག་པས། བུ་ཆེ་བ་དེ་ཚུར་ཁར་བཞག་ནས། དང་པོ་བུ་ཆུང་བ་ཕར་ཁར་བསྐྱལ་ནས་ཚུར་འོང་དུས། བུས་ཨ་མ་ཞེས་བོས་ནས་རྒྱུག་ཡོང་བས་ཆུར་ལྷུང་སོང་། ལུས་ཀྱི་སྟོབས་ཤུགས་ཅི་ཡོད་བསྐྱེད་ནས་དེད་ཀྱང་མ་ཟིན་པས་ཨ་མ་ཞེས་བོས་བཞིན་ཆུས་ཁྱེར་སོང་། དེ་ནས་བུ་ཆུང་བ་ལ་ཕྱི་བལྟས་ཤིག་བྱེད་དུས་སྤྱང་ཀི་ཞིག་གིས་ཟ་འགྲོ་བར་རིག་ཏེ་མགྱོགས་པར་ཆུ་བརྒལ་ཏེ་དེར་འཐོན་པ་ན་སྤྱང་ཀི་བྲོས་ཚར་ཡང་བུའི་ཁྲག་ཐིག་ཙམ་ཞིག་མ་གཏོགས་ལྷག་མ་མེད་པར་ཟོས་ཟིན། ཡང་སྡུག་གིས་དྲན་མེད་དུ་བརྒྱལ་སོང་། སྡུག་གིས་ཤི་རྒྱུ་མེད་པས་ཡང་སོས་ནས་གཅིག་པུ་ངུ་ཞོར་དུ་སོང་སོང་ནས་ཕ་ཡུལ་དང་ཐག་མི་རིང་བའི་སར་སླེབས་པ་དང་། ཕ་ཕྱོགས་ཀྱི་ཉེ་རིང་འདུན་པ་ཡོད་པ་ཞིག་དང་འཕྲད། མི་དེས་ཁྱོད་འདི་འདྲ་སྡུག་མོ་ཅི་རེད་སོང་ཞེས་དྲིས། མོས་ངུ་བཞིན་ལོ་རྒྱུས་རྒྱས་པར་བཤད་པས། མི་དེའང་ངུར་ཤོར་བ་དང་། མོས་དེ་ལ་ངའི་ཕ་མ་གཉིས་བདེའམ་ཞེས་དྲིས་པས། མི་དེས་ཁྱོད་ཀྱི་ཕ་མའི་ཁྱིམ་མེས་ཚིག་ནས་ཤི་ཚར། ཁྱོད་འགྲོ་ས་ཞིག་ཡོད་མ་སོང་ཟེར་བས། ཡང་མོ་དར་ཅིག་དྲན་མེད་དུ་བརྒྱལ་ནས་ཡར་སོས་པ་དང་ཉེ་རིང་དེའི་ཁྱིམ་དུ་སོང་ནས་བསྡད། དེ་ཚང་གི་རང་གི་བུ་མོ་བཞིན་ཅི་དྲག་གིས་ཡག་པོར་བྱེད་བཞིན་དུས་ཚོད་གང་འཚམས་ཤིག་འདས་ནས། དམུས་རྒྱུ་མེད་པའི་བན་རྒན། །ན་ནིང་ཤི་སར་ད་ལོ། །ཡང་གཞན་ཞིག་ལ་མནའ་མ་སོང་བས། དེ་ཚང་གི་མི་དེ་ཆང་འཐུང་མཁན་ངན་པ་ཞིག་ཡིན་པས། ཉིན་ཞིག་གཞན་ཞིག་གི་ཁྱིམ་དུ་ཆང་བརྒྱག་རྒན་ཞིག་འཐུང་ནས་ར་བཟི་ཞིང་དགོང་མོ་ནམ་ཕྱེད་ཙམ་ལ་ཕྱིར་ལོག་སྟེ་སྒོ་བརྡུང་བ་ན། མོ་ལ་བུ་ཞིག་སྐྱེས་ནས་དེ་མ་ཐག་སྒོ་ཕྱེར་འགྲོ་མ་ཐུབ་པས། ཁོས་སྒོ་གཏོར་ཏེ་ནང་དུ་ཡོང་དུས། མོས་ལོ་རྒྱུས་བཤད་ཀྱང་ཁོས་མ་ཉན་པར་སྤྲོ་ཐོག་སྤྲོ་ལངས་ནས། མོ་བརྡུང་བུ་བསད། བུ་རོ་མར་ཁུའི་ནང་དུ་བརྔོས་ནས་མོ་ལ་ཟ་རུ་བཅུག་པས། མོས་ང་ཅི་འདྲའི་ལས་ངན་བསོད་ནམས་མེད་པ་ཞིག་རེད་བསམ་ཞིང་། མི་དེ་བསྐྱུར་ཏེ་བྲོས་པས་ཝ་ར་ཎ་སིར་སོང་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཤིང་སྡོང་ཞིག་གི་དྲུང་དུ་གཅིག་པུར་འདུག་པ་ན། ཡང་དེ་ན་ཁྱིམ་ཚང་ཞིག་བག་མ་གསར་པ་གློ་བུར་དུ་ཤི་ནས། ཁྱོ་ཕོ་དེས་དེའི་རོ་དུར་ལ་སྦས་ནས་ངུ་བཞིན་འགྲོ་བ་དང་འཕྲད། དེ་གཉིས་སྐད་ཆ་ཕར་བཤད་ཚུར་བཤད་བྱས་ཤིང་དེ་ཚང་གི་ཁྱིམ་དུ་སོང་ནས། མི་སྡུག་ཐུག་རེད། ལས་གར་ཟད་རེད། འཇིག་རྟེན་གྲང་ང་ཁམས་ན་ལས་ཐབས་གཞན་མེད་ནས་དེ་ཚང་གི་ཁྱིམ་བདག་མོ་བྱས་ཀྱང་། ཡུན་མི་རིང་བར་མི་དེ་ལ་ནད་ཅིག་ཕོག་ནས་སྨན་དཔྱད་སོགས་ཅི་བྱས་ཀྱང་མ་ཕན་པས་ཤི་སོང་། ས་ཆ་དེའི་ལུགས་ལ་སྐྱེས་པ་ཤི་དུས་ཆུང་མ་དེའི་རོ་དང་མཉམ་དུ་ས་འོག་སྦ་དགོས་པའི་དར་སྲོལ་ཡོད་པས། མོ་གསོན་པོ་རོ་དང་མཉམ་དུ་སྦས་པ་ན། དེ་ནུབ་དུར་རྐུན་པ་མང་པོ་འཐོན་ཡོང་བས་མོ་ཁྲིད་ནས་དུར་རྐུན་གྱི་དམག་དཔོན་གྱི་ཆུང་མར་བྱས། དུར་རྐུན་པ་རྣམས་ནམ་ཡིན་ན་དུར་རྐུན་དུ་འགྲོ་བ་ན། ཉིན་ཞིག་དུར་རྐུན་དཔོན་པོ་རྒྱལ་པོ་ཚང་གིས་བཟུང་བར་མ་ཟད་བསད་ནས་དེའི་རོ་དང་མཉམ་པར་དུར་དུ་སྦས་ནས་ཞག་གསུམ་སོང་བ་ན། ད་ཤི་རྒྱུ་རེད་ཤི་ན་ཤི་བསམ་ནས། ཤི་མ་གསོན་དུ་བསྡད་ཡོད་པའི་སྐབས་ན། སྤྱང་ཀི་ཞིག་གིས་དུར་བསལ་ནས་ཕྱི་རོལ་དུ་ཐར་པ་ན། བསམ་བློ་གཏོང་དུས་ལུས་འདིའི་ཐོག་ན་མྱོང་བའི་སྡུག་བསྔལ་བརྩི་གྲངས་མེད་པ་ཞིག་མྱངས་སོང་། ཤི་ན་ཤི་རྒྱུ་མེད་པར་ཤི་ཁར་ཡར་ཐར་ཡོང་། ད་ནི་འཁོར་བའི་སྡུག་བསྔལ་དང་འདོད་པའི་ཉེས་དམིགས་ལ་དམུས་སོང་བ་ཡིན། སྡོན་ཆད་གོ་མྱོང་བ་ཞིག་ལ་ཤཱཀྱའི་སྲས་པོ་ཞིག་མངོན་པར་བྱང་ཆུབ་བརྙེས་ནས་སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་པ་ཞིག་ཡོད་ལ། མཚན་སངས་རྒྱས་དང་། དེས་མི་མཁྱེན་པ་གང་ཡང་མེད་པས་ཀུན་མཁྱེན་ཡང་ཞུ་ཞེས་གོ་མྱོང་། ད་དེ་ལ་སྐྱབས་སུ་འགྲོ་དགོས་བསམ་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་སངས་རྒྱས་བཞུགས་ཡོད་པ་དེར་སོང་ནས་དེ་བཞིན་གཤེགས་པ་མཇལ་བ་ན། འཁོར་ཉན་ཐོས་དགྲ་བཅོམ་གྱི་དབུས་ན་བཅོམ་ལྡན་འདས་སྐར་ཚོགས་ཀྱི་དཀྱིལ་ན་ཉ་གང་གི་ཟླ་བ་ཤར་བ་བཞིན། སྐུ་གཟི་བརྗིད་དང་ལྡན་པ། མཐོང་ན་མི་མཐུན་པར་མེད་པ། དང་བ་ལྷག་པར་འདྲེན་པ་ཞིག་མཛད་ནས་བཞུགས་ཡོད་པ་ན། བཅོམ་ལྡན་འདས་ཀྱིས་ཐོགས་པ་མེད་པར་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས། འཁོར་གྱི་དབུས་ནས་མོའི་མདུན་དུ་བྱོན་པ་དང་། མོ་སྒྲེན་མོ་ལག་པ་དང་ཁ་སར་གཏད་དེ་བསྡད་པ་ན། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བུད་མེད་འདི་ལ་གོས་སྐོན་ཅིག་གསུངས་པས། ཀུན་དགའ་བོས་གོས་ཤིག་གནང་། དེ་ནས་མོས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། བདག་ལས་ངན་པ་ལ་ཐུགས་བརྩེ་བས་དགོངས་ཏེ་རབ་ཏུ་དབྱུང་བར་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐྱེ་དགུ་བདག་མོ་ལ་གཏད་དེ་རབ་ཏུ་ཕྱུངས་ཤིག་གསུངས་པས། སྐྱེ་དགུ་བདག་མོའི་དྲུང་དུ་སོང་ནས་རབ་ཏུ་བྱུང་ཞིང་བསྙེན་པ་རྫོགས། ཆོས་གོས་རྣམ་གསུམ་གྱོན། དེའི་མདུན་ནས་བདེན་བཞིའི་ཆོས་ཞུས། བརྩོན་འགྲུས་རྩོམ་པས་ད་ལྟ་འདི་བཞིན་དུ་དགྲ་བཅོམ་ཐོབ་ནས་མངོན་ཤེས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ཞེས་གསུངས་པས། དགེ་སློང་མ་གསར་བུ་རྣམས་ངོ་མཚར་སྐྱེས་ནས། ཁྱེད་ཀྱིས་དེ་འདྲའི་སྡུག་བསྔལ་མང་པོ་མྱོང་ཡང་། མཐར་སངས་རྒྱས་བཅོམ་ལྡན་འདས་དང་མཇལ་ནས་འདི་འདྲའི་ཡོན་ཏན་ཐོབ་པ་སྔོན་ལས་ཅི་ཞིག་བགྱིས་པས་ཡིན་ཞེས་ཞུས་པས། དགེ་སློང་མ་ཨུཏྤལའི་མདོག་གིས་སྔར་གྱི་ལས་བསགས་ལུགས་དང་ལས་འབྲས་བསླུ་མེད་མྱོང་ཚུལ་མངོན་ཤེས་ཀྱིས་གཟིགས་ཏེ་གསུངས་པས། དགེ་སློང་མ་གསར་བུ་ཚང་མ་འཁོར་བའི་ཆོས་ལ་ཞེན་པ་གཏིང་ནས་ལོག ཐར་པའི་ཆོས་ལ་སྤྲོ་བ་སྙིང་ནས་སྐྱེས་ཏེ་བརྩོན་འགྲུས་བརྩམས་ཏེ་སྒོམ་པས་ཐམས་ཅད་ཀྱིས་འབྲས་བུ་ཐོབ། འཁོར་བའི་རྒྱ་མཚོའི་ཕ་མཐར་བརྒལ་བ་རེད། དེའི་ཚུལ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས། དགེ་སློང་མ་ཨུཏྤལའི་མདོག་གིས་ཆོས་ལེགས་པར་བསྟན་ཏོ་ཞེས་ལེགས་སོའི་དབུགས་དབྱུང་གནང་ངོ་། །ད་འཁོར་བའི་གནས་འདིར་འཁྱམས་ནས་ལས་ལས་བྱས་བྱས་ཐམས་ཅད་དེ་འདྲའི་སྡུག་བསྔལ་རྒྱུ་འབྲས་གཉིས་ཁོ་ན་རེད། ལས་སྔ་མའི་སྡིག་པའི་འབྲས་བུ་སྡུག་བསྔལ་མི་བཟོད་པ་ཞིག་མྱོང་བཞིན་དུ། ཡང་ཕྱི་མའི་གནས་སྐབས་སུ་དེ་བས་ཆེ་བའི་སྡུག་བསྔལ་མྱང་བའི་རྒྱུ་ལས་ངན་གྱི་ས་བོན་དེ་ཕར་འདེབས་པ། དགེ་སློང་མ་ཨུཏྤལའི་མདོག་གི་ཚེ་སྟོད་ཀྱི་གནས་ཚུལ་ཕྱོགས་མཚུངས་འདྲ་བ་ཁོ་ན་ཡིན། ཁ་སོ་དཀར་ནས་མགོ་སྐྲ་མ་དཀར་གྱི་བར་དུ་དེ་འདྲ་ཤ་སྟག་མྱོང་བས། འདུ་བ་རྣམ་བཞིའི་ཐང་ལ་མ་ཕྱིན་གྱི་བར་དུ་མྱོང་རྒྱུ་དེ་འདི་ནས་གསུངས་པ་ལྟར་ཡིན་པས་ན། ཨོ་རྒྱན་རིན་པོ་ཆེས། ཀྱེ་ཁྱོད་འདྲ་བའི་ལས་ངན། ཁྱོད་ཀྱིས་སྲིད་པ་འཁོར་བའི་གནས་འདིར་ཞེན་ནས་དོན་མེད་འཁྲུལ་པའི་བྱ་བ་ཇི་སྙེད་ཅིག་བྱས་ཀྱང་དོན་ཆེན་འགག་ལ་ཐུག གློ་བུར་འཆི་བདག་གི་ཞགས་ནག་སྐེ་ལ་ཐེབས་པ་ན་སྐྱབས་མེད་མགོན་བྲལ་དེ་དང་དེ་འདྲ་བ་ཡིན་ཞེས་གསུངས་པ་ཐོས་པས། བསམ་བློ་ཡང་ཡང་བཏང་ནས་སྔར་བྱས་ཀྱི་ལས་ལ་ལྷག་པར་འགྱོད་པ་སྐྱེས། ཚེ་འདིའི་བྱ་བ་ཅི་བསྒྲུབ་ཐམས་ཅད་སྡུག་བསྔལ་ཁོ་ནའི་རང་བཞིན་དུ་ཤེས་ནས། ཨོ་རྒྱན་ཆེན་པོ་ལ་གསོལ་བ་ཕུར་ཚུགས་སུ་ཞེས་པ་སྤང་ལ་བེ་ཕུར་བཏབ་པ་འདོན་མི་ཐུབ་པ་ལྟར་འདེབས་པའི་སྣང་བ་ཤར་བ་ན། གུ་རུ་རིན་པོ་ཆེ་དང་རྩ་བའི་བླ་མ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་བྱུང་བ་རང་གི་སྙིང་གར་ཟུག་པ་དང་དུས་མཉམ་དུ་པདྨ་འོད་ཀྱི་ཞིང་དུ་སྐད་ཅིག་ལ་སྐྱེས་ནས། སེམས་ཅན་ཐམས་ཅད་འདྲེན་པའི་དེད་དཔོན་དམ་པར་གྱུར་པར་བསམ་ལ་མཐར་འཇོག་སྒོམ་གྱི་ངང་དུ་ཤེས་པ་རང་བབས་སུ་བཞག་ལ་ངལ་གསོ་བར་བྱའོ། །འཆི་བ་མི་རྟག་པ་ཡང་ཡང་བསྒོམ་ན་སྡུག་བསྔལ་གྱི་རྒྱུ་དོན་མེད་ཀྱི་བྱ་བས་མི་ཚེ་ཆུད་ཟོས་སུ་མི་བྱེད། དེས་ན་གླང་པོ་ཆེའི་རྗེས་ལ་བརྟེན་ནས་ལམ་ལ་སོང་ན་གཡང་སར་འཆོར་བའི་ཉེན་ཁ་མེད་པ་བཞིན་དུ་འཆི་བ་མི་རྟག་པ་སྒོམ་པ་འདི་འདུ་ཤེས་ཐམས་ཅད་ཀྱི་མཆོག་ཏུ་གསུངས་ཤིང་། འཆི་བ་མི་རྟག་པ་བསྒོམས་ནས་ངེས་འབྱུང་རྒྱུད་ལ་སྐྱེས་པའི་ཚད་ཇི་ལྟར་ཡིན་པའི་དཔེ་མང་དུ་གསུངས་ཏེ། དཔེར་ན་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟ་བུ་ཞིག་དགོས་ཏེ། སྙིང་ལ་མདས་ཟིན་ན་གསོན་པོར་རེ་བ་མེད་ཅིང་ཤི་རྒྱུ་མ་གཏོགས་དྲན་རྒྱུ་མེད་ལ། ཡང་ཐར་མེད་ཀྱི་གཡང་ས་མཐོན་པོ་ནས་ལྷུང་བ་ལྟ་བུ་ཞིག་དགོས། གཡང་གཟར་ནས་རྡེག་འཆའ་སྟེ་ལྷུང་ན་ཐར་འོང་བསམ་རྒྱུ་ཞིག་མེད་པ་གཞི་བཞག་རེད། ཡང་སྐྱེལ་མས་བསླུས་པ་ལྟ་བུ་ཞིག་དགོས། སྐྱེལ་མར་བྱེད་ཁུལ་གྱིས་ཇག་ཚང་དུ་ཁྲིད་ནས་ཇག་པའི་དཀྱིལ་དུ་ཚུད་ན་འོང་རྒྱུ་གཅིག་མ་གཏོགས་མེད་པ་བཞིན་དང་། ཡང་རྒྱ་མཚོའི་གླིང་དུ་གཟིངས་ཞིག་པ་དང་། ཆུ་བོ་ཆེན་པོར་གྲུ་རྡིབ་པ་ལྟ་བུ་དགོས་ཏེ་དེ་དག་ལ་ད་དུང་ཨེ་ཐར་བསམ་རྒྱུའི་རེ་བ་ཞིག་གང་ན་ཡོད། ཉེས་ཅན་ལ་སྲོག་གི་ཆད་པ་ཕོག་ནས་གསོད་མཁན་ཤན་པའི་ལག་ཏུ་ཐོན་པ་ལྟ་བུ་ཡིན། དེ་ལྟར་ཡིན་པ་ལ་ཡིན་རྒྱུའི་ངེས་ཤེས་དེ་ལྟར་དུ་ཡོད་ན། འཁོར་བའི་སྡུག་བསྔལ་ལ་འཇིགས་སྐྲག་སྐྱེས་ཤིང་། ནམ་འཆི་ཆ་མེད་དང་འཆི་ཚེ་དམ་པའི་ཆོས་མིན་པ་གཞན་གྱིས་མི་ཕན་པར་ཤེས། འཇིག་རྟེན་ཚེ་འདིའི་བྱ་བ་བློས་བཏང་ནས་སྒོ་གསུམ་ཆོས་ལ་བཀོལ་ཐུབ་པ་སོགས་ནི་མི་རྟག་པ་བསྒོམས་ནས་ངེས་འབྱུང་དང་ཞེན་ལོག་སྐྱེས་པའི་ཚད་རེད། དེ་ལྟར་མ་བྱུང་གི་བར་དུ་སྒོམ་དགོས། དེ་ལྟར་མི་རྟག་པ་རྒྱུད་ལ་སྐྱེས་ན་ཕན་ཐོགས་ཅི་ཡོད་ཅེ་ན། རྒྱལ་བ་ཀློང་ཆེན་པས། དགེ་ལ་རབ་བརྩོན་ཚེ་འདི་འཁྲུལ་བར་ཤེས། །ཚོགས་གཉིས་རབ་རྫོགས་གྲགས་ལྡན་ལྷས་གཟིགས་ཤིང་། །བདེ་བ་ཚེ་ཡི་དུས་བྱེད་མཐོ་རིས་འགྲོ། །མྱུར་དུ་འཆི་མེད་བདུད་རྩིའི་གོ་འཕང་ཐོབ། །ཅེས་གསུངས་པས། ངོ་མ་མི་རྟག་པ་རྒྱུད་ལ་ཡག་པོ་ཞིག་གོམས་ན། འཁོར་བ་ལ་སྐྱོ་ཤས་དང་ངེས་འབྱུང་སེམས་གཏིང་ནས་སྐྱེས་པས་ཚེ་འདིའི་བྱ་བཞག་ལ་ཞེན་ལོག་རྒྱུད་ལ་མི་སྐྱེ་བའི་དབང་མེད། དེ་སྐྱེས་ན་སྔར་མེད་ཀྱི་ཡོན་ཏན་མང་པོ་རྒྱུད་ལ་སྐྱེས། རྟག་འཛིན་གྱི་བློ་ལོག དགྲ་གཉེན་ལ་ཆགས་སྡང་མི་ཆེ། དུས་རྟག་ཏུ་དགེ་བ་ལ་བརྩོན། ཚེ་འདི་འཁྲུལ་སྣང་དུ་ཡིན་པར་ཤེས། ཚོགས་གཉིས་མྱུར་དུ་མཉམ་པོར་རྫོགས། སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་དགོངས་ཤིང་གཟིགས་པ་དང་། ཚེ་འདིར་དགའ་ཞིང་སྤྲོ་བ་དང་བཅས་པའི་ངང་ནས་བདེ་བར་གནས། ཕྱི་མར་གནས་སྐབས་མཐོ་རིས་དང་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ནས་བདེ་ནས་བདེ་བའི་སར་འགྲོ་ཐུབ་པ་སོགས་དེ་ལྟར་ཡིན་ནོ། །མདོ་མྱང་འདས་ལས། ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ནས་སྟོན་གྱི་ལོ་ཏོག་ལེན་པ་མཆོག་ཡིན། རྗེས་ཐམས་ཅད་ཀྱི་ནང་ནས་ཁྱུ་མཆོག་གི་རྗེས་མཆོག་ཡིན། འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་སྒོམ་པ་མཆོག་ཡིན་ཞེས་དང་། མཆོག་ཡིན་པའི་རྒྱུ་མཚན་ནི། འབྲས་བུ་ཁམས་གསུམ་གྱི་འདུ་ཤེས་ལས་བཟློག་པར་འགྱུར་རོ། །ཞེས་གསུངས་པས། ཁམས་གསུམ་གྱི་འདུ་ཤེས་ལས་བཟློག་ན་ཐར་པ་མ་གཏོགས་འགྲོ་ས་མེད་ཅིང་། ད་དུང་འདུལ་བ་ལུང་ལས། དགེ་སློང་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པ་སྐད་ཅིག་མ་གཅིག་དྲན་པ་མཆོག་གོ་ཞེས་གསུངས་པས་ན། དེ་ལྟ་བུའི་ཕན་ཡོན་དང་དགོས་པ་ཁྱད་པར་ཅན་ཡིན་པར་དྲན་ནས། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་དུ་འཆི་བ་མི་རྟག་པ་དྲན་དགོས། འགྲོ་ན་ལམ་མི་རྟག སྡོད་ན་གནས་མི་རྟག ཉལ་ན་གནས་མལ་མི་རྟག བཟའ་བཏུང་ལོངས་སྤྱོ་ཐམས་ཅད་དེ་བཞིན་དུ་མི་རྟག སེམས་ཀྱིས་དྲན་པའི་རྣམ་རྟོག་མི་རྟག ཁ་ནས་བཤད་པའི་བརྗོད་པའི་ངག་མི་རྟག བྱ་བའི་ལས་ཀ་རྣམས་དེ་བས་ཀྱང་མི་རྟག མདོར་ན་རྟག་པ་གཅིག་ཀྱང་མེད་པར་བསམ་ནས། མདོ་སྡེ་ལས་བརྒྱ་པས། རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ། །འཆི་བདག་རྗེས་སུ་དྲན་པར་བྱ། །ཞེས་པ་ལྟར་བསྒོམ་དགོས། དེ་ལྟར་བསྒོམས་ནས་ཐུན་གྱི་མཇུག་ཏུ་གོང་དུ་གསུངས་པ་ལྟར་བླ་མ་དང་ཨོ་རྒྱན་པད་འབྱུང་གི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་ནས་སེམས་ཅན་ཐམས་ཅད་ཀྱི་འདྲེན་པའི་དེད་དཔོན་དམ་པར་འགྱུར་བར་བསམ་སྟེ་མ་བཅོས་པའི་ངང་དུ་མཉམ་པར་འཇོག དེའི་མཉམ་བཞག་དེ་ལས་ལངས་ནས་གོང་དུ་བསྒོམ་རྒྱུའི་འདུས་པ་ཐམས་ཅད་མི་རྟག་པར་བསམ་པ་དང་། བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་བསམ་ནས། དེ་ལྟར་མ་རྟོགས་པའི་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་བདེན་པས་དངོས་སུ་གནོད། ཀུན་འབྱུང་བདེན་པས་བརྒྱུད་ནས་གནོད་དེ་ཀུན་འབྱུང་ལས་ཉོན་གྱི་འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ་སྤྱོད་པ་འདི་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་འདུན་པ་དང་འབྲེལ་བ། དེ་ལྟར་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པ་སྨོན་པ་དང་འབྲེལ་བ། བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བར་ངས་བྱའོ་སྙམ་པ་དམ་བཅའ་དང་འབྲེལ་བ་དང་འབྲེལ་བ་གསུམ། དེའི་སྟེང་དུ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན་པ་བླ་མ་དཀོན་མཆོག་གསུམ་ཁྱེད་མཁྱེན་སྙམ་པ་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་དང་ལྡན་པའི་ཉམས་ལེན་གྱི་གནད་དང་མི་འབྲལ་བའི་སྒོ་ནས། དགེ་བ་སེམས་ཅན་ལ་བསྔོས་ནས་ཐུན་མཚམས་སྤྱོད་ལམ་ལ་འཇུག་དགོས། ཐུན་མཚམས་ཀྱི་སྐབས་སུའང་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་སྒོ་སྲུང་ལྟ་བུ་དང་། སྒོ་གསུམ་ལ་ཡང་ཡང་བརྟག་པར་བྱེད་པའི་ཤེས་བཞིན་བྱ་ར་བ་ལྟ་བུ། སྤང་བླང་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་བག་མ་གསར་པ་ལྟ་བུའི་ངང་ཚུལ་གསུམ་དང་མི་འབྲལ་བར་བྱེད་དགོས། དེ་ལྟར་རང་གིས་རང་ཉིད་ལམ་ལ་བཞག་ནས། རང་རྒྱུད་རང་གིས་བརྟགས་དཔྱད་བྱས་ནས་དམ་པ་གོང་མའི་རྣམ་ཐར་གྱི་རྗེས་སུ་འབྲངས་ཏེ། ནངས་རེ་བཞིན་དུ་དམ་བཅའ། ཐུན་རེ་བཞིན་དུ་བརྟགས་དཔྱད་གཏོང་ན། རང་ཉིད་ཉེས་པ་ལས་ལྡོག་ནས་ལེགས་པའི་ལམ་ལ་བསྐྱོད་ཐུབ་པར་མ་ཟད། འབྲེལ་ཚད་ལ་ཕན་རེ་ཐོགས་རྒྱུའི་ས་ཚོད་ལ་འཐོན་སླ་བ་ཡིན་ནོ།།


previousཉིན་བཞི་པའི་ཆོས་ཁྲིད། next