Nitartha Digital Library
Tibetan
 
previousཉིན་བདུན་པའི་ཆོས་ཁྲིད། next

ཉིན་བདུན་པའི་ཆོས་ཁྲིད།

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐུགས་ལ་བཅངས་ཏེ་དམ་པའི་ཆོས་གསན་པར་བྱ་དགོས། དེའང་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཐམས་ཅད་དྲིན་ཆེན་གྱི་ཕ་མ་ཤ་སྟག་ཡིན་ན། དེ་དག་གི་དྲིན་དྲན་ནས་དྲིན་ལན་གསབ་པ་ལ། དེ་རྣམས་གཏན་གྱི་བདེ་བ་ལ་འགོད་དགོས། དེའི་ཆེད་དུ་རྫོགས་བྱང་སྒྲུབ་དགོས་ལ། ཡིན་ཡང་རྫོགས་པའི་བྱང་ཆུབ་ཆེན་པོ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན། སྤངས་རྟོགས་མཐར་ཕྱིན། དོན་གཉིས་ཕུན་ཚོགས། རྟག་ཁྱབ་ལྷུན་གྲུབ་ཀྱི་འཕྲིན་ལས་ལ་མངའ་དབང་འབྱོར་བའི་གོ་འཕང་དམ་པ་དེ་མ་ཐོབ་ན། སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཟེར་རྒྱུ་སྨོན་པ་ཙམ་རེད། ཁ་བཤད་དོན་ལ་གནས་པ་དང་། མདའ་འཕངས་འབེན་ལ་གཅར་བ་ཞིག་མི་འོང་གི་བསམ་ནས། སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོའི་ས་ལ་འགོད་པའི་ཆེད་དུ། ད་རེས་ཀྱི་ལུས་རྟེན་འདིའི་ཐོག་ཏུ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དམ་པ་བསྒྲུབ་ཐུབ་དགོས་བསམ་རྒྱུའི་སེམས་ཤུགས་དེ་དུས་དང་རྣམ་པ་ཀུན་ཏུ་འབྲལ་མི་རུང་བ་ཞིག་རེད། དེས་ན་དང་པོ་འདིའི་ཐད་ནས་སེམས་ཅན་ཐམས་ཅད་མར་ཡིན་པའི་ངོས་ལ་བསམ་བློ་ཞིག་གཏོང་ན། ད་ལྟའི་མ་ཡི་དྲིན་དྲན་དགོས། དེ་དང་འདྲ་བ་ཚེ་རབས་སྔ་མའི་མ་རྣམས་ཀྱང་མར་ཡིན་པའི་ངོས་ནས་ཁྱད་མེད། འོན་ཀྱང་སེམས་ཅན་ཐམས་ཅད་ཟེར་དུས་དགྲའང་དེའི་ནང་འདུ་ཡོད་པས། དགྲ་ལའང་དེ་དང་འདྲ་བའི་བློ་སྟོབས་ཤིག་ད་དུང་མི་འདུག ཁྱད་པར་དུ་ཚེ་འདིའི་གནོད་བྱེད་ཀྱི་དགྲ་བོ་དེ་ལ་ཨ་མ་དེ་དང་ཁྱད་མེད་བྱེད་དགོས་ཟེར་ན་དེ་གཅིག་དཀའ་མོ་རེད་བསམ་ན་མི་ཤེས་ཏེ། འོན་ཀྱང་དེ་བསམ་རྒྱུ་ཡོད་པ་མ་རེད། འདི་ལན་པ་དགྲ་བོས་ལན་པ་མ་རེད། རང་ཉིད་ཀྱིས་ལན་པ་རེད། ད་ལྟའི་སྐབས་སུའང་། གནོད་བྱེད་དགྲ་བོའི་ཚུལ་དུ་སྣང་བ་འདི་རྣམས་ལ་མཚོན་ན། སྔར་རང་ཉིད་ཀྱིས་ཕར་གནོད་པར་བྱས་པ་དེའི་རྣམ་སྨིན་གྱི་ལེ་ལན་རྣམས་ཚུར་རང་ཐོག་ལ་འཁོར་ཡོང་བ་རེད། དེ་ལ་བསམ་བློ་གཏོང་ན་སྔོན་ཐོག་མེད་ནས་རང་རྒྱུད་ཀྱི་ཉོན་མོངས་པ་འདིས་ཉེར་ལེན་བྱས་ནས་གཞན་གནོད་ཁོ་ན་བྱས་པའི་ལས་དེས་ལྷན་ཅིག་བྱེད་རྐྱེན་བྱེད་པའི་དབང་གིས། དེ་ལ་བརྟེན་ནས་གནོད་བྱེད་ཕ་རོལ་པོ་དེ་དག་གིས་ཀྱང་བསམ་པ་ངན་པ་ཞིག་གིས་ཀུན་ནས་བསླངས་ཏེ། སྦྱོར་བ་དྲག་པོ་ཕྱིན་ཅི་ལོག་སོང་བ་མང་པོ་ཞིག་གིས་རྒྱུར་བྱས་ནས། སྤྱིར་ན་འཁོར་བ་མཐའ་མེད། བྱེ་བྲག་ཏུ་ངན་སོང་ངན་འགྲོའི་གནས་སུ་དེ་དག་ཕར་དེ་འདྲ་འཕེན་པ་རེད། དེར་འཕེན་པའི་གྱོད་རྩ་ལེ་ལན་ཕུགས་དེད་ན་རང་ལ་ཐུག་འདུག་ཡོད། ཁྱད་པར་དུ་ད་ལྟའི་སྐབས་རང་རེ་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས། ཐེག་ཆེན་མདོ་སྔགས་ཀྱི་མྱུར་ལམ་ནས་སངས་རྒྱས་སྒྲུབ་པའི་སྐབས་འདིར། དེ་རྣམས་ཀྱིས་ཐབས་སྣ་ཚོགས་ཀྱིས་གནོད་པ་འདྲ་མི་འདྲ་བསྐྱལ་ནས། ཐེག་པ་ཆེན་པོའི་ཆོས་ལ་བར་ཆད་བྱེད་པ་འདིས། འཁོར་བའི་སྡུག་བསྔལ་མང་པོ་ཞིག་དེ་རྣམས་ལ་མྱོང་དུ་བཅུག་སོང་བསམ་ནས་སྙིང་རྗེ་སྒོམ་དགོས། སྙིང་རྗེ་སྒོམ་པས་མི་ཚད་དྲིན་བསམ་དགོས། དེ་དག་གི་དྲིན་བསམ་པའི་དུས་སུ་ཚེ་རབས་སྔ་མའི་མར་ཡིན་པའི་དྲིན་རྐྱང་པ་ཞིག་གིས་མི་ཚད་པར། གནོད་བྱེད་མེད་ན་བཟོད་པ་སུ་ལ་སྒོམ། དེ་དག་གི་བེད་ཀྱིས་ཡོངས་ལ་སྙོམས་པའི་གཞན་ཕན་གྱི་རྩ་བ་ཚུགས། བྱང་ཆུབ་སེམས་ཀྱི་གཞི་བརྟན་པོ་ཞིག་རེད་སོང་བས། ངོ་མ་དོན་དམ་དོན་ལ་བསྐོར་ན་སངས་རྒྱས་ལག་ལ་གཏད་པའི་དྲིན་ཆེན་དེ་ད་ལྟའི་དགྲ་བོ་འདི་རྣམས་ཡིན། དེས་ན་དགེ་བའི་བཤེས་གཉེན་ཆད་ཁ་བའི་ཞལ་ནས། དགྲ་འམ་འོན་ཏེ་མཛའ་ཡང་རུང་། །ཉོན་མོངས་སྐྱེ་བའི་ཡུལ་རྣམས་ལ། །དགེ་བཤེས་ཡིན་པར་སུས་མཐོང་བ། །མི་དེ་གང་ན་གནས་ཀྱང་བདེ། །ཞེས་གསུངས་པ་ལྟར། དེ་འདྲ་བསམ་བློ་གཏོང་ཤེས་ན། བྱམས་སྙིང་རྗེ་དང་གཞན་ཕན་གྱི་སེམས་ཟེར་བ་ཟུར་ཞིག་ན་བཙལ་འདུག་དགོས་པ་མ་རེད། དཔའ་ལུས་ལ་ཡོད་ན་མཚོན་ཆ་ཐང་ལ་འཁྱམས་ཡོད་ཟེར་བ་ལྟར་རེད། མི་གཅིག་ལ་ཆོས་གཅིག་ཡོད་ན་ཆོས་གཅིག་པོས་གོ་ཆོད་པ་ཟེར་རྒྱུ་བོ་དེ་རེད། གླང་རི་ཐང་པ་ཚང་གིས། བྱང་ཆུབ་ཀྱི་སེམས་དེ་སེམས་ཅན་ལ་བརྟེན་ནས་སྐྱེ་བས་ན། དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ་དེ་སེམས་ཅན་རེད། ཡུམ་དེ་ལ་ཕྱག་འཚལ་ཏེ་མཇལ་ཆོག་གསུངས་ཡོད། དགྲ་གཉེན་བར་མའི་གནས་སྐབས་ཀྱི་སྣང་ཚུལ་ལ་མ་ལྟོས་པར་ཐམས་ཅད་དྲིན་ཆེན་གྱི་མ་རྒན་ཡིན་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་ཞིག་བསྐྱེད་པའི་ཐོག་ནས། དམ་པའི་ཆོས་གསན་པའི་གནས་སྐབས་སུ་དེ་ལྟ་བུའི་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པར་བྱས་ནས་གསན་དགོས། དམ་པའི་ཆོས་གསན་བསམ་ཚུལ་བཞིན་དུ་བསྒྲུབས་ཏེ་བླ་མེད་བྱང་ཆུབ་བསྒྲུབ་པ་ལ་འབད་དགོས་པའི་ཐད་ནས་མ་ཤེས་ཐབས་མེད་ཀྱི་ཕྱོགས་ནས། རྒྱུ་བདེ་གཤེགས་སྙིང་པོ། རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན་ཞེས་བཤད་ཡོད་ན། རྒྱུ་བདེ་གཤེགས་སྙིང་པོ་དང་། རྟེན་མི་ལུས་རིན་ཆེན་གྱི་སྐོར་སྔ་མའི་ཆོས་ཁྲིད་ཀྱི་ཞོར་ལ་བཤད་ནས། རྐྱེན་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་ཐད་ལ་བསམ་བློ་གཏོང་ན། རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་ལུས་རྟེན་སྤྱིར་ཐོབ་ཡོད་ནའང་། རྐྱེན་དགེ་བའི་བཤེས་གཉེན་གྱིས་མ་བསྐུལ་ན། སྔར་ནས་ད་བར་བྱ་བ་ངན་གོམས་ཤུགས་དྲག་པས་ཆུ་རྒྱུན་ཐུར་ལ་རྒྱུག་པ་འདྲ་ཞིག་ཡིན་དུས། བྱང་ཆུབ་ཀྱི་ལམ་ལ་རང་སྟོབས་ཀྱིས་ཁ་ལོ་གྱེན་ལ་བསྒྱུར་ནས་འཇུག་དཀའ། རྒྱུ་མཚན་དེས་ན་དགེ་བའི་བཤེས་གཉེན་བསྟེན་དགོས། དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་འདི་ལ་དོན་ཚན་ལྔའི་སྒོ་ནས་བཤད་ན། དགེ་བའི་བཤེས་གཉེན་བསྟེན་དགོས་པའི་འཐད་པ་དང་། དགེ་བའི་བཤེས་གཉེན་གྱི་དབྱེ་བ། དགེ་བའི་བཤེས་གཉེན་སོ་སོའི་མཚན་ཉིད། དགེ་བའི་བཤེས་གཉེན་བསྟེན་ཚུལ། བསྟེན་པའི་ཕན་ཡོན་དེ་ལྔ་ཡིས་བཤད་ནབཤེས་གཉེན་བསྟེན་པའི་རྣམ་བཞག་ཅིག་ཡིད་ངོར་ངེས་རྒྱུ་ཡོད་པས། དང་པོ་དགེ་བའི་བཤེས་གཉེན་བསྟེན་དགོས་པའི་འཐད་པ་འདི་ལ། ལུང་དང་རིགས་པ་དཔེ་དང་གསུམ་ལས། ལུང་ནི། འཕགས་པ་སྡུད་པ་ལས། བླ་མ་མཁས་པ་དག་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་སོགས་མདོ་རྒྱུད་དུ་མར་དགེ་བའི་བཤེས་གཉེན་བསྟེན་དགོས་ཚུལ་རྒྱ་ཆེར་གསུངས་པའི་ཕྱིར་དང་། རིགས་པ་ནི། ཐམས་ཅད་མཁྱེན་པ་སྒྲུབ་པའི་གང་ཟག་དེས། དགེ་བའི་བཤེས་གཉེན་བསྟེན་དགོས་ཏེ། རང་ཉིད་གཅིག་པུས་རང་སྟོབས་ཀྱིས་ཚོགས་གསག་ཐབས་དང་ལམ་བགྲོད་ཚུལ་སྒྲིབ་པ་སྤོང་ཚུལ་མི་ཤེས་པའི་ཕྱིར། དཔེ་ནི་གསུམ་ཡོད་དེ། ལམ་སྟོན་དགེ་བའི་བཤེས་གཉེན་ནི། ལམ་རྒྱུས་མེད་ལ་འགྲོ་ཚེ་རྒྱུས་ཡོད་ཀྱི་ལམ་མཁན་ལྟ་བུ་རེད། དཔེར་ན་ལམ་རྒྱུས་མེད་ཞིག་ལ་འགྲོ་ཚེ་ལམ་མཁན་རྒྱུས་ཡོད་ཅིག་མེད་ན། ལམ་ནོར་དོགས་དང་། གོལ་དོགས། འཁྱར་དོགས་དང་གསུམ་ཡོད་ཀྱང་། ལམ་མཁན་སྣ་ཁྲིད་བཟང་པོ་ལམ་རྒྱུས་ཅན་ཞིག་ཡོད་ན་དེ་རྣམས་ཀྱི་དོགས་པ་མི་དགོས་པར་གོམས་པ་གང་སྤོ་ན་འཕྲོ་བརླག་དང་། དཀའ་ལས། སྟོང་ལོག་མི་འགྲོ་བར་སླེབ་དགོས་སར་སླེབས་འགྲོ་བ་དེ་བཞིན་དུ། བླ་མེད་བྱང་ཆུབ་སྒྲུབ་པའི་ལམ་ལ་ཞུགས་ཏེ་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བར་བྱེད་པ་ལ། ལམ་མཁན་དང་འདྲ་བའི་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ཡང་དག་པ་ཞིག་མེད་ན། གཞུང་གདམས་ངག་རྩ་ཆེན་དང་ཡིག་ཆ་ཅི་འདྲ་ཞིག་བལྟ་ཁུལ་བྱེད་ཀྱང་འགྲེལ་བཤད་རྒྱག་ལུགས། གོ་བརྡ་སྤྲད་ལུགས་དང་དེའི་གོ་བ་ལེན་ཕྱོགས་མུ་སྟེགས་ཀྱི་ལམ་དང་ནོར་དོགས་ཡོད། ཉན་ཐོས་ཀྱི་ས་ལ་གོལ་དོགས་ཡོད། རང་སངས་རྒྱས་ཀྱི་སར་འཁྱར་དོགས་ཡོད་ན། ལམ་མཁན་ལྟ་བུའི་དགེ་བའི་བཤེས་གཉེན་ཞིག་ཡོད་ན། ནོར་དོགས་དང་། གོལ་དོགས། འཁྱར་དོགས་གསུམ་པོ་མི་དགོས་པར་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ལ་བདེ་བླག་ཏུ་ཕྱིན་ཐུབ་པ་རེད། དཔེ་དང་པོ་རེད། དཔེ་གཉིས་པ་ནི། དགེ་བའི་བཤེས་གཉེན་དེ་འཇིགས་པའི་ས་ཕྱོགས་སུ་འགྲོ་བ་ལ་སྐྱེལ་མ་དཔའ་བོ་ལྟ་བུ་ཞིག་རེད། འཇིགས་པ་ཅན་གྱི་ས་ཕྱོགས་སུ་དགྲ་ཇག་པ། གཅན་གཟན་གཏུམ་པོ་སོགས་ཀྱིས་འཚེ་བ་ཡོད་པས། སྐྱེལ་མ་དཔའ་བོ་ཞིག་མེད་ན་ལུས་སྲོག་དང་རྒྱུ་ནོར་ལ་ཉེན་ཁ་འོང་ན། སྐྱེལ་མ་བཙན་པོ་དང་འགྲོགས་ན་ཉེར་འཚེ་མེད་པར་དམིགས་ཡུལ་གྱི་ས་ཕྱོགས་ལ་ཐོན་འགྲོ་བ་དཔེ་དེ་བཞིན་དུ། བྱང་ཆུབ་སྒྲུབ་པའི་ལམ་ལ་ཞུགས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ནས་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འགྲོ་བ་ལ། སྐྱེལ་མ་དཔའ་བོ་དང་འདྲ་བའི་དགེ་བའི་བཤེས་གཉེན་མེད་ན། དགྲ་ཇག་གཅན་གཟན་དང་འདྲ་བའི་ནང་རྣམ་རྟོག་དང་ཉོན་མོངས། ཕྱི་བདུད་དང་ལོག་འདྲེན་གྱིས་དགེ་བའི་ནོར་འཕྲོག་བདེ་འགྲོའི་སྲོག་གཅོད་པའི་ཉེན་ཁ་དང་དོགས་པ་ཡོད་ཀྱང་། སྐྱེལ་མ་བཟང་པོ་དང་འདྲ་བའི་དགེ་བའི་བཤེས་གཉེན་ཡོད་ན་དགེ་བའི་ནོར་མི་ཤོར། བདེ་འགྲོའི་སྲོག་མི་ཆད་ནས་འཚམས་པོ་བདེ་མོས་ཐམས་ཅད་མཁྱེན་པའི་གྲོང་དུ་ཕྱིན་ཐུབ་པ་རེད། དེ་དཔེ་གཉིས་པ་རེད། དཔེ་གསུམ་པ་ནི། དགེ་བའི་བཤེས་གཉེན་ནི་ཆུ་བོ་ཆེན་པོ་ལས་སྒྲོལ་བའི་མཉན་པ་ལྟ་བུ་ཞིག་རེད། མཉན་པ་ཞེས་པ་གྲུའི་ཁ་ལོ་བ་ལ་ཟེར། དཔེར་ན་ཆུ་བོ་ཆེན་པོ་ཞིག་གི་ཕ་རོལ་ཏུ་འགྲོ་དགོས་ན། གྲུ་གཟིངས་ཡོད་པ་ཙམ་གྱིས་མི་ཆོག གྲུ་པ་མེད་ན་གྲུ་གཟིངས་འགྲོ་ཁ་མི་ཉན། གྲུ་པ་མེད་བཞིན་དུ་གྲུ་འགྲོ་ཁུལ་བྱས་ན་ཆུས་འཁྱེར་བའམ་ཆུའི་ནང་དུ་གཏིབ་འགྲོ། མཉན་པ་ཡོད་ན་དེ་ལ་བརྟེན་ནས་ཆུའི་ཕ་རོལ་ཏུ་ཐོན་ཐུབ། དཔེ་དེ་བཞིན་དུ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་དགོས་ན། མཉན་པ་མཁས་པ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན། དམ་པའི་ཆོས་ཀྱི་གྲུར་ཞུགས་ཀྱང་འཁོར་བའི་ཆུ་རྒྱུན་གྱིས་འཁྱེར་ནས་དབང་མེད་དུ་དེད་འགྲོ་ལ། མཉན་པ་མཁས་པ་ལྟ་བུའི་དགེ་བའི་བཤེས་གཉེན་ཡོད་ན་འཁོར་བའི་རྒྱ་མཚོའི་ཕ་རོལ་མྱ་ངན་ལས་འདས་པའི་སྐམ་སར་ཕྱིན་ཐུབ་པ་རེད། དེ་དཔེ་གསུམ་པ་རེད། དཔེ་དེ་གསུམ་དང་འདྲ་བའི་དོན་བསྡུ་ན། དགེ་བའི་བཤེས་གཉེན་ནི་ལམ་མཁན་ལྟ་བུ་དང་། སྐྱེལ་མ་ལྟ་བུ་དང་། མཉན་པ་ལྟ་བུ་ཞིག་རེད། གཉིས་པ་དགེ་བའི་བཤེས་གཉེན་གྱི་དབྱེ་བ་ལ་བཞི་ཡོད་དེ། སོ་སོའི་སྐྱེ་བོའི་དགེ་བའི་བཤེས་གཉེན་དང་། ས་ཆེན་པོ་ལ་གནས་པའི་བྱང་སེམས་དགེ་བའི་བཤེས་གཉེན། སྤྲུལ་སྐུའི་དགེ་བའི་བཤེས་གཉེན་དང་། ལོངས་སྐུའི་དགེ་བའི་བཤེས་གཉེན་དང་བཞི་རེད། དགེ་བའི་བཤེས་གཉེན་དེ་དག་ཇི་ལྟར་བསྟེན་ན། རང་གི་རྒྱུད་ཚོད་དང་བསྟུན་ནས་བསྟེན་དགོས་ཏེ། རང་ཉིད་སོ་སྐྱེས་ཡིན་པ་དང་དེའི་ནང་ནས་ལས་དང་པོ་བ་ཡིན་པའི་སྐབས་ན། སངས་རྒྱས་དང་ས་ཆེན་པོ་ལ་གནས་པའི་དགེ་བའི་བཤེས་གཉེན་བསྟེན་པའི་ནུས་པ་མེད་པའི་ཕྱིར་ན། གཙོ་ཆེར་སོ་སོའི་སྐྱེ་བོའི་དགེ་བའི་བཤེས་གཉེན་བསྟེན་དགོས། དེ་ནས་རང་ཉིད་ལས་སྒྲིབ་ཅུང་ཟད་དག་ནས་ས་ཆེན་པོ་ལ་གནས་པའི་དགེ་བའི་བཤེས་གཉེན་བསྟེན་ནུས་ཤིང་། ཚོགས་ལམ་ཆེན་པོ་ཐོབ་དུས་སངས་རྒྱས་སྤྲུལ་པའི་སྐུ་དང་། ས་ཆེན་པོ་ཐོབ་པའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་བསྟེན་ནུས་པ་རེད། རང་རེ་ལྟ་བུ་ལས་དང་པོ་བ་ཉོན་མོངས་པའི་མུན་ཁང་ན་ཡོད་པ་ཞིག་གིས་དགེ་བའི་བཤེས་གཉེན་གོང་མ་རྣམས་བསྟེན་མི་ནུས་པར་མ་ཟད་ཞལ་ཙམ་ཡང་མཇལ་བ་དཀའ་ལ། དེས་ན་དང་པོ་དགེ་བའི་བཤེས་གཉེན་སོ་སོའི་སྐྱེ་བོའི་ཚུལ་ཅན་མཇལ་ནས་དེའི་གསུང་གི་སྒྲོན་མེས་ལམ་རིག་ཏུ་བཅུག་ནས། དགེ་བའི་བཤེས་གཉེན་གོང་མ་རྣམས་དང་མཇལ་བའི་སྐལ་བ་རིམ་གྱིས་ཐོབ་པས། དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་ཤོས་ནི་སོ་སོའི་སྐྱེ་བོའི་རིགས་ཅན་གྱི་དགེ་བའི་བཤེས་གཉེན་དེ་ཡིན། དེས་ནི་དགེ་བའི་བཤེས་གཉེན་གྱི་དབྱེ་བ་སོང་ནས། དགེ་བའི་བཤེས་གཉེན་དེ་དག་གི་མཚན་ཉིད་བཤད་ན། སངས་རྒྱས་ནི་སྤངས་པ་ཕུན་ཚོགས་སྒྲིབ་པ་གཉིས་ཀ་སྤངས་པ་དང་། རྟོགས་པ་ཕུན་ཚོགས་མཁྱེན་གཉིས་ཀྱི་ཡེ་ཤེས་མངའ་བ་ཞིག་ཡིན་ལ། དགེ་བའི་བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ས་བཅུའི་ཁྱད་པར་གྱིས་སྤངས་རྟོགས་ཀྱི་ཡོན་ཏན་ཅི་རིགས་པར་མངའ་བ་དང་། དེའི་ནང་ནས་ས་བརྒྱད་པ་ཡན་ཆད་ལ་གནས་པ་ཞིག་ཡིན་ན། ཚེ་དང་སེམས་དང་ཡོ་བྱད་དང་། ལས་དང་སྐྱེ་བ་མོས་པ་དང་། །སྨོན་ལམ་རྫུ་འཕྲུལ་ཡེ་ཤེས་དང་། །ཆོས་ལ་དབང་བ་དབང་བཅུའོ། །ཞེས་པའི་སྡོམ་ལྟར། དབང་བཅུ་ལ་མངའ་བརྙེས་པ་སྟེ། ཚེ་ལ་དབང་བ་ནི་སྐུ་ཚེ་གཏོང་བ་དང་འདོད་ན་ཇི་སྲིད་འདོད་པ་ལྟར་དུ་གནས་པ་ལ་དབང་བ་དང་། སེམས་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ནུས་པ་དང་། ཡོ་བྱད་ལ་དབང་བས་སེམས་ཅན་རྣམས་ལ་ཡོ་བྱད་རིན་པོ་ཆེ་དཔག་ཏུ་མེད་པ་ཆར་ལྟར་འབེབ་ནུས་པ་དང་། ལས་ལ་དབང་བ་ནི་འགྲོ་བ་སོ་སོའི་ས་དང་འགྲོ་བའི་སྐྱེ་གནས་དང་། མྱོང་འགྱུར་གྱི་ལས་ལ་སོགས་པ་གཞན་དང་གཞན་དུ་བསྒྱུར་བ་དང་། སྐྱེ་བ་ལ་དབང་བས་བསམ་གཏན་ལ་གནས་ཤིང་མ་ཉམས་བཞིན་དུ་འདོད་ཁམས་སུ་སྐྱེ་ནུས་ཤིང་། དེའི་སྐྱོན་གྱིས་མི་གོས་པ་ལྟ་བུ་གནས་གང་དང་གང་དུ་ཅི་ལྟར་འདོད་པ་བཞིན་སྐྱེ་ནུས་པ་དང་། མོས་པ་ལ་དབང་བས་ས་ཆུར་བསྒྱུར་བ། ཆུ་མེར་བསྒྱུར་བ། མེ་རླུང་དུ་བསྒྱུར་བ་ལ་སོགས་པ་གང་འདོད་བསྒྱུར་ནུས་པ་དང་། སྨོན་ལམ་ལ་དབང་བས་ཇི་ལྟར་མོས་པ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་སྒྲུབ་པར་བྱེད་པའི་སྨོན་ལམ་བཏབ་པ་འགྲུབ་པ་དང་། རྫུ་འཕྲུལ་ལ་དབང་བ་ནི་རྫུ་འཕྲུལ་གང་དང་གང་འདོད་ན་དེ་ལྟར་ཐོགས་པ་མེད་པར་སྟོན་ནུས་པ་དང་། ཡེ་ཤེས་ལ་དབང་བ་ནི་དུས་གསུམ་གྱི་ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་པར་མངའ་དབང་འབྱོར་བ་དང་། ཆོས་ལ་དབང་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་རྣམས་གདུལ་བྱའི་མོས་པ་ལྟར་འཆད་པ་ལ་དབང་ཐོབ་པ་རྣམས་སོ། །དགེ་བའི་བཤེས་གཉེན་སོ་སོའི་སྐྱེ་བོ་དེའང་མཚན་ཉིད་བརྒྱད་དང་ལྡན་པ་ཞིག་དགོས་ཏེ། མང་ཐོས་རྟོགས་ལྡན་སྙིང་བརྩེ་མི་འཇིགས་ལྡན། །བཟོད་དང་མི་སྐྱོ་ཚིག་གི་བྱ་བ་ལྡན། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མང་དུ་ཐོས་པ་དང་། རྟོགས་པ་དང་ལྡན་པ། སེམས་ཅན་ལ་རྗེས་སུ་བརྩེ་བ་ཅན། འཁོར་བའི་ནང་དུ་མི་འཇིགས་པ་དང་ལྡན་པ། བཟོད་པ་དང་ལྡན་པ། ཡིད་མི་སྐྱོ་བ། ཚིག་གི་བྱ་བ་དང་ལྡན་པ་དགོས་པར་བྱང་ས་ལས་གསུངས་བའི་ཕྱིར་དང་། །ཡང་མཚན་ཉིད་བཞི་ལྡན་དུ་གསུངས་ཏེ། མདོ་སྡེ་རྒྱན་ལས། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང་། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་མང་དུ་ཐོས་པས་སྟོན་པ་རྒྱ་ཆེ་བ་དང་། ཤེས་རབ་ཆེ་བས་གཞན་གྱི་ཐེ་ཚོམ་གཅོད་པ་ལ་མཁས་པ། སྐྱེས་བུ་དམ་པའི་ལས་བྱེད་པ་ཡིན་པས་ཚིག་གཟུང་འོས་པ། ཀུན་ཉོན་དང་རྣམ་བྱང་གཉིས་ཀྱི་མཚན་ཉིད་དེ་ཁོ་ན་ཉིད་སྟོན་པ་དང་བཞི་དང་ལྡན་པ་དང་། ཡང་གཉིས་སུ་གསུངས་པའང་ཡོད་དེ། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ། །ཞེས་ཐེག་ཆེན་གྱི་དོན་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་བརྟུལ་ཞུགས་སྲོག་གི་ཕྱིར་ཡང་མི་གཏོང་བ་ཞིག་དགོས་གསུངས་པ་རེད། དེའི་སྟེང་ན་གསང་སྔགས་ཀྱི་བླ་མ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། གཞན་དང་གཞན་དུ་བཤད་དང་འཆད་འགྱུར་ལྟར་རོ། །དེ་ལྟ་བུའི་དགེ་བའི་བཤེས་གཉེན་རྙེད་ནས་དེ་ཚུལ་ཇི་ལྟར་བསྟེན་ལུགས་དང་། བསྒྲུབ་པ་ནན་ཏན་གྱི་སྒོ་ནས་ཇི་ལྟར་བྱེད་ཚུལ་སྐོར་རྣམས་གང་བཤད་བྱའི་མན་ངག་གི་གཞུང་འདིའི་ཁྲིད་རྐང་རྗེས་མ་རྣམས་སུ་འཆད་པར་འགྱུར་བ་རེད། དགེ་བའི་བཤེས་གཉེན་གྱི་མདུན་ནས་ཆོས་ཞུ་སྟངས་ཀྱི་ཐད་ནས་སྦྱོར་དངོས་འཇུག་གསུམ་ཚང་བར་བྱས་ནས་ཞུ་དགོས་ཏེ། སྦྱོར་བ་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་། དངོས་གཞི་རང་ལ་ནད་པའི་འདུ་ཤེས། ཆོས་ལ་སྨན་གྱི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས། ཆོས་ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་ནས་ཞུ་དགོས། འཇུག་ཅེས་པ་ཞུགས་པའི་དོན་ཡིན་ན། སྣོད་ཁ་སྦུབ་དང་། ཞབས་བརྡོལ་དང་དུག་ཅན་ལྟ་བུའི་སྐྱོན་གསུམ་སྤངས་ནས་ཆོས་ཉན་པ་ལ་འཇུག་དགོས་ཞེས་པ་ལྟ་བུས་གསུང་སྲོལ་ཡང་ཡོད། དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་ནི། དགེ་བའི་བཤེས་གཉེན་ཡང་དག་པས་ཟིན་པའི་གང་ཟག་དེ་ངན་སོང་དུ་མི་ལྟུང་། སྡིག་པའི་གྲོགས་པོའི་དབང་དུ་མི་འགྲོ། ཐེག་ཆེན་གྱི་ཆོས་ལས་ཕྱིར་མི་ལྡོག སོ་སོའི་སྐྱེ་བོའི་ས་ལས་ཡོངས་སུ་འདའ་བ་དང་། མྱ་ངན་ལས་འདས་པའི་ས་ལས་འདའ་བར་མི་འགྱུར་བ་དང་། གཞན་ཡང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་དེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་དེ་འདྲ་ཡིན་པར་སངས་རྒྱས་ཀྱིས་མདོ་ལས་གསུངས་ཡོད། འོན་ཀྱང་དེང་སང་དུས་སྙིགས་མའི་གནས་སྐབས་འདིར་བཤེས་གཉེན་གོང་མ་གསུམ་མི་དགོས། སོ་སོའི་སྐྱེ་བོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའང་ཉིན་མོའི་སྐར་མ་ལྟར་དཀོན། འོན་ཀྱང་གཏན་ནས་མེད་ཀྱང་ཟེར་ཤེས་མ་རེད། གཅིག་ན་སངས་རྒྱས་བསྟན་པའི་གནས་ཚད་མ་རྫོགས། གཉིས་ན་གདུལ་བྱ་ཡོད་ན་འདུལ་བྱེད་རྒྱུན་མི་ཆད་པ་རྒྱལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་མཐུ་ཡིན་པའི་ཕྱིར་དང་། ཁྱད་པར་དུ་རྔ་བོ་ཆེ་ཆེན་པོའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་ལྟར། སྙིགས་མའི་དུས་འདིར་ཆོས་འཆད་རྩོད་རྩོམ་པའི་བྱ་བ་རང་གཞན་སུས་བྱེད་ཀྱང་། དོན་བཞིན་དུ་ཆོས་སྟོན་ཅིང་ཆོས་བཞིན་དུ་གདུལ་བྱ་སྐྱོང་བས་དགེ་སློང་ཆོས་སྨྲ་བ་ཞེས་གྲགས་པ་དོན་དང་ལྡན་པ་ཡིན་པར་མ་ཟད། རྒྱལ་བའི་ཡུམ་ལས། ཕྱིར་མི་ལྡོག་པའི་བྱང་སེམས་ཡིན་པར། ཕྱིར་མི་ལྡོག་པའི་ཆོས་བརྗོད་པའི་ངག་ལས་དཔོག་ཅེས་རྟགས་ལྟར་སྣང་མིན་པའི་ཡིད་ཆེས་ཡོད་པ་རེད། དུས་མཐར་ཆོས་རྔ་སུས་རྡུང་ན་དེ་ཡང་རྒྱལ་བའི་ཕྲིན་ལས་ཡིན་པས་ན། དེ་ལ་རྒྱལ་བ་དངོས་ལྟ་བུའི་དད་པ་དང་དང་བ་བསྐྱེད་ན་ཕན་ཡོན་དང་བསོད་ནམས་ཆེན་པོ་ཡོད་དེ། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །ཞེས་གསུངས་པ་ལྟར་རེད། ཁྱད་པར་དུ་གསང་སྔགས་རྫོགས་ཆེན་གྱི་སྐབས་འདིར། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས། དཀོན་མཆོག་བཞི་པ་བླ་མ་སངས་རྒྱས་ཏེ། །དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ་དཔལ་ཉིད། །སྙིགས་དུས་འགྲོ་བ་གདུལ་དཀའི་དོན་མཛད་པས། །གདུལ་བྱའི་ངོར་ནི་སངས་རྒྱས་ཀུན་བས་ལྷག །དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་ལ། །སྒོ་གསུམ་ཟོལ་མེད་གཙང་མའི་སྤྱི་བོས་བསྟེན། །ཅེས་གསུངས་པ་ལྟ་བུ་ཡིན་པས་ན་གོང་དུ་བཤད་པ་ལྟར། དེ་བཞིན་གཤེགས་པ་ནི་ད་ལྟའི་སེམས་ཅན་ལ་དངོས་སུ་མི་སྣང་ནའང་། སངས་རྒྱས་ཀྱི་ཕྲིན་ལས་པ་དགེ་བའི་བཤེས་གཉེན་སྣང་བར་མ་ཟད་དེས་ཆོས་བསྟན་ཏེ་ཐར་པའི་ས་བོན་འདེབས་པས་ན། བཀུར་སྟི་ཕུ་དུད་ཀྱིས་མཆོད་ཅིང་། དེ་མཆོད་པའི་མཆོག་བསྒྲུབ་པ་ལ་སྐྱོ་ངལ་མེད་པར་ནན་ཏན་ལྷུར་བླངས་ན་ཕན་བདེ་བརྒྱ་ཕྲག་མོད་ལ་འབྱུང་བ་ནི་མཐོང་བའི་ཆོས་ཡིན་པ་རེད། དེ་ལྟ་བུའི་ཚུལ་ཤེས་པར་བྱས་ནས་སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བ་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེའི་ནང་ཚན། ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ལས། སེམས་སྦྱོང་གསུམ་པ་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་བསྐྱེད་ཅིང་། ལས་སུ་དཀོན་མཆོག་མཆོད་ཅིང་དཀར་པོ་དགེ་བའི་ལས་བྱེད་པའི་སྐོར་ནས་ཁར་རྩང་ཡན་ཆད་ངན་སོང་གསུམ་གྱི་སྡུག་བསྔལ་བཤད་པ་སོང་ནས། དེ་རིང་མཐོ་རིས་ནའང་བདེ་བ་མེད་པའི་ཚུལ་བཤད་པ་ནི། དེ་ནས་བདེ་འགྲོ་མཐོ་རིས་ཀྱི་གནས་གསུམ་ནའང་བདེ་བ་མེད་པར་བསམ་ཞིང་ཉམས་སུ་ལེན་པ་ནི། འོ་ན་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་དྲག་པོ་འབའ་ཞིག་གིས་མནར་བ་ལས་བདེ་བའི་གོ་སྐབས་སྐད་ཅིག་ཙམ་མེད་པར་གོང་དུ་བཤད་པ་དེ་ལྟར་ཡིན་ཡང་། ལྷ་མི་སོགས་བདེ་འགྲོའི་གོ་འཕང་ཐོབ་ན་སྡུག་བསྔལ་མེད་པའི་བདེ་བ་འབའ་ཞིག་གོ་སྙམ་ན་མ་ཡིན་ཏེ། བཤེས་སྤྲིང་དུ། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི། །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །ཞེས་མཐོ་རིས་འདོད་པའི་ལྷ་ཡུལ་ན་ངན་སོང་གི་སྡུག་བསྔལ་དང་བསྡུར་ན། འདོད་ཡོན་ལ་སྤྱོད་པའི་ཟག་བཅས་ཀྱི་བདེ་བ་ཞིག་ཡོད་པ་དེ་བདེ་བ་ཆེན་པོ་འདྲ་ཞིག་ཡིན་མོད་ཀྱང་། ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ནི་ངན་སོང་གི་སྡུག་བསྔལ་དང་རང་གི་བདེ་བ་དེ་བས་ཆེ། ཞེས་འཕོ་བའི་སྡུག་བསྔལ་གསུངས་པ་དང་། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་གསུངས་ན། སྔར་བསོད་ནམས་ཆ་མཐུན་དང་མི་གཡོ་བའི་ལས་བསགས་པའི་དབང་གིས་ལྷ་ཡི་འཇིག་རྟེན་འདོད་གཟུགས་དང་གཟུགས་མེད་ཀྱི་ཁམས་སུ་སྐྱེས་པ་རྣམས་ལ། གལ་ཏེ་དགེ་བའི་ལས་ཟད་དེ་ལྷག་མ་འགའ་ཡང་མེད་པར་གྱུར་ན། གནམ་མདའ་གྱེན་ལ་འཕངས་ཀྱང་ཤུགས་ཟད་ན་ཐུར་དུ་ལྷུང་བ་ལྟར། ལྷ་ཡུལ་ཉམས་དགའ་བའི་གནས་དེ་ནས་རང་དབང་མེད་པར་ངན་སོང་གི་གནས་དུད་འགྲོ་དང་ཡི་དྭགས་དང་དམྱལ་བར་གནས་པའི་སེམས་ཅན་གང་ཡང་རུང་བར་སྐྱེས་ཏེ། སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་ལྟུང་པའི་སྡུག་བསྔལ་བསྟན་པ་དང་། མདོ་དྲན་པ་ཉེར་གཞག་ལས། མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གླིང་བཞིར་སྐྱེས་པའི་མི་སྤྱི་དང་ཁྱད་པར་དུ་འཛམ་བུ་གླིང་པའི་མི་དག་ནི་སྲོག་འཚོ་བའི་ཚེ་ཐུང་བས་ཉམས་ཤིང་རྒུད་པ་དང་། ལྷ་དག་འདོད་ཡོན་དང་སྙོམས་འཇུག་གི་རོ་ལ་ཞེན་པའི་བདེ་བ་དང་། དགའ་བས་གཡེང་བའི་བག་མེད་པ་ཡིས་ཉམས། ལྷ་མ་ཡིན་རྣམས་ནི་རྟག་ཏུ་ཕྲག་དོག་དང་ཁོང་ཁྲོས་རྒྱུད་འཚིག་པས་འཐབ་ཅིང་རྩོད་པས་ཉམས་ཤིང་རྒུད་པར་གྱུར་པས། ཁམས་གསུམ་འཁོར་བ་འདི་ན་ཁབ་ཀྱི་རྩེ་མོ་ཙམ་གྱི་བདེ་བ་ནམ་ཡང་ཡོད་པ་མ་ཡིན། ཞེས་བདེ་འགྲོ་སྤྱི་ལ་བདེ་བ་མེད་ཅིང་སྡུག་བསྔལ་གྱི་རང་བཞིན་ཡིན་པར་གསུངས་པ་ལྟར་དང་། བྱེ་བྲག་མིའི་སྡུག་བསྔལ་བཤད་པ་ནི། མཐོ་རིས་མིའི་བདེ་འགྲོ་ཐོབ་ཀྱང་སྡུག་བསྔལ་ལས་མ་འདས་པ་ཡིན་ཏེ། ཡོན་ཏན་མཛོད་ལས། དར་ལ་བབ་པ་རྒ་བའི་ཆད་པས་འཚེ། །འདུ་བ་རྣལ་མར་གནས་པ་ན་བས་དཀྲུག །ཕུན་ཚོགས་རྟེན་ཅིང་འབྲེལ་འབྱུང་རྒུད་པས་འཇོམས། །འཆི་བས་སྲོག་ལ་རྒོལ་བ་མྱུར་བར་འོང་། །ཞེས་གསུངས་པ་ལྟར་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་རང་བཞིན་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་ནི། སྡུག་བསྔལ་སྔ་མ་ཉིད་མ་སངས་བར་ཕྱི་མ་འབྱུང་བའི་བརྩེགས་མར་འབྱུང་བ་ཕ་ཤི་བའི་ཐོག་ཏུ་མ་ཡང་འདས་པ་དང་། རྟ་ནོར་དགྲས་དེད་པའི་ཐོག་ཏུ་བུ་གཅེས་པ་བསད་ཤོར་པ་ལྟ་བུ། འཁོར་བའི་གནས་འདིར་ཕལ་ཆེར་སྡུག་བསྔལ་བརྩེགས་མར་འབྱུང་བ་ཡིན་པས་སྡུག་རྒྱུན་མི་ཆད་པ་ཟད་རྒྱུ་མེད་པ་ཞིག་མྱོང་བ་རེད། འགྱུར་བའི་སྡུག་བསྔལ་ནི། ད་ལྟ་བདེ་བ་ལྟར་ཡོད་འཕྲོ་ཁོ་ན་སྐད་ཅིག་ཙམ་ལ་མ་བསམ་ས་ནས་གློ་བུར་གྱི་སྡུག་བསྔལ་དུག་དང་འདྲེས་པའི་ཁ་ཟས་ཟོས་པའམ། རྩེད་མོའི་ཆེད་དུ་ཆུ་བརྒལ་བས་ཆུ་ནང་བྱིང་སྟེ་སྐད་ཅིག་ལ་སྲོག་འདོར་ནས་ཤི་བ་ལྟ་བུ། འཁོར་བའི་གནས་འདིར་ཕར་བལྟས་ན་བདེ་སྐྱིད་སྙན་གསུམ་ཡོད་པ་ལྟར་སྣང་ཡང་། ངོ་མ་ཞིབ་པར་བརྟགས་ན་བདེ་སྐྱིད་མེད་པར་མ་ཟད། མཐར་སྡུག་བསྔལ་ཁོ་ན་ལས་མ་འདས་པ་ཡིན་པར་གསུངས། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། རང་རེས་ད་ལྟ་བདེ་བར་རློམ་པ་ཐམས་ཅད་ཀྱང་དོན་ངོ་མར་ལྟར་མི་མངོན་པའི་སྡུག་བསྔལ་ཡིན་ཏེ། ཟས་ཟོས། གོས་གྱོན། རྒྱན་དང་གནས་ཁང་སྟོན་མོ་ལོངས་སྤྱོད་ཐམས་ཅད་སྡིག་པའི་རྒྱུ་ཁོ་ནས་བསྒྲུབ་པ་མ་གཏོགས་མེད་པས་ན། འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་བ་ཡིན། ཟས་ཟ་ཉེས་དང་། གོས་གྱོན་ཉེས། སྤྱོད་ལམ་མ་གཟབ་པའི་ཉེས་པས་ཤིན་ཏུ་སྡུག་བསྔལ་དོས་དྲག་པའི་ནད་ལ་སོགས་པ་མྱོང་བའམ། མི་བཙན་པོ་ལ་རྒོལ་བར་བྱས་པས་ཕྱིས་གནོད་པའི་ལན་འདུ་བྱེད་པ་འགོག་ཏུ་མེད་པ་ལྟ་བུ་སྟེ། རྩ་བའི་སྡུག་བསྔལ་ཆེན་པོ་གསུམ། དེ་སྐད་དུ་འདུལ་བ་ལུང་ལས། འཁོར་བ་སྡུག་བསྔལ་ཅན་ཕུང་པོ། །སྡུག་བསྔལ་སྡུག་བསྔལ་འདུ་བྱེད་དང་། །འགྱུར་བ་ཉིད་གསུམ་བརྒྱད་རྣམས་ཀྱིས། །མི་རྣམས་ཤིན་ཏུ་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཅན་གྱི་ཕུང་པོ་ལས་མ་འདས་པ་སྟེ། གོང་དུ་བཤད་པའི་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་རྩ་བའི་སྡུག་བསྔལ་ཆེན་པོ་ཉིད་གསུམ་གྱི་སྟེང་དུ། གཞན་ཡང་འཆད་འགྱུར་གྱི་སྡུག་བསྔལ་བརྒྱད་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པ་རྣམས་ཀྱིས་མི་རྣམས་ཤིན་ཏུ་སྡུག་བསྔལ་ལོ། །ཞེས་དང་། དགའ་བོ་མངལ་འཇུག་གི་མདོ་ལས། དེ་བཞིན་དུ་སྐྱེ་བ་ཡང་སྡུག་བསྔལ་ཡིན་ནོ། །རྒ་བ་ཡང་སྡུག་བསྔལ་ཡིན་ནོ། །ན་བ་ཡང་སྡུག་བསྔལ་ལོ། །འཆི་བ་ཡང་སྡུག་བསྔལ་ལོ། །སྡུག་པ་དང་བྲལ་བའང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་འཕྲད་པའང་སྡུག་བསྔལ་ཡིན་ནོ། །གང་འདོད་པ་བཙལ་ཀྱང་མ་རྙེད་པའང་སྡུག་བསྔལ་ཡིན་ནོ། །ཡོད་པ་སྲུང་དཀའ་བའང་སྡུག་བསྔལ་ཡིན་ནོ། །ཞེས་རྣམ་པ་བརྒྱད་དེ་ལྟར་གསུངས་ནས་དེ་ལྟ་བུའི་སྡུག་བསྔལ་སྣ་ཚོགས་ཀྱིས་མིའི་འགྲོ་བ་རྣམས་ཤིན་ཏུ་སྡུག་བསྔལ་ལོ་ཞེས་གསུངས་པ་ལྟར་དུ། རྩ་བའི་སྡུག་བསྔལ་གསུམ་གྱི་སྟེང་དུ་གཞན་སྡུག་བསྔལ་བརྒྱད་བཤད་པའི་སྐྱེ་བའི་སྡུག་བསྔལ་ནི། མའི་མངལ་ན་གནས་པའི་ཚེ་བཙོན་ཁང་དོག་མོར་གནས་པ་ལྟ་བུ་དང་། བཙས་པའི་ཚེ་ལྕགས་ཀྱི་འཇུར་མིག་དུ་དྲངས་པ་ལྟ་བུ། རྒྱབ་ཀྱི་ཕྲུས་མ་བཤུས་དུས་གསོན་པོའི་ལུས་ཀྱི་པགས་པ་བཤུས་པ་ལྟ་བུ་ལ་སོགས་པའི་སྡུག་བསྔལ་བ་དང་། རྒས་པའི་སྡུག་བསྔལ་ལུས་ཀྱི་སྟོབས་ཉམས། དབང་པོ་རྣམ་ལྔ་རྒུད། བཀྲག་དང་གཟི་མདངས་ཉམས། ངག་གི་སྨྲ་བརྗོད་ཁ་མི་འགྲོས་ནས་གཏམ་ལྡབ་ལྡིབ་ཏུ་གྱུར། མིས་ཚིག་ལ་མི་བརྩི། སེམས་ཀྱི་སྟོབས་ཤོར། རྒས་སེམས་སྣེ་ལོར་ལོག རྒལ་ཚིག་སྣད་མར་གྱུར། ཤི་བའི་སྡུག་བསྔལ་གྱིས་སེམས་མི་བདེ། ཚེ་མཐའི་ཉི་མ་དེ་འཆི་བ་སྒུག་ནས་འདུག་པ་སོགས་ཤི་མ་རན་གོང་ན་ལུས་སེམས་གཉིས་ཀའི་ཐོག་ཏུ་ཤི་བའི་སྡུག་བསྔལ་མྱོང་དགོས་པ་དང་། ན་བའི་སྡུག་བསྔལ་ནི། ལུས་འབྱུང་བཞི་རླུང་མཁྲིས་བད་ཀན་འདུ་བ་ཆ་མ་སྙོམས་པས། ཚ་བའི་ནད་མེ་འབར་བ་འདྲ། གྲང་བའི་ནད་ཆུ་ཁོལ་པ་འདྲ་བ་སོགས་ནད་སྣ་ཚོགས་ཀྱིས་མནར་བས། ཤི་ན་ཤི་རྒྱུ་མེད། དྲག་ན་དྲག་རྒྱུ་མེད། མལ་ས་སྐམ་རློན་འདྲེས། ཉིན་གྱི་ཉི་མ་ཆོད་རུང་། མཚན་གྱི་ནམ་མི་ཆོད། གཏར་བསྲེག་གཤག་གཅོད་ཚང་མ་བསྲན་རུང་། གཉེན་ཉེ་རེ་ལྟོས་ཚང་མས་བསྲུངས་ཀྱང་། སྲོག་དམར་པོ་རླུང་ནང་གི་མར་མེ་འདྲ་བ་ཤི་གསོན་ཕྱེད་མའི་སར་ཐོན་པའི་སྡུག་བསྔལ་དེ་ཁྲིམས་ཀྱིས་ཆད་པ་དྲག་པོས་མནར་བ་དང་འདྲ་བ་ཡིན་ཏེ། ཇི་སྐད་དུ། གང་ཚེ་གཤིན་རྗེའི་གཡུལ་ངོར་ཕམ་པ་དེ། །སྐྱབས་དང་དཔུང་གཉེན་བྲལ་བའི་གཡང་སར་རྒྱུག །འཚོ་བའི་མདངས་དང་དབང་པོ་རྣམ་པར་སྤངས། །སྨན་དང་སྨན་པ་དག་ཀྱང་དེ་ལ་འབྲོས། །ཞེས་གསུངས་པ་ལྟར་རོ། །ཡང་མཐར་འཆི་བའི་སྡུག་བསྔལ་ཡོད་པ་རེད། འཆི་རྟགས་ལུས་ལ་ཚང་དུས་དབུགས་ཕར་འཕེན་པ་ཚུར་མི་འདུ། ཤ་ཚ་སྙིང་རྗེའི་གཉེན་ཉེས་བསྐོར་ཀྱང་། ཞག་གཅིག་ཆུ་ཚོད་གཅིག་ཀྱང་གསོན་པོ་མི་ཡུལ་དུ་འདུག་པའི་དབང་མེད། འཆི་བདག་གཤིན་རྗེའི་ཞགས་ནག་སྐེར་ཐེབས། འབྱུང་བཞིའི་ཐིམ་རིམ་ཤར། འཁྲུལ་སྣང་མིག་སྔར་བབ་ནས། གསོན་མི་ཡུལ་བསྐྱུར་ནས་འཇིགས་པའི་སྒྲ་བཞི་དང་། ཡ་ང་བའི་གཡང་ས་གསུམ་ལ་སོགས་པར་འགྲོ་བའི་འཆི་བའི་སྡུག་བསྔལ་ཐོག་ཏུ་ཡོང་བ་མི་དགོས་དྲན་ན་འཇིགས་ཤིང་སྐྲག་པའི་གནས་ཡིན་པ་རེད། དེ་ལྟར་སྐྱེ་རྒ་ན་འཆིའི་བདུད་ཀྱི་ཆུ་བོ་ཆེན་པོ་བཞི་མ་ཟད། དགྲ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་ཏེ། དགྲ་མི་སྡུག་པ་ཞེས་པ་མཐོང་དུ་མི་འདོད་པ་འཇིགས་ཤིང་ཡ་ང་བ་དང་འཕྲད་ཅིང་གནོད་འཚེ་བྱེད་པ་དང་། ཚེ་སྔོན་ལས་ཀྱི་ལན་ཆགས་ཀྱིས་འགའ་རེ་ཕར་ཕན་བཏགས་ཡོད་ཀྱང་ཚུར་གནོད་བསྐྱལ་བའི་དགྲའང་ཡོད། ཕན་ཆེན་མ་བཏགས་གནོད་ཆེན་ག་ལ་བསྐྱལ། །ཞེས་པ་ལྟར་དང་། ཡང་སྒོས་དེ་རིང་ཁར་རྩང་གི་དུས་ཚོད་ལ་དེ་འདྲ་ཡིན། འདིས་ང་ལ་འདི་འདྲའི་གནོད་སེམས་ཤིག་བྱེད་འདུག ངས་འདི་ལ་ཕན་ཅི་བཏགས་ཡོད་བསམ་པ་གཏོང་དུས། འོ་དེ་ལོས་ཡིན་དེ་དུས་དེར་སྡུག་ཐུག་དུས་ངས་དེ་ལ་ཕན་ཞིག་བཏགས་ཡོད་བསམ་རྒྱུ་ཅན་པོ་ལྟ་བུ་དང་། ཡང་འགའ་རེ་ལས་ཀྱིས་དབང་གིས་ཕ་རོལ་པོ་དགྲར་ལོག་པ། མདོར་ན་རིག་ན་མི་དགའ་གོ་ན་མི་འདོད་པའི་མི་དང་འཕྲད། རྡུང་བཅོམ་འཕྲོག་གསུམ་མྱོང་། གཏམ་ངན་རྣ་སྡུག་གོ། དགྲ་ནག་པོ་འབོད་པའི་རྒྱུ་ནོར་གྱིས་གཡབ་མོས་དགྲ་ཇག་རྐུན་གསུམ་བཀུག་ནས། གསོག་བསྲུང་བརླག་པའི་སྡུག་བསྔལ་སྣ་ཚོགས་མྱོང་བས་ལུས་མི་བདེ་སེམས་མི་སྐྱིད་པ་དེ་ལྟ་བུའི་མི་འདོད་པ་དང་འཕྲད་པའི་སྡུག་བསྔལ་དང་། གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ། ལས་ཀྱིས་བསྐོས་པའི་གཉེན་གྲོགས། གཅེས་ཤ་དམར་ཐང་ཡོད་པ། ཉིན་གཅིག་དང་ཡང་ཁ་ཁ་དབྱེ་མི་ཐུབ་པ། ཞག་རེ་སོང་ཡང་སེམས་མི་བདེ་བ་དེ་ཚོ་འཇིག་རྟེན་འདི་དང་གཏན་བྲལ་རེད་རྒྱུ། གྲོགས་མཐུན་པོ་ཡུན་རིང་འགྲོགས་ལོང་མེད་པ་དང་། ཕ་མ་བུ་རྒྱུད་དང་བྲལ་བ། བུ་རྒྱུད་ཕ་མ་དང་བྲལ་བའི་སྡུག་བསྔལ་སོགས་བཤད་ཚོད་མེད་པ་དེ་འདྲ་ཡོད་པ་རེད། འདོད་པ་ཐོག་ཏུ་མ་ཁེལ་བས་ཕོངས་པའི་སྡུག་བསྔལ། མིའི་བསམ་ཐོག་ཏུ་རྟ་ཡིས་མ་བརྫིས། མ་བསམ་པ་ཐོག་ཏུ་ཁེལ་བ། ལས་བསམ་པས་མ་རེད། གསག་པས་རེད། ཡར་མཐོ་གང་ཨེ་མཐོ་བསམ་ས་ནས་མར་འདོམ་གང་ལྷུང་ཤོར་བ། རྒྱུ་ཨེ་ལོན་བསམ་ཡང་མ་ལོན། གྲོགས་ཨེ་ཁུག་བསམ་ཡང་མ་ཁུག ཐོབ་ཨེ་མཐོ་བསམ་ཡང་མ་མཐོ། ད་རུང་དེའི་ཐོག་ཏུ་གྱོང་ཆེན་པོ་རག་རྒྱུ། ཐང་གི་རྡོ་ལེན་ས་ནས་རུམ་ནང་གི་གྲོ་ལྷུང་ཤོར་བ་ལ་སོགས་པ། མདོར་ན་འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་དང་། ཉེར་ལེན་གྱི་ཕུང་པོ་ལྔས་སྡུག་བསྔལ་གཏན་དུ་འཛིན་པ་སྟེ། གཟུགས་འབྱུང་འདུས་ཀྱི་ཕུང་པོར་མི་རྟག་པ་ཐོག་ཏུ་བབ་པ་དང་། ཚོར་བ་སྡུག་བསྔལ་གྱིས་རྟག་ཏུ་གཟིར་བ། འདུ་ཤེས་འཁྲུལ་པའི་རང་བཞིན་ལ་བདེ་དུས་མེད་པ། འདུ་བྱེད་ལས་ངན་གྱི་བྱེད་རྩོལ་ཟད་རྒྱུ་མེད་པ་ཞིག་མྱོང་བ། རྣམ་ཤེས་ཡུལ་དོན་གཉིས་ཀྱིས་བསླུས་ཏེ་ལས་ཉོན་ཀུན་འབྱུང་གིས་སྲིད་པ་ཕྱི་མ་བསྐྲུན་པའི་སྡུག་བསྔལ་བ་སྟེ། དེ་ལྟར་ཉེར་ལེན་གྱི་ཕུང་པོ་ལྔས་སྡུག་བསྔལ་གཏན་ཏུ་འཛིན་པ་སྟེ། དེ་ལྟ་བུའི་སྡུག་བསྔལ་རྣམ་པ་བརྒྱད་ཀྱིས་དུས་རྟག་ཏུ་མནར་བས་ན་མིའི་འགྲོ་བ་ནི་ཤིན་ཏུ་སྡུག་བསྔལ་ལོ། །དེའི་ཕྱིར་ཀུན་མཁྱེན་ཆེན་པོས། དེ་ལྟར་མི་ཡི་འཇིག་རྟེན་མཐའ་དག་ནའང་། །སྡུག་བསྔལ་རྒྱུ་འབྲས་ཉིད་ཕྱིར་བདེ་བ་མེད། །དེ་ལས་ཐར་ཕྱིར་ལེགས་པའི་ཆོས་བསམ་སྟེ། །འཁོར་བའི་གནས་ལས་ཐར་བའི་ཐབས་འཚལ་ལོ། །ཞེས་དེ་ལྟར་འགྲོ་བ་མིའི་འཇིག་རྟེན་གྱི་ཁམས་མཐའ་དག་གང་ལ་བསམ། གང་ལ་བལྟས་ཀྱང་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་ཁོར་མོ་ཡུག་ཏུ་སྤྱོད་པས་ན་བདེ་བ་ཅུང་ཟད་ཀྱང་མེད་ལ། སྡུག་བསྔལ་ཅན་གྱི་གནས་དེ་ལས་ཐར་པར་བྱ་བའི་ཕྱིར་དུ་ཡང་དག་པའི་དམ་པའི་ཆོས་ཐོས་བསམ་སྒོམ་གསུམ་བྱས་ཏེ། འཁོར་བའི་གནས་བཙོན་ར་ལྟ་བུ་འདི་ལས་མྱུར་དུ་ཐར་པའི་ཐབས་ལ་འབད་འཚལ་ལོ། །ཞེས་གསུངས་སོ། །དེའི་ཡན་ཆད་ཀྱིས་མིའི་སྡུག་བསྔལ་བསྟན་པ་སོང་སྟེ། ལྷའི་སྡུག་བསྔལ་བསྟན་པ་ནི། མི་ལ་སྡུག་བསྔལ་མང་པོར་ཡོད་པ་དེ་བཞིན་དུ་འདོད་ལྷའི་གནས་ནའང་སྡུག་བསྔལ་ཚད་མེད་པ་ཡོད་དེ། ལྷ་གནས་དེ་དག་གང་དུ་ཡོད་ཅེ་ན། འཇིག་རྟེན་ཁམས་ཀྱི་ཆགས་སྟངས་བཤད་ཚུལ་ལ་འདྲ་མིན་འགའ་ཞིག་ཡོད་ཀྱང་། རང་ལུགས་ཀློང་ཆེན་པའི་ཡིད་བཞིན་མཛོད་ལྟར་འཆད་ན། རིའི་རྒྱལ་པོ་རི་རབ་དབུས་སུ་བྱས་པ་ལ། དེའི་ཕྱོགས་བཞི་ན་གཉའ་ཤིང་འཛིན་རི་དང་གཤོལ་མདའ་འཛིན་ལ་སོགས་པ་གསེར་གྱི་རི་བདུན་གྱིས་གྲུ་བཞིར་བྱས་ནས་བསྐོར་བ་དང་། དེ་དག་གི་བར་ཐམས་ཅད་ན་བསིལ་དང་ཞིམ་དང་ཡང་བ་སོགས་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བའི་རོལ་པའི་མཚོ་བདུན་དང་། ཕྱི་རོལ་ན་བ་ཚྭ་ཅན་གྱིས་མཚོས་གང་བ། ཕྱོགས་བཞིར་གླིང་བཞི་ཆགས་ཏེ། གླིང་བཞི་ནི་མིའི་གནས་ཀྱི་འཇིག་རྟེན་ཡིན་ལ། ཤར་ལུས་འཕགས་པོའི་གླིང་གི་དབྱིབས་ནི་ཟླ་གམ་ལྟ་བུ་གླིང་ཕྲན་དང་བཅས་པ་དང་། ལྷོ་འཛམ་བུའི་གླིང་ནི་སོག་ཁའི་དབྱིབས་དང་འདྲ་བ་གླིང་གཡོག་གཉིས་དང་བཅས་པ། ནུབ་བ་གླང་སྤྱོད་དབྱིབས་ཟླུམ་པོ་གླིང་གཡོག་གཉིས་དང་བཅས་པ། བྱང་སྒྲ་མི་སྙན་དབྱིབས་གྲུ་བཞི་གླིང་གཡོག་གཉིས་དང་བཅས་པ་ཆགས། འཛམ་བུའི་གླིང་གི་གངསཏི་སེའི་འོག་གི་དཔག་ཚད་ཉིས་ཁྲི་ན་དམྱལ་བ་མནར་མེད་པ་དང་། ཚ་དམྱལ་གཞན་བདུན་པོ་དེའི་སྟེང་ན་རྩེག་མར་ཆགས་པར་གསུངས། ཡི་དྭགས་ཀྱི་རྩ་བའི་གནས་རྒྱལ་པོའི་ཁབ་ཀྱི་འོག་གི་དཔག་ཚད་ལྔ་བརྒྱ་ན་ཡོད་པ་དང་། ཡན་ལག་རྣམས་ནི་ལྷ་དང་མིའི་གནས་ནའང་ཡོད་པར་གསུངས། དུད་འགྲོ་བྱིང་གནས་རྒྱ་མཚོ་ཆེན་པོ་དང་། ཁ་འཐོར་ལྷ་མིའི་ཡུལ་ནའང་ཡོད། མཐོ་རིས་ལྷ་མི་གཉིས་ལས་ལྷ་ཡུལ་ལ། འདོད་ཁམས་དང་། གཟུགས་ཁམས་དང་གཟུགས་མེད་ཁམས་གསུམ་གྱི་ལྷའི་གནས་ཡོད་པ་ལས། འདོད་ཁམས་ཀྱི་ལྷར་གཏོགས་པ་ནི་འདོད་ལྷ་རིགས་དྲུག་སྟེ། དེ་ལ་ས་ལ་བརྟེན་པའི་ལྷ་གནས་གཉིས་དང་། ནམ་མཁར་བརྟེན་པའི་ལྷ་གནས་བཞི་སྟེ་དྲུག་ཡོད། ས་གཞིར་བརྟེན་པ་གཉིས་ནི། རྒྱལ་ཆེན་རིགས་བཞི་ནི་རི་རབ་ཀྱི་བང་རིམ་དང་། ཉི་ཟླ་སྐར་མའི་སྟེང་ན་ཡོད། སུམ་ཅུ་རྩ་གསུམ་རི་རབ་ཀྱི་རྩེ་མོར་ཆགས་པ་དང་། དེའི་སྟེང་གི་ནམ་མཁའ་ན་གྱེན་ལ་རིམ་བཞིན་ས་གཞི་དང་མ་འབྲེལ་བ་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་ཡོད། རི་རབ་ཀྱི་ཆུ་མཚམས་ཡན་གྱི་ཁོང་གསེང་ན་ལྷ་མ་ཡིན་སྒྲ་གཅན་དང་། སྐར་ཕྲེང་། མགུལ་ཕྲེང་། ཐགས་བཟང་རིས་རྣམས་ཆགས་ཡོད། འདོད་ཁམས་ཀྱི་གྱེན་དུ་འཕགས་པའི་སྟེང་གི་ནམ་མཁའ་ན་གཟུགས་ཁམས་ཀྱི་ལྷ་གནས་ཆགས་པའི་དང་པོ། བསམ་གཏན་དང་པོའི་ཚངས་རིས་དང་། ཚངས་པ་མདུན་ན་འདོན། ཚངས་ཆེན་དང་གསུམ། གཉིས་པའི་འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་གསུམ། གསུམ་པའི་དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་གསུམ། བཞི་པའི་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་སྟེ་སོ་སྐྱེས་ཀྱི་གནས་གསུམ་དང་། དེའི་གོང་ན་མི་ཆེ་བ་དང་། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་སྣང་བ། འོག་མིན་ཏེ་འཕགས་པའི་གནས་གཙང་ལྔ་ཆགས་ཡོད། དེ་དག་གཟུགས་ཁམས་གནས་རིས་བཅུ་བདུན་རེད། དེ་ནས་ནམ་མཁའ་མཐའ་ཡས་ལ་སོགས་པའི་གཟུགས་མེད་སྐྱེ་མཆེད་མུ་བཞི་ཡང་ཡོད། གནས་དེ་རྣམས་ལ་བཤད་ཚུལ་འདྲ་མིན་གྱི་མཐའ་དཔྱད་འདྲ་མང་པོ་ཡོད་ཀྱང་ཧ་ཅང་མང་བར་འགྱུར་བས་མི་བཤད། གཙང་མའི་གནས་དེ་དག་ཐམས་ཅད་ལས་འདས་པའི་ཡང་རོལ་ན་འོག་མིན་ཆེན་པོའམ། དབང་ཕྱུག་ཆེན་པོ་དང་། འོག་མིན་རྣམ་མཛེས་ཞེས་ཀྱང་བྱ་བའི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པའི་གནས་རྣམས་ཆགས་ཡོད། གཟུགས་མེད་པའི་རིས་བཞི་ལ་རིག་པ་ཏིང་ངེ་འཛིན་གྱི་ལུས་མ་གཏོགས་དེའི་གནས་དེར་ཕྲ་རགས་ཀྱི་མངོན་སྣང་གི་གཟུགས་སུ་གྲུབ་པ་མེད་པས་ན་གཟུགས་མེད་ཅེས་བྱ། འོ་ན་གཟུགས་ཁམས་ཞེས་པ་བསམ་གཏན་གྱི་ལྷ་ཁོ་ན་སྦྱར་དོན་ཅི་ཡིན། འདོད་ལྷ་ལའང་གཟུགས་ཡོད་པ་མ་ཡིན་ནམ་སྙམ་ན། གཟུགས་སུ་གྲུབ་པ་ཙམ་འདྲའང་། དགེ་བ་ཟག་བཅས་ཀྱི་འབྲས་བུ་གཟུགས་ཀྱི་མཆོག་བསམ་གཏན་གྱི་གཟུགས་འོད་གསལ་དྭངས་པ། སྣང་བ་འོད་ཀྱི་གཟུགས་ཡིན་པས་ན་གཟུགས་ཁམས་དང་། འདོད་པའི་རྣམ་སྨིན་སྐྱེས་ཀྱི་འབྲས་བུའི་གཟུགས་དང་མི་འདྲ་བའི་ཕྱིར་དམན་ལ་དགག་སྒྲའི་དབང་གིས་འདོད་ལྷ་ལ་གཟུགས་ཀྱི་སྒྲ་མ་སྦྱར་བ་རེད། འདིར་འཁོར་བའི་སྡུག་བསྔལ་གསུངས་པ་ན། མཐོ་རིས་ལྷ་གནས་སུ་སྡུག་བསྔལ་ཡོད་པའི་ཚུལ་འདི་ལྟར། མཆན། འོག་གི་ཨངྒི་འདི་རྣམས་ནི་མིའི་ལོ་གྲངས་ཏེ། ལྷ་གནས་སོ་སོའི་ཞག་རེ་ཡིན་ལ། དེའི་ལོ་ཟླའི་འགྱུར་གྱིས་བརྩིས་ནས་རྒྱལ་ཆེན་རིགས་བཞིའི་ལོ་ལྔ་བརྒྱ་ལ་ཡང་སོས་ཀྱི་ཞག་གཅིག སུམ་ཅུ་རྩ་གསུམ་པ་ནས་རིམ་པར་སྟོང་དང་། ཉིས་སྟོང་དང་། བཞི་སྟོང་དང་། བརྒྱད་སྟོང་དང་། ཁྲི་དྲུག་སྟོང་རྣམས་ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་རྣམས་ཀྱི་ཞག་རེ་ཡིན་ལ། རབ་ཏུ་ཚ་བ་དང་མནར་མེད་པ་ནི་གཞལ་བྱ་དེས་མ་ཡིན་ཏེ་གོང་དུ་བཤད། ཨངྒི་འདི་རྣམས་མིའི་ལོ་གྲངས་དང་བསྡུར་ཏེ་དེ་ལྷ་གནས་རྣམས་ཀྱི་ཞག་རེར་བྱས་པའི་དེའི་ལོ་ཟླའི་འགྱུར་གྱིས་བརྩིས་པའི་ལོ་གྲངས་རྣམས་ནི་དེ་དག་གི་ཚེའི་ཚད་ཡིན། འདོད་པའི་ལྷ་རྒྱལ་ཆེན་རིགས་བཞི་༥༠དང་། སུམ་ཅུ་རྩ་གསུམ་༡༠༠དང་། ལྷ་ཕྲུག་ཕོ་མོ་མཉམ་དུ་མཚེ་མ་ལྟར་སྐྱེས་པས་མཚེ་མའམ་འཐབ་བྲལ༢༠༠དང་། དགའ་ལྡན་༤༠༠དང་། འཕྲུལ་དགའ་༨༠༠དང་། གཞན་འཕྲུལ་དབང་བྱེད་༡༦༠༠ཀྱི་བར་དེ་དག་འདོད་པའི་ཡོན་ཏན་སྣ་ཚོགས་ལོངས་སུ་སྤྱོད་པས་བདེ་བ་ལྟར་སྣང་ཡང་། དོན་ལ་འགྱུར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནས་མནར་བ་ཡིན་པས་ན་འགྱུར་བའི་སྡུག་བསྔལ་ཡོད་། འདོད་ཡོན་ལ་བརྩེ་ཞིང་དགའ་བས་གཡེངས་སྟེ་སྐྱིད་པའི་སྐབས་ན་ལྷ་མིན་དང་གཡུལ་འགྱེད་དེ་ཤི་རྨས་དང་། མིན་ཡང་རྒྱལ་བློན་དང་རིགས་གཟུགས་སོགས་མཐོ་དམན་མེད་པར་ཐམས་ཅད་བདེ་བ་ཅན་དང་འདྲ་བ་མིན་པས། འོད་དང་གཟི་མདངས་སྟོབས་རྩལ་ཆེ་ཆུང་སོགས་ལ་བརྟེན་ནས་གཞན་གྱིས་དཔའ་སྐོང་བ་སོགས་ཀྱི་སྡུག་བསྔལ་དང་། ནམ་ཞིག་འོག་ཏུ་ལྟུང་བ་དང་། ཟག་བཅས་ཀྱི་བདེ་བ་ཡིན་པས་འདུ་བྱེད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པ་དང་། འཆི་བའི་ཚེ་ལྷའི་ཞག་བདུན་གྱི་སྔོན་ནས་ལུས་ཀྱི་མདོག་མི་སྡུག་པར་འགྱུར་བ་དང་། ལུས་ཀྱི་རྒྱན་ཆ་མེ་ཏོག་རྙིངས་པ་དང་། འཆི་ལྟས་ཚང་བས་རང་ཉིད་ཡི་མུག་ཅིང་ཉམས་མི་དགའ་བ་དང་། ལྷ་ཟླ་བོའམ་གྲོགས་པོས་སྤོང་ཞིང་རྩར་མི་འོང་བས་སེམས་ཀྱི་འདུ་ཤེས་འཁྲུགས་པ་དང་། ཕྱི་མ་གང་དུ་སྐྱེས་པའི་གནས་འོག་མ་རྣམས་ལྷ་ཡི་མིག་གིས་མཐོང་བས་ཕལ་ཆེ་བར་ངན་སོང་གི་གནས་སུ་སྐྱེ་བ་སོགས་སུ་མཐོང་བས་རྐྱེན་བྱས་ནས་སྡུག་བསྔལ་དེ་ལ་སྐྲག་སྟེ་བརྒྱལ་བ་ན། ལྷ་ཕ་མའམ། མཛའ་བཤེས་ལ་སོགས་པས་ཉེ་བར་མི་བཅར་ཞིང་རྒྱང་རིང་པོ་ནས་བོས་ཏེ། འདི་ནས་ཚེ་འཕོས་ཏེ་འཛམ་བུའི་གླིང་དུ་ལས་ཀྱི་ས་པའི་མི་རྣམས་ཀྱི་ནང་དུ་སྐྱེ་བར་ཤོག་ཅིག འཛམ་གླིང་མིའི་རྟེན་དེར་ཡང་དགེ་བཅུར་སྤྱད་ནས་ཕྱིས་ཀྱང་ལྷའི་གནས་རིས་འདིར་སྐྱེ་བར་ཤོག་ཅིག ཅེས་ཡིད་ཀྱི་སྨོན་པ་ཁར་བཏོན་ཅིང་། གྱེས་ཕྱག་གི་ཚུལ་དུ་ལྷ་ཡུལ་ནས་འབྲལ་རན་ཁར་མེ་ཏོག་གཏོར་ནས་རྒྱང་རིང་པོར་འབྲོས་པ་དེ་ལྟ་བུའི་སྡུག་བསྔལ་ལྷའི་ཞག་བདུན་དུ་སྤྱོད་པས་ཉམ་ཐག སུམ་ཅུ་རྩ་གསུམ་ལ་མཚོན་ན་ཞག་རེར་མིའི་ལོ་བརྒྱ་རེ། ལྷའི་ཞག་བདུན་ལ་མི་ལོ་བདུན་བརྒྱ་སྟེ། དེ་ལྟ་བུ་སོགས་ཡུན་རིང་པོ་ལ་དེ་འདྲའི་འཕོ་ལྟུང་གི་སྡུག་བསྔལ་མྱོང་བ་དང་། གོང་མ་རྣམས་དེ་བས་རིང་བ་ཡིན། འོ་སྐོལ་ཏེ་ང་ཚོའི་མི་རྣམས་འཆི་བའི་ཚེ་མཛའ་གྲོགས་གཉེན་བཤེས་ཐམས་ཅད་ཀྱིས་ནད་པ་དེའི་མལ་སའི་མཐའ་བསྐོར་ནས་དེའི་འདོད་པ་ལྟར་ཡར་བཀྱག་མར་ཕབ། གོས་བརྗེ་བ་སོགས་ཐབས་དུ་མས་རེ་བ་སྐོང་ཅི་ཐུབ་བྱེད་ནའང་ཤིན་ཏུ་སྡུག་བསྔལ་ཞིང་ཡི་མུག་ན། ལྷ་དག་དེ་འདྲ་དུས་ཡུན་རིང་པོ་མི་ལོ་བདུན་བརྒྱ་སོགས་སུ་་རང་གཅིག་པུར་གནས་ནས་འཆི་འཕོའི་སྡུག་བསྔལ་མྱོང་ན་ལྟ་ཅི་སྨོས། གཞན་ཡང་བསམ་གཏན་དང་པོའི་ཚངས་རིས་ནས་བསམ་གཏན་བཞི་པའི་འབྲས་བུ་ཆེན་པོའི་བར་ཏེ། གཟུགས་ཁམས་བསམ་གཏན་གྱི་ལྷ་རྣམས་སྔོན་མི་གཡོ་བའི་དགེ་བས་གཟི་བྱིན་གྱི་དཔལ་དང་ལྡན་པ་དེ་དག་ཀྱང་ལས་ཟད་ནས་འཆི་བའི་ཚེ། ད་ལྟའི་བདེ་བ་དེ་ཉིད་འགྱུར་ནས་སྲིད་པ་ཕྱི་མར་འཇུག་པའི་སྡུག་བསྔལ་དཔག་ཏུ་མེད་དེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་ནས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་ཚངས་རིས་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་དགེ་བས་བསམ་གཏན་གྱི་གནས་སུ་བསམ་གཏན་གྱི་འབྲས་བུ་ལྷུན་གྱིས་གྲུབ་པ་དེ་དག་ཐམས་ཅད་ཀུན་ཀྱང་། འོད་དང་ཁ་དོག དཔལ་དང་གཟི་བརྗིད་མཐའ་ཡས་ཀྱང་བདག་རྟོག་འཁོར་བའི་རྩ་བ་བག་ལ་ཉལ་བ་ཡོད་པར་མ་གཟིགས་ནས། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་རྩ་མ་བཅོམ་པས་འཁོར་བ་ལས་མ་ཐར་ཞིང་མཐོ་རིས་འཕེན་པའི་དགེ་བའི་ཤུགས་ཟད་པས་ཤི་ནས་དམྱལ་བར་མི་སྐྱེ་བའི་ཆ་མེད་པའམ་ངེས་པ་མེད་དོ། །ཞེས་གསུངས་ལ། དེ་བཞིན་དུ་ནམ་མཁའ་མཐའ་ཡས་ལ་སོགས་པ་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི་འཇིག་རྟེན་པའི་ལམ་ཡིན་པས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཉེ་རྒྱུ་མ་ཡིན་པའི་རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་དབང་གིས། འབྲས་བུ་སྐྱེ་བའི་ལུང་མ་བསྟན་གྱི་བསམ་གཏན་ནམ་སྙོམས་འཇུག་ཉི་ཚེ་བར་འབྱམས། ཅི་ཞིག་ན་ཚེ་ཚད་ཟད་དེ་འཆི་འཕོས་ནས་སྲིད་པ་ཕྱི་མའི་སྡུག་བསྔལ་མི་མྱོང་ཐབས་མེད་ཡིན་ཏེ། དཔེར་ན་ནམ་མཁའ་ལ་འཕུར་བའི་འདབ་ཆགས་ཡར་ཅི་ཙམ་མཐོ་བར་འཕུར་ཏེ་གནམ་འཕང་བསྐྱོད་ཀྱང་མཐར་ངེས་པར་ས་ལ་བབ་དགོས་པ་བཞིན་དུ། ལས་ཀྱི་རྗེས་སུ་འབྲངས་ཏེ་གནས་ངེས་མེད་དུ་སྡུག་བསྔལ་ངེས་མེད་མྱོང་ན། འཇིག་རྟེན་པའི་གནས་སྐབས་ཟག་བཅས་ཀྱི་བདེ་བ་ལ་ཡིད་བརྟན་པར་བྱེད་པ་ནི་སྐྱོན་གྱི་མཚང་རེ་ཆེ་སྟེ། སློབ་སྤྲིང་ལས། སྡུག་བསྔལ་མེ་ཚོགས་ཕུང་པོས་འཇིགས་པའི་འཇིག་རྟེན་འདིར། །སྐྱེ་བོ་བདེ་སྙམ་མངོན་པའི་ང་རྒྱལ་བྱེད་པ་གང་། །དེ་ནི་གཤིན་རྗེའི་ཁ་ཡངས་འབྱེད་པར་བྱེད་པ་སྟེ། །དེ་ནི་སྐྱེ་བ་ཕྱི་མའི་ལྗོན་ཤིང་ས་བོན་ཡིན། །ཞེས་མེ་དོང་ཐལ་བས་གཡོགས་པ་ལྟར་གྱི་འཁོར་བའི་སྡུག་བསྔལ་གྱི་མེ་མུར་ལྟ་བུས་བསླུ་ཞིང་ཕུང་སྟེ་དབལ་ཚ་བའི་མེ་ཚོགས་ཀྱིས་འཇིགས་ཤིང་ཉམ་ང་བའི་འཇིག་རྟེན་གྱི་ཁམས་འདིར། སྐྱེ་བོ་རྣམས་འདི་སྣང་ལྷ་མིའི་བདེ་བས་བདེའོ་སྙམ་པ་ནི། སྡུག་བསྔལ་རགས་པ་ཕྱིར་བཅོས་པ་ཙམ་བདེ་བ་མེད་པ་ལ་བདེ་བའོ་སྙམ་ནས་མངོན་པའི་ང་རྒྱལ་བྱེད་པ་གང་དག་འདོད་ཡོན་གྱིས་གཡེང་བ་དེ་ནི། སྡུག་བསྔལ་གྱི་མཆེ་བ་རྣོན་པོས་ཟ་བར་བྱེད་པའི་ལས་ཀྱི་གཤིན་རྗེའི་ཁ་ཡངས་པར་འབྱེད་པར་བྱེད་ནས་ཤི་བ་སྒུག་པ་ལྟ་བུ་སྟེ། དེ་ལྟར་བདེ་བ་མེད་པ་ལ་ཡོད་པར་རློམ་ནས་ཞེན་ཅིང་ཆགས་པ་དེ་ནི་སྐྱེ་བ་ཕྱི་མའི་ཡང་སྲིད་ཉེ་བར་ལེན་ཏེ་སྡུག་བསྔལ་བའི་ལྗོན་ཤིང་གི་ས་བོན་བཏབ་པ་ལྟ་བུ་ཡིན་ནོ། །ཞེས་གསུངས་སོ། །དེའི་ཡན་གྱིས་ལྷའི་སྡུག་བསྔལ་བསྟན་ནས། ད་ནི་ལྷ་མ་ཡིན་གྱི་སྡུག་བསྔལ་བསྟན་པ་ནི། གཞན་ཡང་འདི་ལྟར་ལྷ་མིན་རྣམས་ལ་ནི་སྡུག་བསྔལ་དེ་བས་ཀྱང་དབལ་ཚ་སྟེ། བཤེས་སྤྲིང་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་ལུས་དང་རྫུ་འཕྲུལ་ལོངས་སྤྱོད་རྣམས་ལྷ་དང་ཕྱོགས་འདྲའང་། རིས་དང་སྐལ་བ་མི་འདྲ་བས་ན་ལྷ་མ་ཡིན་ཞེས་བྱ་ལ། ལྷ་མ་ཡིན་གྱི་གནས་དག་ཏུ་སྐྱེས་པའི་འགྲོ་བ་དེ་དག་རྣམས་ནི་རང་བཞིན་གྱིས་ཕྲག་དོག་ཆེ་བས་ལྷ་ཡི་དཔལ་དང་འབྱོར་པ་ལ་སྡང་ཞིང་། ཕྲག་དོག་གི་རླུང་འཚུབ་ཞེ་སྡང་གི་མེ་འབར་བ་སོགས་ཀྱིས་ཡིད་མི་བདེ་བས་ཡིད་ཀྱི་སྡུག་བསྔལ་ཆེ་བ་དང་། མཐོ་རིས་སུ་སྐྱེས་པའི་ལྷ་མ་ཡིན་དེ་དག་ངན་སོང་གི་འགྲོ་བ་ལ་ལྟོས་ན་བློ་དང་ལྡན་པ་ཡིན་ནའང་། རང་སའི་འགྲོ་བའི་སྡུག་བསྔལ་དང་རྣམ་སྨིན་གྱི་སྒྲིབ་པ་ཤིན་ཏུ་ཆེ་བ་དང་། ལས་ཀྱི་སྒྲིབ་པ་དང་བདེན་འཛིན་མ་རིག་འཐུག་པོས་སྒྲིབ་པས་བདེན་པ་མཐོང་བ་མ་ཡིན་ནོ། །ཞེས་གསུངས་ན། ལྷ་མ་ཡིན་དེ་དག་གི་གནས་ནི་རི་རབ་ཀྱི་ཆུ་མཚམས་མན་ན་ཡོད་ལ། ཆོས་བཟང་ལྷའི་འདུན་ས་ལ་སོགས་པ་གནས་སུམ་ཅུ་རྩ་གསུམ་ན། གཙོ་བོ་ཉེ་བའི་དབང་པོ་སོ་གཉིས་དང་། ལྷའི་དབང་པོ་བརྒྱ་བྱིན་དང་བཅས་པ་སུམ་ཅུ་རྩ་གསུམ་ཡོད་པས་སུམ་ཅུ་རྩ་གསུམ་ཞེས་པའི་ལྷ་ཡུལ་ནི། རི་རབ་ཀྱི་སྟེང་ན་ལྷའི་གྲོང་ཁྱེར་ལྟ་ན་སྡུག་པའི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་ཡོད་ལ། ཕོ་བྲང་དེ་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རིན་པོ་ཆེའི་དྲྭ་བ་དང་ཆུན་འཕྱང་གིས་བརྒྱན་པ། ཕྱི་རོལ་ན་སྐྱེད་མོས་ཚལ་དང་ཁྲུས་ཀྱི་རྫིང་བུ་དང་པདྨས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཐེམ་སྐས་དང་ལན་ཀན་དང་། འདོད་འབྱུང་དཔག་བསམ་ཤིང་གིས་བརྒྱན་པའི་དཔལ་དང་ལྡན་པ། གྲོང་ཁྱེར་ལྟ་ན་སྡུག་པའི་ས་གཞི་ཐམས་ཅད་ཤིང་བལ་གྱི་འདབ་མ་ལྟར་འཇམ་པ། ཚོན་སྣ་བརྒྱ་རྩ་གཅིག་གི་ཁ་དོག་ཅན། མཐའ་ན་གསེར་གྱི་ར་བས་བསྐོར་བ། ནོར་བུ་སྣ་ཚོགས་ཀྱི་སྒོ་རྒྱན་ཡོད་པ། ཕྱིའི་སྒོ་ཆེན་གྱི་ཕྱོགས་ཐམས་ཅད་ན་སྒོ་དགུ་བརྒྱ་དགུ་བཅུ་གོ་དགུ་ཡོད་ཅིང་། དེ་རེ་ལ་ལྷའི་སྲུང་མ་གོ་མཚོན་ཅན་ལྔ་བརྒྱ་རེས་སྲུང་བ། ཕྱོགས་ཀྱི་ལམ་སྲང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ལམ་འགྲམ་ཐམས་ཅད་ན་རྫིང་བུ་སྦྲང་རྩིའི་ཆུ་གསེར་ཅན་ཡོད་པ། ཨུཏྤལ་དང་པདྨ་དཀར་པོ་སོགས་དྲི་ཞིམ་ཅན་གྱི་མེ་ཏོག་གིས་ཁེབས་པ། མཚམས་དང་མཚམས་སུ་དཔག་བསམ་གྱི་ལྗོན་ཤིང་ཕྲེང་བ་ལྟར་བསྒྲིག་པ། དེ་རྣམས་ལ་མེ་ཏོག་དང་གོས་སོགས་འདོད་པའི་ཡོན་ཏན་ཅི་འདོད་པ་འབྱུང་བ། ལྷའི་བྱ་སྐད་སྙན་པར་སྒྲོག་པ་དང་ལྡན་པ། གྲོང་ཁྱེར་ལྟ་ན་སྡུག་དེའི་ཤར་ཕྱོགས་ན་ཤིང་རྟ་སྣ་ཚོགས་པའི་སྐྱེད་མོས་ཚལ་ཡོད་ཅིང་། དེར་འདོད་པའི་ཡོན་ཏན་སྣ་ཚོགས་ལ་ལོངས་སུ་སྤྱོད་པ་དང་། ལྷོ་ཕྱོགས་ན་རྩུབ་འགྱུར་ཚལ་ཡོད། ལྷ་རང་བཞིན་གྱིས་ངང་རྒྱུད་ཞི་ཞིང་དུལ་བ་ཡིན་པས་ཁོང་ཁྲོ་བ་མེད་ཀྱང་། ལྷ་དང་ལྷ་མིན་འཐབ་པའི་ཚེ་རྩུབ་འགྱུར་གྱི་ཚལ་དེར་སོང་ནས་དེ་ན་ཡོད་པའི་ཆུ་འཐུང་བ་ན་ཁོང་ཁྲོ་བའི་རྣམ་པ་སྐྱེས་པ་དང་། ལྗོན་ཤིང་དེ་དག་ལས་རིན་པོ་ཆེའི་གོ་ཆ་སྲ་བ་མཚོན་གྱིས་མི་ཕིག་པ་དང་མཚོན་ཆ་སྣ་ཚོགས་པ་འབྱུང་བ་དང་། ནུབ་ན་འདྲེས་མའི་ཚལ་དང་། བྱང་ན་དགའ་བའི་ཚལ་ཡོད། དགའ་བའི་ཚལ་དེའི་དབུས་ན་བསྐལ་བཟང་སངས་རྒྱས་སྟོང་གི་བཞུགས་ཁྲི་རིན་པོ་ཆེ་ལྗོན་པའི་ནང་ན་ཡོད་པའི་འོད་ཟེར་དེ་ལ་ལྷའི་དབང་པོ་མ་གཏོགས་ལྷ་ཕྲན་གཞན་གྱིས་བལྟ་མི་བཟོད་པ་དང་། ལྷའི་དབང་པོས་དེའི་ནང་བལྟ་བ་ན། ལྷ་རྣམས་ཀྱི་ཚེ་རབས་ཀྱི་ལེགས་ཉེས་དང་། གཡུལ་དུ་ཞུགས་དུས་གནོད་པས་རྫི་དང་མི་རྫིའི་མཚན་མ་སོགས་མེ་ལོང་ན་གཟུགས་བརྙན་ཤར་བ་ལྟར་གསལ་པོར་མཐོང་ཐུབ་པ་དང་། གྲོང་ཁྱེར་ལྟ་ན་སྡུག་གི་བྱང་ཤར་མཚམས་སུ་རི་རབ་ཀྱི་ས་གཞི་ཡར་བརྟོལ་ནས་བྱུང་བའི་ཤིང་ཡོངས་འདུའི་ས་བརྟོལ་ཞེས་པ་སྐྱེས་ཡོད་ལ། ཤིང་དེའི་རྩ་བ་དཔག་ཚད་ལྔ་བརྒྱ་ཐུར་དུ་ཟུག་ཅིང་སྟེང་དུ་ཡར་དཔག་ཚད་ལྔ་བརྒྱ་སྐྱེས་པ། དཔག་བསམ་གྱི་ལྗོན་ཤིང་དེ་ལས་གང་འདོད་ཐམས་ཅད་ཡིད་ལ་བསམ་པ་ཙམ་གྱིས་འབྱུང་བ། དེའི་རྩ་བ་ལྷ་མ་ཡིན་གྱི་ཡུལ་དུ་ཟུག་ཅིང་། སྡོང་པོ་དང་། ཡལ་ག་དང་། འབྲས་བུ་ཐམས་ཅད་ལྷའི་ཡུལ་དུ་རྒྱས་པ་ལ། ལྷ་རྣམས་ཀྱི་ཅི་དགར་ལོངས་སུ་སྤྱོད་པ་ལ་ལྷ་མ་ཡིན་དེ་ལ་ཕྲག་དོག་བྱེད་པ། དེའི་རྐྱེན་གྱིས་ལྷ་དང་ལྷ་མིན་འཐབ་ཅིང་རྩོད་པ་ཡིན་ཞེས་གྲག་ལ། དེས་ན་ལྷ་མ་ཡིན་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པའི་སྐྱིད་པ་དང་འབྱོར་པ་མཐོང་ནས། ཁོང་ཁྲོ་དང་ཕྲག་དོག་གི་མེས་གདུང་ནས་ལྷ་དང་འཐབ་པའི་ཚེ་གཡུལ་ངོར། ལྷའི་དམག་གིས་ལྷའི་གླང་པོ་ཆེ་རབ་བརྟན་གྱི་མགོ་བོ་སུམ་ཅུ་རྩ་གཉིས་ལ་ཉེ་དབང་སུམ་ཅུ་རྩ་གཉིས། དབུས་ཀྱི་མགོ་བོ་ལ་ལྷའི་དབང་པོ་བརྒྱ་བྱིན་ཞོན་ནས་ལྷའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ། ཀི་བསོ་ཆ་སྒྲ་དང་བཅས་ཏེ་གཟི་བྱིན་བཟོད་པར་དཀའ་བ་ཞིག་བྱེད་པ་དང་། ལྷ་རྣམས་སྔོན་ལས་ཀྱི་དབང་གིས་ལྷ་མ་ཡིན་ལས་ལུས་མི་འགྲེང་བདུན་གྱིས་མཐོ་ཞིང་ལྷ་མ་ཡིན་རྣམས་དམའ་ལ། ལྷ་རྣམས་རྫུ་འཕྲུལ་ཡོད་པས་རི་ཆེན་པོ་སོགས་འཕེན་ཞིང་། ལྷ་རྣམས་མགོ་བོ་བཅད་པ་མ་གཏོགས་གང་ལ་ཕོག་ན་ལྷའི་འཆི་གསོས་བདུད་རྩིས་གསོ་བས་མི་འཆི། ལྷ་མ་ཡིན་རྣམས་མི་དང་འདྲ་བར་གནད་སར་ཕོག་ན་ཤི་བ་དང་། གཡུལ་འཁྲུག་བྱེད་པ་ན་བརྒྱ་བྱིན་གྱི་ལག་གི་རྡོ་རྗེ་དང་། ལྷའི་མདའ་བོ་ཆེ་དང་། མཚོན་ཆའི་འཁོར་ལོ་དང་མདུང་ཐུང་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པས་ལྷ་མ་ཡིན་དེ་དག་གི་མགོ་དང་ཡན་ལག་གཅོད་ཅིང་སྲོག་འགག ལྷའི་གླང་པོ་ཆེ་ཀུན་སྐྱོང་གི་སྣ་ལ་མཚོན་ཆའི་འཁོར་ལོ་བཏགས་ནས་མངག་པའི་ཚེ་ལྷ་མ་ཡིན་གྱི་དམག་འབུམ་ཕྲག་རེ་ཙམ་མཉམ་དུ་གསོད་པ་དང་། ལྷ་མ་ཡིན་རྣམས་བསད་པའི་རོ་རི་རབ་ཀྱི་ངོས་ནས་རྦབ་འགྲིལ་བ་ན་རོལ་མཚོའི་ནང་དུ་ལྷུང་བས། རོལ་མཚོའང་དམར་པོ་ཁྲག་གི་ཁ་དོག་ཏུ་ཉིན་མང་པོར་བསྒྱུར་བ་སོགས་ཡོད་པ། གཡུལ་སར་ལུས་ཤིན་ཏུ་སྣད་པ་དང་། འཆི་བ་ལ་ཐུག་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པས་མནར་རོ། །ལྷ་མ་ཡིན་ལ་ནང་གསེས་དབྱེ་ན། ཚེ་དཔལ་ལྷའི་རིགས་དང་། སྟོབས་ལྡན་གནོད་སྦྱིན་གྱི་རིགས། རྩུབ་འགྱུར་བདུད་ཀྱི་རིགས། གསོད་བྱེད་སྲིན་པོའི་རིགས། གདུག་པ་ཀླུའི་རིགས་དང་ལྔ་ཡོད་པ་ལས། ཚེ་དཔལ་ལྷའི་རིགས་ནི་དཔལ་དང་སྐལ་བ་བཟང་བ། ངང་ཚུལ་འཇམ་ཞིང་དཀར་ཆོས་ལ་དད་པ་དང་། སྟོབས་ལྡན་གནོད་སྦྱིན་གྱི་རིགས་ནི་ནོར་དང་ལོངས་སྤྱོད་དང་། མཐུ་དང་རྫུ་འཕྲུལ་ཆེ་བ། རྩུབ་འགྱུར་བདུད་ཀྱི་རིགས་ནི་ནག་པོའི་ཕྱོགས་ལ་དགའ་བ། གསོད་བྱེད་སྲིན་པོའི་རིགས་ནི་སེམས་ཅན་ལ་འཚེ་བ་བྱེད་པ་ལ་དགའ་བ་དང་། མཁའ་ལ་རྒྱུ་བའི་ཡི་དྭགས་དང་ཕྱོགས་མཚུངས་པ། གདུག་པ་ཀླུའི་རིགས་ནི། ལུས་དང་ལོངས་སྤྱོད་བདེ་སྡུག་ཕྱེད་མར་ཡིན་ལ། བླུན་ཞིང་རྨོངས་པ་ཀླུ་དང་འདྲ་བ་ཡིན། འགྲོ་བ་ལམ་རྒྱུད་ལྔར་བཤད་པའི་ཚེ་བསྟན་བཅོས་འགའ་རེའི་ནང་ལྷ་མ་ཡིན་ལྷ་དང་དུད་འགྲོར་བསྡུ་བའང་ཡོད། མདོར་ན་ལྷ་མ་ཡིན་གྱི་སེམས་ཅན་རྣམས་སྤྱིར་བཏང་ཕྲག་དོག་དང་གདུག་རྩུབ་ཆེ་ཞིང་། གོང་དུ་བཤད་པའི་ཚེ་དཔལ་ལྷའི་རིགས་སོགས་གལ་ཏེ་བློ་གསལ་བ་དང་ལྡན་པ་དག་ཡོད་སྲིད་ཀྱང་གཙོ་བོ་རྣམ་སྨིན་གྱི་སྒྲིབ་པའི་དབང་གིས། ཉན་ཐོས་རང་གི་ལམ་གྱི་མཐོང་ལམ་མི་ཐོབ་པས་བདེན་པ་མི་མཐོང་ཞེས་ཐེག་དམན་གྱི་གཞུང་དུ་བཤད་དེ། ལྷ་མ་ཡིན་རྣམས་རྣམ་སྨིན་གྱི་སྒྲིབ་པ་ཆེ་བས་རྟེན་དེ་ལ་བདེན་པ་མི་མཐོང་ཞེས་གསུངས་ལ། འོན་ཀྱང་ཐེག་པ་ཆེན་པོའི་ལུགས་སུ་ནི་དེ་ལྟར་མ་ཡིན་པར་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས་གསུངས་པ་ཀུན་མཁྱེན་ཆེན་པོས་ལུང་འདྲེན་མཛད་མོད། དཀོན་མཆོག་བརྩེགས་པའི་ལུང་ལས་ནི། དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་ཀླུ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་བོ། །ཞེས་གསུངས། ཇི་ལྟར་ཡང་དེར་སྐྱེ་བའི་སྲིད་པ་སྤོང་བའི་ཐབས་ལ་འབད་དགོས་པ་ནི། ཀུན་མཁྱེན་གྱིས། ལྷ་མིན་པ་དག་ཤིན་ཏུ་སྡུག་བསྔལ་ན། །དེ་བས་དགེ་ལས་ཞི་བའི་འགྲོ་བ་དག །མྱུར་བ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ཅེས་འགྲོ་བའི་གནས་གཞན་དང་འདྲ་བར་ལྷ་མ་ཡིན་པའི་སྐྱེ་བ་བླངས་པའི་སེམས་ཅན་དག་ཤིན་ཏུ་སྡུག་བསྔལ་བ་ཡིན་པས་ན། དེ་བས་དགེ་བའི་ལས་ཀྱིས་ཞི་བའི་བདེ་བར་འདོད་པའི་འགྲོ་བ་དག་གིས། ལེ་ལོ་དང་རྣམ་གཡེང་གི་དབང་དུ་མ་ཤོར་བར་མྱུར་བ་ཉིད་དུ་དམ་པའི་ཆོས་རྣལ་མ་ཞིག་སྒྲུབ་པར་མཛོད་ཅིག་ཅེས་གསུངས་པ་ལྟར་རོ། །དེ་ཡན་གྱིས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སོ་སོར་བཤད་ཟིན་ནས། མདོར་བསྡུ་བ་ནི། དེ་ལྟར་འཁོར་བའི་སེམས་ཅན་ཐམས་ཅད་དུས་དང་རྣམ་པའི་སྡུག་བསྔལ་མཐའ་མེད་ཅིང་དོས་དྲག་པ་གནས་རིས་གཅིག་ནས་ཐར་ཀྱང་གཞན་གཅིག་ཏུ་འཛུད་པ་དཔེ་བཞག་ན་ཟོ་ཆུའི་ཁྱུད་མོའམ། ཟོ་ཆུའི་འཁྱུད་མོ་ཟེར་ན་གནའ་སྔ་མོར་གད་འོག་ནས་གད་ཐོག་ཏུ་ཆུ་འདྲེན་བྱེད་ཟོ་བ་མང་པོ་སྦྲེལ་ཏེ་སྟེང་འོག་བརྗེ་ནས་འཁོར་བ་ལ་ཟེར། བུམ་ནང་གི་བུང་བ་བཞིན་མཐོ་དམན་གང་དུ་སོང་ཡང་སྡུག་བསྔལ་ལས་མི་འདའ་བར་སྡུག་བསྔལ་ཁོ་ནའི་རང་བཞིན་ཅན་ཏེ། སློབ་སྤྲིང་ལས། གང་ཞིག་འཁོར་བའི་འཁོར་ལོ་རྟག་ཏུ་འཁོར་གྱུར་པའི། །ནང་དུ་ཞུགས་ནས་བསྟི་བ་ཙམ་ལ་བདེར་སེམས་པ། །དེ་ནི་ངེས་པར་དབང་མེད་རིམ་གྱིས་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམ་ཀུན་ཏུ་འཁྱམ་པར་འགྱུར། །ཞེས་སེམས་ཅན་གང་ཞིག་ཁམས་གསུམ་འཁོར་བ་རིགས་དྲུག་གི་འཁོར་ལོ་དུས་རྟག་ཏུ་བར་མེད་དུ་འཁོར་བར་འགྱུར་བའི་ནང་དུ་ཞུགས་ནས། གནས་སྐབས་སྡུག་བསྔལ་གྱི་ཚོར་བ་རགས་པ་ཞི་ནས་བསྟི་བའམ་གནས་པ་ཙམ་ལ་བདེ་བ་ཡིན་པར་སེམས་པ་དེ་ནི། ངེས་པར་ལས་ཉོན་གྱིས་དབང་མེད་པ་ཡིན་པས་རིམ་གྱིས་ལན་གྲངས་བརྒྱ་ཕྲག་དག་ཏུ་འགྲོ་བའི་་རིགས་དང་ལུས་རྟེན་སྣ་ཚོགས་མཉམ་དང་མི་མཉམ་སྟེ་འདྲ་དང་མི་འདྲ་བར་ཀུན་ཏུ་འཁྱམ་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་འཁོར་བའི་སྡུག་བསྔལ་དེ་དུས་རྒྱུན་རིང་ལ་རྣམ་པ་དོས་དྲག་པར་ཡིན་པས་ན། དེ་ལས་ཐར་པ་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བས། དེ་སྟོང་ལོག་དང་ཆུད་ཟོས་སུ་མ་བྱེད་ཅིག་ཅེས་པ་སྟེ། །སློབ་དཔོན་པདྨས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་ན་དོན་ཆེན་ཡིད་བཞིན་ནོར་ལས་ལྷག །ཅེས་དང། ཀུན་མཁྱེན་ཀློང་ཆེན་པོས། དལ་འབྱོར་འདི་ནི་ཐོབ་པ་བརྒྱ་ལམ་ཙམ། །དེ་བས་ཆོས་དང་མཇལ་བ་ཉིན་སྐར་ཙམ། །ཞེས་དང་། རྗེ་བདག་ཉིད་ཆེན་པོས། མི་ཡི་ལུས་དང་བསྟན་དང་མཇལ་བ་ནི། །ཡང་ཡང་མི་རྙེད་ད་རེས་ཙམ་ལགས་ཤིང་། །འདི་ན་དོན་ཆེན་སྒྲུབ་པའི་གནས་ཡོད་པའི། །ཚུལ་འདི་སོམས་ལ་མི་ལུས་སྙིང་པོ་ལོངས། །ཞེས་གསུངས་པ་བཞིན་ནོ། །འོ་ན་ངན་འགྲོའི་གནས་དང་རིགས་དྲུག་ཐུན་མོང་གི་སྡུག་བསྔལ། གསུངས་ན་འདི་ལ་ངན་སོང་དང་ངན་འགྲོ། ལོག་པར་ལྟུང་བ་ཞེས་གསུངས་ས་ཡོད་ན་རེ་རེ་བཞིན་རིམ་པར་ ཆོས་ངན་པར་སྤྱོད་ཅིང་ཡ་ང་བའི་གནས་ངན་པར་སོང་བས་ན་ངན་སོང་དང་། སྡུག་བསྔལ་དྲག་པོ་ཡུན་རིང་པོར་བར་མེད་དུ་མྱོང་བས་ན་ངན་འགྲོའི་གནས་དང་། གནས་རིས་འོག་མར་གནས་ཤིང་གཡང་ས་ཆེ་ཞིང་ཉམ་ང་བ། ལོག་པའི་ལས་ཀྱིས་ལོག་པའི་ལམ་དུ་ཁྲིད་ཅིང་ལོག་པར་ལྟུང་བས་ན་ལོག་པར་ལྟུང་བ་ཞེས་གསུངས་པ་ཡིན། དེ་ལྟ་བུའི་ངན་འགྲོའི་གནས་དང་རིགས་དྲུག་ཐུན་མོང་གི་སྡུག་བསྔལ་ཐམས་ཅད། སངས་རྒྱས་མཁྱེན་པ་དང་ཐུགས་རྗེ་ཅན་ཡིན་ཞིང་། ཕྲིན་ལས་ཚད་མེད་པ་མངའ་བས་སངས་རྒྱས་ཀྱིས་སྐྱོབ་པས་ན་དྲག་གི་ཨའུ་ཙི་མོད་སྙམ་ན། དེ་ལྟར་མ་ཡིན་ཏེ། འདུལ་བ་ལུང་ལས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་སྟོན་པ་སངས་རྒྱས་ངས་ནི་གདུལ་བྱར་གྱུར་པ་ཁྱེད་རྣམས་ལ་འཁོར་བ་ལས་ཐར་པའི་ཐབས། ལམ་དམ་པའི་ཆོས་ཀྱི་བདུད་རྩི་ཞི་བ་བསིལ་བར་གྱུར་པ་བསྟན་ཟིན་པ་ཡིན་གྱི། དམ་པའི་ཆོས་ཚུལ་བཞིན་ཉམས་སུ་བླང་ན་ཐར་པ་ཐོབ་པ་ཡིན་པས། ཨེ་ཐར་མི་ཐར་རང་ལ་རག་ལས་ཤིང་རང་ལག་ཡོད་པས་ན་སྡུག་བསྔལ་བྲལ་ནས་ཐར་པ་ཐོབ་དགོས་ན་བརྩོན་པར་གྱིས་ཤིག །ཅེས་གསུངས་པས་རང་ཅག་དུས་སྙིགས་མའི་སེམས་ཅན་རྣམས་བླང་དོར་གྱི་གནས་ལ་བློ་རྨོངས་པའི་ཕྱིར། བདེ་བར་གཤེགས་པས་གང་ཟག་སོ་སོའི་བློ་རིགས་དང་མཐུན་པའི་ཆོས་བསྟན་ནས་ཐབས་དུ་མའི་སྒོ་ནས་ཐར་པའི་ལམ་བསྟན་པ་ཙམ་ལས། འཁོར་བ་དང་ངན་སོང་ལས་ཐར་པ་ནི་རང་གི་བརྩོན་པ་ཁོ་ན་ལ་རག་ལས་པ་ཡིན་པས། དཔེར་ན་གཉིད་ཀྱིས་མྱོས་པའི་ཚེ་རྨི་ལམ་སུས་ཀྱང་དགག་མི་ནུས་པ་བཞིན་ནོ། །མི་སྐྱ་ཕོ་མོ་སོགས་ཀྱིས་ཤི་དུས་བླ་མས་འདྲེན་འགྲོ་བསམ་ནས། རང་ངོས་ནས་དམ་པའི་ཆོས་ཚུལ་བཞིན་མ་བསྒྲུབ་ན། བླ་མས་འུར་མཐིལ་དུ་རྡོ་བཞག་ནས་འཕངས་པ་ལྟར་དག་པའི་ཞིང་ཁམས་སུ་འཕེན་ནུས་པ་མ་རེད། བླ་མ་དང་སངས་རྒྱས་ལ་ནུས་པ་མེད་པ་མ་རེད། དད་པ་ཡོད་གསོལ་བ་བཏབ་ན་བྱིན་རླབས་འབྱུང་ཡང་། རང་ཉིད་ཀྱི་ངོས་ནས་ཀྱང་འབད་པ་དང་བརྩོན་འགྲུས་ཡོད་དགོས། ཁྱད་པར་དུ་དད་པ་དང་ཡིད་ཆེས་མེད་ན་དཀའ་བ་རེད། དེ་དག་ཡོད་ན་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས། ཆོས་ཉིད་བདེན་པའི་སྟོབས་ཀྱིས་འདྲེན་ཐུབ་པ་རེད། གལ་ཏེ་དེ་ལྟར་མིན་པར་སངས་རྒྱས་ཀྱིས་འདྲེན་བཞག་ན་ཆོག་པ་རྐྱང་རྐྱང་ཞིག་ཡིན་ན། སངས་རྒྱས་ཐུགས་རྗེ་ཅན་དེ་དག་གཅིག་གི་ཐུགས་རྗེའི་འོད་ཟེར་གྱིས་ཀྱང་སྲིད་པ་འདི་དཔག་ཏུ་མེད་པའི་སྔ་རོལ་ནས་སྟོངས་པར་མཛད་ཟིན་ངེས་སོ། །རྒྱུ་མཚན་དེ་བས་ན་འོ་སྐོལ་མཐའ་མེད་སྡུག་བསྔལ་ཅན་གྱི་འཁོར་བའི་དོང་དུ་ནི་ལྷུང་། ཡུལ་དང་ཡུལ་ཅན་གཉིས་སུ་ཞེན་པའི་གཟུང་འཛིན་གྱི་སྒྲོག་དོམ་པོས་ནི་བཅིངས། ཆགས་སོགས་ཉོན་མོངས་པའི་མཚོན་གདུག་པའི་དབལ་གྱིས་ནི་བསྣུན། རྟེན་འབྲེལ་བཅུ་གཉིས་སྲིད་པའི་འཁོར་ལོ་ཆུ་རྒྱུན་བཞིན་དུ་བར་མེད་དུ་འཁོར་བས། ད་ལྟའི་སྡུག་བསྔལ་ལ་སྤྱོད་ཅིང་སྲིད་པ་ཕྱི་མའི་སྡུག་བསྔལ་འདྲེན་པ་ལས་འོས་མེད་པ་འདིར་ལེགས་པར་བསམས་ནས། དེ་ལྟར་མ་རྟོགས་པའི་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་དཔག་ཏུ་མེད་པར་བསྐྱེད། སྙིང་རྗེ་ཞེས་པ་དེ་རང་རེའི་ཁ་སྐད་ལྟར་བཤད་ན་སེམས་ཀྱི་བསམ་བློ་གཏོང་ལུགས་ཁྱད་པར་བ་ཞིག་རེད། སེམས་ཡོད་པའི་སེམས་ཅན་མང་ནའང་སྤྱིར་བཏང་བཤད་ན་སྙིང་རྗེའི་ནུས་པ་འདོན་ཐུབ་པ་འུ་ཚོ་འགྲོ་བ་མི་འདི་ཡིན། དེ་ཡིན་ན་སྙིང་རྗེ་ཟེར་བ་འདི་རྒྱུ་དངོས་པོ་ཐམས་ཅད་ལས་རྩ་བ་ཆེ་ཤོས་དང་། རིན་ཐང་ཆེ་ཤོས་དེ་ཡིན་ཞིང་། སྙིང་རྗེ་ཞེས་པའི་རིན་ཐང་ཅན་དེ་མི་སུའི་རྒྱུད་ན་ཡོད་ན་དེའི་མི་དེའང་རིན་ཐང་ཅན་ཡིན། སྙིང་རྗེ་དེ་ཡང་བསམ་པ་བཟང་པོས་ཀུན་ནས་སློང་བ་ཞིག་ཡིན་ལ། སྙིང་རྗེ་སུ་ལ་ཡོད་ན་དེས་གཞན་ཕན་ཞིག་བསྒྲུབ་ཐུབ་པ་རེད། རང་རེ་རྣམས་ལའང་བསམ་པ་བཟང་པོ་དང་ཀུན་སློང་ཡག་པོ་ཞིག་ཡོད་ན་རང་ཉིད་བདེ་སྐྱིད་འདོད་བློ་གང་བ་ཞིག་འོང་བས་མི་ཚད་པར། རང་གི་ཁོར་ཡུག་གི་མི་ཡིན་ནའང་དེའི་ཤུགས་རྐྱེན་གྱིས་འཚོ་བ་ཡག་པོ་ཞིག་མྱོང་ཐུབ་འགྲོ་བ་རེད། དེ་འདྲའི་སྙིང་རྗེ་དང་ཕན་སེམས་དེ་ཡར་རྒྱས་དང་ཁྱབ་གདལ་དུ་སོང་ན། དེ་བས་ཁྱབ་ཆེ་བའི་ཡུལ་གྲུ་མང་པོ་དང་གླིང་ཆེན་གཞན་གྱི་མི་དང་། སེམས་ཅན་མང་པོ་ཞིག་གིས་དེའི་རྐྱེན་གྱིས་བསྐྲུན་པའི་བདེ་སྐྱིད་ཀྱི་ཚོར་སྣང་དེ་མྱོང་ཐུབ་པ་རེད། ཁྱད་པར་དུ་དེང་སང་གི་ཡུལ་དུས་ཀྱི་གནས་སྐབས་དང་བསྟུན་ན། རང་རེ་འགྲོ་བ་མིའི་རིགས་འདི་ལ་ཕྱི་ལུས་ཀྱི་དཀའ་ངལ་མང་པོ་ཞིག་མྱོང་བར་མ་ཟད། ནང་སེམས་ཀྱི་དཀའ་ངལ་མང་པོ་ཞིག་མུ་མཐུད་ནས་འཕྲད་འདུག་གིན་ཡོད་པ་རེད། བཟློག་ཏུ་མེད་པའི་ཕྱིའི་རྒྱུ་རྐྱེན་གྱིས་འོང་བའི་དཀའ་ངལ་ཟློག་ཐབས་མེད་རུང་། ཁྱད་པར་དུ་དངོས་པོ་ཡར་རྒྱས་ཀྱི་སྐབས་འདི་དང་བསྟུན་ནས་མི་དགོས་པའི་དཀའ་ངལ་སྣོན་མ་མང་པོ་ཞིག་ནང་རང་གི་སེམས་ཀྱིས་བཟོས་པ་དང་། སེམས་ཀྱི་ནང་ནས་ཆ་རྐྱེན་ཞིག་མ་ཚང་བའི་སྟབས་ཀྱིས་སྡུག་བསྔལ་རང་གིས་མ་གཏོགས་མི་རིག་པའི་མང་པོ་མྱོང་འདུག་གིན་ཡོད་རེད། དེའི་སྡུག་བསྔལ་དང་དཀའ་ངལ་དེ་ཚོ་མི་དགོས་པ་ཞིག་ཡིན་པར་མ་ཟད། སྡུག་བསྔལ་དང་དཀའ་ངལ་དེ་དག་བསལ་ན་རང་གིས་སེལ་ཐུབ་རྒྱུ་ཅན་ཞིག་ཡིན་པ་རེད། ཆོས་བཤད་དུས་འཁོར་འདས་ཐམས་ཅད་སེམས་ལ་ཐུག་ཅེས་པ་ལྟར། སེམས་འདིས་བསམ་བློ་གཏོང་ལུགས་མ་རེད་པས་ཉེས་སོང་དུས་སྡུག་བསྔལ་གྱི་ཐོག་ན་སྡུག་བསྔལ། སྡུག་བསྔལ་འགོ་ནས་མི་དྭངས་པ་ཞིག་རང་གིས་རང་ལ་བྱེད་ཀྱིན་ཡོད་རེད། དེས་ན་སེམས་ཀྱི་སྦྱོང་བརྡར་དང་སེམས་ཀྱི་བསྒྱུར་བཅོས། སེམས་ཀྱི་ལྟ་ཚུལ་ཡང་དག་ཅིག་ཡོད་པར་བྱེད་དགོས། ད་སྔར་རང་ལ་བསམ་བློ་ཡང་དག་པར་ཡོད་ན་ཕུན་སུམ་ཇེ་ཚོགས་སུ་གཏོང་། མེད་ན་ད་སེམས་ཀྱི་ལྟ་ཚུལ་ཡང་དག་པ་ཞིག་ཡོད་པར་བསྒྲུབ་དགོས། རྒྱུ་ཅ་ལག་མཁོ་ཆ་སྣོད་རྫས་ཉེར་སྤྱོད་ཀྱི་དངོས་པོ་གང་ཡིན་ན་ཡག་པོ་སྟབས་བདེ། སྤུས་དག་བེད་ཆོད་པ་ཡིན་དགོས། ལུས་ངག་གཉིས་གཡོག་པོ་རེད། དེ་ལ་དེ་འདྲར་དགོས་ན་སེམས་དཔོན་པོ་འདྲ་བོ་རེད། དེ་ལ་རིན་ཐང་དང་སྤུས་ཚད་ཅུང་ཟད་ཡོད་དགོས་པ་རེད་མ་གཏོགས་དེ་མེད་ན་ཚར་སོང་བ་རེད། ཕྱི་ཡག་ནང་བཙོག་ལ་རིན་ཐང་ཞིག་གང་ན་ཡོད་ཁྱི་ལུད་དར་བཏུམ་ཟེར་རེད། ཁྱི་ལུད་དར་བཏུམ་ལ་མི་གཙང་བའི་དྲི་ངན་ཡོད་པས། འགོས་ཨེ་འོང་བསམ་ནས་དོགས་དགོས་ས་ཞིག་རེད། དེ་འདྲ་ཡིན་དུས་བསམ་པ་བཟང་པོའི་རྩ་བ་ཅན་གྱི་སྙིང་རྗེ་ཞིག་ཡོད་ན་གཞན་ཕན་རང་ཤུགས་ཀྱིས་ཡོང་། གཞན་ཕན་གྱི་སེམས་ཤིག་ཡོད་ན་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་ཞིག་མི་སྐྱེ་ཐབས་མེད་ཡིན་ན། དེ་དུས་རང་གཅེས་འཛིན་འདི་ཇེ་ཆུང་ལ་མི་འགྲོ་བའི་དབང་མེད། མི་འདོད་པའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་དེད་ན། ང་བསམ་རྒྱུའི་རང་གཅེས་འཛིན་བྱེད་པ་འདིའི་ཁོངས་ནས་འབྱུང་བ་རེད། ང་ཐད་དུ་བཞག་ནས་གཞན་དང་སུའི་གནད་ཆེ་ས་རེད་ཅིག་བལྟས་ན། ང་ཞེས་གཅིག་པུ་ཞིག་རེད། གཞན་ཞེས་པ་མཐའ་ཡས་པ་མང་པོ་རེད། ང་གཅིག་པུའི་དོན་དུ་མང་པོ་ཞིག་ལ་སྡུག་བསྔལ་མྱོང་འཇུག་གམ། ཡང་ན་གཞན་མང་པོའི་དོན་དུ་ང་གཅིག་པུ་ཅི་རེད་ན་རེད་བསམ་པ་དེ་གཉིས་གདམ་ཁ་བྱེད་རྒྱུ་རེད། ཁྱད་པར་དུ་སེམས་ཅན་ཞེས་པ་ཚེ་སྔ་མའི་ཕ་མ་མཛའ་བཤེས་ཡིན་པ་ལ་བསམ་བློ་གཏོང་ན་སྙིང་རྗེ་མི་སྐྱེ་ཐབས་མེད་རེད། རང་གི་ཚེ་འདིའི་གཉེན་ཉེ་མཛའ་དང་མཐུན་གྲོགས་ལ་གཅེས་ཤིང་ཆགས་ཞེན་བྱེད་པ་དེ། སྙིང་བརྩེ་ཆུང་ངུ་ཆགས་ཞེན་དང་འབྲེལ་བ་ཞིག་རེད། དེ་ལྟར་མ་ཡིན་པར་སྙིང་རྗེ་ངོ་མ་ཞིག་སྐྱེ་བར་བྱེད་པ་ལ། སྙིང་རྗེའི་ཡུལ་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཞིག་དང་། སྡུག་བསྔལ་མཐའ་དག་བྲལ་འདོད་པ་ཞིག་དགོས། དེ་ལ་ད་གཟོད་སྙིང་རྗེ་ཆེན་པོའི་མིང་ཐོགས་པ་རེད། དེ་ལྟ་བུའི་སྙིང་རྗེ་དེ་རྐྱེན་གཞན་གྱིས་བཟློག་ཏུ་མེད་པར་བཟོད་བསྲན་ཅན་ཚུགས་ཐུབ་པའི་སྙིང་རྗེ། སྐབས་རེར་སྙིང་རྗེ་སྐྱེ་བ་ལྟ་བུ་རེས་འགའ་བ་མ་ཡིན་པར་སྙིང་རྗེ་བརྟན་པོ། སྙིང་རྗེ་རྒྱ་ཆེན་པོ་ཞིག་དགོས་ན། དེ་སྦྱང་སའི་དགེ་རྒན་མཆོག་ཏུ་གྱུར་པ་དེ་གང་ཡིན་ན་དགྲ་ཡིན་ཏེ། གོང་དུ་བཤད་པ་ལྟར། ཁོང་ཁྲོ་སྐྱེ་ཡུལ་མེད་ན་བཟོད་པ་སུ་ལ་སྒོམ། ཕ་མས་སློབ་མི་ཤེས་པའི་བཟང་ཡོན་ཏན་དགྲ་ལ་བརྟེན་ནས་ལོབ་དགོས་པ་རེད། དེས་ན་སྙིང་རྗེ་དེ་ཆོས་ཀྱི་སྙིང་པོ་ངོ་མ། ཐར་ལམ་མ་ནོར་བའི་འཇུག་ངོགས། རང་གཞན་བདེ་ལ་འགོད་བྱེད་ཀྱི་ཐབས་དེ་ཡིན་པར་མ་ཟད། གནས་སྐབས་བསམ་བློ་གཏོང་ནའང་། སྙིང་རྗེ་མེད་པའི་སྲིན་པོ་འདྲ་ཤ་སྟག་དང་མཉམ་དུ་གཤིབ་ན། སྦྲུལ་ཚང་ནང་དུ་བསྡད་པ་ལྟ་བུ་རེད། བདེ་བ་སྐད་ཅིག་ཙམ་ཡང་་མི་ཐོབ། མདོར་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞིག་གིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་དགོས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་མངོན་དུ་མཛད་པའི་རྒྱུ་ངོ་མ་སྙིང་རྗེ་ཡིན་ཏེ། དཔེར་ན་ལོ་ཏོག་ལ་ཐོག་མར་ས་བོན། བར་དུ་ཆུ། ཐ་མར་སྨིན་པ་གལ་ཆེ་བ་ལྟར་དུ། སངས་རྒྱས་ཀྱི་ལོ་ཏོག་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་སྙིང་རྗེ་ཡིན་པ་དེས་ན་དཔལ་ལྡན་ཟླ་བས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པས། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེར་བསྟོད་པར་བགྱི། །ཞེས་གསུངས་པ་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བྱའོ། །ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྫོགས་པར་བགྱིད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། ཆོས་གཅིག་གང་ཞེ་ན་སྙིང་རྗེ་ཆེན་པོའོ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྙིང་རྗེའི་རྩ་བ་ཅན་ནོ། །ཞེས་དང་། དཔལ་ས་ར་ཧ་པས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །ཞེས་གསུངས་པ་རེད། དེས་ན་སྙིང་རྗེ་ཅན་གྱི་མི་གཞན་ཕན་མ་གཏོགས་མི་བསམ་པ་དེ་བརྒྱ་བརྒྱའི་ནང་ན་རེ་རེ་ཙམ་ཡིན་པས། མིའི་ནང་ན་ནོར་བུ་དང་འདྲ་བ་རྙེད་པར་དཀའ་བ་ཡིན་པ་རེད། དེས་ན་རང་གི་རང་ལ་དེ་འདྲའི་རིན་ཐང་ལྡན་པ་ཞིག་བྱས་སྟེ། སྙིང་རྗེ་དཔག་ཏུ་མེད་པ་བསྐྱེད། སེམས་ཅན་དེ་དག་ཐམས་ཅད་ཐར་པའི་ལམ་ལ་བཀྲི་བའི་ཆེད་དུ་ཉི་མ་དེ་རིང་ནས་བཟུང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དཀོན་མཆོག་གསུམ་ཐབས་དུ་མའི་སྒོ་ནས་མཆོད་པ་དང་། མི་དགེ་བའི་བསམ་པ་སྐད་ཅིག་མ་སྐྱེ་བ་ཡན་ཆད་ལ་སྟོབས་བཞི་ཚང་བའི་གཉེན་པོ་ཤུགས་དྲག་པོས་གཅུན་ནས་བཤགས་སྡོམ་བྱ་དགོས་ཏེ། འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཕྲ་མོ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །གསུངས་ན་སྡིག་པ་མི་དགེ་བའི་ལས་རེར་འདི་ཆུང་ཆུང་རེད་འདིས་མི་གནོད་བསམ་ནས་བརྙས་པར་མི་བྱ་སྟེ། དཔེ་མེ་རྟག་ཕྲ་མོ་ཆུང་ངུས་ལྷ་རི་གཉན་པོ་སྲེག་འགྲོ་བ་བཞིན་ནོ། །ཅེས་གསུངས་ལ། དགེ་བ་སྔར་བསགས་འདུན་པ་དྲག་པོས་སྨོན་ལམ་གྱིས་ཁ་བསྒྱུར་ནས་ཡར་མང་པོར་སྤེལ་བ་དང་། དགེ་བ་གསར་པ་གསོག་པ་ལ་སྒོ་དུ་མ་ནས་འཇུག་སྟེ། ཉི་མ་རེ་རེའི་དུས་ཚོད་ལའང་དལ་འབྱོར་དོན་ཡོད་བྱ་བ་ལ་འབད་དགོས། ད་ལྟའི་སྐབས་ན་དགེ་བ་སྒྲུབ་མ་ཐུབ་ན་ངན་སོང་ངན་འགྲོའི་གནས་སུ་སྐྱེས་དུས། གཅིག་ན་རང་དབང་མེད་པ་དང་། གཉིས་ན་རང་རྒྱུད་ལས་སུ་མི་རུང་བ་ལ་སོགས་པའི་སྐབས་སུ་འཇིགས་པ་ལས་སྐྱོབ་པའི་སྐྱབས་བཙལ་ཀྱང་མི་རྙེད་པས་ན། ད་ལྟ་རང་དབང་ཡོད་པ་སོགས་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་དུས་དད་པ་དང་ངེས་འབྱུང་སོགས་དགེ་བའི་བསམ་པ་ཆ་ཤས་ཕྲ་མོ་ཚུན་ཆད་ནས་གསག་ཅིང་། དྲན་ཤེས་བག་ཡོད་དང་ལྡན་པས་དཀར་པོ་དགེ་བའི་ལས་འབའ་ཞིག་གིས་མི་ཚེའི་དུས་ཚོད་འདའ་བར་བྱེད་དགོས། ཡང་གང་ཟག་འགའ་ཞིག་གིས་བདག་ཤེས་རབ་ཆུང་བས་ཐོས་བསམ་མི་ནུས་སྐད་པ་སྟེ་མི་ནུས་ཟེར་བ་དང་། ཡང་གང་ཟག་འགའ་ཞིག་གིས་བདག་ལོངས་སྤྱོད་ཀྱི་འབྱོར་པ་དམན་པས་ཟག་བཅས་ཟང་ཟིང་གི་མཆོད་སྦྱིན་མི་འགྲུབ་སྐད་པ་དང་། གང་ཟག་འགའ་ཞིག་གིས་བདག་ན་སོ་རྒས་པས་ཆོས་བསྒྲུབ་པ་མི་ཡོང་སྐད་པ་སོགས་སྨྲ་ཞིང་སེམས་པའང་ལུས་ངག་དང་ལོངས་སྤྱོད་ཀྱིས་མི་འབྱོར་བ་མིན་གྱི། གཙོ་བོར་སེམས་ཁོ་ནས་མ་ནུས་པ་ཡིན་ཏེ། བརྩོན་འགྲུས་དང་སྤོབས་པ་བསྐྱེད་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པས་ཀྱང་ཐར་པ་བསྒྲུབ་ནུས་པར་གསུངས་ན་སྨྲ་ཤེས་དོན་གོ་བའི་མི་ཡིས་བསྒྲུབ་ནུས་པ་ལྟ་ཅི་སྨོས་ཏེ། ཤཱནྟ་དེ་ཝས་སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པར་གསུངས་པས་བདེན་འདི་གསུངས། །ཞེས་རང་གིས་རང་ལ་བརྙས་ཏེ་བདག་འདྲ་བའི་དམན་པས་རྫོགས་པའི་བྱང་ཆུབ་ག་ལ་ཐོབ་ཅེས་སྒྱིད་ལུག་པ་དང་ཡིད་ཆད་པར་ནི་མི་བྱ་སྟེ། རྒྱུ་མཚན་འདི་ལྟར་ཡིན་ཏེ། དེ་བཞིན་གཤེགས་པ་ནི་བརྫུན་གྱི་ཚིག་མི་མངའ་བས་བདེན་པ་འབའ་ཞིག་གསུངས་པའི་བསླུ་བ་མེད་པ་ཡིན་པས། དེས་བདེན་པའི་ཚིག་འདི་ལྟར་གསུངས་ཡོད་དེ། ལག་བཟང་གིས་ཞུས་པ་ལས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་རྗེས་སུ་སློབ་སྟེ། གང་དག་སེང་གེ་དང་། སྟག་དང་། ཁྱི་དང་། ཅེ་སྤྱང་དང་། བྱ་རྒོད་དང་ཁྲུང་ཁྲུང་དང་བྱ་རོག་དང་འུག་པ་དང་། སྲིན་བུ་དང་། སྦྲང་མ་དང་སྦྲང་བུ་དང་། ཤ་སྦྲང་དུ་གྱུར་པ་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ན། བདག་མིར་འགྱུར་བཞིན་དུ་སྲོག་གི་ཕྱིར་ཡང་བྱང་ཆུབ་ཐོབ་པའི་བརྩོན་འགྲུས་ཉམས་པར་བྱེད་སྙམ་མོ། །ཞེས་དང་། དཀོན་མཆོག་སྤྲིན་ལས་ཀྱང་གསུངས་པ་དེས་ན། སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པས། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ། །ཅེས་སྲོག་ཆགས་དམན་པའི་མཐར་ཐུག་པ་སྦྲང་བུ་དང་ཤ་སྦྲང་བུང་བ་དང་། དེ་བཞིན་དུ་སྲིན་བུར་གང་གྱུར་པའི་སེམས་ཅན་དེ་དག་གིས་ཀྱང་བརྩོན་པའི་སྟོབས་ཤུགས་བསྐྱེད་ན། རྫོགས་པའི་བྱང་ཆུབ་ཅེས་པ་ཐོབ་དཀའ་བ་བླ་ན་མེད་པ་དེ་ཐོབ་བོ་ཞེས་གསུངས་ན། །བདག་ལྟའི་རིགས་ཀྱིས་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་ནས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་བདག་ཅག་ལྟ་བུ་རིགས་ཀྱི་ཁྱད་པར་མི་རུ་སྐྱེས་ཤིང་། བསམ་པའི་ཁྱད་པར་བྱང་ཆུབ་སྒྲུབ་པ་ལ་ཕན་པ་དང་གནོད་པའི་འཇུག་ལྡོག་གི་གནས་ངོ་ཤེས་པས། བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་ནས་བརྩོན་པ་ལྷུར་ལེན་ནས་དེ་ཉིད་མ་བཏང་ན། སྲིན་བུ་པདྨ་ཡན་གྱིས་ཐོབ་ན་མིར་གྱུར་པ་བདག་གིས་བྱང་ཆུབ་ཅིས་མི་ཐོབ་སྟེ་ཐོབ་བོ། །ཞེས་གསུངས་པ་དང་། མདོ་སྡེ་རྒྱན་ལས། གལ་ཏེ་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །གལ་ཏེ་སེམས་ཅན་མིར་གྱུར་པ་བདག་ཅག་ལྟ་བུ་ཚད་མེད་པ་མང་པོ་ཞིག་གིས་སྐད་ཅིག་རེ་རེ་ལ་ཚོགས་བསགས་ཏེ་རྫོགས་པའི་བྱང་ཆུབ་ཐོབ་པ་ཡིན་ན། རྒྱུ་མཚན་དེའི་ཕྱིར་བདག་ལྟ་བུས་ཐོབ་པ་མི་ནུས་ཞེས་ཞུམ་པ་དང་དུ་བླང་བར་མི་བྱའོ། །ཞེས་སེམས་སྟོབས་ཆེན་པོས་བརྩོན་པ་བསྐྱེད་ཅིག་གསུངས་པའི་ཕྱིར་རོ། །གཞན་ཡང་དགེ་བའི་ལས་ཇི་སྙེད་པ་ལའང་ངས་ད་སྔོན་ཆེ་ཚད་ཆུང་མིན་ཞིག་བསྒྲུབས་ཡོད། དེས་ཆོག་རྒྱུ་རེད་ཅེས་པ་ལྟ་བུའི་ཆོག་ཚོད་དང་། རྩིས་གྲངས་བརྒྱབ་ནས་ངས་གྲངས་ཀ་མང་པོ་འདི་འདྲ་བསྒྲུབས་ཡོད་དེས་ཆོག་གོ་སྙམ་པ་ལྟ་བུའི་རྩིས་གྲངས་ཀྱིས་ཁྲིགས་སུ་བཅད་པར་མི་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་རྩ་བ་གཅིག་ལ་ཆགས་པར་མ་བྱེད་ཅིག ཆོས་ཀྱི་སྒོ་གཅིག་དང་། སྤྱོད་པ་གཅིག་ཡོངས་སུ་རྫོགས་པས་ཆོག་པར་མ་འཛིན་ཅིག ཅེས་ཐེག་ཆེན་གྱི་རིགས་དང་ལྡན་པས་རིགས་ཀྱི་བུ་ཞེས་བོས་ནས། ཁྱོད་ཀྱིས་དགེ་བའི་རྩ་བ་ཕྱག་འཚལ་བ་ལ་སོགས་པ་སྣ་གཅིག་ལ་ཆགས་པའམ་ཆོག་ཤེས་པར་མ་བྱེད་ཅིག ཆོས་ཀྱི་སྒོ་གཅིག་དང་། བྱང་ཆུབ་ཀྱི་སྤྱོད་པ་སྣ་གཅིག་ཁོ་ན་ཡོངས་སུ་རྫོགས་པས་དེ་གཅིག་པུས་ཆོག་པར་མ་འཛིན་ཅིག དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་བསྡུ་བར་བྱ་དགོས་སོ། །ཞེས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་རྒྱ་མཚོ་ཆུས་མི་ངོམས་པ་ལྟར་དགེ་བའི་རྩ་བ་ཚད་མེད་པས་མི་ངོམས་པར་ཡོངས་སུ་བསྡུ་བར་བྱ་དགོས་སོ། །ཞེས་གསུངས། ད་ལྟ་འོ་སྐོལ་གྱི་དགེ་བ་ཇི་ཙམ་ཞིག་འབད་ཀྱང་དེ་ཉིད་སྡིག་པ་མི་དགེ་བའི་ལས་དང་གཏན་ནས་མ་འདྲེས་པའང་རྣམ་པར་བརྟགས་ཤིང་དཔྱད་ན་འོང་མི་ཐང་བའི་ཕྱིར་དང་། གལ་ཏེ་སྡིག་པ་མ་འདྲེས་པའི་དགེ་བ་རེ་རེ་ཙམ་སྐབས་རེར་སྲིད་ནའང་ཡིད་ཅན་ནམ་རྨོངས་པའི་སེམས་ཅན་ཕལ་ཆེར་བློ་གྲོས་ཀྱི་མིག་རྨོངས་པའི་དྲི་མས་མ་དག་པས་སྦྱོར་བ་སེམས་བསྐྱེད་དམ་པ་དང་། དངོས་གཞི་དམིགས་མེད་དམ་པ། རྗེས་བསྔོ་བ་དམ་པ་སྟེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པའི་དམ་པ་གསུམ་དང་འབྲེལ་བའི་དགེ་བའི་རྩ་བ་གསོག་པ་ཤིན་ཏུ་དཀོན་ལ། སྦྱོར་དངོས་རྗེས་གསུམ་ནི་དམ་པ་གསུམ་པོ་དེ་ཡིན་ལ། སྤྱིར་ཐེག་ཆེན་མདོ་སྔགས་ཀྱི་ལམ་གཉིས་འབྲས་བུ་ལམ་བྱེད་ཀྱི་ཐབས་མཁས་ཡིན་མིན་གྱིས་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་ཐ་དད་པ་རེད། དེའི་ཁྱད་པར་དེ་བསམ་སྦྱོར་གཉིས་ལས་སྦྱོར་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་ཚུལ་གྱི་ཐོག་ནས་ཕྱེ་བ་རེད་མ་གཏོགས། འཇུག་སྒོ་བསམ་པའི་ངོས་ནས་ཁྱད་པར་ཡོད་པ་མ་རེད། དེས་ན་ཐེག་ཆེན་ལམ་གྱི་འཇུག་ངོགས་བགྲོད་པ་གཅིག་པུའི་ལམ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རེད། དེའི་རྩ་བ་ཡང་གོང་དུ་བཤད་པ་ལྟར་སྙིང་རྗེ་ཆེན་པོ་ལ་ཐུག་ཡོད་པ་ཡིན་ན། ཐེག་པ་ཆེན་པོ་ནི་སྙིང་རྗེ་ཆེན་པོས་ཁྱད་པར་དུ་ཕྱེས་པ་རེད། དེས་ན་སྙིང་རྗེའི་ཡུལ་ནམ་མཁའི་མཐའ་དང་མཉམ་པའི་མ་རྒན་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཐོག་མེད་ནས་མཐའ་མེད་ཀྱི་བར་དུ་ལས་དང་ཉོན་མོངས་པའི་གཞན་དབང་དུ་སོང་ནས། སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་བ་ལ་སྡུག་བསྔལ་དེ་དང་བྲལ་འདོད་པའི་སྙིང་རྗེ་ཤས་མི་བཟོད་པར་སྐྱེས་པ་དེ་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། དེ་དག་ཐམས་ཅད་ཀྱི་དོན་དུ་གཏན་གྱི་བདེ་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་སར་འགོད་་པར་བགྱི་ཞེས་པ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་སྟེ། དམིགས་པ་དེ་གཉིས་དང་མ་བྲལ་བའི་སེམས་དེ་སྦྱོར་བ་སེམས་བསྐྱེད་དམ་པ་རེད། སྙིང་རྗེ་དང་ལྡན། སེམས་ཅན་རྗོགས་བྱང་ལ་འགོད་འདོད་རེ་རེ་རྐྱང་པ་སྒོམ་པ་ཙམ་གྱིས་མི་ཆོག་སྟེ། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་གསུངས་ཀྱང་། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདི་ལས་ཐར་པ་ཐོབ་མི་འགྱུར། །ཞེས་གསུངས་པས་ན། སྦྱོར་བ་སེམས་བསྐྱེད་པ་དེའི་རྗེས་ཐོག་ཏུ་དེ་དང་མ་བྲལ་བའི་ངང་ནས་དངོས་གཞི་དམིགས་མེད་སྒོམ་དགོས། དེ་ཇི་ལྟར་སྒོམ་ན། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། སྨིག་རྒྱུ་གཟུགས་བརྙན་བྲག་ཆ་སྤྲུལ་པ་སོགས་བདེན་མེད་ཀྱི་དཔེ་བརྒྱད་དང་འདྲ་བར་གསུངས་པ་རེད། དེའང་མེད་བཞིན་དུ་སྣང་བ་མངོན་ཞེན་བག་ཆགས་ཀྱིས་བསྐྲུན་པའི་སྒྱུ་མ་ལྟ་བུ། བདེན་འཛིན་ལོག་ཤེས་ཀྱིས་བསྐྱེད་པའི་རྨི་ལམ་ལྟ་བུ། སྣང་ཡང་བདེན་པར་མ་གྲུབ་པ་སྨིག་རྒྱུ་ལྟ་བུ། འཁྲུལ་རྟོག་གི་རང་གཟུགས་སུ་ཤར་བ་གཟུགས་བརྙན་ལྟ་བུ། བརྟགས་ཤིང་དཔྱད་ན་ངོ་བོ་མ་གྲུབ་པས་བྲག་ཅར་ལྟ་བུ། གཉིས་སྣང་འཁྲུལ་ཤེས་སུ་འཆར་བ་སྤྲུལ་པ་ལྟ་བུ་ཡིན་པས་ན། རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས། དེས་ན་སྟོང་པ་ཉིད་ཀྱི་དོན་བསྒོམས་ནས་དངོས་གཞི་དམིགས་པ་མེད་པ་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་པ་མཚན་ཉིད་པ་ཞིག་ཡོང་དགོས་ན། ཁྱད་པར་ལས་དང་པོ་པས་ཞི་གནས་འཇོག་སྒོམ་མི་རྟོག་པའི་ངང་དུ་འཇོག་པ་དང་། ལྷག་མཐོང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སོ་སོར་ཕྱེས་ནས་སྒོམ་པ་དེ་སྔོན་དུ་འགྲོ་བའི་ཐོག་ནས། ཞི་ལྷག་ཟུང་འཇུག་སྣང་སྟོང་བདེན་གཉིས་ཟུང་འབྲེལ་ལམ། གནས་སྣང་ཐ་མི་དད་པ། སྣང་བ་མ་ཡིན་སྣང་བའི་ཆོས་ལས་འདས་པ། སྟོང་པ་མ་ཡིན་སྟོང་པའི་ཆོས་ལས་འདས་པའི། རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་ཀྱི་དགོངས་པ་མངོན་དུ་གྱུར་དགོས་པ་ཡིན། དེ་ལྟར་དངོས་གཞི་དམིགས་མེད་མཚན་ཉིད་པ་དང་། རྗེས་མཐུན་པ་གང་རུང་རང་གི་བློ་ཚོད་དང་བསྟུན་པར་བསྒོམས་ནས། རྗེས་བསྔོ་བ་དམ་པ་ནི། ཡོན་ཏན་མཛོད་ལས། བདག་ཏུ་ལྟ་བས་འདར་བའི་རྣམ་དཀར་ཡང་། །སྲིད་པ་ལན་གཅིག་མཐོ་བའི་ཆོ་ངེ་དེ། །བྱང་ཆུབ་བསྔོ་བའི་གསེར་འགྱུར་རྩིས་ཐེབས་པ། །འདི་ནི་སྟོན་པ་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟར། དགེ་རྩ་ཆེ་ཆུང་ཅི་བསགས་ན་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་དགོས། དེའང་གང་བསྔོ་བྱ་སྔོ་བྱེད་བསྔོ་ཡུལ་དང་བཅས་པ་འཁོར་གསུམ་དམིགས་མཐའ་དང་བྲལ་བའི་བདག་མེད་ཀྱི་ལྟ་བས་རྩིས་ཟིན་པའི་ཐོག་ཏུ་བསྔོ་དགོས། དེ་ལྟར་མ་བསྔོས་པའི་དགེ་རྩ་དེ་དགེ་འབྲས་ལན་གཅིག་མྱངས་ནས་ཟད་འགྲོ། བྱང་ཆུབ་ཡོངས་བསྔོས་ཀྱི་དགེ་རྩ་དེ་བཟའ་ཤིང་བཟང་པོའི་འབྲས་བུ་བཞིན་དུ་འབྲས་བུ་མི་ཟད་པར་འཕེལ་བ་ཡིན། དེའི་ཕྱིར་ན་དམ་པ་གསུམ་དང་འབྲེལ་བའི་དགེ་བའི་རྩ་བ་གསོག་པ་ཤིན་ཏུ་དཀོན་ལ། དམ་པ་གསུམ་དང་འབྲེལ་བ་དཀའ་བས་དེ་གསུམ་དང་མ་འབྲེལ་བ་དེའི་ཕྱིར་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་རྩ་དེ་ཐར་པ་ཆ་མཐུན་གྱི་དགེ་རྩ་སངས་རྒྱས་ཐོབ་པའི་རྒྱུར་མི་འགྱུར་ཞིང་། གཞན་བསོད་ནམས་ཆ་མཐུན་གྱི་དགེ་བ་ནི་མཐོ་རིས་སྐྱེ་བའི་དགེ་འབྲས་ཅན་ཡིན་པས། འབྲས་བུ་ལན་གཅིག་སྨིན་ནས་ཟད་པར་འགྱུར་བའི་ཆུ་ཤིང་གི་འབྲས་བུ་དང་འདྲ་བ་དག་ནི། དབུས་ཀྱི་རི་བོ་མཆོག་རབ་ཙམ་གྱི་ཆེན་པོ་ཡོད་པར་རློམ་ཡང་། ད་ལྟ་ཡོད་ཀྱང་རླུང་གིས་གཏོར་ནས་མེད་པར་འགྱུར་བའི་སྟོན་ཀའི་སྤྲིན་དང་འདྲ་བ་སྟེ། ཤིན་ཏུ་སྙིང་པོ་མེད་པའི་ཡ་མ་བརླ་ཡིན་པས། ཐབས་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་དང་། ཟབ་མོ་སྟོང་ཉིད་རྟོགས་པ་དང་འབྲེལ་ན་དགེ་བ་གང་ཞིག་ཁྱད་པར་ཅན་འགྱུར་བར་ཡིན་པས་ན། ལག་པ་བརྐྱང་བསྐུམ་ཙམ་གྱི་བསམ་པ་དང་སྤྱོད་པ་ཡང་དགེ་བའི་ལས་འབའ་ཞིག་ཏུ་འགྲོ་བར་བྱ་དགོས་སོ། །ཞེས་བྱང་ཆུབ་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དངོས་སུ་སྦྱོར་བ་དང་། ཐབས་ཁྱད་པར་ཅན་གསང་སྔགས་ཀྱི་ལམ་དང་འབྲེལ་ནས་རང་གཞན་གཉིས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་ནུས་པའི་བྱང་ཆུབ་དམ་པ་མངོན་དུ་བྱེད་དགོས་ཞེས་གསུངས་པ་རེད། དེ་རིང་གི་ཆོས་མཚམས་འདིར་འཇོག དེ་རིང་གི་ཁྲིད་ཐེངས་འདི་ཁྲིད་རྐང་གསུམ་པའི་ནང་གི་མཐོ་རིས་ཀྱི་གནས་ནའང་བདེ་བ་མེད་པ་དང་། ལས་འབྲས་བསླུ་མེད་སྐོར་གྱི་ཁྲིད་རེད། གོང་གི་ཁྲིད་ཐེངས་དང་པོ་ལ་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་ལ་བསམ་པ་དང་། ཁྲིད་ཐེངས་གཉིས་པ་ཉི་ཚེ་བ་དང་ཉེ་འཁོར་དང་དུད་འགྲོའི་སྡུག་བསྔལ་ལ་བསམ་པ། ཁྲིད་ཐེངས་གསུམ་པ་ལ་མཐོ་རིས་གསུམ་ན་བདེ་བ་མེད་པར་བསམ་པ་རེད། མཐོ་རིས་རྣམ་གསུམ་ན་ངན་སོང་གསུམ་དང་འདྲ་བའི་སྡུག་བསྔལ་དོས་དྲག་པ་མ་རེད་དེ། འོན་ཀྱང་བདེ་བ་ཡོད་པ་མ་རེད། བདེ་བ་མིན་ཚད་སྡུག་བསྔལ་རེད། བཏང་སྙོམས་རེད་བསམ་པ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མ་བཏང་བ་ཞིག་ཡིན། འཁོར་བའི་གནས་ན་སྡུག་བསྔལ་གསུམ་གྱིས་མི་མནར་བ་ཞིག་ཡོད་པ་མ་རེད། སྐབས་རེར་སྡུག་བསྔལ་གསུམ་གྱིས་དུས་གཅིག་ཏུ་མནར་བས་མི་ཚད་པར། ངན་སོང་གི་སྡུག་བསྔལ་དང་འདྲ་འདུག་བསམ་པ་ལུས་ཐོག་ཏུ་ཡོང་རྒྱུ་ཡོད་པ་རེད། ངན་སོང་གི་སྡུག་བསྔལ་དང་བསྡུར་ན་སྡུག་བསྔལ་རགས་པའི་ཚོར་བ་ཅུང་ཟད་ཆུང་བས་ན་མཐོ་རིས་ཞེས་བྱ། མཐོ་རིས་ཀྱི་གནས་ན་དུས་རྟག་ཏུ་མཐོ་ན་ཆོག་ཀྱང་། བཙན་དུག་ཁོག་ཏུ་སོང་ན་གཟེར་རྒྱག་རན་པ་འདྲ་བ་ཡིན་པས། ད་ལྟ་མཐོ་རིས་ན་ཡོད་ཀྱང་དབུགས་གཅིག་གི་རྒྱུ་ལུགས་ཀྱིས་སྨད་རིས་སུ་ལྷུང་ནས་ངན་སོང་གི་སྡུག་བསྔལ་མྱོང་རན་འདུག་ཡོད་པ་རེད། ཤེས་བྱ་གང་ཞིག་མྱ་ངན་ལས་འདས་པའི་ཕྱོགས་མ་ཡིན་པ་ཐམས་ཅད་འཁོར་བ་རེད། འཁོར་བ་ཞེས་པ་འཁོར་བ་པོ་དེ་རེད། སྤྱིར་འཁོར་བའི་སྡུག་བསྔལ་དང་། ཁྱད་པར་དུ་མཐོ་རིས་རྣམ་གསུམ་ལ་བདེ་བ་མེད་པ་དེ་རྣམས་རེ་རེ་བཞིན་དུ་དེ་རིང་སང་ཉིན་གཉིས་ཀ་ལ་ཁྲིད་སྦྱོང་གྱིས། རང་རེས་ཆོས་ཐུན་རེ་ལ་ཁྲིད་སྦྱོང་ཐེངས་ལྔ་རེ་བྱ་རྒྱུ་ཡོད་པ་ལས། ཐུན་གཅིག་འབུམ་ལྔའི་ཁྲིད་སྦྱོང་རེད། བཞི་ལས་གཉིས་ལ་མིའི་སྡུག་བསྔལ་བསམ་པ་དང་། གཉིས་ལ་ལྷ་དང་ལྷ་མིན་གྱི་སྡུག་བསྔལ་བསམ་ཏེ་མཐར་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་ནས་དགེ་བ་བསྔོ་རྒྱུ་ཡིན། དེ་རིང་ཕྱི་དྲོ་དང་དགོང་མོ་གཉིས་ལ་མིའི་སྡུག་བསྔལ་དང་། སང་ཉིན་སྔ་དྲོར་རྡོར་སེམས་སྒོམ་བཟླས། ཕྱི་དྲོ་དགོང་མོར་ལྷ་མིན་དང་ལྷའི་སྡུག་བསྔལ་བསམ་པར་ཁྲིད་སྦྱོང་གྱིས། ད་རེས་འདི་ན་ས་ཆ་ཐག་རིང་ཐུང་ལ་མ་ལྟོས་པར་དོན་གཉེར་ཅན་མང་པོ་ཞིག་ཆོས་གཅིག་གིས་བསྡུས་པའི་ཆོས་གྲྭ་འདིའི་ནང་ན་མཉམ་དུ་ཚོགས་པ་ཡིན་ན། ས་ཆ་གར་སོང་ཟེར་ན་འདིར་སོང་དང་། དོན་གོ་ཅི་ཆོད་ཟེར་ན་འདི་ཆོད། ཆོས་ཞུས་ནས་རང་རྒྱུད་སྔར་དང་མི་འདྲ་བའི་ཡར་སྐྱེད་ཅིག་ཡོད་དགོས་པ་རེད། ད་སྔར་ཉི་མ་ཡན་ཆད་ཆོས་ཁ་ནས་བཤད་རྒྱུ་དང་རྣ་བས་ཉན་པ་རྐྱང་པ་ཞིག་རེད་སོང་བ་ཡིན་པས། ད་རེས་སེམས་ལ་བསམ་རྒྱུ་ཞིག་དང་ཡིད་ལ་བསྒོམ་རྒྱུ་ཞིག་བྱས་ནས་རང་རྒྱུད་ཆོས་ཀྱིས་ཐུལ། སེམས་དང་ཆོས་གཉིས་འདྲེས། གདམས་ངག་ལག་ལེན་ལ་ཐེབས། ཉམས་ལེན་གནད་ཐོག་ཏུ་ཁེལ་བའི་དམ་པ་གོང་མས་མཛད་པའི་ཕྱག་ལེན་གྱི་རྗེས་སུ་ཞུགས་པ་ཡིན་ན། ས་ཚ་བསྐོས་ཕོར་ནས་བླངས་པ་ལྟ་བུ་ཞིག་མ་རེད་རུང་། སྣམ་བུ་ཚོས་ནང་དུ་འཕངས་པ་ལྟ་བུ་ཞིག་དགོས། སྣམ་བུ་ཚོས་ནང་བཙོ་ན་ཚོན་ཁ་རྒྱུགས་ལུགས་ཀྱིས་ཁྱད་པར་རེ་ལོས་ཡོད་མ་གཏོགས། ཅི་སྡུག་ན་སྔར་དང་མི་འདྲ་བའི་མདོག་ཅིག་འགྱུར་ཡོད་ངེས་པ་རེད། བསམ་པ་བཟང་པོ་ལ་ཁ་སྣོན་ཞིག་ལོན། སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་ཤིག་སྐྱེས་ཐུབ་ཡོད་ན། སྒོར་མོ་ཁྲི་ཚོ་འབུམ་ཚོ་དང་དུང་ཕྱུར་ཆ་རེའི་ཚོང་ཕོག་པ་དང་། ཁྱིམ་ལས་ཙག་ཙིག་རེ་འགྲུབ་པ་དང་། ངས་ཁ་གྲངས་ཅི་འདྲ་མང་པོ་བཏོན་ཡོད་ཟེར་བ་རྣམས་དང་རིན་ཐང་མི་འདྲ་བར། ཡོང་སྒོ་དང་ལོན་སྒོ་དེ་བས་ཆེ་མེད་པ་ཚེ་རབས་ཐམས་ཅད་ལ་འཚེངས་པ་ཞིག་རེད་སོང་བ་ཡིན། དེ་ཙམ་ཞིག་མིན་ནའང་རྟག་འཛིན་ཇེ་ཆུང་། བདག་འཛིན་ཇེ་ལྷོད། དད་དང་སྙིང་རྗེ་སྔར་དང་མི་འདྲ་བར། རྒྱུད་ཇེ་འཇམ་དུ་སོང་ནས། འདི་སྔར་དང་མི་འདྲ་བ་རེད་འདུག་བསམ་རྒྱུའི་ཆོས་བསྒྲུབ་པའི་ཕན་ཐོགས་ཀྱིས་གཞན་ལ་མིག་ལྟོས་ཤིག་ཡོང་དགོས་པ་རེད་མ་གཏོགས། ཆོས་ཞུས་པས་གོ་མི་ཆོད་པས་སྟོང་ལོག་རེད་པར་མ་ཟད། ད་དུང་སྟབས་མ་ལེགས་ན་ངན་པ་ཆོས་རྒྱུས་ཅན་རེད་རྒྱུ་ཡོད་པ་རེད། ཅི་མ་ཟེར། རང་གཞན་སུས་ཀྱང་འགྲུབ་འགྲུབ་ནི་མ་རེད་ཟེར་ནས། བདུད་ཀྱི་གསང་ཚིག་ཁ་ནས་སྒྲོག་མཁན་ཆོས་དྲེད་ཆོས་ཀྱིས་མི་ཐུལ། ཚེ་ཕྱི་མའི་རི་མགོ་རིག་མ་རན་བར་དུ་འདང་རྒྱག་མི་ཤེས་མཁན་གྱི་ཀླད་ལོག་ལ་འགྱུར་རྒྱུ་ཡོད་པ་རེད། དེས་ན་ད་རེས་དབེན་པའི་གནས་སུ་ཡོང་ན་འདི་སེམས་གཞི་བསམ་གཏན་བསྒོམ་ས། སེམས་ཀྱི་ངལ་གསོ་ས་རེད། དམ་པའི་ཆོས་ཤིག་འཆད་རྒྱུ་འདི་སེམས་ཀྱི་བདུད་རྩི་སེམས་ཁམས་བཟང་པོའི་ཕྱོགས་ལ་སྒྱུར་བྱེད་ཀྱི་སྨན་ཡིན། རང་རེས་སེམས་ཅན་ཟེར་ནས་མིང་བཏགས་ས་དང་། ང་ཟེར་ནས་བདག་ཏུ་འཛིན་ས་འདྲ་བོ་ལུས་ངག་ཡིད་གསུམ་འདི་ལ་མཛུབ་མོ་བཙུག་གིན་ཡོད་པ་རེད། རང་རེ་འཇིག་རྟེན་མིའི་ལུས་རྟེན་འདི་མཐོ་རིས་རྣམ་གསུམ་ནང་གི་གཅིག་ཡིན་ཡང་། མཐོ་རིས་དམའ་རིས་གང་ཟེར་ཡང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་ཚུད་ཡོད་པས་ན། སྡུག་བསྔལ་ཁོ་ན་མྱོང་བས་དཀའ་ནས་ཐང་ཆད་དེ་འདུག་ཡོད་པ་འདི་བཞིན་རེད། ད་ངལ་གསོས་ནས་དེའི་སྡུག་བསྔལ་དེ་ཆུང་ཐབས་བྱེད་དགོས་ན། ལུས་ངག་གཉིས་ཀྱི་ངལ་ཞིག་སོས་ཀྱང་སེམས་ཀྱི་ངལ་གསོ་མ་ཐུབ་ན། ལུས་ངག་གཉིས་ངལ་སོས་རུང་མི་སྐྱིད་པ་རང་རེས་ཉམས་སུ་མྱོང་རྒྱུ་འདི་ཡིན་རེད། དེས་ན་སེམས་ཀྱི་རྣམ་རྟོག་འདིས་ཐོག་མེད་ནས་ད་ཡི་བར་ངལ་གསོ་ལོང་མེད་པར་ཆུ་རྒྱུག་པ་ལྟ་བུ། བར་མཚམས་ཤིག་གཏན་ནས་མེད་པར་དོན་མེད་སྡུག་བསྔལ་གྱི་རྦ་རླབས་ནང་ནས་བུད་ཐུབ་ཡོད་པ་མ་རེད། མ་བསམ་ཐབས་མེད་གཅིག་རྗེས་གཉིས་སླེབས་རྣམ་རྟོག་འཁྲུལ་སྣང་སྡུག་བསྔལ་ཁོ་ནའི་ངང་ནས། རང་སེམས་སོས་དལ་བ་ཞིག་ཡོང་མྱོང་བ་མ་རེད། བློ་ངན་གོམས་ཤོག་གུ་དྲིལ་ལམ་དུ་རྒྱུག་པ་ལྟ་བུའི་སྐྱོན་དེ་རིག་ནས། ད་རེས་དབེན་པའི་གནས་འདིར་ཐོན་ན། ལུས་དང་ངག་དབེན་པས་མི་ཚད་པར་གཙོ་བོ་སེམས་དབེན་གྱི་ཐོག་ཏུ་སེམས་འདི་ལ་ངལ་ཞིག་གསོ་འཇུག་དགོས་པ་རེད། འདི་ལྟར་འདང་བརྒྱབ་ན། ཕྱིའི་འདོད་པའི་ཡོན་ཏན་གྱི་ཐོག་ན་བདེ་བ་ཞིག་ཨེ་རྙེད་བལྟ་བ་འདི། དཔེར་ན་ཟ་འཕྲུག་ཅན་གྱི་རྒྱབ་འཕྲུག་པའི་བདེ་བ་ལྟ་བུ་ཞིག་ཡིན། དོན་ངོ་མ་བཤད་ན་ཟ་འཕྲུག་འཕྲུག་ན་བདེ་བ་ཡིན་པ་མ་རེད། ཟ་འཕྲུག་མེད་ན་བདེ་བ་རེད། ཟ་འཕྲུག་གི་ནད་མེད་ནས་རིམས་ནད་བྱང་བའི་བདེ་བ་ལྟ་བུའི་རང་གི་སེམས་ངལ་གསོ་ནས་བདེ་བ་རྙེད་དགོས། སེམས་འདི་རྒྱ་མཚོ་ལ་དཔེར་བཞག་ན་རྒྱ་མཚོ་རྙོག་པ་མེད་ན་དྭངས་མོ་ཡིན་ཞིང་། རྒྱ་མཚོ་དྭངས་མོའི་ནང་གཟའ་སྐར་གྱི་གཟུགས་བརྙན་ཡག་པོ་འཆར་བ་རེད། དཔེ་དེ་བཞིན་དུ་རང་སེམས་ཀྱི་རྒྱ་མཚོ་དེ་དྭངས་པའི་རང་བཞིན་དུ་བསྒྱུར་ཐུབ་ན་མངོན་ཤེས་ལ་སོགས་པ་ཡོན་ཏན་མང་པོ་འཆར་ཐུབ་པ་རེད། དེས་ན་བདེ་བ་ཐམས་ཅད་ཀྱི་མཆོག་ད་སྔོན་རྙེད་མ་མྱོང་བ་སེམས་ངལ་སོས་ནས། སྤྱིར་རྣམ་རྟོག་སྣ་ཚོགས། ཁྱད་པར་དུ་རྣམ་རྟོག་ངན་པའི་རྗེས་སུ་མ་འབྲངས་ན་སེམས་ཀྱི་བདེ་བ་དེ་སེམས་ཀྱི་ནང་ན་རྙེད་རྒྱུ་ཡོད་པ་རེད། རང་སེམས་ལ་རང་དབང་བསྒྱུར་ཏེ་སྡུག་བསྔལ་མྱོང་བའི་བློ་ངན་དེ་རིམ་གྱིས་ལམ་ལ་བཞག་ན། གོམས་ཤིང་གོམས་ན་ཇེ་སླར་སོང་ནས་རང་སེམས་ཀྱི་སྤྱོད་ཡུལ་རང་གིས་བླང་དོར་བྱེད་ཤེས་པའི་དེ་འདྲའི་རྣམ་དཔྱོད་ཀྱི་བློ་རང་ཉམས་དང་མཐུན་པའི་ལམ་རྒྱུས་ཡོད་པའི་ས་ཚོད་ལ་མགྱོག་པར་འཐོན་རྒྱུ་ཡོད་པ་རེད། སྒོ་གསུམ་གྱི་གཙོ་བོ་སེམས་འདི་ལ་བདག་པོ་ཞིག་གཏན་ནས་རྒྱག་མ་མྱོང་ན། ཆུ་རྒྱུན་ཐུར་དུ་རྒྱུག་པ་བཞིན་དུ་ཡུལ་ངན་པའི་རྗེས་སུ་དེད་དེ་རྫ་རོང་བྲག་འཕྲང་ཐམས་ཅད་ལ་རྒྱུག་དགོས་བྱུང་ན། གཡོག་པོ་ལུས་ངག་གཉིས་ཀྱིས་སྡུག་བསྔལ་མི་བཟོད་པ་ཞིག་མྱོང་དགོས་པ་འདི་དེ་ལ་ཐུག་པ་རེད། དེས་ན་ད་རེས་དམ་པའི་ཆོས་དང་བླ་མའི་མན་ངག་གིས་མིག་གསར་པ་ཞིག་གསར་དུ་ཕྱེས་ནས། འདིའི་གནད་ཁ་སྐྱོན་ཡོན་ཕྱི་ནང་གསང་གསུམ་པོ་མཐོང་བ་ཞིག་རེད་ན། རང་གིས་རང་ལ་མ་གཅེས་ན་སུས་གཅེས་འོང་། ཐར་པའི་སྒོ་ཞིག་ལ་འཁྲིད་མཁན་ཡོད་པའི་སྐབས་འདིར་དེའི་རྔ་མར་བཟུང་སྟེ། ལོང་བས་བ་རྔ་ལ་བཟུང་བ་བཞིན་ཞེས་པའི་དཔེ་ལྟར་བྱེད་རན་པ་རེད། ངས་འདི་ནས་མཐའ་མཇུག་ལ་ཐར་ལམ་རྣམ་དག་སྒྲུབ་པའི་གང་ཟག་ཅིག་ལ་ཤེས་དགོས་རྒྱུ། མ་ཤེས་ཐབས་མེད་ཀྱི་མན་ངག་གི་ཆིངས་ལྔ་ཞོར་ལ་བཤད་ན། ལས་དང་པོ་བ་རྣམས་ཀྱིས་སེམས་ལ་ཟུང་། ཕྱི་སོ་ཐར་གྱི་སྡོམ་པའི་ངོ་བོ་འཁོར་བ་ཞེན་ལོག་གི་ངེས་འབྱུང་དང་གཅིག ནང་བྱང་སེམས་ཀྱི་སྡོམ་པའི་ངོ་བོ་གཞན་དོན་དོན་གཉེར་གྱི་སེམས་དང་གཉིས། གསང་བ་གསང་སྔགས་ཀྱི་སྡོམ་པའི་ངོ་བོ་སྣང་སྲིད་རྣམ་དག་གི་དག་སྣང་དང་གསུམ། དེའི་ཐོག་ལ་བླ་མ་ལ་ཡིད་ཆེས་པའི་དད་པ་དང་བཞི། ཆོས་གཅིག་གིས་བསྡུས་པའི་མཆེད་གྲོགས་ལ་བརྩེ་གདུང་ཡོད་དགོས་པ་དང་ལྔ་སྟེ། ཐར་འདོད་ཀྱི་གང་ཟག་སྤྱི་དང་། ཁྱད་པར་དུ་གསང་སྔགས་རྫོགས་ཆེན་ལ་ཞུགས་པའི་གང་ཟག་ཅིག་གིས་མ་སྦྱོང་ཐབས་མེད། མི་ཤེས་སུ་མི་རུང་བར་རྒྱུད་ལ་སྦྱོར་དགོས་རྒྱུ་ཅན་ཡིན་ལ། དེའང་ཚུར་བསྡུ་ན་སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས་ལ་འདུས་པ་རེད། མདོར་ན་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་དང་མཇལ། གདམས་ངག་གི་བདུད་རྩི་ཐོབ་སྟེ། སངས་རྒྱས་ལས་ཀྱང་འཕྲད་པར་དཀའ་བའི་གསང་སྔགས་རྡོ་རྗེའི་ཐེག་པ་དང་འཕྲད་པའི་སྐབས་འདིར། པདྨ་ཅན་གྱི་མཚོར་ངང་པ་རྒྱུ་བ་དང་། དྲི་ཞིམ་ཅན་གྱི་ཚལ་དུ་བུང་བ་རྒྱུ་བ་བཞིན་དུ། དགའ་སྤྲོ་དང་བཅས་ཏེ་ཕྱིར་བཀྱེད་མི་བྱེད་པར་འཇུག་རན་པ་རེད་ཟེར་རྒྱུ་དེ་ཡིན།


previousཉིན་བདུན་པའི་ཆོས་ཁྲིད། next