Nitartha Digital Library
Tibetan
 
previousཉིན་དྲུག་པའི་ཆོས་ཁྲིད། next

ཉིན་དྲུག་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན། སྡུག་བསྔལ་རྣམ་པ་གསུམ་གྱིས་དུས་རྟག་ཏུ་མནར་བ་འདི་དག་ཐམས་ཅད། གཏན་བདེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བགྱི། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་ཞིང་དེའི་དོན་ཉམས་སུ་བླང་བར་བྱ་བསམ་པའི་ཀུན་སློང་གི་སྒོ་ནས་ཆོས་ཉན་དགོས་པ་ནི། ཐེག་ཆེན་མདོ་སྔགས་ཀྱི་ཆོས་གང་བཤད་པའི་འགོར། ཆོས་བཤད་པའི་ཚུགས་ཀ་སྟོན་མཁན་ཡོད་ཚད་ཀྱིས་རྒྱུན་འདོན་ཁ་ལ་བྱང་སོང་བ་ཞིག་ཡིན་ན། ཁ་དང་དོན་མཚུངས་པར་བཤད་པ་ལག་ལེན་ལ་སྦྱོར་བ་དེ། ཆོས་ཉན་བཤད་སྒོམ་གསུམ་གང་གི་སྐབས་ཡིན་ན་གནད་ཆེན་དོན་དང་ལྡན་པ་ཞིག་ཡིན་གྱི། ཁ་བཤད་དོན་ལ་མ་གནས་པར་བཤད་ཡམ་ཚིག་གི་ལོ་མ་ཞིག་གིས་ཆོས་འཆད་ཉན་གྱི་གཟུགས་བརྙན་ཙམ་ལ་འགྲོ་གྲབ་རེད། དེས་ན་གཞན་སེམས་ཅན་གྱི་སྡུག་བསྔལ་མྱོང་བ་དེ་དང་པོ་རང་རྒྱུད་ལ་སྦྱར་ཏེ་བསམ་རྒྱུ་འདི་གལ་ཆེ། རགས་པའི་སྡུག་བསྔལ་ངན་སོང་གི་སྡུག་བསྔལ་དང་། ཕྲ་བའི་སྡུག་བསྔལ་ཁམས་གསུམ་འཁོར་བ་ན་རྒྱུ་བའི་སེམས་ཅན་ཐམས་ཅད་ལས་དང་ཉོན་མོངས་པའི་གཞན་དབང་དུ་སོང་བའི་འདུ་བྱེད་ཀྱི་སྡུག་བསྔལ་ལ་བསམ་སྟེ། འཁོར་བའི་སྡུག་བསྔལ་གྱིས་ཡིད་འབྱུང་མྱོང་བ་ཁྱད་པར་ཅན་ཞིག་རང་ཉིད་ལ་སྐྱེ་དགོས། དེ་སྐྱེ་བར་བྱེད་པ་ལ་ཐོག་མ་རང་ཉིད་ཀྱི་ཉེ་དུ་མཛའ་བཤེས་ནས་མགོ་བཟུང་སྟེ། དགྲ་གཉེན་གང་ཡང་མ་ཡིན་པའི་བར་མ་ནས་རིམ་གྱིས་དགྲའི་བར་དུ་ཚང་མ་སྙོམས་པར་བསྒོམ་དགོས། བསམ་བློ་ཞིབ་པར་གཏོང་ན། རྒྱུ་མེད་ཀྱི་དངོས་པོ་ཞིག་མི་སྲིད་པས། དཔེར་ན་མེ་མེད་པའི་དུ་བ་མི་སྲིད་པ་བཞིན་དུ། དངོས་པོ་གང་དང་གང་ཞིག་ཡིན་ཡང་རང་རང་གི་མཐུན་པའི་རྒྱུ་ལས་བྱུང་བ་ཞིག་ཡིན་ལ། དེས་ན་རང་རེའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་གང་ལས་བྱུང་ན། འདི་ཚེ་རབས་སྔ་མའི་སྐབས་ཀྱི་རང་གི་རིགས་འདྲ་སྔ་མ་དང་ལས་དང་ཉོན་མོངས་ལས་བྱུང་བ་ཡིན་པས། སྐྱེ་བ་ཚེ་རབས་རེ་ལ་དེའི་སྔ་མ་རེ་ཡོད། དེའི་ཡང་སྔ་སོགས་ཡར་དེད་ནས་དཔྱད་པ་ཞིག་བྱེད་ན། སྐྱེ་ཤི་ཁ་བརྒྱུད་པའི་འཁོར་བ་འདི་ལ་ཐོག་མའི་ཡ་མཐའ་ཞིག་འཇོག་རྒྱུ་མི་ལོན། དེས་ན་དེའི་སྐྱེ་བ་རེ་རེ་ལ་ཕ་མ་རེ་རེ་ཕལ་ཆེར་ལོས་ཡོད། དེ་དང་མཚུངས་པའི་དེའི་སྤུན་ཟླ་མཛའ་བཤེས་ལ་སོགས་པའི་ཡར་མཐའ་འདིའི་མཚམས་ནས་མེད་པར་རེད་ཅེས་པ་ཞིག་རྙེད་རྒྱུ་མེད་དེ། ཐོག་མེད་ཀྱི་དུས་ནས་མ་བུའི་བརྩེ་སེམས་གོམས་པའི་སྟོབས་ཀྱིས། དཔེར་ན་ཁར་བྱང་བའི་འདོན་པ་དེ་ཡི་གེ་ལ་ཡང་ལྟ་མི་དགོས་པར་འདོན་ཤེས་པ་བཞིན་དུ། འཇིག་རྟེན་བླུན་པོའི་མཐར་ཐུག་པའི་ཕྱུགས་ཟོག་སོགས་རེད་དེ། རང་གི་བུ་ལ་བརྩེ་སེམས་དང་བྱམས་པས་གསོ་སྐྱོང་སོགས་སུས་ཀྱང་སློབ་མི་དགོས་པར་རང་ཤུགས་ཀྱིས་ཤེས་པའི་ཕྱིར། དེས་ན། སྐྱེས་རབས་ལས། བློ་ཡི་མཐུ་སྟོབས་ནུས་པ་མེད་པ་དང་། །དབང་པོ་རྣམས་ཀྱང་བླུན་པོའི་རང་བཞིན་ཅན། །བྱུང་མ་ཐག་ཏུ་སུས་ཀྱང་མ་བསླབ་པར། །ཁ་ཟས་གཞན་ལ་བཙལ་བར་བྱེད་པ་འདིས། །སྐྱེ་བ་གཞན་ལ་གོམས་པ་བྱས་པར་གྲུབ། །ཅེས་གསུངས་པ་ལྟར། དེ་ལྟ་བུའི་སྐྱེ་བ་དཔག་མེད་བགྲང་དུ་མེད་པ་ལ་ཕ་མར་བྱེད་པ་ནི། ཚེ་འདིའི་ཕ་མ་འདི་རྣམས་ཀྱིས་རྐྱང་པས་བྱེད་འདུག་པ་ཞིག་མ་རེད། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རེ་རེ་བཞིན་དུ་འཁོར་བའི་འཁོར་ལོ་འདི་འཁོར་མཚམས་མེད་པར་བསྐོར་འདུག་པ་ལྟར། ཕ་མ་བུ་རྒྱུད་རེས་བསྐོར་ནས་འཁོར་གྱིན་ཡོད་པ་རེད། དེ་ཡོད་པ་རྒྱལ་བའི་ལུང་གིས་མདོ་སྡེ་དཀོན་མཆོག་སྤྲིན་དང་། དྲག་ཤུལ་ཅན་གྱིས་ཞུས་མདོ་སོགས་ལས་ཞིབ་པར་གསུངས་ཡོད། རིགས་པས་བརྟགས་ཤིང་དཔྱད་ནའང་། ཕ་མར་གྱུར་པ་རྩི་ཚོད་མེད་པར་ལྟར་དགྲ་གཉེན་བར་མར་གྱུར་པའང་དེ་ལྟར་མང་པོ་ཡིན་ལ། དེའང་སྔོན་གྱི་ལས་བསགས་སྟོབས་ཀྱི་ཁྱད་པར་གྱིས་དེ་ལྟར་འདྲ་མི་འདྲར་རེད་འགྲོ་བ་རེད། རང་རེའི་ད་ལྟའི་སྐབས་ཀྱི་སྣང་ཚུལ་ངོ་མར་ཆ་བཞག་སྟེ། སེམས་ཅན་གཅིག་ལ་མཚོན་ན། སྐབས་རེར་ཆགས་པའི་དབང་གིས་གཉེན་བྱེད་པ་དང་། སྐབས་རེར་ཞེ་སྡང་གིས་དགྲ་རེད་འགྲོ་བའང་ཡོད་པ་རེད། ལས་སྣ་ཚོགས་དེ་ལོ་དང་ཟླ་བ་རེ་རེའི་ནང་དུ་གོ་རིམ་མ་ངེས་པར་གསོག་རྒྱུ་འདི་མྱོང་བས་གྲུབ་པ་ལ་བསམ་ན། དེ་དང་མཐུན་པའི་འབྲས་བུ་སེམས་ཅན་གཅིག་ལ་མཚོན་ན་སྐབས་རེར་དགྲ། སྐབས་རེར་གཉེན། སྐབས་རེར་བར་མ་ལ་སོགས་བྱས་པ་གྲངས་ཀྱིས་མི་ཆོད། བརྟགས་ཤིང་དཔྱད་ན་དེ་འདྲ་རེད། འོན་ཀྱང་གཉེན་ཐམས་ཅད་ཀྱི་ནང་ན་སྙིང་བརྩེ་བའི་མཐར་ཐུག་པ་དེ་མ་རྒན་ཡིན་པའི་གནད་ཀྱིས། གཙོ་བོ་མར་ཤེས་པ་འདིའི་ཐོག་ནས་སེམས་ཅན་ཐམས་ཅད་ལ་ཡིད་འོང་བསྒྲུབ་རྒྱུ་འདི་ཤིང་རྟ་ཆེན་པོ་རྣམས་ཀྱི་ལུགས་སྲོལ་རེད། རང་རེས་ཆོས་ནམ་བཤད་ལ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟེར་དགོས་པ་དང་། མན་ངག་རྒྱུ་འབྲས་བདུན་ལྡན་གྱི་ཐོག་ནས་བཤད་དུས། མར་ཤེས་པ་དང་པོར་འཇོག་དགོས་ན། ཚད་མེད་པ་བཞི་བཤད་དུས་བཏང་སྙོམས་ཚད་མེད་མགོར་བཞག་སྟེ་རྩ་བའི་མ་ནས་བཟུང་སྟེ་བསྒོམ་དགོས་པ་རེད། ད་རང་རེས་བཤད་རྒྱུའི་ནང་དོན་ངོ་མ་ཅི་ཟེར་གྱིན་ཡོད་བསམ་ན། ཁ་ཡིས་མ་རྒན་སེམས་ཅན་ཐམས་ཅད་ཟེར་བ་ཙམ་གྱིས་མི་ཆོག་པར། དང་པོ་སེམས་ཅན་གྱི་སྡུག་བསྔལ་རང་ཐོག་ལ་བླངས་ནས་ཡིད་འབྱུང་ངེས་བྱས། དེ་ནས་དེ་མྱོང་བའི་སེམས་ཅན་ཐམས་ཅད་རང་ཉིད་ཀྱི་མར་ཡིན་ལུགས་དེ་ལུང་དང་རིགས་པ་གཉིས་ཀྱིས་གཞན་གྱིས་ཁ་ལ་ཉན་པ་ཙམ་མ་ཡིན་པར་རང་ཉིད་ཀྱིས་ཤེས་པ་ན། སྙིང་རྗེས་གཞན་དོན་ལ་དམིགས་པའི་བསམ་པ་དེ་འབྱུང་བ་རེད། འོན་ཀྱང་དེ་རྐྱང་པས་མི་ཕན་པར་ཤེས་རབ་ཀྱིས་རྫོགས་བྱང་བསྒྲུབ་ལུགས་དེ་མ་ཤེས་ན་མ་ལག་རྡུམ་མའི་བུ་ཆུས་འཁྱེར་བ་བཞིན་ཡིན། མ་ལག་རྡུམ་ཞིག་གི་བུ་ཆུས་འཁྱེར་སོང་ན་བུ་ལ་སྙིང་རྗེ་ཡོད་ཀྱང་སྐྱོབ་པའི་ནུས་པ་མེད། དེ་བས་ཕ་དཔའ་བོ་ཞིག་གི་བུ་གཡུལ་ས་ན་ལྷག་ཡོད་ན་རང་གར་མི་འཇོག་པ་ལྟར་དགོས། ཁ་སང་རང་རེས་གཞི་བདེ་གཤེགས་སྙིང་པོ་ཡོད་པས་སོ་སོས་འབད་ན་སངས་རྒྱས་རྒྱུ་ཡོད་ཚུལ་བཤད་ནས། དེ་རིང་རྟེན་མི་ལུས་རིན་ཆེན་གྱི་སྐོར་ལ་འདང་ཞིག་རྒྱག་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན། འབད་ན་ཐམས་ཅད་ཀྱིས་སངས་རྒྱས་འཐོབ་ན། འོ་ན་དམྱལ་བ་ཡི་དྭགས་ལ་སོགས་འགྲོ་བ་གཞན་ལྔ་པོའི་རྟེན་ལ་སངས་རྒྱས་སྒྲུབ་ནུས་པ་ཨེ་རེད་ཟེར་ན། དེ་ནུས་པ་མ་རེད། མི་ལུས་དལ་འབྱོར་གཉིས་ལྡན་དང་། སེམས་དད་པ་དང་མ་བྲལ་བ་གསུམ་ནི་སངས་རྒྱས་སྒྲུབ་པའི་རྟེན་གྱི་གང་ཟག་ལ་བཟང་ནི་རེད། དལ་བ་བརྒྱད་ནི་མི་ཁོམ་པ་བརྒྱད་དང་བྲལ་བ། མདོ་དྲན་པ་ཉེར་བཞག་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུག་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར། དམྱལ་བ་དང་ཡི་དྭགས་ལ་སོགས་འགྲོ་བ་རིགས་བཞི་ལ་དལ་བ་མེད་པ་དང་། མིའི་མི་ཁོམ་པ་བཞི་ལ་ཆོས་སྒྲུབ་པའི་མཐུན་རྐྱེན་མི་ཚང་བའི་ཕྱིར་ན་དེ་བརྒྱད་དང་བྲལ་བའི་དལ་བ་བརྒྱད། དེའི་སྟེང་ན་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སྟེ་འབྱོར་པ་བཅུ་སྟེ་དལ་འབྱོར་ཚང་བའི་ལུས་རྟེན་ཐོབ་ཡོད་ན། སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་པ་ག་ལ་འགྱུར། །ཞེས་གསུངས་པ་ལྟར། དལ་འབྱོར་ལུས་རྟེན་ལ་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་མཐུ་སྟོབས་ནུས་པ་ཡོད་པས་ན་སྐྱེས་བུ་ཞེས་བྱ་ལ། འོན་ཀྱང་སྐྱེས་བུའི་ནུས་པ་དེ་ཡང་ཐམས་ཅད་གཅིག་འདྲ་འབའ་ཞིག་མིན། ནུས་པ་ཆེ་ཆུང་རབ་འབྲིང་ཐ་གསུམ་ཡོད་པས། སྐྱེས་བུ་རབ་འབྲིང་ཐ་གསུམ་ཞེས་བཏགས་པ་རེད། བྱང་ཆུབ་ལམ་སྒྲོན་ལས། ཆུང་ངུ་འབྲིང་དང་མཆོག་གྱུར་པས། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །ཞེས་གསུངས་ན། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ཡོད་ནས་དམ་པའི་ཆོས་ལམ་ལ་ཞུགས་པའི་སྐྱེས་བུ་ཞིག་ལ། དོན་ཅི་ཞིག་བསྒྲུབ་པའི་ནུས་པ་ཡོད་ན། སྐྱེས་བུ་ཆུང་ངུ་ཞིག་ལ་རང་ཉིད་ངན་སོང་དུ་མི་ལྷུང་བར་ལྷ་མིའི་གོ་འཕང་ཐོབ་པར་བྱེད་པའི་ནུས་པ་ཡོད་པ་དང་། སྐྱེས་བུ་འབྲིང་ཞིག་ཡིན་ན་རང་ཉིད་འཁོར་བ་ལས་གྲོལ་ནས་ཞི་བདེའི་གོ་འཕང་ཐོབ་པར་བྱེད་པའི་ནུས་པ་ཡོད། སྐྱེས་བུ་ཆེན་པོ་ཞིག་ཡིན་ན་སེམས་ཅན་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱེད་པའི་ནུས་པ་དེ་ཚང་མ་ཡོད་པ་རེད། དེས་ན་སློབ་དཔོན་ཙནྡྲ་གོ་མིས། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པ་ལྟར། ལྷ་ཀླུ་ལ་སོགས་འགྲོ་བ་གཞན་ལས་ཁྱད་པར་འཕགས་པའི་འཕགས་ཆོས་ཅི་ཡོད་ཟེར་ན། དལ་འབྱོར་གྱི་མི་ལུས་འདིས་མི་དགེ་བ་སྤོང་ཐུབ་པ་དང་། དགེ་བ་སྒྲུབ་ཆོག་པ། འཁོར་བའི་རྒྱ་མཚོ་ལས་བརྒལ་ནུས་པ་དང་། བྱང་ཆུབ་ཀྱི་ལམ་ལ་བགྲོད་ནུས་པ། རྫོགས་པའི་སངས་རྒྱས་ཐོབ་ནུས་པ་དེ་འདྲ་ཡོད་པ་རེད། དེས་ན་དལ་བའི་རྟེན་བཟང་འདི་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ལྷག་པར་གྱུར་པ་ཡིན་ཞེས་གསུངས་ཡོད། སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པ་ག་ལ་འགྱུར། །ཞེས་གསུངས་ཡོད་ན། དལ་འབྱོར་གྱི་ལུས་རྟེན་རྙེད་དཀའ། རྙེད་ན་དོན་ཆེ་བ་ཡིན། འོན་ཀྱང་འདི་འཇིག་པ་སླ་བ་ཡིན་ཏེ། སྐྱེས་བུའི་ཚེ་སྲོག་འདི་མར་ཟད་ན་མ་གཏོགས། ཡར་ཁ་སྣོན་བྱེད་མཁན་ཡོད་པ་མ་རེད་ལ། འཆི་རྐྱེན་མང་། འཚོ་བའི་རྐྱེན་ཉུང་། འཚོ་རྐྱེན་ཡོད་པ་དེའང་འཆི་རྐྱེན་དུ་འགྱུར་བ་མང་བས་ན། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་གསུངས་པ་རེད། བརྒྱ་ལམ་རེས་འགའ་ན་སྟབས་ལེགས་སྟེས་དབང་གིས་རྙེད་པའི་མིའི་ལུས་ཤིག་རྙེད་ཚེ། རང་གཞན་ལ་ཕན་པ་ཡོད་པའི་བྱ་བ་ཞིག་སྒྲུབ་མ་ནུས་ན། ཕྱིན་ཆད་ནམ་ཡིན་ན་རྙེད་དཀའ་བ་རེད། རྒྱུ་མེད་པའི་འབྲས་བུ་ཨེ་འབྱུང་བསམ་པ་ནི་རེ་སྟོང་རེད། དེས་ན། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་ལུས་འདི་ལ་གྲུ་ཡི་འདུ་ཤེས་བཞག་ནས། འཁོར་བའི་རྒྱ་མཚོའི་ཕ་རོལ་ན་ཐར་ཐབས་བྱེད་དགོས། ལུས་འདི་ལ་འོག་རྟའི་འདུ་ཤེས་བཞག་ནས་འཁོར་བའི་སྡུག་བསྔལ་གྱི་འཕྲང་ལས་ཅི་ཐར་བྱེད་དགོས། ལུས་འདི་ལ་གཡོག་པའི་འདུ་ཤེས་བཞག་ནས་དགེ་བའི་ལས་ལ་བཀོལ་དགོས། དེ་མ་ཤེས་ན་རྨོངས་པའི་གདོན་གྱིས་ཟིན་ནས། ད་ཡིན་ཟེར་དུས་གཉིད་དུ་ཤོར་ནས་དུས་སྐབས་བཟང་པོ་ཆུད་ཟོས་སུ་ཤོར་བའི་ཉེན་ཁ་འདི་ན་ཡོད་ཅེས་གསུངས་པ་རེད། དེས་ན་དལ་རྟེན་གྱི་ལུས་འདི་བེད་སྤྱོད་ནས་ཐར་པའི་ས་ལ་བགྲོད་དགོས་ན། ལམ་གང་ནས་བརྒྱུད། སྤྱིར་དགེ་བའི་ལས་ལམ། ཁྱད་པར་དུ་དམ་ཆོས་བྱང་ཆུབ་བསྒྲུབ་པའི་འགོ་གང་ནས་བཟུང་དགོས་ཤེ་ན། འགོ་དང་པོ་དད་པ་ཡོད་དགོས། དད་པ་མེད་ན་དཀར་པོའི་ཆོས་ཤིག་རྒྱུད་ལ་སྐྱེ་རྒྱུ་མེད་དེ། འཕགས་པ་ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པའི་ཕྱིར་དང་། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་བ། །ཞེས་གསུངས་པ་ལྟར། དད་པ་མེད་ན་ཡོན་ཏན་གཞན་ཅི་འདྲ་མང་ཡང་མི་ཕན་ཏེ། དཔེར་ན་གཟུགས་མཛེས་ཀྱང་མིག་མེད་པ་དང་འདྲ་བ་ཡིན། དེས་ན་དད་པ་ཞེས་པ་ཅི་འདྲ་ཞིག་ཡིན་ན། དད་པ་ལ་ངོ་བོའི་སྒོ་ནས་དབྱེ་ན། དང་འདོད་ཡིད་ཆེས་ཀྱི་དད་པ་དང་གསུམ་ཡོད། དེ་ལ་དང་བའི་དད་པ་ནི། ཡུལ་དཀོན་མཆོག་གསུམ་ལ་བརྟེན་ནས་སྐྱེ་དགོས་པ་ཞིག་སྟེ། ལམ་སྟོན་པའི་སངས་རྒྱས་དཀོན་མཆོག ལམ་དུ་གྱུར་པ་ཆོས་དཀོན་མཆོག ལམ་སྒྲུབ་པའི་གྲོགས་དགེ་འདུན་དཀོན་མཆོག་རྣམས་ལ་མོས་ཤིང་གུས་ནས་སེམས་དང་བར་བྱ་བ་ལ་དང་བའི་དད་པ་ཞེས་བྱ། འདོད་པའི་དད་པ་ཞེས་པ་བླ་ན་མེད་པའི་བྱང་ཆུབ་དེ་ཉིད་ཡོན་ཏན་ཁྱད་པར་ཅན་དུ་རིག་ནས་དེ་ཐོབ་པའི་ཆེད་དུ་གུས་པ་དང་ལྡན་པས་ལམ་ལ་སློབ་འདོད་པ་ལྟ་བུ་རེད། ཡིད་ཆེས་པའི་དད་པ་ནི། ལས་དང་ལས་ཀྱི་འབྲས་བུ་ལ་མི་བསླུ་བར་ཡིད་ཆེས་པའི་ཐོག་ཏུ། གཞི་ལམ་འབྲས་བུའི་ཆོས་ལ་ཐེ་ཚོམ་མེད་པར་ཡིད་ཆེས་བརྟན་པོ་ཡོད་པ་ཞིག་རེད། རིན་ཆེན་ཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་གསུངས་པ་ལྟར། དེ་ལྟ་བུའི་དད་པ་ཞེ་གཏིང་ནས་ཡོད་ན། འདུན་པས་ཆོས་ལས་མི་འདའ་སྟེ། དེ་ལྟ་བུའི་གང་ཟག་དད་པ་ཅན་དེ་ལ་རྒྱུ་ནོར་རྫས་དང་རྒྱལ་སྲིད་སོགས་བྱིན་ནས་ཆོས་ལ་དད་པ་མ་བྱེད་ཟེར་ནའང་འདུན་པ་བསྒྱུར་མི་ཐུབ་པ་དང་། ཞེ་སྡང་གིས་ཆོས་ལས་མི་འདའ་བ་ཡིན་སྟེ། ཇི་ལྟར་ཞེ་ན། འགའ་ཞིག་གིས་ད་སྔོན་གནོད་པ་མང་པོ་བྱས་ཤིང་ད་དུང་ཡང་གནོད་པ་ཆེན་པོ་བསྐྱལ་རྒྱུའི་གྲ་སྒྲིག་བྱེད་ནའང་ཆོས་མི་གཏོང་། གཞན་ཅི་ལ་ཐུག་ཀྱང་ཆོས་མི་གཏོང་བ་དང་། འཇིགས་པས་ཆོས་ལས་མི་འདའ་བ་ནི། དཔེར་ན་འགའ་ཞིག་གིས་ཁྱོད་ཀྱིས་ཆོས་མ་གཏོང་ན། གསོད་རྡུང་བྱེད་པ་ཡིན་ཟེར་ནས་ཅི་འདྲའི་སྡུག་གཏད། ཅི་འདྲའི་སྡིགས་མོ་བྱེད། ཉིན་རེ་བཞིན་ཁྱེད་ཀྱི་ལུས་ཐོག་ན་ཤ་་ལིང་མ་རེ་གཅོད་རྒྱུ་ཡིན་ཟེར་ནའང་ཆོས་ལས་མི་འདའ་ཞིང་ཆོས་མི་གཏོང་། རྨོངས་པས་ཆོས་ལས་མི་འདའ་བ་ནི། འགའ་ཞིག་ཁོ་རང་རྨོངས་པ་ཡིན་པའི་དབང་གིས་རྒྱུ་བདེན་པ་མ་རེད་འབྲས་བུ་མི་བདེན། དཀོན་མཆོག་བདེན་པ་མ་རེད། ཆོས་བྱ་རྒྱུ་དཀའ་ལས་རེད། རྨོངས་དད་རེད། བསྐྱུར་ཞོག་ཟེར་ནའང་མི་ལྡོག་པས་ཆོས་ལས་མི་འདའ། དེ་འདྲ་བ་ཞིག་རེད་ན་དེ་ལ་ཡིད་ཆེས་པའི་དད་པ་ཅན་ཞེས་ཟེར་ཆོག དེ་ལྟ་བུའི་དད་པ་ཅན་དེ་ངེས་ལེགས་ཐར་པའི་གོ་འཕང་སྒྲུབ་པའི་སྣོད་མཆོག་ཏུ་གྱུར་པ་ཡིན་ཚུལ་དེ་ལྟར་ཡིན། ད་དུང་དད་པ་ཡོད་ན་ཕན་ཐོགས་གཞན་ཡོད་པའི་དཔེ་ཅི་ལྟར་ཡིན་ན། དད་པ་ཞིང་ས་གཤིན་པོ་དང་འདྲ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་མྱུ་གུ་དེ་དེའི་ཞིང་ནས་འཁྲུངས། དད་པ་རྒྱ་མཚོའི་གཟིངས་དང་འདྲ་སྟེ། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་དད་པའི་གཟིངས་ལ་བརྟེན་ནས་འགྲོ་དགོས། དད་པ་དགྲ་ཇག་རྒོད་པོ་ཡོད་སའི་སྐྱེལ་མ་བཟང་པོ་དང་འདྲ་སྟེ། ཉོན་མོངས་པའི་དགྲ་ལས་སྐྱོབ་ཐུབ་པ་དང་། དད་པ་རྟ་མཆོག་དང་འདྲ་སྟེ། ཐར་པའི་གླིང་དུ་ཁྲིད། དད་པ་དེ་ནོར་བུ་དང་འདྲ་སྟེ། འདོད་པའི་དོན་ཐམས་ཅད་འགྲུབ། ཇི་སྐད་དུ། དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་ཡིད་བཞིན་ནོར་འདྲ་དགོས་འདོད་སྟེར། །ཞེས་པ་ལྟར་དད་པ་ལ་དེ་འདྲའི་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ལ། དད་པ་འཕགས་པའི་ནོར་བདུན་གྱི་ནང་གི་དང་པོ་རེད། དད་པ་མེད་ན་གོང་དུ་ལུང་ལས་བཤད་པ་ལྟར། ས་བོན་མེས་ཚིག་པ་ཞིག་ཞིང་ལ་བཏབ་ཀྱང་ལོ་ཏོག་མྱུ་གུ་སྔོན་པོ་མི་འབྱུང་བ་ལྟར་དུ། དད་མེད་མི་ལ་དཀར་པོའི་ཆོས་མི་འབྱུང་། དེ་མེད་པས་བདེ་བའི་འབྲས་བུ་འབྱུང་བ་མེད། ད་ལྟར་མི་ལུས་ཤིག་ཐོབ་ནས་ཚེ་འདི་ལ་ནོར་ལོངས་སྤྱོད་ཀྱིས་ཕོངས་པ་མེད་ནའང་། ཚེ་རབས་སྔ་མའི་སྦྱིན་འབྲས་ཅུང་ཟད་ཅིག་ཡོད་པའི་འཕྲོ་མ་ཡིན། དེ་ཟད་ནས་ཡོད་པ་མ་རེད། དེས་ན་དད་པ་མེད་པ་མཚོ་གཏིང་གི་ཕ་བོང་ལྟ་བུ་ཡིན་ཏེ། ཐར་པའི་སྐམ་སར་ཐོན་དུས་མེད། ལག་རྡུམ་གསེར་གླིང་དུ་ཐོན་པ་ལྟར་ཡིན་ཏེ། དགོས་འདོད་ལེན་བྱེད་ཀྱི་ལག་པ་མེད། ལོང་བ་ལྷ་ཁང་དུ་ཕྱིན་པ་ལྟར་ཡིན་ཏེ། ཆོས་ཀྱི་སྣང་བ་མཐོང་མི་སྲིད། དེ་འདྲའི་སྐྱོན་ཆེན་པོ་ཡོད་པའི་རྒྱུ་མཚན་མང་པོར་གསུངས་ཡོད། དད་པ་ཡོད་པ་ཙམ་གྱིས་མི་ཆོག་པར། དེ་ཡར་འཕེལ་ཐབས་བྱེད་དགོས། དམ་པར་བསྟེན་དང་དགེ་གྲོགས་མདོ་རྒྱུད་བལྟ། །འཆི་བ་བསམ་དང་ལས་འབྲས་ཡིད་ཆེས་བྱ། །ཐོས་བསམ་སྒོམ་པ་སྔར་བས་བརྩོན་པ་སྟེ། །དེ་ལས་དད་པ་གོང་འཕེལ་ཉིད་དུ་འགྲུབ། །ཅེས་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས་གསུངས་ཡོད། དེས་ན་བླ་མ་དམ་པ་བསྟེན། དགེ་བའི་གྲོགས་པོ་དང་འགྲོགས། མདོ་རྒྱུད་ཟབ་མོར་བལྟ། འཆི་བ་ཡེངས་མེད་དུ་བསམ། ལས་འབྲས་བསླུ་མེད་ལ་ཡིད་ཆེས་བྱེད་པས་དད་པ་ཡར་འཕེལ་བར་བྱེད་དགོས། དད་པ་མར་འགྲིབ་པའི་རྒྱུ་རྐྱེན་ནི། བླ་མ་མཆེད་གྲོགས་ཀྱི་སྐྱོན་ལ་རྟོག་པ་དང། ཐ་མལ་གཤིས་ངན་གྱི་གྲོགས་དང་འགྲོགས་པ་དང་། ཁྱད་པར་དུ་སྡིག་པའི་གྲོགས་པོ་དང་འགྲོགས་པ། དེའི་ཐོག་ཏུ་ལེ་ལོ་ཆེ་བ། ཆོག་ཤེས་མེད་པར་འདོད་ཡོན་ལ་ཞེན་པ་རྣམས་ཀྱི་ཁོངས་ནས་འབྱུང་བ་རེད། དེ་ཐམས་ཅད་སྤངས་ཏེ་འཁོར་བའི་འཁྲུལ་སྣང་གིས་ཡིད་སུན་ནས་མཁྲིས་ནད་ཅན་གྱིས་སྣུམ་ཟས་མཐོང་བ་ལྟར་དང་། བླ་མ་དཀོན་མཆོག་ལ་དད་པ་བུ་ཆུང་མ་ལ་གདུང་བ་ལྟ་བུ། ཐོས་བསམ་ལ་ནན་ཏན་བྱེད་པ་སྐོམ་པས་ཆུ་འཐུང་བ་ལྟ་བུ། བསླབ་པ་ལ་གཅེས་སྤྲས་བྱེད་པ་དབུལ་པོས་གསེར་རིལ་རྙེད་པ་ལྟ་བུ་ཞིག་དགོས་ཞེས་གསུངས་ཡོད། ཁྱད་པར་དུ་དགེ་སྦྱོར་ཉམས་ལེན་གྱི་བརྩོན་འགྲུས་ཚོང་པ་གསེར་གླིང་དུ་ཐོན་པ་ལྟ་བུ། ཐེག་པ་ཐམས་ཅད་ལ་དད་པ་འདོད་ཆེན་ཚོང་འདུས་ལ་ཐོན་པ་ལྟ་བུ་སྟེ། ཐེག་པ་གསུམ་གྱི་ཆོས་རང་གིས་ཚང་བར་ལོན་དགོས་བསམ་ནས་དེ་འདྲའི་འབད་པར་བྱེད་དགོས། མདོར་ན་རྟེན་མི་ལུས་རིན་ཆེན་འདིའི་ཐོག་ནས་རང་རྒྱུད་ཆོས་ཀྱིས་ཐུལ་ཏེ་ཆོས་དང་གང་ཟག་ཡ་མ་འཛོལ་བ་ཞིག་བྱ་རྒྱུ་ཅིས་ཀྱང་གལ་ཆེ། བསམ་བློ་དེ་འདྲ་བཏང་ནས་སྐབས་སུ་བབ་པ་གང་ཞིག་འཆད་པར་བྱ་བའི་ཆོས་ནི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལས་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ཞེས་པ་འདི་ཉིད་འཆད་པའི་སྐབས་ནས། སེམས་སྦྱོང་གསུམ་པ་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་བྱ་ཞིང་། ལས་སུ་དཀོན་མཆོག་མཆོད་ཅིང་དཀར་པོ་དགེ་བའི་ལས་བྱེད་པ་འཆད་པ་ལས། གོང་དུ་ཚ་དམྱལ་དང་གྲང་དམྱལ་གྱི་སྡུག་བསྔལ་བསམ་པ་སོང་ནས། དེ་འཕྲོ་རིམ་བཞིན་འཆད་པ་ལ། དེ་ཡང་གོང་གི་ཚ་དམྱལ་དང་གྲང་དམྱལ་ལས་གཞན་ཉི་ཚེ་ཉེ་འཁོར་ནི། ཇི་སྐད་དུ། འདུལ་བ་ལུང་ལས། དེ་ནས་མོའུ་འགལ་གྱི་བུས་རྒྱ་མཚོའི་མཐར་ཕྱིན་པ་ལས། ཉི་ཚེ་བའི་སེམས་ཅན་དམྱལ་བ་གཏུན་ལྟ་བུ་དང་། ཕྱགས་མ་ལྟ་བུ་དང་། ལྗོན་ཤིང་ལྟ་བུ་རབ་ཏུ་མང་པོ་སྡུག་བསྔལ་གྱིས་གདུངས་བར་མཐོང་སྟེ། ཞེས་རྗུ་འཕྲུལ་ཅན་རྣམས་ཀྱི་མཆོག་འཕགས་པ་མོའུ་འགལ་གྱི་བུས་རྒྱ་མཚོའི་མཐར་ཕྱིན་ནས་གཟིགས་པ་ལས། ཉི་ཚེ་བའི་དམྱལ་བའི་གནས་ལ་ངེས་པ་མེད་པར། ཆུ་དང་རི་བོ། མྱ་ངམ་གྱི་ཐང་། ས་འོག་སོགས་ལ་གནས་ཡོད་པས། ཉི་ཚེ་བའི་སེམས་ཅན་དམྱལ་བ་གཟིགས་ཚུལ་འབྲུ་རིགས་སོགས་བརྡུང་སའི་གཏུན་དང་། གད་དར་བྱེད་པའི་ཕྱགས་མ་ལྟ་བུ། ལྗོན་ཤིང་དང་། རྒྱ་མཚོ་དང་། རི་བོ་དང་། བར་སྣང་། ཁང་པ། བྲག་རི། སྒོ་དང་ཀ་བ། ཐབ་ཀ་དང་ཐག་པ་སོགས་ལ་རང་གི་ལུས་སུ་ཞེན་ནས་ཡོད་པས་ན། དེ་ལྟ་བུ་རབ་ཏུ་མང་པོ་སྡུག་བསྔལ་གྱིས་གདུངས་བར་མཐོང་སྟེ། ཞེས་གསུངས་པ་ལྟ་བུའི་ཉི་ཚེ་བ་དང་། ཉེ་འཁོར་བ་ནི། ཚ་གྲང་གཉིས་ཀའི་དམྱལ་བ་བརྒྱད་ཚན་གཉིས་ཀྱིས་ཁེངས་སར་ཡོད་པས། སོ་སོའི་གནས་ནི་ཐེག་མཆོག་མཛོད་དུ། ཉི་ཚེ་བ་ནི། ས་ཆུ་མེ་རླུང་སྣ་ཚོགས་ན་ངེས་པ་མེད་པར་ཡོད་ལ། ཉེ་འཁོར་བ་ནི། བརྒྱད་ཚན་གཉིས་ཀྱི་འཁོར་ན་ཡོད་དོ། །ཞེས་གསུངས་པ་ལྟར། ཉི་ཚེ་བ་ནི་གོང་དུ་བཤད་པ་ལྟར་ས་ཆུ་མེ་རླུང་སྣ་ཚོགས་ན་མོའུ་འགལ་གྱི་བུས་གཟིགས་པ་ལྟར་གནས་ལུས་ངེས་པ་མེད་པར་ཡོད་ལ། ཉེ་འཁོར་བ་ནི་ཚ་དམྱལ་བརྒྱད་དང་གྲང་བའི་དམྱལ་བ་བརྒྱད་དེ་བརྒྱད་ཚན་གཉིས་ཀྱི་འཁོར་ན་ཡོད་དོ། །ཞེས་ཉི་ཚེ་དང་ཉེ་འཁོར་གཉིས་རིགས་གཅིག་གིས་བསྡུས་ནས་གསུངས་པ་དང་། དེའི་ནང་ནས་ཉེ་འཁོར་བ་ནི། དམྱལ་བ་མནར་མེད་སོགས་ཀྱི་ཕྱོགས་བཞི་ན་ཡོད་དེ། མཛོད་ལས། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཞེས་གསུངས་པ་ལྟར། མེ་མ་མུར། རོ་མྱགས་འདམ། རལ་གྲི་ལོ་མའི་ནགས་ཚལ། ཐལ་ཚན་གྱི་ཆུ་བོ་རབ་མེད་དེ་རྣམས་རེད། མཚམས་རེར་ལྕགས་ཀྱི་ཤལ་མ་ལིའི་སྡོང་པོ་ཡང་ཡོད་པར་གསུངས་ཏེ། དེ་ཡང་མེ་མ་མུར་ནི་མེ་མ་མུར་པུས་ནུབ་ཙམ། དམྱལ་བའི་སེམས་ཅན་རྣམས་ཀྱིས་གནས་རེ་བཙལ་ཞིང་འགྲོ་བ་ན་མེ་མ་མུར་དང་ཐུག་ནས། རྐང་པ་སར་བཞག་པ་ན་མེ་མ་མུར་དུ་ནུབ་ནས་ཤ་རུས་པགས་པ་རྒྱུས་པ་ཚང་མ་ཚིག་ནས་ཞིག་འགྲོ་བ་དང་། ཡང་རྐང་པ་ཡར་བཏེགས་པ་ན་སྔར་བཞིན་སོས་པ་དང་། ཡང་ས་ལ་འཇོག་པ་ན་ཚིག་འགྲོ་བ། དེ་མིན་པར་འགྲོ་ས་གཞན་མེད་པ་དང་། དེ་འདྲའི་སྡུག་བསྔལ་མྱོང་བ་ཉེ་འཁོར་དང་པོ་རེད། དེ་ནས་ཡང་སོང་བ་ན། རོ་མྱགས་ཀྱི་འདམ་དང་འཕྲད་པས། རོ་སྣ་ཚོགས་རུལ་ཞིང་མྱགས་པའི་འདམ་དུ་ནུབ་ནས། སྲིན་བུ་ལྕགས་ཀྱི་མཆུ་རྣོན་ཅན་མང་པོས་ཤ་ཟོས་ཏེ་རུས་པ་ལ་ཐུག་གི་བར་འབིག་པར་བྱེད་པ་སོགས་ཀྱིས་སྡུག་བསྔལ་བ་ཉེ་འཁོར་ལྷག་པ་གཉིས་པ་རེད། དེ་ནས་ཡང་སོང་ནས་རལ་གྲི་ལོ་མའི་ནགས་ཚལ་དང་། སྤུ་གྲིས་གཏམ་པའི་ལམ་པོ་ཆེ་དང་ཁྱི་སྲེ་བོ་ལྕགས་ཀྱི་མཆེ་བ་ཅན་གྱི་གནོད་པ། ལྕགས་ཀྱི་ཤལ་མ་ལིའི་སྡོང་པོའི་མཚམས་བཞི་ན་བྱ་ཁྭ་ཏ་ལྕགས་ཀྱི་མཆུ་ཅན་གྱི་གནོད་པ་ནི་ཉེ་འཁོར་ལྷག་པ་གསུམ་པ་དང་། ཡང་སོང་ནས་ཐལ་ཚན་གྱི་ཆུ་བོ་རབ་མེད་དེ། སྤྱོད་འཇུག་ལས། ཆུ་བོ་རབ་མེད་མེ་དོང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུན་དའི་མདོག །ཅེས་གསུངས་པ་ལྟར་ཏེ། །དེ་དག་ལས་ཐར་ཏེ་ཕ་རོལ་ཕྱིན་པ་ན་སྐྱེས་བུ་གོ་མཚོན་ཅན་མང་པོས་བཀག་ནས་ཡོད་པ་ཉེ་འཁོར་ལྷག་པ་བཞི་པ་རེད། གོང་དུ་བཤད་མ་ཐག་པའི་ཡི་དྭགས་ལའང་། ཀུན་མཁྱེན་ཆེན་པོས། ཡི་དྭགས་བྱིངས་མཁར་རྒྱུ་བའི་བྱིངས་གནས་པ། །ཞེས་པའི་ཡི་དྭགས་བྱིངས་ལ་གནས་པ་དང་། མཁའ་ལ་རྒྱུ་བའི་རིགས་གཉིས་ཡོད་པ་ལས་བྱིངས་ལ་གནས་པ་ནི། ཕྱིའི་སྒྲིབ་པ་ཅན་སོགས་སྔ་མར་བཤད་པའི་གསུམ་པོ་ཡིན་ལ། མཁའ་ལ་རྒྱུ་བའམ་ཕྲན་ཚེགས་པ་ནི། ཤིང་རྟ་རྩ་བར། མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་རྣམས་དང་། །གནོད་སྦྱིན་སྲིན་པོ་བཙན་དང་རྒྱལ་པོ་སོགས། །ཞེས་པ་ལ་སོགས་པས་བསྟན་པ་ལྟར། མཁའ་ལ་རྒྱུ་བའི་ཡི་དྭགས་མཚན་མོར་རྒྱུ་ཞིང་ཚེ་རྐུ་མདངས་འཕྲོག་པར་བྱེད་པའི་འདྲེ་དང་། མ་མོ་ཐེའུ་རང་། གནོད་སྦྱིན་དང་སྲིན་པོའི་རིགས། བཙན་དང་རྒྱལ་པོ་དང་། སོགས་པས་བསྡུས་པ། ལས་ཀྱི་རྫུ་འཕྲུལ་ཐོགས་མེད་ཀུན་ཏུ་རྒྱུ། །གནོད་པ་སྣ་ཚོགས་མངོན་པར་སྒྲུབ་པ་སྟེ། །ནད་གཏོང་མདངས་འཕྲོག་ཚེ་ལ་བར་དུ་གཅོད། །ཅེས་པ་ལ་སོགས་པ་གསུངས་ཡོད་པ་རྣམས་རེད། འགའ་རེས་ངས་འདྲེ་རིག འདྲེས་གནོད་བྱུང་ཟེར་བའི་རིག་འདུག་རྒྱུ་དེ་ཚོ་མཁའ་ལ་རྒྱུ་བའི་རིགས་སུ་གཏོགས་པ་རེད། དཔེར་ན་གནོད་སྦྱིན་དང་བཙན་དང་རྒྱལ་པོ་དང་། ཤི་འདྲེ་ཐེའུ་རང་སོགས་ལས་ཀྱི་རྫུ་འཕྲུལ་དང་ལྡན་པ། ཀུན་ཏུ་ཐོགས་མེད་དུ་རྒྱུ་བ་འདི་རྣམས་ཡི་དྭགས་ཀྱི་འགྲོ་བས་བསྡུས་པ་ཡིན་པའི་ཕྱིར་ན། དུས་རྟག་ཏུ་འཁྲུལ་སྣང་དང་འཇིགས་སྐྲག་ཁོ་ན་སྤྱོད་པའི་སྡུག་བསྔལ་དཔག་མེད་མྱོང་བ་དང་། བསམ་པ་ནག་པོས་གཞན་ལ་འཚེ་བ་ལ་བརྩོན་པར་བྱེད་པ་དང་། སྙིང་ཉེ་ས་དང་དགའ་སའི་མི་སར་སོང་ན། སྔར་འཆི་བའི་གནད་གཅོད་ཀྱི་སྡུག་བསྔལ་དེ་ལ་འཕོས་ཤིང་འགོས་ནས་གནོད་བྱེད་ཨེ་ཐུབ་བལྟ་བ་དང་། འགའ་རེས་གནོད་པ་བྱེད་མ་བསམ་ནའང་། རང་ཤུགས་ཀྱིས་གནོད་པ་དང་། རང་ཉིད་ཡང་དུས་གཏན་དུ་ནད་དེའི་སྡུག་བསྔལ་དེས་མནར་ཞིང་ནད་དེ་ལས་ཐར་པའི་ཆེད་དུ་ཚེ་རྐུ་མདངས་འཕྲོག སྲོག་གཅོད་དབུགས་ལེན་བྱེད་པ་དང་། རྫུ་འཕྲུལ་གྱིས་སོང་ནའང་སྔགས་པ་ནུས་མཐུ་ཅན་གྱིས་ལམ་བཀག་ནས་མི་ཐར་པ་དང་། མནན་སྲེག་འཕངས་གསུམ་བྱེད་པས་ས་འོག་མུན་པའི་གནས་ན་བསྐལ་པ་མ་སྟོང་གི་བར་དུ་འདུག་དགོས་པ་དང་། དྲག་པོའི་སྦྱིན་སྲེག་གིས་མེ་ནང་བསྲེག་པ་དང་། དྲག་པོའི་ཐུན་རྫས་གྱིས་བྲབ་པ་ན་མགོ་བོ་ཚལ་པ་བརྒྱ་དང་ལུས་དུམ་བུ་སྟོང་དུ་བཀས་པའི་སྡུག་བསྔལ་དང་། འགའ་ཞིག་ལ་སྔོན་གྱི་དགེ་བ་ཕྲ་མོས་འབྲས་བུ་ལོངས་སྤྱོད་ཀྱི་འབྱོར་བ་ཕྲན་བུ་རེ་ཡོད་ཀྱང་སྡུག་བསྔལ་ཡུན་རིང་པོས་གདུང་བ་ལྟ་བུ་དེ་འདྲའི་སྡུག་བསྔལ་ཡོད་དོ། །ཞེས་སློབ་མ་དབང་པོ་རྣོན་པོ་ལ་སྤྲོས་ནས་འཆད་ན་དགེ་བ་གསུམ་གྱི་དོན་ཁྲིད་ཀྱི་ནང་དོན་ལྟར་ཤེས་པར་བྱ་ཞིང་། གཞན་དུ་ནི་དཀྱུས་སུ་བཤད་པས་དོན་འགྲུབ་བོ། །ཞེས་གསུངས་ན། རང་རེའི་ནང་ན་འདྲ་མི་འདྲ་ཚང་མ་ཡོད་ཀྱང་། མཐའ་གཉིས་སུ་མ་ལྷུང་བའི་ཚུལ་གྱིས་བཤད་པའི་ཉམས་ཡིན་དེ་ཡན་གྱིས་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་སོང་ནས། དེ་ནས་ངན་སོང་གི་གནས་གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་ཞིང་བློ་སྦྱང་བ་ནི། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་དུད་འགྲོའི་གནས་སུ་སྐྱེས་པའི་སེམས་ཅན་ནའང་རང་དབང་མེད་པར་གཞན་གྱིས་གསོད་པ་དང་། ལུས་བཅིང་བ་དང་བརྡེག་པ་བཀོལ་བ་ལ་སོགས་པའི་མི་དང་མི་མིན་གྱི་གནོད་པ་མཐའ་ཡས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་མྱོང་བ་མ་གཏོགས། ལུས་བདེ་སེམས་སྐྱིད་ཀྱི་ཞི་བར་གྱུར་པའི་དགེ་བའམ་ཕུན་ཚོགས་ཀྱི་འབྱོར་པ་སྤངས་པའམ། ཞི་གྱུར་ངེས་ལེགས་ཀྱི་རྒྱུ་ཐར་པ་ཆ་མཐུན་གྱི་དགེ་བའི་སྣོད་དུ་མི་རུང་བའི་དུད་འགྲོ་རྣམས་ལ་ནི། བྱེ་བྲག་གི་སྡུག་བསྔལ་གཅིག་གིས་གཅིག་གསོད་པ་དང་། གཅིག་ལ་གཅིག་གིས་ཟ་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དང་ལྡན་པ་ཡིན་ནོ། །ཞེས་དུད་འགྲོ་ལ་དབྱེ་ན་རྐང་མང་དང་། རྐང་མེད་། རྐང་གཉིས་རྐང་བཞི་སོགས་རིགས་མཐའ་ཡས་པ་ཞིག་ཡོད་ཀྱང་བྱིངས་གནས་དང་ཁ་འཐོར་བ་སྟེ། རྣམ་གྲངས་གཉིས་སུ་ས་སྡེ་ལས་བཤད་ལ། དུད་འགྲོའི་གནས་ཀྱི་གཙོ་བོ་ནི། བྱིངས་གནས་དེ་གཙོ་བོ་ཕྱིའི་རྒྱ་མཚོ་ཆེན་པོ་དང་ཆུ་དང་ཐང་ནགས་སོགས་ན་གནས་པ་དང་། ཁ་འཐོར་ནི་ལྷ་དང་མིའི་གནས་ནའང་ཡོད། དུད་འགྲོའི་རིགས་སུ་གྱུར་པའི་སེམས་ཅན་འདི་དག་གི་སྡུག་བསྔལ་ནི། གོང་དུ་བཤད་པ་ལྟར་སྤྱི་མཐུན་དུ་རྨོངས་པའི་སྡུག་བསྔལ་གླེན་ཞིང་གཏི་མུག་པ་དང་། དེའི་སྟེང་ན་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་དང་གཅིག་ལ་གཅིག་གིས་འཚེ་བའི་སྡུག་བསྔལ། ཚ་གྲང་བཀྲེས་སྐོམ་དམྱལ་བ་དང་ཆ་འདྲ་བའི་སྡུག་བསྔལ། ནད་དང་འཚེ་བ་སོགས་དཔག་ཏུ་མེད་པ་ཡོད། ཁ་འཐོར་བ་མིའི་ཡུལ་ན་ཡོད་པ་རྣམས་ནི་རྔོན་པ་དང་ཉ་པ་ལ་སོགས་པས་གསོད་པ་སོགས་ཤ་དང་རུས་པ་ལྤགས་པ་སྤུ་ལ་སོགས་པའི་དོན་དུ་སྲོག་མི་འཚམས་པ། མིས་བཀོལ་ཞིང་བེད་སྤྱོད་བྱས་ནས་རྟ་ཁེལ་མ་འབྲི་ར་ལུག་སོགས་བཤས་རར་ཕབ་ནས་གསོད་ཐབས་སྣ་ཚོགས་པས་མནར་གཅོད་གཏོང་བ། ཀླུ་ལ་སོགས་པ་དུད་འགྲོའི་རིགས་གྱུར་སྐྱིད་སྡུག་དོ་མི་མཉམ་པར་སྔ་དྲོར་བདེ་ན་ཕྱི་དྲོར་སྡུག་པ། ནམ་མཁའ་ལྡིང་དང་རིགས་སྔགས་ཀྱི་ནུས་པས་གནོད་པ་ཡོད། དུད་འགྲོའི་ཚེ་ཚད་ལ་བསམ་ན་མ་ངེས་པ་རེད། འགའ་རེ་ཡུད་ཙམ་གནས་ནས་ཤི་བ་དང་། འགའ་རེ་ཉིན་རེར་གནས་པ། ཀླུ་སོགས་འགའ་ཞིག་བསྐལ་པར་གནས་པའང་ཡོད་པར་གསུངས། དེ་དག་ལུང་ལས་དཔག་ནས། དེ་ལྟ་བུའི་དུད་འགྲོའི་སྡུག་བསྔལ་བསམས་ཤིང་བློ་ལ་བླངས་པ་ནི། འདི་ལག་ཁྲིད་ཀྱི་སྒོ་ནས་བསྒོམ་རྒྱུ་རེད། ཡང་ཐུན་ནང་རང་ཉིད་གཏི་མུག་མུན་པ་ལྟ་བུའི་ཉོན་མོངས་པས་རྐྱེན་བྱས་ཏེ་སྐད་ཅིག་ཉིད་ལ་ཕྱིའི་རྒྱ་མཚོ་ཆེན་པོའི་ནང་དུ་བྱིངས་ན་གནས་པའི་དུད་འགྲོ་ཉ་དང་། དུང་དང་ཆུ་སྲིན་ལ་སོགས་པ་ཆེ་བ་རི་ལྟ་བུ་དང་། ཆུང་བ་ཁབ་རྩེ་དང་རྡུལ་ཕྲན་ལྟ་བུས་གང་ནས་གོ་མཚམས་མེད་པར་ཆང་འགག་གི་སྦང་མ་ལྟར་ལྕིག་ལྕིག་ཡོད་པའི་ནང་དུ་སྐྱེས་པར་སྒོམ། སྐབས་རེས་འགའ་རང་ཉིད་ཆུ་སྲིན་དང་ཆུ་རྟ་ཉ་བོ་ཆེ་སོགས་ཆེ་བར་གྱུར་པའི་ལུས་བླངས་པའི་ཚེ་དུང་ལ་སོགས་པ་ཆུང་བ་རྣམས་ཀྱིས་ལུས་ཏལ་མར་ཕུགས་ནས་སྙིང་ལ་མདའ་ཕོག་པ་ལྟ་བུའི་ན་ཚ་དང་སྡུག་བསྔལ་མྱོང་བ། རེས་འགའ་རང་ཉིད་ཉ་འབུ་སོགས་ཆུང་བར་གྱུར་པའི་ཚེ་དུད་འགྲོ་ཆེ་བ་རྣམས་ཀྱིས་ཁྱུར་མིད་དུ་ཟོས་ནས་ལུས་ལྕགས་ཀྱི་པར་བུ་བཅུག་པ་ལྟ་བུའི་སྡུག་བསྔལ་མྱོང་བ། གླིང་འདི་དང་གླིང་གཞན་གྱི་ཕྱི་མཐའི་ལྕགས་རི་གཉིས་ཀྱི་གོ་དབར་ཉི་ཟླའི་སྣང་བ་མེད་པའི་མུན་ནག་གི་ཁྲོད་ན་སྐྱེས་པ་དང་། ད་ལྟ་རང་རེའི་མཐོང་སྣང་གི་ས་ལྒང་རིལ་པོ་འདིའི་ཕར་བྱང་སྣེ་ས་ཐག་ཉེ་སའི་རྒྱལ་ཁབ་ཧྥན་ལན་དང་། ནོ་ཝེས་སོགས་ན་སོང་དུས་དགུན་ཁ་ཉི་མ་ཤར་རྒྱུ་མེད་པས་དམུས་འགྲོ་གི་ཡིན་ན། ད་ལྟར་ཚན་རིག་གིས་གློག་ཡོད་རེད་མ་གཏོགས་སྔར་གློག་མེད་དུས་ཅི་འདྲ་སྡུག་ན། དེ་དང་འདྲ་བའི་ཉི་ཟླའི་སྣང་བ་མེད་པའི་མུན་ནག་རང་གི་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བའི་ཁྲོད་དུ་སྡུག་བསྔལ་བ་ལ་བསམ་ན་ངུ་བྲོ་བ་དང་། ཁ་འཐོར་བའི་དུད་འགྲོ་ལ་བསམ་ན། བྱ་དང་རི་དྭགས་འབུ་སྦྲང་གཅན་གཟན་ལ་སོགས་ཏེ་བདག་ཏུ་མ་བཟུང་བ་རྣམས་ལ་རང་བཞིན་གྱི་སྡུག་བསྔལ་ཚ་གྲང་བཀྲེས་སྐོམ་གཅིག་གིས་གཅིག་ཟ་བས། དོ་ནུབ་དང་ད་ལྟ་སེ་གོལ་གཏོག་པའི་ཡུན་ཙམ་གྱི་རིང་ལ་ཚེ་འདི་ཕྱི་ཤི་གསོན་གྱི་མཚམས་སུ་ཡོད་ཅིང་། མི་ལ་སོགས་པ་མིག་གིས་མཐོང་ཚད་ལ་ཁོག་པ་འཕྲལ་ནས་སྲོག་རྩ་དམར་པོ་ལ་གྲི་བཞག་པའི་སྲོག་གཅོད་ཀྱི་གཤེད་མ་ཁོང་ལག་ཅན་དུ་མཐོང་ནས་སྣང་བ་ཐམས་ཅད་དོགས་པར་འཆར་བས། འཇིགས་སྐྲག་གི་སྣང་བ་ཁོ་ནས་ལྟོ་ཁམ་རེ་ཟ་བའི་རིང་ལ་བག་མི་ཕེབས་པར་མགོ་བོ་ཕྱོགས་བཞི་མཚམས་བརྒྱད་དུ་གསོད་མཁན་ཞིག་གིས་སྲོག་ཐོག་ཏུ་ཕབ་པའི་དོགས་པས་བྱ་རར་གཡེང་བ་དང་། ཁྱད་པར་དུ་རྔོན་པ་དང་། ཉ་པ་དང་། བྱ་གཤོར་བ་དག་གིས་བརྩེ་བ་མེད་པར་རྒྱ་དང་སྙི་དང་མེ་མདའ་སོགས་གསོད་ཐབས་སྣ་ཚོགས་པའི་འཇིགས་པ་དུ་མས་སྐད་ཅིག་ལ་གསོད་པ་དང་། མིས་བདག་ཏུ་བཟུང་བའི་དུད་འགྲོ་གཡུང་དྭགས་རྟ་ནོར་དང་། ར་ལུག་བ་གླང་ལ་སོགས་པ་ཐམས་ཅད་ཀྱང་ཁ་ལ་ལྕགས་ཀྱི་སྒྲོག་གཡོགས་ཏེ་སྲབ་བསྐོན། རྒྱབ་ལ་སྒ་བསྟད་དེ་བཞོན་ནས་རྒྱང་རིང་པོར་མནར་བ་དང་། བཤའ་ཟོག་བཤའ་ལུག་ལྟ་བུ་འགའ་ཞིག་རྐང་ལག་ཐག་པས་བཀྱིག་ལུས་གནམ་ས་བསྒྱུར་ཏེ་ཕྱི་དབུག་ནང་དབུགས་ཆད་ལ་མ་ཆད་ཀྱི་སྐབས་ན། བྲང་དྲོན་མོའི་ཁ་གྲི་རྣོན་པོས་གཤགས་ནས་ལྟོར་ལག་བཏང་སྟེ་ཁོག་པའི་ནང་དུ་ལག་པ་བཏང་ནས་སྲོག་དབུགས་ཀྱི་རྒྱུ་བ་གཅོད་པ་དང་། གོང་དུ་བཤད་པ་ལྟར་མུ་ཏིག་གི་ཆེད་ཉ་ཕྱིས་དང་། མཆེ་བ་དང་རུས་པའི་དོན་དུ་གླང་པོ་ཆེ་དང་། པགས་པའི་དོན་དུ་སྟག་དང་གཟིག་སྲམ་ཝ་ལ་སོགས་པ་དང་། སྤུའི་དོན་དུ་རི་དྭགས་གཙོད་སོགས་དང་། ཤ་ཁྲག་གི་དོན་དུ་རྐྱང་འབྲོང་རྒོ་གནའ་ལ་སོགས་པ་དང་། གླ་རྩིའི་དོན་དུ་གླ་བ་གསོད་པ་དང་། འགའ་རེ་གསོད་པའི་ཞོར་དུ་འགའ་རེ་ཤི་བ་དང་། རྒྱ་མཚོའི་ཆུ་གནས་སོགས་ཟས་ཀྱི་དོན་དུ་གསོད་པ་སོགས། མདོར་ན་རང་ཉིད་སྐྱེ་རྒྱུ་དེ་གསོད་པའི་ཆེད་དུ་སྐྱེས་པ་འདྲ་ཞིག་ཡིན་པ་དང་། བོད་ན་མཛོ་གཡག་སོགས་གཞན་དག་སྣ་འབིགས་པ་དང་། རྨོས་རྨོ་བ་དང་། བྱ་གཅོད་པ་དང་། བརྡེག་པ་དང་། གསོན་ཁྲག་འབྱིན་པ་དང་། བལ་སོགས་ཁལ་ལྕི་མོ་ཐེག་ཚད་འགེལ་ཏེ་ཐག་རིང་དེད་པ་དང་། དུད་འགྲོ་ཤིན་ཏུ་བླུན་རྨོངས་ཅན་ཤ་མ་གཏོགས་མི་ཟ་བ་རྣམས་ཀྱིས་ནི་མིག་གིས་མཐོང་ཚད་རང་གིས་གསོད་ཐུབ་ཚད་གསོད་ཅི་ཐུབ་བྱེད་པ་དང་། རང་རེ་མི་ཡིན་ནའང་གསོད་དགའ་ཅན་རྣམས་ཀྱིས་རྒྱགས་རྒྱགས་མཚར་མཚར་གྱིས་བྱ་རི་དྭགས་གསོད་པ་དང་། ལར་ཟས་ཀྱི་དོན་དུ་སེམས་ཅན་སྲོག་མ་བཅད་ན། མི་འདིས་ཤ་མ་ཟོས་ནའང་ཟས་གཞན་གྱིས་སྲོག་འཚོ་ཐུབ་པ་རེད། མིས་ཅི་ཡིན་ན་ཟ་ཤེས་ལ་ཐབས་སྒྲིག་ཤེས་པ་རེད། ད་དུང་སྡིག་ཟས་ཤ་འདིས་ནད་སྣ་ཚོགས་བསྐྱེད་ཅིང་། ཅི་ཙམ་ཟོས་ན་དེ་ཙམ་དུ་སྲེད་པ་འཕེལ་ནས་ཟ་དྲན་པ་རེད། སྡིག་པའི་སྟོབས་ཀྱིས་བར་གཅིག་བཤས་ཤ་མ་གཏོགས་ཤི་ཤ་ཟ་ཉན་ཡོད་ནི་མ་རེད། དེའི་ཐོག་ན་ངོམས་པ་མེད་པར་ཟོས་ཤིང་ཟོས་ན་བད་ཀན་རྒྱས་ནས་ཤ་ཚོ་བ་ཕག་འདྲ་རེད། ལྟོ་ཚིལ་དྲུད། ཕོ་བ་ལྷུག གཏི་མུག་འཕེལ། གཏི་མུག་གིས་བསྐྱེད་པའི་ནད་སྣ་ཐམས་ཅད་ཡར་ལྡང་། སྡུག་གི་དེང་སང་རླངས་འཁོར་ཡོད་ནི་རེད་མ་གཏོགས་ཐ་ན་རྟ་ཡིས་མི་ལྕོགས་པར་དེ་འདྲ་རེད་ནི་རེད། རྒས་སོང་དུས་རང་གཡོག་རང་གིས་མི་ཕེར་བ་ཡོད་པ་རེད། དེས་ན་ཤ་བཟའ་རྒྱུ་འདི་གཏན་ནས་སྤོང་ཐུབ་ན་ཤིན་ཏུ་ཡག་པོ་རེད། ཇོ་སེར་ལོ་ཉུང་ཚོའི་ནང་ན་ཤ་སྤོང་མཁན་མང་ཐལ། བླ་སྤྲུལ་རྣམ་པའི་ནང་ན་ཤ་གཅད་ནི་མང་གི། ཁ་སང་ཁ་ཉིན་སོགས་ལ་གྲྭ་བ་ལོ་ཆུང་གི་ནང་ན་ཤ་གཅོད་མཁན་མང་པོ་ཡོང་ཐལ། དེ་རྣམས་ལ་ནམ་ཡིན་ན་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། ད་ངོ་མ་བཤད་ན་བཤས་མི་བཤའ་རྒྱུ་སྡེ་མང་ཚོགས་ནས་མགོ་འཛུགས་རྒྱུ་ཅན་རེད་ལ། ཤ་མི་ཟ་རྒྱུ་དགོན་པའི་བླ་གྲྭ་ནས་མགོ་བཙུགས་ནས་ཚང་མས་ཤ་ཉོ་རོགས་མ་བྱས་ན་བཤས་བཤའ་མཁན་མེད་ནས་དུད་འགྲོར་སྐྱེས་པའི་ཕ་མ་ཕལ་ཆེར་གྱི་སྲོག་མགོ་ཐོན་འགྲོ་གི། གནའ་སྔ་མོར་གྲྭ་བའི་ནང་ན་པགས་པའི་གོས་མི་གྱོན་མཁན་དེ་འདྲ་ཡོད་དར། དཔལ་སྤྲུལ་ཚང་གིས་ཕྱིང་རྩག་མནབ་རྒྱུ་བོ་པགས་གོས་མི་གྱོན་པའི་དབང་གིས་རེད། རྫ་ཆུ་ཁ་ནའང་ཕྱིང་རྩག་མནབ་མཁན་མང་པོ་ཡོད། དེ་དུས་ས་མཐོ་སྒང་ན་ཅི་འདྲའི་སྙིང་རུས་མཛད་འདུག་མ་གཏོགས། དེང་སང་ཡིན་ན་པགས་པ་མིན་ནའང་སྤུ་ཡོད་དྲོན་པོ་གྱོན་རྒྱུ་ལོན་གི། ད་དུང་གཙང་སྦྲ་ཅན་ཞིག་ཡིན་ན་སྤུ་མི་འགོས་པས་པགས་རིགས་མིན་པ་གྱོན་ན་ཡག་ས་རེད། གཅན་གཟན་གྱི་པགས་རིགས་གྱོན་རྒྱུའི་ལམ་ལུགས་འདི་ཚོ་རྒྱུན་དུ་མེད་ན་ཡག་ས་ཡོད་གི། བྱི་རུ་འདི་ཚོ་སྲོག་ཆགས་རེད་མི་ཟེར་རམ། དེ་འདྲ་ཡིན་ན་བྱི་རུ་བཏགས་རྒྱུ་མེད་ན་སྲོག་ཆགས་འགའ་རེའི་སྲོག་མགོ་ཐོན་འགྲོ་ནི་ཨེ་མི་ཡིན། ཡང་སྲོག་ལྡན་འགའ་རེ་ཤི་ནས་ཤིང་དང་རྩྭར་རེད་སོང་བ་རྣམས་ནི་སྡིག་པ་ཡོད་མེད་བཅོམ་ལྡན་འདས་ཁོང་བཞུགས་ཡོད་ན་བཀའ་འདྲི་མ་ཞུས་ན་མི་ཤེས་རྒྱུའང་འདུག་ཡིན་ན། དེ་བཞིན་དུ་ཀླུ་རྣམས་ལའང་བྱེ་ཚན་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། མི་དང་དྲང་སྲོང་གི་རིགས་སྔགས་སྣ་ཚོགས་ཀྱིས་གཟིར་བ་དང་། ཟླ་གྲོགས་གཅིག་གིས་གཅིག་སྤངས་ཏེ་མཉམ་པའི་ཁྱུར་མི་ཚུད་ཅིང་གྲོགས་མེད་པ་དང་། སྤྱི་མཐུན་དུ་དུད་འགྲོ་ཡོད་ཚད་ལ་རྨོངས་པ་དང་གདུག་རྩུབ་ཆེ་བ་ལ་སོགས་པའི་སྡུག་བསྔལ་བརྗོད་ཀྱིས་མི་ལོང་བ་ཡོད་པ་དང་། གཞན་ཡང་ཚེ་ཚད་མ་ངེས་པར་མྱོང་བ་སོགས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །ཅེས་གསུངས་པ་ལྟར་བླང་དོར་གྱི་གནས་མི་ཤེས་པ་གླེན་ཞིང་གཏི་མུག་པའི་རང་བཞིན་ཅན་ཏེ། དེ་དག་རང་ཡིན་པ་དང་དེ་དག་གི་སྡུག་བསྔལ་རེ་རེ་ནས་རང་གིས་མྱོང་བར་བསམ་སྟེ། ཁ་དཔེ་བཤད་པ་དང་ཐད་ནས་ལྟད་མོར་བལྟ་བ་ལྟ་བུ་མ་ཡིན་པར་དེ་རང་ཡིན་ཞིང་དེའི་སྡུག་བསྔལ་མྱོང་གིན་ཡོད་པར་བསམ་ནས་སྒོམ་དགོས། དེ་ལྟར་འཁོར་བ་དྲན་པ་ཙམ་ལ་སྐྱུགས་ལོག་གི་འགྲོ་བར་དེ་ལྟར་བྱ་དགོས་ཏེ། ཀུན་མཁྱེན་གྱིས། འདི་དག་བསམ་ན་བྱོལ་སོང་འཇིག་རྟེན་ལས། །ཐར་འདོད་རྣམས་ཀྱིས་ཕན་བདེ་བསྒྲུབ་པའི་ཕྱིར། །མངོན་མཐོ་ངེས་ལེགས་ལམ་བཟང་སྲོལ་བཏོད་ལ། །ཉིན་མཚན་བརྩོན་པས་དགེ་ལ་གཞོལ་བར་མཛོད། །ཅེས་འཁོར་བའི་གནས་སྤྱི་དང་བྱེ་བྲག་ངན་འགྲོའི་སྡུག་བསྔལ་བསམ་སྟེ་དེ་རང་ཐོག་ལ་བླངས་ནས། དགེ་བ་ལ་སོགས་པ་ལེགས་པའི་ཆོས་ལས་བྱོལ་ནས་སོང་བ་དུད་འགྲོའི་འཇིག་རྟེན་འདི་ལས་དུས་གཏན་དུ་ཐར་པ་འདོད་པ་རྣམས་ཀྱིས། རང་གཞན་གྱི་ཕན་བདེ་མཐའ་དག་བསྒྲུབ་པར་བྱ་བའི་ཕྱིར་དུ། མངོན་པར་མཐོ་བ་ལྷ་དང་ཁྱད་པར་མིའི་རྟེན་དང་། ངེས་པར་ལེགས་པ་ཐར་པའི་ལམ་བཟང་དེ་བགྲོད་པའི་སྲོལ་བཏོད་ལ། ཉིན་མཚན་ཀུན་ཏུ་བརྩོན་པ་དྲག་པོས་རྣམ་དཀར་དགེ་བའི་ལས་ལ་གཞོལ་བར་མཛོད་ཅིག་ཅེས་གདམས་ངག་གསུངས་སོ། །དེ་དག་ཀྱང་ཚིག་གི་གོ་དོན་སེམས་ལ་བཞག་ནས། དུད་འགྲོའི་སྡུག་བསྔལ་མཐར་ཆགས་སུ་རེ་རེ་བཞིན་རང་ཐོག་ལ་བླངས་ནས་སྡུག་བསྔལ་རང་ཉིད་ཀྱིས་མྱོང་བའི་དམིགས་པ་བྱས་ཟིན་པའི་མཐར་རང་ཉིད་སྦྲུལ་ལྟ་བུའི་ཀླུ་ཞིག་ཏུ་སྐྱེས་པར་བསམ་ནས། ནམ་མཁའ་ལྡིང་བྱ་ཁྱུང་གཏུམ་པོ་ཞིག་གིས་གློ་བུར་དུ་བར་སྣང་ལ་ཁྱེར་ནས་ད་ནི་དབུགས་རྟ་རྔ་ཙམ་དེ་ནམ་ཆད་འགྲོ་བར་མི་ཤེས་པར་དབུགས་ཕྱི་ནང་གང་གི་མཚམས་ཀྱང་ཚེ་འདི་ཕྱིའི་སོ་མཚམས་སུ་སླེབས་ཡོད་པར་བསྒོམས་ནས། ཨ་རེ་འཇིགས། རྒོལ་ལན་རྫོགས་མི་ཐུབ་པའི་སྟོབས་ལྡན་གྱི་འདབ་ཆགས་འཇིགས་པ་ཅན་འདི་ལྟ་བུས་བདག་ཉིད་གསོན་ཟས་སུ་བྱེད་པ་ཨ་ཙི། ཨ་ཙི། འཇིགས་པ་ལ། འཇིགས་པ་ལ། ཀྱི་ཧུད། ཀྱི་ཧུད་ཅེས་འཇིགས་སྐྲག་གི་སྨྲེ་སྔགས་བསྐྱར་བཟློས་དང་བཅས་དྲན་པ་འཐོར་བ་ཙམ་གྱི་འཇིགས་སྐྲག་གི་སྡུག་བསྔལ་གྱི་རོ་རང་གིས་ཉམས་སུ་མྱོང་བ་ན། སླར་སྟེང་གི་ནམ་མཁའ་ལ་རྩ་བའི་བླ་མ་དེ་ཉིད་ཨོ་རྒྱན་ཆེན་པོའི་རྣམ་པའི་ཆ་ལུགས་སུ་བྱོན་ནས། ཀྱེ་ཞེས་བོས་ནས་ལས་ངན་གྱི་སེམས་ཅན་ཁྱེད་ཀྱིས་འདི་ལྟ་བུའི་སྡུག་བསྔལ་དང་འཇིགས་སྐྲག་མྱོང་དགོས་པའང་རྩ་བ་རང་ལ་ཐུག་སྟེ། འཁོར་བ་མཐའ་མེད་དུ་ང་མེད་ལ་ངར་བཟུང་། བདག་མེད་པ་ལ་བདག་ཏུ་འཛིན་པས་བདག་གཅེས་འཛིན་ཁོ་ན་ལྷུར་བླངས་པས་ལན། ད་ནི་སྙིང་རྗེའི་བསམ་པས་ཀུན་ནས་བསླངས་ཏེ་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁྱད་པར་ཅན་སྒོམ་ན་སྡུག་བསྔལ་ཅན་གྱི་གནས་འདི་ལས་གྲོལ་བའི་ཐབས་བླ་ན་མེད་པ་ཡིན་ཏེ། སྔོན་བསྟན་པའི་བདག་པོ་ཤཱཀྱ་སེང་གེས་སློབ་པ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པའི་ཚེ། མཛའ་བོའི་བུ་མོ་ཞེས་བྱ་བར་སྐྱེས་ནས་རྒྱ་མཚོའི་གླིང་དུ་འགྲོ་བ་ལ་མས་བསྲུངས་ཀྱང་མ་ཉན་པར་མའི་མགོ་ལ་འགོངས་ནས་རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་པས་གྲུ་གཟིངས་ཞིག ཤིང་ལེབ་གཅིག་ལ་འཇུས་པས། མཚོ་གླིང་ཞིག་ཏུ་ཐོན། དེ་ནས་རིམ་པར་ཕྱིན་པའི་ཅི་ཞིག་ན་ལྕགས་ཀྱི་ཁང་བ་ཞིག་ཏུ་མི་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་བསྐོར་ནས་ཀླད་པའི་དཀྱིལ་དུ་འབུགས་ཀྱིན་འདུག ཅི་བྱས་པ་ཡིན་དྲིས་པས་མའི་མགོ་ལ་འགོངས་པའི་རྣམ་སྨིན་ཡིན་ཟེར། འོ་ན་ང་ཡང་ལས་ཀྱིས་འདིར་ཁྲིད་པ་ཡིན་སྙམ་པ་དང་། ནམ་མཁའ་ནས་སྒྲ་བྱུང་སྟེ་བཅིངས་པ་གང་ཡིན་པ་གྲོལ་བར་འགྱུར་རོ། །གྲོལ་བ་གང་ཡིན་པ་བཅིངས་པ་འགྱུར་རོ་ཟེར་ནས་འཁོར་ལོ་རང་གི་མགོ་ཐོག་ཏུ་བྱུང་སྟེ་བསྐོར་བས་བཟོད་ཐབས་མེད་པའི་སྡུག་བསྔལ་བྱུང་ངོ། །དེའི་རྐྱེན་གྱིས་རང་འདྲའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་སྐྱེས། འདི་ལྟ་བུའི་སྡུག་བསྔལ་མྱོང་བའི་སེམས་ཅན་མང་པོ་ཡོད་པས་སྙིང་རེ་རྗེ། དེ་དག་གི་སྡིག་པ་དང་སྡུག་བསྔལ་བདག་ལ་འབྱུང་བར་ཤོག་ཅིག་སྙམ་དུ་དགོངས་པ་དང་། དེ་མ་ཐག་འཁོར་ལོ་ནམ་མཁའ་ལ་འཕུར་ཏེ་སྡུག་བསྔལ་ལས་གྲོལ་ལོ། །ཞེས་སྔོན་མ་ཞིག་ལ་བཤད་པ་ལྟར་རེད། རྒྱལ་བས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་གང་གི་དོན་དུ་གསུངས་ན། དངོས་སམ་བརྒྱུད་ནས་བྱང་ཆུབ་ཀྱི་སེམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དེ་བསྐྱེད་པའི་ཐབས་སུ་གསུངས་པ་རེད། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་དང་བྲལ་ན་གཞན་ཆོས་ཟབ་མོ་ཅི་བསྒྲུབས་ཀྱང་སངས་རྒྱས་འཐོབ་པའི་དངོས་རྒྱུར་འགྱུར་བའི་ཕན་ཐོགས་ཡོད་པ་མ་རེད། བསྐྱེད་རྫོགས་དང་གསང་སྔགས་ཀྱི་ཉམས་ལེན་ལ་བྱང་ཆུབ་ཀྱི་སེམས་འདིས་ཟིན་ན་ཚེ་འདི་ལ་རྫོགས་པའི་སངས་རྒྱས་འཐོབ་པའི་རྒྱུར་འགྲོ་ནུས་པ་དང་། བྱང་ཆུབ་ཀྱི་སེམས་དང་བྲལ་ན་ལྷ་སྒོམ་སྔགས་བཟླས་ཅི་འདྲ་བྱེད་ཀྱང་མུ་སྟེགས་པའི་ལམ་དང་ཁྱད་ཆེན་པོ་ཡོད་པ་མ་རེད། མུ་སྟེགས་པ་ལའང་ལྷ་སྒོམ་རྒྱུ་དང་སྔགས་བཟླ་རྒྱུ། རྩ་རླུང་སྒོམ་པ། རྒྱུ་འབྲས་སྤང་བླང་བྱེད་པ་སོགས་ཡོད་ཀྱང་སྐྱབས་འགྲོ་དང་སེམས་བསྐྱེད་འདི་གཉིས་མེད་པས་འཁོར་བའི་ནང་ནས་ཐར་མི་ཐུབ་པ་རེད། བདག་བས་གཞན་གཅེས་སྒོམ་དུས་བདག་ལ་སྡུག་བསྔལ་གང་བྱུང་ན་བཟོད། སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་ཡོང་མི་འདོད། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དེ་བདག་ལ་སྨིན་པར་ཤོག བདག་གི་བདེ་བ་དང་བདེ་བའི་རྒྱུ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་རྫོགས་པར་ཤོག་ཅིག་བསམ་པར་མ་ཟད། དངོས་སུའང་དེ་འདྲ་ཉམས་སུ་ལེན་དགོས་པ་རེད། དེས་ན་བདག་བས་གཞན་གཅེས་ཀྱི་བསམ་པ་འདི་ནུས་པ་ཤིན་ཏུ་ཆེ་བ་ཡིན་པས་རང་འདྲའི་སེམས་ཅན་དཔག་ཏུ་མེད་པ་ཡོད་པ་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་དོ། །དེ་དག་གི་སྡུག་བསྔལ་ཁྱོད་རང་གི་སྡུག་བསྔལ་འདིའི་སྣོན་མར་ལོང་ལ་དགའ་བ་སྒོམས་ཤིག ཅེས་གུ་རུ་རིན་པོ་ཆེས་དེ་སྐད་གསུངས་པའི་གསུང་ཐོས་པ་ཙམ་གྱིས་རང་འདྲའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོ་བསྐྱེད་ཅིང་། བདེ་སྡུག་གཏོང་ལེན་གྱི་སྙིང་སྟོབས་བསྐྱེད་པ་ཙམ་གྱིས་ལས་ངན་སྐད་ཅིག་ལ་ཟད། འཇིགས་ཤིང་སྐྲག་པ་ལ་རྨི་ལམ་གྱི་སྣང་བ་ལྟར་བདེན་མེད་དུ་ཡལ་ནས་ཨོ་རྒྱན་ཆེན་པོ་དང་གཉིས་སུ་མེད་པར་སངས་རྒྱས། གསང་སྔགས་ཀྱི་མྱུར་ལམ་དང་མན་ངག་ཁྱད་པར་ཅན་འདི་དག་གི་སྐབས་སུ་གཙོ་བོ་དད་པ་དང་དག་སྣང་ཡོད་པ་གལ་ཆེ། རིག་འཛིན་མཁའ་སྤྱོད་གྲུབ་པའི་མྱུར་ལམ་ཞེས་པ་འཆི་རན་ཁར། ཕྱི་ནང་སྣོད་བཅུད་ཐམས་ཅད་ཟངས་མདོག་དཔལ་རིར་གསལ་ནུས་ན་རབ་རེད། མ་ནུས་ཀྱང་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དེ་སྤྱི་གཙུག་གི་གུ་རུ་རིན་པོ་ཆེའི་ཐུགས་ཀར་ཐིམ་པར་བསམ་ནས་ཐུགས་ཡིད་དབྱེར་མེད་དུ་མཉམ་པར་བཞག་ནུས་ན་ངན་སོང་དུ་མི་འགྲོ་བ་དང་། བར་དོའི་སྐབས་ན་གུ་རུ་རིན་པོ་ཆེ་བྱོན་ནས་དབང་བསྐུར་གདམས་པ་གནང་ངོ་སྤྲད་ནས་གྲོལ་འགྲོ་བ་དང་། ཐུགས་ཡིད་དབྱེར་མེད་བསྲེ་རྒྱུ་དཀའ་མོ་ཞིག་ཡིན་རྒྱུའི་འདང་རྒྱག་མི་ཉན། ཐོད་པའི་སྐྲ་རྩེ་ནས་མར་ཆུ་ཐིགས་གཅིག་པང་ཐོག་ཏུ་ལྷུང་བའི་ཡུན་ཙམ་ལ་ཐུགས་ཡིད་དབྱེར་མེད་ལ་མཉམ་པར་བཞག་ནུས་ན་བསྐལ་པ་གཅིག་གི་སྡིག་སྒྲིབ་དག་པར་གསུངས་ཡོད་པས། སྒོམ་དགོས་ས་ཨེ་རེད། དེ་ལྟ་བུ་ཨོ་རྒྱན་ཆེན་པོ་དང་གཉིས་སུ་མེད་པར་སངས་རྒྱས་ནས། དུད་འགྲོའི་རིགས་ཀྱི་སེམས་ཅན་ཐམས་ཅད་ལ་འོད་ཟེར་སྤྲོས་པས་དེ་དག་གཅིག་ཀྱང་མ་ལུས་པ་བྱ་ཁྱུ་ལ་འུར་རྡོ་འཕངས་པ་ལྟར་རིག་འཛིན་རྣམ་པ་བཞིའི་གྲལ་དུ་དྲངས་བར་བསམ་ལ། ཞེས་རིག་འཛིན་རྣམ་པ་བཞི་ནི་སྔར་བསྐྱེད་རྫོགས་ཀྱི་སྐབས་ཤིག་ཏུ་བཤད་མྱོང་ཡང་། རྣམ་སྨིན་རིག་འཛིན་དང་། ཚེ་དབང་རིག་འཛིན། ཕྱག་ཆེན་རིག་འཛིན། ལྷུན་གྲུབ་རིག་འཛིན་ཏེ་བཞི་རེད། བཀའ་སྡེ་ཟུར་པའི་ལུགས་ལྟར་ན། རྣམ་སྨིན་རིག་འཛིན་ནི། རྣམ་སྨིན་གྱི་ལུས་རྟེན་རགས་པ་དང་མ་བྲལ་ཞིང་སེམས་ཡི་དམ་གྱི་ལྷ་སྐུར་སྨིན་པ། ལུས་རྒྱ་དེ་དང་བྲལ་མ་ཐག་ཏུ་ཕྱག་ཆེན་རིག་འཛིན་དུ་སྦྱོར་ངེས་པ་སྟེ་ཆོས་གསུམ་ལྡན་གྱི་མཐོང་ལམ་པ་ཡིན། འདི་ལ་རྣམ་སྨིན་གྱི་ལུས་རྒྱས་འཆིང་བའི་ཆ་ནས་རྣམ་སྨིན་དང་། སེམས་ལྷ་སྐུར་རྣམ་པར་སྨིན་པའི་ཆ་ནས་རིག་འཛིན་ཞེས་གསུངས་པ་རེད། ཚེ་དབང་རིག་འཛིན་ནི་ལུས་ཟག་མེད་དུ་གྱུར་པའི་མཐོང་ལམ་པ་ཞིག་ཡིན་དགོས། ཡང་ན་རྣམ་སྨིན་རིག་འཛིན་དང་ཡང་ན་ཚེ་དབང་རིག་འཛིན་ནས་ཕྱག་ཆེན་དུ་བསྒྱུར་དགོས། མཐོང་ལམ་གྱི་རྟེན་གཅིག་ལ་རིག་འཛིན་གཉིས་མཉམ་དུ་ཐོབ་པའི་རྣམ་བཞག་ཡོད་པ་མ་རེད། འདིའི་སྐབས་ནས་གསུངས་པའི་ཟག་མེད་ཅེས་པའི་ཟག་པ་དེ་ལ་བཞི་ཡོད་དེ། ཉོན་མོངས་པའི་ཟག་པ། ལུས་ཀྱི་ཟག་པ། ཁམས་ཀྱི་ཟག་པ། སྐྱེ་གནས་ཀྱི་ཟག་པ་བཞི་ཡིན་ལ། ཕྱིན་ཅི་ལོག་གི་སྒྲོ་འདོགས་ཉོན་མོངས་པའི་ཟག་པ། ལུས་རང་དབང་མེད་པར་འདོར་བ་ལུས་ཀྱི་ཟག་པ། ཁམས་མི་བདེ་བ་རང་དབང་མེད་པར་འབྱུང་བ་ཁམས་ཀྱི་ཟག་པ། ལས་ཀྱི་དབང་གིས་རང་དབང་མེད་པར་ལུས་ལེན་པ་སྐྱེ་གནས་ཀྱི་ཟག་པ། དེའི་ནང་ནས་དང་པོ་ཉོན་མོངས་པའི་ཟག་པ་དེ་རྩ་བ་དང་། གཞན་གསུམ་པོ་དེའི་ཡན་ལག་རེད། དེས་ན་སྐབས་འདིའི་བཤད་བྱ་རྣམ་སྨིན་རིག་འཛིན་དང་ཚེ་དབང་རིག་འཛིན་གཉིས་ཀའང་། དོན་གྱི་འོད་གསལ་མཚན་ཉིད་པ་ཐོབ་པ་དང་། རྩ་བའི་ཟག་པ་ཟད་པའི་སྤངས་རྟོགས་ཀྱི་ཆ་ནས་ཁྱད་པར་མེད། འོན་ཀྱང་དབང་པོ་རྣོ་རྟུལ་གྱི་དབང་གིས་རགས་པའི་ལུས་དེ་ཡེ་ཤེས་ཀྱིས་མེས་སྦྱོང་ནུས་མི་ནུས་སམ། གོང་ནས་བཤད་པའི་་ཡན་ལག་གི་ཟག་པ་གསུམ་ཟད་མ་ཟད་ཀྱིས་ཕྱེ་བ་རེད། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་གསུངས་པས། འདི་གཉིས་དབང་པོ་རྣོ་རྟུལ་གྱིས་ཁྱད་པར་ཡིན་པས་གོང་དུ་བཤད་པ་ལྟར་གང་ཟག་གཅིག་གིས་རིག་འཛིན་དེ་གཉིས་ཀ་བགྲོད་མི་དགོས་ཏེ་མཐོང་ལམ་ལན་གཉིས་ཐོབ་པ་མི་སྲིད་པས་སོ། །ཕྱག་ཆེན་རིག་འཛིན་དེ་ཚེ་དབང་རིག་འཛིན་གྱི་སྐབས་ལས་ཀྱང་གསལ་བརྟན་དག་གསུམ་གྱིས་ཁྱད་པར་འཕགས་ནས། མངོན་ཤེས་ཡོད་པས་ལོངས་སྐུའི་ཞིང་དང་མཉམ་པར་འགྲོ་བའི་དོན་བྱེད་ནུས་པ་དང་། འདི་སྒོམ་ལམ་ས་དགུའི་སྐབས་ལ་འཇོག་པ་རེད། ལྷུན་གྲུབ་རིག་འཛིན་ནི་མཐའ་ལམ་ས་བཅུའི་ཁྱད་པར་གྱི་ལམ་ལ་གནས་པ། སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང་གནས་ཚུལ་མཐུན་པའི་ལུས་ཅན་ཡིན་པ་དང་། རྟོགས་པ་དང་ཕྲིན་ལས་ཀྱི་ཐད་ན་སངས་རྒྱས་ཉིད་དང་ཕྱོགས་མཚུངས་པ་ཞིག་ཡིན། ཕྱག་ཆེན་རིག་འཛིན་དང་ལྷུན་གྲུབ་རིག་འཛིན་འདི་གཉིས་ཀྱི་སྐབས་སྒྲིབ་པ་ཕྲ་མོ་སྤོང་བར་གསུངས་པ་ནི་ཤེས་སྒྲིབ་ཕྲ་མོ་ཡིན་དགོས་པ་རེད། ཉོན་སྒྲིབ་ཀུན་བཏགས་ལྷན་སྐྱེས་མ་ཕྱེ་བར་མཐོང་ལམ་ནས་སྤོང་བར་གསུངས་པ་རེད། རིག་འཛིན་རྣམ་པ་བཞིའི་བགྲོད་ཚུལ་ལ། གང་ཟག་དབང་པོ་རྣོ་རྟུལ་བློ་ཆེ་ཆུང་གིས་མཐའ་གཅིག་ཏུ་རིམ་བགྲོད་དགོས་པའི་ངེས་པ་མེད། ཐོད་རྒལ་བའང་ཡོད་པར་གསུངས་ཡོད། ཀུན་མཁྱེན་ཡབ་སྲས་ཀྱི་རང་ལུགས་དཀའ་བའི་གནད་ཐམས་ཅད་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལ་ཞིབ་པར་གཟིགས་ན་མཁྱེན་ཐུབ། དེ་ལྟ་བུའི་རིག་འཛིན་རྣམ་པ་བཞིའི་གྲལ་དུ་དྲངས་པར་བསམ་ལ་རྟོག་པའི་སྤུན་ཐག་བཅད་ནས་དྲན་ཤེས་ཁ་ཡན་དུ་གློད་པར་བྱའོ། །ཞེས་གསུངས་ན་རྟོག་པའི་སྤུན་ཐག་བཅད་ནས་སམ་རྣམ་རྟོག་སྣ་ཚོགས་ཀྱི་ཤུན་པ་དོར་ནས་རང་བབས་སྤྲོས་པ་བྲལ་བའི་ངང་དུ་གློད་པར་བྱའོ། །དེ་རིང་གི་ཁྲིད་རྐང་འདི་ཁྲིད་རྐང་གསུམ་པ་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་བྱ་ཞིང་། ལས་སུ་དཀོན་མཆོག་མཆོད་ཅིང་དཀར་པོ་དགེ་བའི་ལས་བསྐྱེད་པ་ཞེས་པའི་ནང་གི་ཁར་རྩང་ཁེ་ཉིན་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། ཡི་དྭགས་དང་བཅས་པའི་སྡུག་བསྔལ་དྲན་ནས་སྙིང་རྗེའི་སེམས་དང་བཅས་པ་བསྒོམས་ཤིང་། དེ་རིང་ཉེ་འཁོར་ལྷག་པ་བཅུ་དྲུག་ཉི་ཚེ་བ་དང་བཅས་པའི་དམྱལ་བའི་གནས་གྱི་སྡུག་བསྔལ་རྣམས་དང་། དེའི་སྟེང་དུད་འགྲོའི་སྡུག་བསྔལ། དེ་ལ་ཡང་བྱིངས་ན་གནས་པ་དང་ཁ་འཐོར་བའི་རིགས་གཉིས་ཡོད་པ་དེ་དག་གི་སྡུག་བསྔལ་སེམས་ཐོག་ཏུ་ལེན་པ་དང་། ལུས་ཐོག་ཏུ་མྱོང་གིན་ཡོད་པར་བསམ་ནས་སེམས་ཅན་དེ་དག་ལ་སྙིང་རྗེ་ཤས་མི་བཟོད་པ་སྐྱེས་ཏེ། མཐར་ཐུག་སློབ་དཔོན་ཆེན་པོའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ནས་མི་དམིགས་པའི་ཏིང་འཛིན་ལ་མཉམ་པར་བཞག་པ་དང་། ངན་འགྲོའི་སེམས་ཅན་དེ་དག་འདྲེན་པའི་དེད་དཔོན་དུ་འགྱུར་བའི་སྨོན་ལམ་འདེབས་པ་དེ་ལྟར་བྱེད་དགོས། དེ་རིང་ཕྱི་དྲོ་དང་དགོང་མོར་ཉེ་འཁོར་བ་སྒོམས། སང་ཉིན་སྔ་དྲོར་ཡང་རྡོར་སེམས་བསྒོམ་བཟླས་དང་ཕྱི་དྲོ་དང་དགོང་མོར་དུད་འགྲོའི་སྡུག་བསྔལ་སེམས་ལ་ལེན་རྒྱུའི་ཁྲིད་སྦྱོང་དེ་ལྟར་བྱེད། འདི་ན་རྟོག་པའི་སྤུན་ཐག་བཅད་ནས་དྲན་ཤེས་ཁ་ཡན་དུ་གློད་པར་བྱའོ། །ཞེས་སྤུན་པ་ཞེས་པ་ཤུན་པ་ལ་གོ་བས། རིག་པ་རྗེན་ལ་བུད་པའི་ལྷག་མཐོང་གི་ཡེ་ཤེས་ཁྱད་པར་ཅན་བཤད་ཡོང་དུས། ཉམས་ཞེན་གྱི་ཤུན་པ་དང་བྲལ་བ། འབྲས་སྣེའུ་ལ་དཔེར་བཞག་ནས་གསུངས་པ་དེ་དང་ཕྱོགས་མཚུངས་ཀྱིས་ཆོས་ཅན་སེམས་ཀྱི་རྣམ་རྟོག་གི་ཤུན་པ་མེད་པར། ཆོས་ཉིད་མ་བཅོས་པའི་ངང་དུ་གློད་དེ། ཁ་ཡན་ཞེས་པ་ཁོ་རང་ཇི་ལྟར་ཡིན་ན་དེ་ལྟའི་ངང་དུ་ཞོག་གསུངས་པ་རེད། འདི་ལས་དང་པོ་བ་ཞིག་ཡིན་ན་སེམས་བཞག་ཐབས་དང་། ཉམས་མྱོང་ཅན་ཞིག་ལ་མཚོན་ན་ཐབས་བྱུང་གི་ཡེ་ཤེས་གཉིས་ཀ་ལ་སྦྱར་ཆོག་སྙམ། ཡང་ན་སྤུན་ཐག་གསུངས་རྒྱུའི་ཚིག་འདི་འགྲེལ་སྟངས་གཞན་ཞིག་བྱས་ནའང་འགལ་བ་མི་ཆེ་སྟེ། དཔེར་ན་ཐགས་འཐག་པའི་ཚེ་རྒྱུ་སྤུན་གཉིས་དགོས་པའི་ནང་གི་སྤུན་གྱི་ཐག་པ་དེ་བཅད་ན། དེའི་རྩོམ་གཞིའམ་ སྤྲོ་གཞི་མེད་པས་བྱ་བའི་རྒྱུན་ཆད་པ་བཞིན་དུ་རེད་ཟེར་ནའང་མི་ཆོག་པར་མེད་པས་འགྲེལ་ལོག་ངོ་མ་ཞིག་མ་རེད། དེ་བཞིན་གཤེགས་པའི་གསུང་གཅིག་ལ་དོན་སོ་སོར་འཇལ་བ་ཡོད་པ་རེད། རིག་འཛིན་འཇིགས་མེད་གླིང་པའི་གསུང་འདི་ཚོ་རྒྱལ་བའི་གསུང་དང་གཉིས་སུ་མེད་པ་རེད། དེ་བཞིན་གཤེགས་པས་གྲོང་ཁྱེར་གྱི་སྒོ་ནས་སྒྲིབ་པ་སངས་པ་ཞེས་གཅིག་གསུང་དུས། འགའ་རེས་དུག་གིས་སྒྲིབ་པ་ལས་སངས་པ་གོ་བ་དང་། འགའ་རེས་འདུག་ལུགས་མ་རེད་པས་སྒྲིབ་པ་ལས་སངས་པ་གོ་བ་དང་། འགའ་རེས་རིགས་སྔགས་ཀྱིས་སྒྲིབ་པ་ལས་སངས་པ་གོ་བ་དེ་ལྟར་ཡིན་པ་དང་། ནད་པ་རྣམས་ཀྱིས། རིན་ཆེན་སྲོག་དང་མ་བྲལ་ན། །སྒྱུ་མའི་ནོར་རྫས་བཙལ་བས་ཆོག །ནད་གཡོག་རྣམས་ཀྱིས། སྔ་མ་དེ་ལ་ནན་ཏན་ཉོན། །ཕྱི་མ་ཅི་འགྱུར་ཆ་ཡང་མེད། །སྨན་པ་རྣམས་ཀྱིས། སྨན་པའི་མཆོག་ནི་སྙིང་རྗེ་སྟེ། །ནད་པ་དེ་སོས་སྨན་པའི་དྲིན། །ཞེས་པ་གོ་སོང་བ་རེད། དེ་བཞིན་གཤེགས་པའི་གསུང་གཅིག་གི་སྒྲ་ལ་སེམས་ཅན་མང་པོའི་བསམ་པ་དང་མཐུན་པའི་ཆོས་ལ་སོ་སོར་གོ་རྒྱུའི་སྣང་བ་དེ། གསུང་མཆོག་དམ་པའི་རང་བཞིན་སྒྲ་སྐད་དུ་སྣང་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན། མདོར་ན་འདིའི་སྐབས་ཀྱི་གོ་བ་རྟོག་པའི་སྤུན་ཐག་བཅད་པའམ། སེམས་རྣམ་རྟོག་གི་འཁྲུལ་བའི་རྒྱུན་བཅད་དེ། དཔེ་ཐོག་ཏུ་དཔེར་བཞག་ན། པི་ཝང་གི་རྒྱུན་ཐག་བཅད་ན་སྒྲ་འབྱུང་བ་མཚམས་འཇོག་པ་བཞིན་དུ། མ་འཁྲུལ་རང་སར་གནས་པའི་དྲན་ཤེས་ཁ་ཡན་དུ་གློད་ཅེས་དྲན་པ་དང་མ་བྲལ་བའི་ཡུལ་མེད་རང་གསལ་གྱི་ཤེས་པ་བཅོས་སླད་མེད་པར་ཁ་ཡན་དུ་རང་བབས་སུ་གློད་དེ་ཞོག་དང་། དཔེར་ན་ཆུ་མ་བསྒུལ་ན་དྭངས་པ་བཞིན་དུ། མ་འཁྲུལ་དོན་གྱི་ཡེ་ཤེས་ལྷངས་ལ་བུད་ཡོང་ཞེས་གསུངས་པ་རེད། འདི་ཚོ་ཕར་བལྟས་ན་གོ་བདེ་མོ་འདྲ་རེད། སྤོམ་བཤད་ཡོམ་ཡུག་གསུང་རྒྱུ་ལྟ་བུ། དེ་ལྟར་བྱས་ནས་མགྱོགས་པ་མཆོང་འགྲོ་ན་ཆོག་ཀྱང་། ཚིག་རེར་དོན་རེའི་གོ་དོན་ཞིབ་མོར་བྱེད་ན། རྡོ་རྗེའི་གསུང་གི་ཚིག་བརླིང་ཞིང་དོན་ཟབ་པ་ཡིན་པས། འདི་ནས་དྲན་ཤེས་ཁ་ཡན་དུ་གློད་ཅེས་པའི་དྲན་དང་ཤེས་བཞིན་གཉི་ག་དང་། ཁ་ཡན་ཏུ་གློད་གསུང་པའི་ཚིགས་འདི་ཚོས་དབུ་ཕྱག་རྫོགས་གསུམ་གྱི་ལྟ་བ་དང་། ཁྱད་པར་དུ་རྫོགས་ཆེན་སེམས་ཕྱོགས་ཀྱི་མན་ངག་གི་སྙིང་དོན་ཚང་བར་བསྡུས་པར་མ་ཟད། འདི་ཐུན་མོང་དང་ཐུན་མིན་གྱི་གང་ཟག་དབང་པོ་རྣོ་རྟུལ་ཚང་མ་དང་འཕྲོད་པའི་གོ་བ་ལེན་སྟངས་བྱ་རྒྱུར་ཡོད་པའི་ཐོག་ནས་སྐྱེས་བུ་གསུམ་གྱི་ལམ་རིམ་ཆ་ཚང་གནད་ཀྱི་སྙིང་དོན་བསྡུས་པ་ཞིག་ཀྱང་ཡིན། དེ་ལྟར་མཉམ་པར་བཞག་པ་དེ་ལས་ལངས་པའི་རྗེས་ཐོབ་ཡིན་ནའང་། འཁྲུལ་བ་རྒྱ་འབྱམས་སུ་མི་གཏོང་བར་དྲན་པ་དང་ཤེས་བཞིན་གྱིས་བྱ་རས་འཚོ་དགོས། དྲན་པ་དང་ཤེས་བཞིན་བག་ཡོད་གསུམ་དང་མ་བྲལ་ན་གང་ལྟར་ཡང་ཉེན་སྐྱོན་ཆེན་པོའི་གཡང་སར་མི་ལྷུང་། གནའ་སྔ་མོ་ཞིག་ལ་རྒྱ་གར་གྱི་ཡུལ་འཕགས་རྒྱལ་ཞེས་པའི་ཡུལ་དུ་ནད་ཡམས་ཆེན་པོ་ཞིག་བྱུང་ནས་ཐབས་ཇི་ལྟར་བྱས་ཀྱང་ནད་དེ་ཆད་མ་ཐུབ་པ་དང་། ཡུལ་དེའི་རྒྱལ་པོ་གཏུམ་པོ་རབ་སྣང་ཟེར་བ་ཞིག་ཡོད་པ་དེ་ཁོའི་མངའ་འབངས་ནད་ངན་ན་བས་སེམས་ཁོང་དུ་ཆུད་ནས་ཅི་བྱེད་འདི་བྱེད་མེད་པར་འདུག་འདུག་ནས། ཉིན་ཞིག་རྒྱལ་པོས་ནད་འདི་དྲག་ཐབས་བྱེད་དགོས་ཀྱི། ཐབས་སུ་ལ་ཡོད་ན་ང་ལ་བརྗོད་དང་བརྔན་པ་ཅི་དགོས་སྟེར་ཟེར་བ་ན། བདག་ཅག་གི་སྟོན་པ་སྐུ་བཞུགས་པའི་སྐབས་ཡིན་པས་སངས་རྒྱས་ཀྱིས་མངོན་པར་ཤེས་པས་དགོངས་ཏེ། ཡུལ་དེའི་མི་རྣམས་འཕགས་པ་ཀ་ཏྱ་ནའི་གདུལ་བྱ་ཡིན་པར་གཟིགས་ནས། ཀ་ཏྱ་ན་ལ་ཁྱོད་ཀྱིས་རྒྱལ་པོ་འཁོར་བཅས་ལ་སོམས་ཤིག་ཅེས་གསུངས་པ་དང་། འཕགས་པ་ཀ་ཏྱ་ནས་ཁོང་གིས་གདུལ་དགོས་པ་དགོངས་ནས། འཁོར་དང་བཅས་པ་ཡུལ་འཕགས་རྒྱལ་དུ་བྱོན་པ་ན། གྲོང་ཁྱེར་དུ་ཞུགས་མ་ཐག་པར་ནད་ཀྱི་ཕྱེད་ཀ་རང་ཞི་རུ་སོང་ནས་མེད་པར་གྱུར་པ་ན། གྲོང་ཁྱེར་གྱི་སྒོ་སྲུང་བ་སོགས་ཡུལ་གྱི་མི་འགའ་རེས། རྒྱལ་པོ་ལ་དེ་རིང་གྲོང་ཁྱེར་དུ་སྔར་མེད་པའི་དགེ་སྦྱོང་འགའ་ཞིག་བྱོན་བྱུང་ལ། བྱོན་པ་ན་ནད་ཀྱི་ཕྱེད་ཀ་མེད་པར་གྱུར་སོང་ཞེས་སྙན་ཞུ་ཕུལ་བ་ན། རྒྱལ་པོས་ཤིན་ཏུ་ལེགས་པས་དེ་རྣམས་ལ་བསྙེན་་བཀུར་གྱིས་ཞེས་ཟེར་བ་ན། དེ་དང་མཉམ་དུ་ཕྱི་རོལ་པའི་བྲམ་ཟེ་འགའ་ཞིག་ཀྱང་འོངས་ནས། ངེད་རྣམས་ཀྱིས་ནད་ཞི་བར་བྱས་པས་ནད་ཕྱེད་ཀ་དྲག་སོང་། ད་མྱུར་ཏུ་བཀུར་སྟི་གྱིས་དང་ཚང་མ་མེད་པར་བྱ་འོང་ཟེར། དགེ་སློང་རྣམས་ཀྱིས་གཞན་ཅི་ཡང་མ་གསུངས་ལ་བྱོན་རན་པ་ན། རྒྱལ་པོ་ལ་ནད་མེད་པར་གྱུར་ཅིག་ཅེས་གསུངས་ནས་བྱོན་སོང་ངོ་། །རྒྱལ་པོས་བློན་པོ་རྣམས་ལ་ནད་མེད་པ་འདི་དགེ་སྦྱོང་རྣམས་ཀྱིས་ཁོང་རྣམས་ཀྱིས་བྱས་པ་ཡིན་ཟེར་ལ། བྲམ་ཟེ་རྣམས་ཀྱིས་ཁོང་རྣམས་ཀྱིས་བྱས་པ་ཡིན་ཟེར། ནད་དྲག་ཐབས་ངོ་མ་བྱེད་མཁན་སུ་ཡིན་ཤེས་དགོས་པས། ཁྱེད་རྣམས་ཀྱིས་སང་ཉིན་ཕྱོགས་གཉིས་ཀ་གདན་དྲངས་ནས་ཚང་མ་ས་མི་གཙང་བ་གླང་པོ་ཆེ་བཏགས་ས་ན་འདུག་བཅུག་ལ། ཟས་དེ་བས་ངན་མེད་པ་ཞིག་བྱིན་ལ་ཅི་ཟེར་ལྟོས་ཟེར་བ་ན། བློན་པོ་རྣམས་ཀྱིས་དེ་བཞིན་དུ་བྱས་པས། སྒོ་སྲུང་རྣམས་ཀྱིས་བྲམ་ཟེ་རྣམས་ལ་ཁྱེད་རྣམས་ཟས་ཀྱིས་ཚིམ་མམ་སོགས་དྲིས་པས། བྲམ་ཟེ་རྣམས་ཁོང་ཁྲོ་བས། ཅི་འདྲའི་རྒྱལ་པོ་ཐ་ཆད། ཆོས་མིན་གྱི་བྱ་བ་བྱེད་པ་ལ་དགའ་བ། ངེད་མཆོད་གནས་རྣམས་ལ་མི་གཙང་བའི་སར་ཟས་ངན་པ་དེ་འདྲ་སྦྱིན་ཞེས་ཟེར་ནས་སོང་། དགེ་སློང་རྣམས་ལ་དེ་བཞིན་དུ་དྲིས་པས། དགེ་སློང་རྣམས་ཀྱིས་སྦྱིན་པ་པོས་ནི་བྱིན། ལེན་པ་པོས་བླངས་ཏེ་ཟོས། མྱོང་བ་རྣམས་ཚིམས་ཏེ་ཉིན་གཅིག་གི་བསོད་སྙོམས་རེད་སོང་ཞེས་གསུངས་ནས་བྱོན་པ་དང་། འཁོར་རྣམས་ཀྱིས་དེའི་གནས་ཚུལ་རྒྱལ་པོ་ལ་ཞུས། རྒྱལ་པོས་ཡང་ཁྱེད་རྣམས་ཀྱིས་སང་ཉིན་དེ་རྣམས་ས་ཆ་གཙང་མ་ཤིན་ཏུ་སྐྱིད་པ་ཞིག་ལ་ཟས་གང་ཞིམ་བྱིན་ལ་ཅི་ཟེར་ལྟོས་ཟེར་བ་ན། དེ་ལྟར་བྱེད་པས་བྲམ་ཟེ་རྣམས་ཀྱིས་དགའ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཟེར་རྒྱུ་བོ་དེ་འདྲ་མིན་ན་ཅི་འདྲ་ཡིན། ཞིམ་ལ་ཚིམ་སོང་ཟེར་བ་དང་། དགེ་སློང་རྣམས་ཀྱིས་སྔར་བཞིན། སྦྱིན་པ་པོས་བྱིན། ལེན་པ་པོས་ནི་བླངས་ཏེ་ཟོས། མྱོང་བ་རྣམས་ནི་ཚིམས་ཉིན་གཅིག་གི་བསོད་སྙོམས་རེད་སོང་ཞེས་གསུངས་པ་རྣམས་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་ད་དུང་བརྟག་དཔྱད་བྱ་དགོས་ཟེར་ནས་ཡུན་རིང་བརྟགས་པས། ཡོན་གནས་བཟང་བ་མཆོག་ཏུ་གྱུར་པ་ནང་པའི་ཤཱཀྱའི་དགེ་སྦྱོང་རྣམས་རེད་ཕྱི་རོལ་པའི་བྲམ་ཟེ་རྣམས་རེད་མི་འདུག་བསམ་ནས། འཕགས་པ་ཀ་ཏྱ་ནའི་མདུན་དུ་སོང་སྟེ་ཕྱག་འཚལ་ནས་སང་ཉིན་ཁྱེད་འཁོར་བཅས་རྒྱལ་པོ་བདག་གིས་གདུགས་ཚོད་ལ་སྤྱན་འདྲེན་ན་ཕེབས་པར་མཛོད་ཞུས་པས། འཕགས་པས་ཞལ་གྱིས་བཞེས་སོ། །ཕྱི་ཉིན་རྒྱལ་པོས་གྲ་སྒྲིག་གི་བཀོད་པ་ཤིན་ཏུ་བཟང་པོར་བྱས་ཏེ་གདན་དྲངས་པ་ན། ཕྱོགས་གཅིག་ན་གླུ་གར་བྱེད། ཕྱོགས་གཅིག་ན་རོལ་མོ་སྣ་ཚོགས་འབུད་བཀྲོལ་བྱས་ནས་གསོལ་སྟོན་དྲངས་པ་ན། དགེ་སློང་རྣམས་ཀྱིས་དབང་པོའི་སྒོ་བསྡམ་བཞིན་གུང་ཚིགས་གསོལ་ཟིན་པ་དང་རྒྱལ་པོས་འཕགས་པ་ལ་ཞུས་ཏེ་འཕགས་པ་རྣམས། གར་འཁྲབ་པ་མཛེས་སམ། གླུ་བླངས་པ་རྣམས་སྙན་ནམ། ཞེས་དྲིས་པས་འཕགས་པ་རྣམས་ཀྱིས་ཁྱེད་ཀྱིས་གླུ་གར་མཐོང་ཐོས་མཁན་རྣམས་ལ་དྲིས་གསུངས་པ་ན། རྒྱལ་པོས་ཁྱེད་རྣམས་ཀྱིས་ཅིའི་ཕྱིར་གླུ་གར་མ་མཐོང་མ་ཐོས་པ་ཡིན་ཞེས་དྲིས་པས། དགེ་སློང་རྣམས་ཀྱིས་དབང་པོའི་སྒོ་བསྡམ་པས་མཐོང་ཐོས་མ་བྱུང་བ་ཡིན་གསུངས་པར། རྒྱལ་པོས་དེ་ཙམ་བདེན་དུ་མ་བཟུང་བ་ལ། འོ་ན་སྲོག་ཆད་བཅད་ནས་གསོད་རན་པའི་བཙོན་པ་ཨེ་ཡོད་དྲིས་པས། རྒྱལ་པོས་ཡོད་ཟེར། འོ་ན་དེ་ལ་ཏིལ་མར་གྱི་མར་ཁུས་བཀང་བའི་སྣོད་ལག་ཏུ་གཏོད་ལ། ཤན་པ་རལ་གྲི་ཐོགས་པ་རྣམས་ཀྱིས་ཁྲིད་དེ་གྲོང་ཁྱེར་ལ་སྐོར་བར་བྱེད་བཅུག་ནས། མར་ཁུ་འདིའི་ནང་ན་ཐིགས་པ་ཞིག་བོར་ན་རལ་གྲིས་མགོ་བོ་བཅད་ནས་གསོད་རྒྱུ་ཡིན་ཞེས་སྡིགས་མོ་བྱེད་ཞོར་་དང་། ཡང་དེའི་ཟུར་ནས་གླུ་གར་བྱེད་བཅུག་ནས་དེ་ལ་དྲིས་དང་ཧ་གོ་འོང་ཞེས་གསུངས་པ་དང་། རྒྱལ་པོས་དེ་ལྟར་བྱས་པས། བཙོན་པ་རྣམས་ལ་གར་འཁྲབ་པ་མཛེས་སམ། གླུ་བླངས་པ་སྙན་ནམ་ཞེས་དྲིས་པ་ན། བཙོན་པས་ངས་མ་མཐོང་མ་ཐོས་པས་ཤེས་མ་སོང་། ཁྱེད་ཀྱིས་མཐོང་ཐོས་ཅན་རྣམས་ལ་དྲིས་འཚལ་ཞུས་པ་ན། རྒྱལ་པོས་ཁྱོད་ཀྱིས་ཇི་ལྟར་མ་གོ་བ་ཡིན་དྲིས་པས། བཙོན་པས་ངས་མར་ཁུ་ཐིགས་པ་གཅིག་བོར་ན་སྲོག་གཅོད་པ་ཡིན་ན། སྲོག་གཅོད་པའི་འཇིགས་པས་སྐྲག་ནས་དེ་ཁོ་ན་ལ་སེམས་གཏད་པས་གླུ་གར་རྣམས་མཐོང་ཐོས་མ་བྱུང་ཟེར་བ་ན། རྒྱལ་པོས་ཅི་ཡང་མི་སྨྲ་བ་ན། འཕགས་པ་ཀ་ཏྱ་ན་ཆེན་པོས། མི་འདིས་མི་ཚེ་འདི་ཁོ་ནའི་སྲོག་ཐེངས་གཅིག་གཅོད་པའི་སྡུག་བསྔལ་ལ་སྐྲག་ནས་འདི་ལྟར་བག་ཡོད་པར་བྱེད་ན། ངེད་བསླབ་པ་འཛིན་པ་རྣམས་ཀྱིས་ཚེ་རབས་མང་པོའི་སྡུག་བསྔལ་སྤྱི་དང་། ཁྱད་པར་སྲོག་གི་འཇིགས་པས་སྐྲག་ནས་བག་ཡོད་པར་བྱས་པས་གླུ་གར་མཐོང་ཐོས་མ་བྱུང་བ་ཡིན་གསུངས་པར། རྒྱལ་པོ་ཡིད་ལྷག་པར་ཆེས་ནས། འཕགས་པ་ཀ་ཏྱ་ན་འཁོར་བཅས་བསོད་སྙོམས་ཀྱིས་ཚིམས་པར་བྱས། འཕགས་པ་ལས་ཆོས་ཉན་ཞིང་འཕགས་པའི་བཀའ་བཞིན་བསྒྲུབས་པས་ཡུལ་དེར་དེའི་ཕྱིན་ཆད་ཆོས་དར་ཞིང་། ནད་ཡམས་ཐམས་ཅད་རྒྱུན་ཆད་དེ་བདེ་སྐྱིད་དང་ལྡན་པར་གྱུར་ཏོ། །དེའི་ལོ་རྒྱུས་རྒྱས་པ་འདུལ་བ་ལུང་ན་ཡོད། དེ་རིང་གི་ཆོས་ཁྲིད་དྲན་ཤེས་ཁ་ཡན་དུ་གློད་པར་བྱའོ་ཞེས་པའི་མཚམས་སུ་འཇོག་རྒྱུ་ཡིན། སང་གནངས་ཉིན་ནས་བདེ་འགྲོ་ལའང་བདེ་བ་མེད་པར་བསམ་པ་ནས་འཆད་རྒྱུར་བྱེད། དྲན་པ་དང་ཤེས་བཞིན་བག་ཡོད་བརྟེན་ཞེས་པའི་ལོ་རྒྱུས་ཟུར་ནས་བཤད་པ་དང་། དྲན་ཤེས་ཁ་ཡན་དུ་གློད་ཅེས་པ་གཉིས་དོན་ཁ་ཁ་རེད། ད་རང་རེས་དམ་པའི་ཆོས་ལ་སྦྱངས་ཤིང་སྦྱོང་དང་། མན་ངག་གི་གཞུང་ནས་ཐོན་ཞིང་ཐོན་ན་དམ་པའི་ཆོས་དང་རང་རྒྱུད་གཉིས་ར་སྤྲོད་ཐོད་གཏུག་ཡོང་ན། ལས་ཚད་བྱས་ཚད་ཚང་མ་ནི་རེད་མེད་རྒྱུར་ཁོ་ན་རེད། ལས་འདོད་རྒྱུ་སེམས་ལ་བབ་རྒྱུ། བྱང་ཆ་ཡོད་པ་ཐམས་ཅད་ནི་མི་ཉན་པའི་སྡིག་པ་དང་། སྡིག་པའི་ཕྱོགས་གཏོགས་ཁོ་ན་རེད། ལས་ན་མི་འདོད་རྒྱུའི་དཀའ་ལས་ཅན་གྱི་ཕྱོགས་མང་པོ་ནི་དགེ་བའི་ཕྱོགས་རེད་བསམ་མཁན་ཡོད་སྲིད་པ་རེད། མི་བསོད་ཆུང་འགའ་རེས་གང་རེད་ན་རེད། ཅི་བྱས་ཀྱང་བདེ་འགྲོ་ཐོབ་བྱེད་ཀྱི་ལས་དེ་འགྲུབ་ས་མ་རེད། གང་རེད་ན་རེད། ཁྲ་སྡིག་ཅན་དམྱལ་བར་འགྲོ་ཁ་ལ། བྱིའུ་འཛུམ་མ་རེ་རེའི་ཕན་གནོད་མེད་བསམ་པའི་སྐྱིད་མེད་སྡུག་ཟད་ཡོད་སྲིད་པ་རེད། དེ་ནི་ཤིན་ཏུ་ཐ་ཆད་རེད། དེ་ལ་དངོས་གྲུབ་ཐོབ་ཁར་ཉྭ་ཡུ་འདར་ཟེར་བ་རེད། འདིའི་སྐབས་སུ་སྨན་པ་མཁས་པས་ནད་པའི་ནད་ཀྱི་ཚ་གྲང་ངོས་བཟུང་ནས་ནད་པ་ལ་ཕན་པའི་དཔྱད་བྱེད་པ་བཞིན་དུ། བླ་མ་སློབ་དཔོན་དགེ་བའི་བཤེས་གཉེན་རྣམས་ཀྱིས་དེ་ལྟ་བུ་ལ་ལམ་སྟོན་གསལ་འདེབས་བྱེད་དགོས། ཇི་ལྟར་བྱེད་ན། ཁྱོད་ད་སྔར་ལས་ལས་དང་བྱས་བྱས་དེ་དང་དམ་པའི་ཆོས་གཉིས་ར་སྤྲོད་ནས་མཚང་ངན་པ་ཞིག་ལྷང་ལ་ཕུད་དེ། ད་སྔར་བྱས་ཚད་སྡིག་པ་ཤ་སྟག་རེད། དགོས་པ་མི་འདུག་བསམ་སྟེ་རང་རྒྱུས་ལོན་ནས་རང་ལ་ཧ་ལས་རྒྱུ་དེ་ནི་ཆོས་སྦྱོང་བའི་གྲུབ་འབྲས་རེད། སྔ་དང་བསྡུར་ན་ཡར་ཐོན་གོམ་པ་གང་མདུན་དུ་སྤོ་བ་རེད། དེའི་ཐོག་ནས་ད་རན་རྒྱུ་ཞིག་ཡོད། སོ་སོའི་སྐྱེ་བོའི་འཁྲུལ་བའི་བྱ་རིམ་ནང་ནས་སྡིག་པ་གསོག་ལོས་ཡོད། དེ་མེད་ན་སོ་སྐྱེས་ཅི་ལ་ཟེར། དེ་འདྲའི་ལས་ཉེས་མེད་པར་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཤ་སྟག་ཡིན་ན་ཐམས་ཅད་སངས་རྒྱས་ལོས་ཡིན། འཁོར་བའི་སེམས་ཅན་ཞེས་ཅི་ལ་བཏགས། ད་སྔོན་འཁོར་བའི་སེམས་ཅན་གྱིས་ལས་ངན་པ་བསགས་ཆེ་བས། དེའི་ཕྱོགས་ལ་བྱང་ཆ་ཆེ་སོང་བས། མ་བསླབ་ནའང་མི་དགེ་སྡིག་ལས་བྱེད་ཤེས་པ། དཀར་པོ་དགེ་བའི་ལས་བསགས་སྟོབས་ཆུང་བས་དེ་བྱེད་དུས་དཀའ་སྣང་ཤར་བ། སེམས་ཁོ་རང་དེ་སྔོན་གང་ལ་གོམས་ན་དེ་སླ་མོ་དང་། མ་གོམས་ཚད་དཀའ་སྣང་ཤར་བ་རེད་མ་གཏོགས། དཀའ་མོ་དང་མི་འདོད་རྒྱུ་ཡོད་ཚད་དགེ་བ་དང་། འདོད་རྒྱུ་བསམ་རྒྱུ་དགའ་རྒྱུ་ཚང་མ་སྡིག་པ་མ་རེད། གོམས་ན་དཀའ་མོ་སླ་མོར་བསྒྱུར་ཆོག་པ་རེད། ད་ལྟར་དགའ་སའང་རྗེས་མར་མི་དགའ་བར་བསྒྱུར་ཆོག་པ་རེད། ཆོག་ས་ཨེ་རེད་སོམས་དང་། དཔེར་ན་ཟས་ཞིམ་པོ་ལྷ་ཡུལ་གྱི་ཟ་མ་དང་འདྲ་བ་རོ་བརྒྱ་དང་ལྡན་པ་ཞིག་ཡོད་ན། ཞིམ་པོ་དེ་སུ་ཡིན་ན་བཟའ་བསམ་ཞིང་། དེ་ཟོས་ན་སྡུག་བསྔལ་ཆེ་རུ་འགྲོ་མི་བསམ་པར། འདོད་ཡོན་ལ་བརྩིས་ནས་བདེ་སྐྱིད་ཀྱི་མཐུན་རྐྱེན་ཞིག་ལ་བསམ་པ་རེད། འོན་ཀྱང་དེ་ཟ་ཉེས་བྱས་ན་དུག་དུ་འགྱུར་ནས་གཟེར་ཚ་ནས་འགད་ལ་ཁད་ཅིག་རེད་ཡོང་ན། དེའི་ཁ་ཟས་དེ་ཕྱིན་ཆད་ཟ་མི་དགོས་ཞེ་ལ་དྲན་ན་སྐྱུག་བྲོ་བ་ཞིག་རེད་འགྲོ། དེ་དང་འདྲ་བ་འདོད་ཡོན་གྱི་བསླུ་བྲིད། ཉོན་མོངས་དུག་ལྔ་དུག་གསུམ་གྱི་རྐྱེན་དུ་གྱུར་པ་འདི་ཚོས་མ་བརྟགས་མ་དཔྱད་པའི་བློ་ངོར་འཕྲལ་དུ་ཉམས་དགའ་བ་ཙམ་རེ་བྱེད་ཀྱང་། ཕུགས་སུ་སྐྱོན་ཆེ་བས་དེའི་ཕྱོགས་དྲན་ཡོང་ན་དམུས་འགྲོ་རྒྱུ་ཡོད་པ་རེད། དེ་འདྲའི་གོམས་པ་ཆོས་ཕྱོགས་སུ་བསྒྱུར་ན་བར་སྐབས་ཤིག་ན་དཀར་པོ་དགེ་བའི་ལས་བསྒྲུབ་རྒྱུ་སླ་མོ་དང་། མོས་རྒྱུ་ཅན་དང་སྐྱིད་པོ་རེད་ལ། མི་དགེ་སྡིག་པའི་ལས་ཕྱོགས་ལ་ཞེ་ཁ་ལོག དེ་བྱེད་མི་འདོད་པར་འགྱུར་རྒྱུ་ཡོད་རེད། དེ་དུས་བློ་སྦྱོང་གིས་གོ་ཞིག་ཆོད་དེ། ངེས་འབྱུང་རྒྱུད་ལ་སྐྱེས། ཐར་པའི་ལམ་སྣེ་ཟིན་པ་ལ་ཉེ་འོང་རྩིས་རེད། ཅུང་ཟད་རེ་ལོས་དཀའ། ཚེ་འདིའི་དོན་ཆུང་བསྒྲུབ་པ་ལ་ཅི་འདྲའི་དཀའ་ལས་རྒྱག་དགོས་འདུག ཚེ་རབས་གཏན་གྱི་དོན་ཆེན། དེ་མི་ཚད་རང་གཞན་གཉིས་དོན་མཉམ་དུ་འགྲུབ་རྒྱུའི་བྱ་བ་ཆེན་པོ་ལ་འབད་ན་བརྩོན་པ་བསྐྱེད་ལོས་དགོས། ཆོས་ངོ་མ་འགྲུབ་རྒྱུ་དེ་བུ་རེ་བ་ཅན་ཞིག་མིན་ན་འགྲུབ་དཀའ་བ་རེད། འདི་ན་ཡོད་པའི་མི་སྐྱ་ཕོ་མོ་རྣམས་བུ་བཟང་འདང་རྒྱག་ཅན་རེད་ཀྱང་རེད་དེ། རེད་ཟེར་ན་ཆོག་རྒྱུ་ཅན་པོ་ཡིན་ནི་རེད། ས་སྟེང་མི་ཡིས་གང་ན་ཆོས་ཞེ་ནས་བྱེད་མི་ཆ་རེ་རྡོག་རེ་རེད། འདིའི་ས་ཆ་འབྲོག་རུ་སྡེ་པ་ལ་མཚོན་ན་རུ་གསར་ཚོ་བརྩིས་ན་མོ་དུད་སྟོང་དང་ལྔ་བརྒྱ་ཙམ་ཞིག་ཡོད་གི་ན་ནིང་ཞིག་ལ་ཟེར་མ་ཐལ་ན། ཁྱིམ་ཚང་རེ་ལ་ཆ་སྙོམས་བཟའ་བ་མི་གྲངས་བཞི་རེ་བརྩིས་རྒྱག་དང་། མི་གྲངས་སྟོང་ཕྲག་དྲུག་ལ་ཉེ་བ་ཞིག་རེད། དེའི་ནང་ན་འདིར་ཡོད་ཚད་ཚང་མར་བསམ་བློ་གཏོང་ན་ཚེ་འདི་ཕྱིའི་རང་གཞན་གཉིས་དོན་གྱི་འདང་རྒྱག་ཡོད་མཁན་གྱི་མི་བཟང་པོ་ཚང་མ་ལྷང་ལ་བུད་ནི་རེད་བསམ་གི། ཆོས་བཤད་དུས་འཁོར་བའི་སྡུག་བསྔལ་དང་ལས་ངན་གསག་ལུགས། དེའི་འབྲས་བུ་ཚང་མ་བཤད་དུས་སྡུག་རབས་ཐ་རབས་ཁོ་ན་བཤད་ཀྱིན་ཡོད་པ་འདྲ་རེད་མ་བསམ་དང་། སྐྱིད་སྡུག་གཉིས་ཀའི་ས་མཚམས་ཀྱི་སྡུག་ཟད་ལ་ཉེ་ནས་སྐྱིད་ཀྱི་སྣེ་མོར་འཛིན་གྲབས་རེད། སྐྱིད་མ་སྡུག་གི་འགོ་བཟུང་ནས་སྡུག་མཐའ་རིང་ལམ་ལ་སྙོག་རྒྱུ་བོ་འཁོར་བའི་བྱ་བ་དང་། འབད་བརྩོན་དང་སྙིང་རུས་ཀྱིས་འགོ་བཟུང་ནས་སྐྱིད་འཛད་རྒྱུ་མེད་པའི་ལམ་སྣེ་འཛིན་པ་ནི་དམ་པའི་ཆོས་བསྒྲུབ་པ་འདི་ཡིན། འདི་བསོད་ནམས་ཅན་དང་སྙིང་རུས་ཅན་ཞིག་མིན་ན་སྒྲུབ་མི་ཐུབ་ལ། དེའི་བསོད་ནམས་མེད་ན་དེར་མི་ཁེལ། ངོ་མ་བཤད་ན་ཆོས་སྒྲ་རྣ་བས་གོ། ཆོས་རར་རྡོག་པས་བརྫིས་ན་ངན་སོང་ངན་འགྲོའི་སྒོ་ཁེགས་པར་མི་ཚད་འཁོར་བ་མཐའ་ཅན་དུ་འགྱུར། འོན་ཀྱང་ད་དུང་དེ་ཙམ་གྱིས་མི་ཚིམས་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐར་པའི་མཆོག་རྫོགས་པའི་བྱང་ཆུབ་ཚེ་ལུས་འདིའི་ཐོག་ལ་བསྒྲུབ་པའི་སེམས་བསྐྱེད་ཀྱིས་འཕེན་པ་བྱེད་དགོས། དེ་ལྟར་བྱས་ནས་འདིར་ཡོད་ཀྱི་མི་སྐྱ་ཕོ་མོ་ཚོས་དགའ་བཞིན་སྤྲོ་བཞིན་དུ་ཆོས་བསྒྲུབ་པའི་སྤོབས་པ་དང་སེམས་ཤུགས་སྤྲོ་སྣང་ཡར་བསྐྱེད་དང་། དམ་པའི་ཆོས་འདི་བསྒྲུབ་པའི་དོན་དུ་དབུགས་ཤིག་ཅི་བླངས་དང་གོམ་པ་ཅི་སྤོ་ཚང་མ་གོ་ཆེན་པོར་ཆོད་པ་རེད། ཆོས་བསྒྲུབ་རྒྱུ་དེ་ཉིན་གཅིག་གིས་ཚར་སྒྲུབ་མ་བྱེད་ཀྱང་རྒྱུན་མི་ཆད་པའི་ཐོག་ཏུ་བྱ་སྤྱོད་བསམ་པ་དང་བཅས་པ་ཆོས་དང་འདྲེས་པ་རེ་ཨེ་ཐོན་ལྟོས་དང་། ཐོན་རྒྱུ་ངེས་པར་ཡོད་རེད། དེ་དུས་སྐྱེ་བ་བརྗེ་ལེན་གྱི་འཆི་བ་ཐོག་ཏུ་བབ་ཚེ་གོས་ཤིག་བརྗེ་བ་དང་། དག་པའི་ཞིང་ཁམས་སུ་ངང་པ་པདྨའི་མཚོ་གཅིག་ནས་མཚོ་གཞན་ཞིག་ཏུ་ཞུགས་པའི་དགའ་སྤྲོ་ཙམ་མ་གཏོགས། འཆི་བ་ལ་ཤི་སྡུག་གི་ཉམ་ང་བའི་འཇིགས་སྐྲག་དང་སྡུག་བསྔལ་མེད་པར། དེ་དུས་རང་དོན་དང་གཞན་དོན་གཉིས་ཀ་མཉམ་དུ་འགྲུབ་འོང་། དེས་ན་སྐྱ་སེར་སུ་ཡིན་ཡང་རང་གི་དགེ་རྒན་དེ་རང་གིས་བྱས་ནས། རང་གིས་རང་ལམ་དུ་འཇོག་དགོས། གོང་དུ་བཤད་པ་ལྟར་དྲན་ཤེས་བཞིན་བག་ཡོད་པ་རྣམས་བརྟེན་ནས་ཆོས་སྒྲུབ་རྒྱུ་གལ་ཆེན་གནད་ཀྱི་དོན་སྙིང་ཡིན་ནོ། །


previousཉིན་དྲུག་པའི་ཆོས་ཁྲིད། next