Nitartha Digital Library
Tibetan
 
previousཉིན་བརྒྱད་པའི་ཆོས་ཁྲིད། no next

ཉིན་བརྒྱད་པའི་ཆོས་ཁྲིད།

འོ་ན་མཁའ་ཁྱབ་མཁའ་དང་མཉམ་པའི་མར་གྱུར་རིགས་དྲུག་གི་འགྲོ་བ་དུས་རྟག་ཏུ་སྡུག་བསྔལ་རྣམ་པ་གསུམ་གྱིས་གཅིག་མིན་ན་གཅིག་གིས་མནར་བའི་ཉམས་ཆུང་སྙིང་རྗེའི་ཡུལ་དུ་གྱུར་པ་འདི་དག་ཐམས་ཅད། རྫོགས་བྱང་བླ་ན་མེད་པ་རྣམ་མཁྱེན་སྟོབས་བཅུ་མངའ་བའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་དགོས། དེའི་ཆེད་དུ་དམུས་ལོང་གི་ལམ་སྟོན། མུན་ནག་གི་སྒྲོན་མེ་སྡུག་བསྔལ་གྱི་ནད་ཐམས་ཅད་སེལ་བྱེད་ཀྱི་དམ་པའི་ཆོས་ཀྱི་བདུད་རྩི་དེ་ཉིད་འདི་ལྟར་ལོངས་སྤྱོད་པའི་སྐལ་བཟང་མངོན་དུ་གྱུར་པ་འདི། དབུལ་པོའི་ལག་ཏུ་ནོར་བུ་ལན་གཅིག་ཐོབ་པ་དང་འདྲ་བས་ན། འདི་ཡལ་བར་མི་འདོར་བས་ཉམས་སུ་ལེན་དགོས་བསམ་པ་སྔོན་དུ་འགྲོ་བའི་སྒོ་ནས། ཆོས་ཇི་ལྟར་གསན་པའི་ཀུན་སྤྱོད་ཀྱང་དམ་ཆོས་རྣ་བས་ཉོན། ཡིད་ལ་བཟུང་། བླ་མ་གུས་པས་བསྟེན། དགོངས་བརྒྱུད་ལོན་པར་བྱ་རྒྱུ་ལ་སོགས་པ་བསམ་སྤྱོད་ཡང་དག་དང་བཅས་ཏེ་གསན་དགོས། འཁོར་བའི་གནས་སྡུག་བསྔལ་ཅན་འདི་ལས་ཐར་དགོས་ན། དེའི་ནང་ནས་ཐར་བའི་ཐབས་ལམ་ཞིག་བཙལ་དགོས། དེས་ན་འཁོར་བའི་ནང་དུ་ཐར་པའི་ཐབས་སྟོན་བྱེད། འཕྲལ་དང་ཡུན་གྱི་ཕན་བདེའི་ལེགས་ཚོགས་མ་ལུས་པ་འགྲུབ་པ་ནི། རྒྱལ་བའི་གསུང་རབ་རྒྱལ་བ་ཉིད་ཀྱི་ཞལ་ཚབ་དེ་ཉིད་རེད། རྒྱལ་བ་ཉིད་ཀྱང་བདེ་བ་ནས་བདེ་བའི་སར་གཤེགས་པའི་སྐབས་སུ་ལམ་དེ་ལ་མ་བརྟེན་པར་ཐབས་གཞན་པ་ཞིག་ཡོད་པ་མ་རེད། དེས་ན་རྒྱལ་བའི་བཀའ་མདོ་རྒྱུད་དང་ལུང་མན་ངག་ནི་གདམས་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པས་དེ་ཉིད་ལ་གཞིར་བཟུང་སྟེ། གདུལ་བྱའི་གང་ཟག་གི་ཉམས་ལེན་གྱི་སྙིང་པོར་དྲིལ་ནས་རང་གཞན་འཁོར་བའི་སྡུག་བསྔལ་ལས་ཐར་དགོས་པས་ན། ཐར་པའི་གཞི་བདེ་གཤེགས་སྙིང་པོ་སེམས་ཅན་རང་རང་ལ་ཡེ་ནས་ཡོད་པ་དེ་དང་། རྟེན་མི་ལུས་རིན་ཆེན་ད་རེས་ཐོབ་ཡོད་པ་འདིའི་སྟེང་ན། རྐྱེན་དགེ་བའི་བཤེས་གཉེན་བསྟེན་ཐབས་ཤེས་པ་རྐྱང་པས་མི་ཚད་པར། དམ་ཆོས་འཆད་ཉན་ལ་ཞུགས་པའི་སྐབས་ཡིན་ན། ཐབས་དེའི་གདམས་ངག་གིས་ཟིན་རྒྱུའི་སྐོར་དེར་འདང་རྒྱག་བྱ་ས་གལ་ཆེན་ཞིག་ལ་ཐུག་ཡོད་པ་རེད། དེ་ཡིན་པའི་རྩ་བ་གང་ཡིན་ཞེ་ན། གཞི་བདེ་གཤེགས་སྙིང་པོ་ནི་སྲིན་བུ་པདྨ་ཡན་ཆད་སེམས་ཅན་ཐམས་ཅད་ལ་ཡོད་པ་ཞིག་ཡིན་ན། ད་རེས་མིན་ཡང་ཐོག་མེད་ནས་ཡོད་བསྡད་པ་ཞིག་རེད། རྟེན་མི་ལུས་རིན་ཆེན་རེ་ཡང་ཐོབ་པ་དང་། རྐྱེན་དགེ་བའི་བཤེས་གཉེན་རེ་བསྟེན་མྱོང་ཤས་ཆེ་ཡང་། ད་རུང་སངས་རྒྱས་ཐོབ་མ་དགོས་རང་རྒྱུད་སོར་གང་གིས་ཇེ་བཟང་དུ་མ་སོང་བར་ཡོད་པ་འདི། སྐྱོན་ཆ་ཅི་ཞིག་གིས་ཉེས་པ་ཡིན་རྩད་བཅད་ན། སངས་རྒྱས་མི་ཐོབ་ཅིང་། ཐོབ་ཏུ་མི་འཇུག་པའི་གེགས་བཞི་ཡོད་པའི་འཕྲང་འགག་བསལ་མ་ཐུབ་པའི་སྐྱོན་ཡིན། དེའང་ཐབས་བླ་མའི་གདམས་ངག་གིས་མ་ཟིན་པའི་སྐྱོན་ཆའི་ཕན་ན་འགྲོ་ས་མེད་ལ། དེའི་ཕྱིར་ན་གེགས་བཞི་པོ་དེ་ཐོག་མར་ཤེས་དགོས། གེགས་བཞི་པོ་དེ་དག་གང་ཡིན་ཞེ་ན། ཚེ་འདིའི་སྤྱོད་ཡུལ་ཆགས་པ་དང་། སྲིད་པའི་བདེ་བ་ལ་ཆགས་པ་དང་། དེ་ལ་མ་ཆགས་ཀྱང་ཞི་བའི་བདེ་བ་ལ་ཆགས་པ་དང་གསུམ། སངས་རྒྱས་བསྒྲུབ་དགོས་བསམ་ཡང་བསྒྲུབ་པའི་ཐབས་ངོ་མི་ཤེས་པ་དང་བཞི་རེད། དེའི་གེགས་བཞི་པོ་དེ་སེལ་དགོས་ན། ཐབས་དགེ་བའི་བཤེས་གཉེན་གྱིས་ཟིན་པས་མི་ཚད་དེའི་གདམས་ངག་དེ་ཉམས་སུ་བླངས་ན། གོང་གི་གེགས་བཞི་པོ་སེལ་ནས་འཕྲང་འགག་གི་སྒོ་བསལ་ཐུབ། དེ་སེལ་སོང་དུས་རྫོགས་པའི་སངས་རྒྱས་ཀྱི་ལམ་ལ་བདེ་མྱུར་གྱི་སྒོ་ནས་བགྲོད་ཐུབ་པ་རེད། དེ་ཡིན་ན་དགེ་བའི་བཤེས་གཉེན་གྱི་གདམས་ངག་དེ་ཇི་ལྟར་ཡིན་ན། གང་ཟག་སོ་སོའི་ཁམས་དབང་མོས་པ་དང་བསྟུན་པའི་སྐྱེས་བུ་གསུམ་གྱི་ལམ་རིམ་གདམས་ངག་རྒྱ་ཆེ་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད་པ་ཡིན་ནའང་། ཚུར་བསྡུ་ན་རྣམ་པ་བཞིའི་ཁོངས་སུ་བསྡུས་པ་རེད། དེའང་མི་རྟག་པ་སྒོམ་པར་གདམས་པ་དང་གཅིག འཁོར་བའི་ཉེས་དམིགས་ལས་འབྲས་དང་བཅས་པ་སྒོམ་པར་གདམས་པ་གཉིས། བྱམས་སྙིང་རྗེ་སྒོམ་པར་གདམས་པ་གསུམ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གདམས་པ་དང་བཞིའི་ཁོངས་སུ་འདུས་ལ། བཞི་པོ་དེ་གོང་གི་གེགས་བཞིའི་གཉེན་པོ་དང་སྦྱར་ན། མི་རྟག་པ་སྒོམ་ན་ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོར་འགྲོ་བ་དང་། འཁོར་བའི་ཉེས་དམིགས་ལས་འབྲས་དང་བཅས་པ་སྒོམ་ན་སྲིད་པའི་བདེ་བ་ལ་ཆགས་པའི་གཉེན་པོར་འགྲོ་བ་དང་། བྱམས་སྙིང་རྗེ་སྒོམ་ན་ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གདམས་པ་དེ་སངས་རྒྱས་བསྒྲུབ་པའི་ཐབས་མི་ཤེས་པའི་གཉེན་པོར་འགྲོ་བ་ཡིན་ཏེ། ཁྱད་པར་དུ་སྐྱབས་འགྲོ་ནས་འགོ་བཟུང་སྟེ་བདག་མེད་རྣམ་གཉིས་སྒོམ་པ་མན་ཆད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོས་སུ་འགྲོ་བ་ཡིན་པའི་ཕྱིར་ཏེ། འགའ་རེ་ནི་སེམས་བསྐྱེད་ཀྱི་རྟེན་དང་། འགའ་རེ་དམིགས་པ། འགའ་རེ་ཆོ་ག འགའ་རེ་བསླབ་བྱ། འགའ་རེ་འབྲས་བུ་སྟེ་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་སེམས་བསྐྱེད་ཀྱི་ནང་དུ་མ་འདུས་པ་མེད་པར་མངོན་རྟོགས་རྒྱན་སོགས་ལས་གསུངས་སོ། །དེ་ལྟ་བུའི་གདམས་ངག་ཚང་མ་དེ་དགེ་བའི་བཤེས་གཉེན་ལས་འབྱུང་ཞིང་། དགེ་བའི་བཤེས་གཉེན་ལ་རག་ལས་པ་ཞིག་ཡིན། དེའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་བའི་བཤེས་གཉེན་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན། ཐམས་ཅད་མཁྱེན་པ་ནི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་རག་ལས་པ་ཡིན་ཞེས་སོགས། སྡོང་པོ་བཀོད་པ་སོགས་ལས་ལན་གཅིག་མ་ཡིན་པར་གསུངས་ཡོད། དེས་ན་རང་རེས་ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོ་མི་རྟག་པ་སྒོམ་པའི་ཚུལ་ལ་བསམ་བློ་ཡང་གཏོང་ཞིག་བྱེད་ན། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས་ཡོད་ན། འདི་ཇི་ལྟར་མི་རྟག་པ་རེད་བསམ་ན། མི་རྟག་པའི་མཐའ་བཞིས་བསྡུས་པ་སྟེ། སྐྱེ་མཐའ་འཆི། འདུས་མཐའ་འབྲལ། བསགས་མཐའ་འཛད། མཐོ་མཐའ་ལྟུང་བའི་རང་བཞིན་ཡིན་པས་ན་མི་རྟག་པའི་མཐའ་བཞི་གསུངས་པ་རེད། འདིའི་སྒོམ་ཚུལ་གྱི་དབྱེ་བའི་ཐོག་ནས་བཤད་ན། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པར་རགས་པ་རྒྱུན་གྱི་མི་རྟག་པ་དང་། ཕྲ་བ་སྐད་ཅིག་གི་མི་རྟག་པ་དང་། ནང་བཅུད་ཀྱི་སེམས་ཅན་མི་རྟག་པར་རང་མི་རྟག་དང་། གཞན་མི་རྟག་པ་སོགས་དེ་ལྟ་བུའི་ཁྲིད་ཚུལ་འདི་རྣམས་རེད། དེ་རྣམས་སྒོམ་པའི་ཐབས་ལག་ཁྲིད་དང་བཅས་པ་གོང་དུ་སོང་བ་དང་། སྲིད་པའི་བདེ་བ་ལ་ཆགས་པའི་གཉེན་པོ་འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་ལ་བསམ་པ་ཡིན་ན། སྡུག་བསྔལ་རྣམ་པ་གསུམ་གྱི་འཁོར་བའི་ཉེས་དམིགས་ཀྱི་རང་བཞིན་བསམ་པ་དེ་ཡང་གོང་དུ་སོང་མ་ཐག་པ་དང་། ལས་རྒྱུ་འབྲས་ཀྱི་རྣམ་བཞག་འོག་ཏུ་འབྱུང་མ་རག་པ་ཡིན་པས་འདི་དག་སྒོམ་པ་འདིས་འཁོར་བའི་སྡུག་བསྔལ་ལ་འཇིགས་ཤིང་ལས་རྒྱུ་འབྲས་ལ་ཡིད་ཆེས་པས། སྲིད་པའི་བདེ་བ་ལ་མི་ཆགས་པར་མ་ཟད་དེ་ལས་ངེས་པར་འབྱུང་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ནས། དེའི་ཐོག་ནས་ཞི་བའི་བདེ་བ་ལ་ཆགས་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་མ་རེད། དེ་སེལ་བྱེད་འགྲོ་ཀུན་ལ་བྱམས་སྙིང་རྗེ་སྒོམ་དགོས། དེ་ཡིན་ན་ངས་འདི་ནས་བྱམས་སྙིང་རྗེའི་སྐོར་འདི་ཐུགས་གསོས་ཤིག་ཞུ་ན། ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་བྱམས་སྙིང་རྗེ་བསྒོམ་དགོས་གསུངས་དུས་ལས་དང་པོ་རྣམས་ཀྱིས་ཞི་བའི་བདེ་བ་ལ་ཆགས་ཞེས་པ་ཅི་ཡིན་སྙམ་ན། བདག་རང་ཉིད་གཅིག་པུ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་སེམས་ཅན་གཞན་གྱི་བདེ་སྡུག་ལ་བསམ་བློ་མི་གཏོང་བར་བློས་གཏོང་བ་དེ་རེད། དེ་ཐེག་པ་དམན་པའི་ལུགས་རེད། ཐེག་ཆེན་གྱི་ལམ་ལ་ཞུགས་ཏེ། མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་དམ་པ་ལ་རང་གཞན་སེམས་ཅན་ཐམས་ཅད་འགོད་དགོས་དུས་བྱམས་སྙིང་རྗེ་འདི་དང་འབྲལ་ཐབས་མེད་པ་ཞིག་རེད། དེས་ན་བྱམས་སྙིང་རྗེ་སྒོམ་ཚུལ་བཤད་པ་ལ། བྱམས་སྙིང་རྗེའི་དབྱེ་བ་དང་། དམིགས་ཡུལ། རྣམ་པ། སྒོམ་ཐབས། དེ་འབྱོངས་པའི་ཚད། ཡོན་ཏན་དང་བཅས་པ་དྲུག་གི་སྒོ་ནས་བཤད་དགོས། བྱམས་སྙིང་རྗེ་གཉིས་ལས་དང་པོ་བྱམས་པའི་དབྱེ་བ་ནི། སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ། དམིགས་པ་མེད་པའི་བྱམས་པ་དང་གསུམ་ཡོད་པ་ལས། སེམས་ཅན་ལ་དམིགས་པའི་བྱམས་པ་ནི། དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་དང་། ཆོས་ལ་དམིགས་པའི་བྱམས་པ་ནི། སྤྱོད་པ་ཕྱིན་དྲུག་ལ་འཇུག་བཞིན་པའི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་དང་། དམིགས་པ་མེད་པའི་བྱམས་པ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་སེམས་ཀྱི་རྒྱུད་ལ་མངའ་བར་གསུངས་ཡོད། དེ་དག་བྱང་སེམས་ཀྱི་དབང་དུ་བྱས་སམ་སྙམ། ལས་དང་པོ་བའི་དབང་དུ་བྱས་ན། སེམས་ཅན་ལ་དམིགས་པའི་བྱམས་པ་འདི་གལ་ཆེ་བས་ན། འདིའི་དམིགས་ཡུལ་དང་རྣམ་པའི་བློ་ནི། དམིགས་པའི་ཡུལ་སེམས་ཅན་ཐམས་ཅད། རྣམ་པའི་བློ་བདེ་བ་དང་ལྡན་འདོད་ཀྱི་བསམ་པ། འདི་སྒོམ་ཐབས་ཀྱི་སྒོ་ནས་བཤད་ན། རྩ་བ་དྲིན་དྲན་པ་ལ་རག་ལས་པས་ན། རང་ཉིད་ཀྱི་ཚེ་འདིའི་དྲིན་ཆེན་མ་ནས་འགོ་བཟུང་སྟེ་བསྒོམ་དགོས། དྲིན་ཇི་ལྟར་ཆེ་ན། ལུས་བསྐྱེད་པའི་དྲིན། སྲོག་བྱིན་པའི་དྲིན། དཀའ་བ་སྤྱད་པའི་དྲིན། འཇིག་རྟེན་བསྟན་པའི་དྲིན་དང་བཞི་ཡོད། དེའི་དྲིན་དེ་ལན་རེ་དང་ལན་གཉིས་ཆེ་བ་ཙམ་མ་ཡིན་པར། བསམ་ཡུལ་འདས་པ་ཐེངས་བརྒྱ་སྟོང་ཁྲི་ཚོས་གཞལ་ནས་བརྩི་འོང་རྒྱུ་མེད་པའི་ཚེ་རབས་མང་པོ་ན་མར་བྱས་པས་མི་ཚད་པར་དྲིན་དེ་འདྲ་ཆེ་བ་ཡིན། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་མར་བྱས་ཤིང་དྲིན་ཆེ་བ་ཤ་སྟག་ཡིན། དེས་ན་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འདོད་པའི་བློ། ད་ལྟའི་མ་འདི་ལ་སྐྱེ་བ་བཞིན་དུ་སྐྱེ་དགོས་པ་རེད། དེ་སྐྱེས་ན་དེའི་མིང་ལ་བྱམས་པ་ཟེར། བྱམས་པའི་ཤུགས་ཀྱི་མིག་ནས་མཆི་མ་འཁྲུག་པ་དང་། ལུས་ཀྱི་བ་སྤུ་ལྡང་བ་ཞིག་རེད་ན་དེ་བྱམས་པ་ཆེན་པོ་ཟེར། དེ་ལྟ་བུ་དེ་སེམས་ཅན་ཐམས་ཅད་ལ་སྐྱེས་ཡོད་ན་བྱམས་པ་ཚད་མེད་རེད་འགྲོ། དེ་བསྒོམས་ནས་འབྱོངས་པའི་ཚད་ནི། རང་ཉིད་ལ་བདེ་བ་འདོད་པའི་བློ་ཞིག་ཡོད་རྒྱུའི་འདིའི་ཚབ་དུ་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དེ་རེད་སོང་དུས་འབྱོངས་པའི་ཚད་རེད། བྱམས་པ་བསྒོམ་པ་ལ་ཡོན་ཏན་ཅི་ཡོད་ན། ཟླ་བ་སྒྲོན་མེའི་མདོ་ལས། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམ་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་དང་གྲངས་ལ་ཆར་མི་ཕོད། །ཅེས་གསུངས་སོ། །སྙིང་རྗེ་སྒོམ་པའི་ཚུལ་ལ་ཡང་དབྱེ་བ་དང་། དམིགས་ཡུལ། རྣམ་པ། སྒོམ་ཐབས་སོགས་དྲུག་གི་སྒོ་ནས་བཤད་ན། སྙིང་རྗེའི་དབྱེ་བ་ལའང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ་སོགས་གསུམ་ཡོད་པ་ལས། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི། སེམས་ཅན་ཐམས་ཅད་གྱིས་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སོགས་པ་མྱོང་བ་ལ་དེ་དང་བྲལ་འདོད་ཀྱི་སྙིང་རྗེ་སྐྱེས་པ་འདི་ལྟ་བུ་རེད། རང་ཉིད་ཀྱིས་འཕགས་པའི་བདེན་པ་བཞི་ལ་བློ་གོམས་ནས། རྒྱུ་འབྲས་རྣམ་བཞག་ཤེས་པས་རྟག་འཛིན་གྱི་བློ་ལྡོག་དུས། སེམས་ཅན་གཞན་དག་རྣམས་ཀྱིས་རྒྱུ་འབྲས་མི་ཤེས་པས་རིལ་པོ་དང་རྟག་པར་འཛིན་ནས་འཁྲུལ་ཡོད་པ་ལ་སྙིང་རྗེ་སྐྱེ་བ་འདི་ཆོས་ལ་དམིགས་པའི་སྙིང་རྗེ་རེད། རང་ཉིད་ཀྱིས་མཉམ་པར་བཞག་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ན། དེ་ལྟར་མ་རྟོགས་པའི་སེམས་ཅན་དངོས་འཛིན་ཅན་ལ་ལྷག་པར་སྙིང་རྗེ་སྐྱེ་བ་ནི་དམིགས་པ་མེད་པའི་སྙིང་རྗེ་རེད། སྙིང་རྗེའི་དམིགས་པའི་ཡུལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡིན་ལ། རྣམ་པ་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་དང་བྲལ་བར་འདོད་པའི་བློ་ཞིག་རེད། འདི་སྒོམ་ཐབས་ནི། དང་པོ་རང་ཉིད་ཀྱི་ཚེ་འདིའི་མ་དང་ངན་སོང་གི་སྡུག་བསྔལ་སྦྱར་ཏེ་བསྒོམས་ནས། མཐར་སེམས་ཅན་ཐམས་ཅད་ལ་དེ་ལྟར་དུ་སྒོམ་དགོས། དཔེར་ན་རང་ཉིད་ཀྱི་དྲིན་ཆེན་མ་རྒན་འདི། སྔུན་འདི་ན་ལྕགས་སྲེག་དམར་ལིང་ཞིག་གི་ཐོག་ཏུ་བཞག་ནས་གཞོགས་ཁ་ཡ་སོག་ལེས་དྲས། གཞོགས་ཁ་ཡ་སྟ་རེས་གསེས། གསོན་སྙིང་དམར་པོ་ལེན་འགྲོ་བཞིན་ཡོད་ན་སྙིང་ལོས་རྗེ། ལྟ་དགོས་ན་ལྟ་མི་ཐུབ་པ་དེ་བཞིན་དུ་དགུན་ཟླ་གསུམ་གྱི་གྲང་ངར་གངས་འཁྱགས་ཁ་བ་བུ་ཡུག་གི་ནང་དུ་གོས་མེད་གཅེར་བུར་བཞག་ནས། འཁྱགས་ཤིང་ཕྱིད་པས་མི་ཚད་འཁེངས། འཁེངས་པས་མི་ཚད་གས་ནས། གསོན་ཤི་རྒྱག་འགྲོ་བཞིན་ཡོད་ན་སྙིང་རྗེ་ས་ཨེ་ཡོད་གི་དེ་ལྟར་བསྒོམས་ན། ད་ལྟ་དམྱལ་བར་སྡུག་བསྔལ་དེ་རྣམས་མྱོང་བཞིན་པའི་སེམས་ཅན་ཐམས་ཅད་རང་རེ་རྣམས་ཀྱི་དྲིན་ཆེན་གྱི་མ་ཤ་སྟག་ཡིན། དེས་ན་དེ་དག་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་བྲལ་བར་འདོད་པའི་སྙིང་རྗེ་སྒོམ། ཡང་རང་ཉིད་ཀྱི་དྲིན་མོ་ཆེའི་མ་དེ་བཟའ་རྒྱུ་མེད་པས་ལྟོག བཏུང་རྒྱུ་མེད་པས་སྐོམ། ཚ་བས་གཟིར། གྲང་བས་ཉེན། ལུས་ཁོ་ཤོག་སྐམ་པོ་རླུང་གིས་འཁྱེར་བ་ལྟ་བུའི་ཡི་དྭགས། སྣབ་ཁ་ལུད་ལ་རེ་ནས་རྒྱུག་འདུག་པ་ཞིག་ཏུ་གྱུར་པ་དངོས་སུ་མཐོང་ཡོང་ན་བཟོད་དུ་མེད་པའི་སྙིང་རྗེ་སྐྱེས་ངེས་པ་ཡིན་པས། ཚེ་འདིའི་མ་བླ་བདེ་མ་དེ་ན་སྐྱེས་མེད་ཟེར་ཅི་ཤེས་དང་། མིན་རུང་ད་ལྟར་ཡི་དྭགས་ཀྱི་སེམས་ཅན་དུ་སྐྱེས་ནས་བཀྲེས་སྐོམ་མྱོང་ཚད་པོ་མ་མིན་པ་གཅིག་ཀྱང་ཡོད་མ་རེད། ཡང་མ་རྒན་དྲིན་ཆེན་མ་དེ་རང་རེས་མ་འབྲི་སྒོ་ཟོག་ཅིག་ལ་གཏད་པ་བཞིན་དུ་སྡུག་བཀོལ་བཀོལ་ནས། བེད་སྤྱད་སྤྱད་ཀྱི་མཐར་རྐང་ལག་ཐག་པས་བཅིངས། མཆུ་ཐག་གུས་སྡོམ། བྲང་གྲིས་གཤགས་ནས་གསོན་པོར་གསོད་འགྲོ་བཞིན་ཡོད་ན། ཡང་མ་རྒན་དྲིན་ཆེན་མ་དེ། ལ་ཁའི་རི་དྭགས་ཤིག་གི་ལུས་བླངས་ནས་ས་རི་ཡན་གྱི་རྩ་ཆུ་བདག་མེད་ལོངས་སྤྱོད་མི་བཅུག་པར། སྲོག་ཐོག་ལ་བབ་འགྲོ་བཞིན་ཡོད་པ་ལྟར་དུ། ད་ལྟར་དུད་འགྲོའི་ལུས་བླང་ཚད་པོ་ཕ་མ་དྲིན་ཆེན་ཡིན་ལུགས་གཅིག་པ་རེད། ངན་སོང་གསུམ་མིན་ནའང་མཐོ་རིས་གསུམ་ན་ཡོད་པའི་སེམས་ཅན་ཡིན་ཡང་ངན་སོང་གི་གཡང་ས་གཟར་མོའི་ཁར་ལྟུང་ལ་ཁད་དང་། ལྟུང་རྒྱུར་ཉག་གཅིག་ཡིན་ཏེ་སྡིག་པ་མི་དགེ་བ་སྤོང་མི་ཤེས་པར་མ་ཟད་དེ་ལ་དོགས་ཟོན་ཙམ་ཡང་བྱེད་མི་ཤེས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཟིན་མེད། བདེ་འདོད་སྡུག་བསྔལ་གྱི་རྒྱུ་ཁོ་ན་བསྒྲུབས་ནས་མེ་ཆེ་ཐོག་ཏུ་ཤིང་བསྣན་པ་ལྟ་བུ་ཞིག་ཡིན་ན་སྙིང་ཅིའི་ཕྱིར་་མི་རྗེ་བསམ་ནས། མ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་བྲལ་འདོད་དེ་སྙིང་རྗེ་སྒོམ་ཐབས་རེད། དེ་ལྟར་སྙིང་རྗེ་བསྒོམས་ནས་འབྱོངས་པའི་ཚད་ནི། རང་གཅེས་འཛིན་གྱི་གདོས་ཐག་ཆད་དེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བྲལ་འདོད་ཀྱི་བློ། ཁ་ཙམ་ཚིག་ཙམ་ཞིག་མ་ཡིན་པར་སྙིང་ནས་སྐྱེས་ནས། སེམས་ཅན་མིག་གིས་མཐོང་དུས་མིག་ནས་མཆི་མ་ལྷུང་ནུས་པ་ཞིག་རེད་དུས་འབྱོངས་ཚད་རེད། དེ་སྙིང་རྗེ་ཆེན་པོ་རེད། དེའི་སྙིང་རྗེ་སེམས་ཅན་ཡོངས་ལ་སྒོམ་ཐུབ་པ་ཞིག་རེད་ན་སྙིང་རྗེ་ཚད་མེད་ཅེས་བྱ། སྙིང་རྗེ་སྒོམ་པའི་ཡོན་ཏན་ནི། ཆོས་ཡང་དག་པར་སྡུད་པའི་མདོ་ལས། འཁོར་ལོས་བསྒྱུར་བའི་འཁོར་ལོ་རིན་པོ་ཆེ་གང་ན་ཡོད་ན་དེར་དཔུང་གི་ཚོགས་ཐམས་ཅད་ཡོད་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་ན་ཡོད་ན་དེ་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོད། ཅེས་དང་། ཡང་མདོ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙི་རྗེ་ཆེན་པོའི་རྩ་བ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་པ་ལྟར། དེ་འདྲའི་ཕན་ཡོན་ཆེན་པོ་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན་ནོ། །དེས་ན་བྱམས་པ་བསྒོམས་ནས་སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་འདོད་པ་དང་། སྙིང་རྗེ་བསྒོམས་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པ་མཐར་ཕྱིན་པའི་ཚེ། རང་གཅིག་པུ་ཞི་བདེ་ཐོབ་པ་ལ་མི་སྤྲོ་བས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སྒྲུབ་པ་ལ་དགའ་བ་ཡིན་པས་ན། ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་གྱུར་པ་བྱམས་སྙིང་རྗེ་དེ་ལྟར་སྒོམ་པ་དེ་ཐེག་ཆེན་ཆོས་ཀྱི་རྩ་བ་མེད་དུ་མི་རུང་བ་ཡིན། གདམས་ངག་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་ཡིན། འཁོར་བར་འཁྱམས་པའི་རྒྱུ་རྐྱེན་ནི་ལས་བཟང་ངན་སྣ་ཚོགས་པར་བྱས་པ་ལས་བྱུང་བ་དང་། ལས་དེ་གང་ལས་བྱུང་ན་ཆགས་སྡང་སོགས་ཉོན་མོངས་པ་ལས་བྱུང་བ་དང་། དེའི་རྩ་བ་གང་ལ་ཐུག་ན། ང་ལྟོག་འོང་། ང་འཁྱགས་འོང་། ང་ན་འོང་། ང་ཤི་འོང་། ང་ལ་ཟས་དགོས། གོས་དགོས། ད་རུང་རྒྱུ་དགོས། ང་ལ་གཉེན་ཉེ་རིང་དགོས་བསམ་ནས་མི་དགོས་དགུ་དགོས་ཀྱི་འདོད་ཆེན། ང་བདག་གི་འགོང་པོ་ངའམ་བདག་ཏུ་གཟུང་བ་འདི་ལ་ཐུག་ཡོད་པ་རེད། ཆོས་འགྲུབ་དང་མི་འགྲུབ་དང་ཐར་པའི་ལམ་སྣེ་ཟིན་མིན་ནི་བདག་འཛིན་གྱི་དགྲ་ཆེན་ནང་ན་ཡོད་པ་འདི་འདུལ་ནུས་མི་ནུས་ལ་རག་ལས་པ་རེད། བདག་འཛིན་ནམ་འདུལ་ཐུབ་ན་དེ་དུས་སངས་རྒྱས་པ་རེད། དེ་རིང་འདུལ་ན་དེ་རིང་སངས་རྒྱས། སང་ཉིན་འདུལ་ན་སང་ཉིན་སངས་རྒྱས། བཀའ་མདོ་རྒྱུད་ལུང་མན་ངག་ཐམས་ཅད་བདག་འཛིན་འདུལ་བའི་གཉེན་པོར་བསྟན་པ་མ་སོང་བ་ཞིག་ཡོད་པ་མ་རེད། འོན་ཀྱང་དེའི་ནང་ན་ཉི་མ་གཅིག་གིས་མུན་ནག་ཐམས་ཅད་སེལ་བྱེད། སྨན་ཨ་རུ་གཅིག་གིས་ནད་ཐམས་ཅད་འཇོམས་འགྲོ་བྱེད། གྲི་རྣོན་པོ་གཅིག་གིས་འཆིང་བ་ཐམས་ཅད་གཅོད་བྱེད། ཡིད་བཞིན་གྱི་ནོར་བུ་གཅིག་གིས་འདོད་པའི་རེ་བ་ཐམས་ཅད་སྐོང་བ། བུ་དཔའ་བོ་གཅིག་གིས་དགྲ་ཐམས་ཅད་འདུལ་ཐུབ་པ་ནི་གང་ཡིན་ན། བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་གཉིས་ཀ་ཡིན། སྔོན་བྱོན་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱིས་གསུངས་པའི་གདམས་ངག་ཡིན་པར་མ་ཟད། ལམ་དེ་ལ་མ་བརྟེན་པའི་རྒྱལ་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་བྱོན་མྱོང་ཡོད་པ་མ་རེད། དེ་ལྟ་བུའི་བྱམས་སྙིང་རྗེ་ཁྱད་པར་ཅན་སྐྱེས་པའི་ཐོག་ཏུ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་འབྱོང་བར་མཛད་རྒྱུའི་དམ་ཆོས་བྱང་ཆུབ་སྒྲུབ་པའི་ལམ་གནད་ཐམས་ཅད། རྒྱུད་ལ་ངེས་པར་མཛད་དེ། སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བ་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལས། ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་འདི་འཆད་པ་ལ། ཁྲིད་རྐང་གསུམ་པ་ཡན་ཆད་ཁྲིད་སྦྱོང་དང་བཅས་པ་ལག་ཁྲིད་ཀྱི་ཚུལ་དུ་སོང་གྲུབ་ནས།

པ༽ སེམས་སྦྱོང་བཞི་པ།

དང་པོ་དགེ་བའི་བཤེས་གཉེན་བརྟག་པ།

དེ་རིང་སེམས་སྦྱོང་བཞི་པ་འཆད་པ་ནི། འདི་ལ་ས་བཅད་གསུམ་དུ་དབྱེར་ཡོད། དང་པོ་དགེ་བའི་བཤེས་གཉེན་བརྟག་པ་དེ་རེད། དེ་ལ་བླ་མའི་མཚན་ཉིད་བཤད་པའི་ཞོར་ལ་སློབ་མའི་མཚན་ཉིད་ཀྱང་བསྟན་པ་དང་། དེ་ནས་དངོས་གཞི་བླ་མ་བསྟེན་ཚུལ། དེ་ལ་བསམ་པས་བསྟེན་ཚུལ་དང་། སྦྱོར་བའི་བསྟེན་ཚུལ་གཉིས་སུ་དབྱེ་བའི་སྒོ་ནས་གསུངས་ཡོད་པ་ལས། དང་པོ་ནི། བུ་ཡིག་ལས། བླ་མའི་གདམས་ངག་ཅིག་ཅི་ནས་ཀྱང་ཐོབ་པར་བྱ་ཞིང་། ཐབས་གང་གི་སྒོ་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པ་དང་། ཞེས་པའི་ལུང་དེས་བསྟན་པ་རེད། གོང་དུ་བཤད་པ་ལྟར་གཞི་བདེ་གཤེགས་སྙིང་པོ་སངས་རྒྱས་ཐོབ་རུང་གི་ས་བོན་ཡོད། རྟེན་མི་ལུས་རིན་ཆེན་རྙེད་དཀའ་བའང་རྙེད། རྐྱེན་དགེ་བའི་བཤེས་གཉེན་མཇལ་རྒྱུ་ཡོད་པའི་དུས་སྐབས་སུ་ཁེལ་ཡང་། དེ་རྐྱང་པས་ཕན་པ་མེད་པས། བླ་མའི་མདུན་ནས་གདམས་ངག་ཟབ་མོ་ཞིག་ཅི་ནས་ཀྱང་རང་གིས་ཉམས་སུ་བླང་རྒྱུ་ཞིག་འཐོབ་པར་བྱ་ཞིང་། ཐབས་གང་འདྲ་ཞིག་བྱེད་དགོས་ཀྱང་དཀའ་བ་དང་ལེན། ངལ་བ་ཁྱད་བསད་ཐུབ་པའི་ཆོད་སེམས་བརྟན་པོ་ཞིག་ཡོད་དགོས། ངལ་བ་ཁྱད་བསད་ཀྱི་སྒོ་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པ་དང་། ཞེས་པས་བསྟན། དེ་ལྟར་སྔར་བཤད་མ་ཐག་པའི་ཁམས་གསུམ་འཁོར་བ་རིགས་དྲུག་གི་གནས་གང་དུ་སྐྱེས་ཤིང་འཁོར་ཀྱང་། འཁོར་བ་འདི་ནི་མེའི་འོབས་དང་། སྲིན་པོའི་གླིང་། དུག་སྦྲུལ་གདུག་པའི་ཚང་ལྟ་བུ་ཡིན་པས་ན་སྡུག་བསྔལ་འབའ་ཞིག་ལས་བདེ་བ་མེད་ཚུལ། ཨོ་རྒྱན་ཆེན་པོས། འཁོར་བ་འདི་ལ་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན་ཞེས་གསུང་། །གསུངས་པ་ལྟར་བདེ་བ་ཁབ་ཀྱི་རྩེ་མོ་དང་སྤུའི་ཉག་མ་ཙམ་ཡང་མ་མཆིས་པར་ཤེས་པར་བྱ་བ་དང་། གསུང་རབ་ཀྱི་ཡིག་ཆ་དང་། བླ་མའི་ཞལ་རྒྱུན་གང་ཡིན་ཡང་། ཐེག་ཆེན་གྱི་དམ་ཆོས་ཤིག་མ་མཉན་མ་བལྟ་ན་མ་གཏོགས། གོ་བ་དང་རིག་པ་ཞིག་ཡིན་ཕྱིན་དེ་འདྲའི་གོ་བ་ཙམ་ཡོད་ཀྱང་། རང་གཞན་ཐམས་ཅད་ཀྱི་དེ་འདྲའི་འཁོར་བའི་སྡུག་བསྔལ་མྱོང་བ་དེ་ལ་ཡིད་མུག་པར་བྱས་པ་གཅིག་པུས་སྡུག་བསྔལ་དེ་ལས་ཐར་པ་མ་ཡིན་ཏེ། སྡུག་བསྔལ་མྱོང་བ་ཡིན་པར་ཤེས་པས་མི་ཚད་སྡུག་བསྔལ་དེ་ལས་ཐར་པ་ཐོབ་པ་དེ་ལ་ཕན་པའི་ཐབས་ཁོ་ན་ལྷུར་ལེན་དགོས། སྡུག་བསྔལ་དེ་མི་མྱོང་བར་བྱེད་པའི་ཕན་པའི་ཐབས་དེ་གང་ཡིན་ན། གསལ་རྒྱལ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཞེས་བོས་མཛད་དེ། མཐའ་བཞིས་བསྡུས་པའི་འཁོར་བའི་ཉེས་པ་སྤྱི་དང་། ཁྱད་པར་དུ་འཆི་བ་ཐོག་ཏུ་བབ་པ་དེའི་ཚེ། དེའི་དུས་ན་དམ་པའི་ཆོས་མ་གཏོགས་རེ་སའི་མགོན་དང་། སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་མེད་དོ། །དམ་པའི་ཆོས་ནི་ཉམ་ཐག་མགོན་མེད་དུ་གྱུར་པ་དེའི་ཚེ། ཉམ་ཐག་གི་རེ་སའི་མགོན་དང་། བློ་གཏད་བྱེད་ཆོག་པའི་མི་བསླུ་བའི་སྐྱབས་དང་། རེ་ལྟོས་འཆའ་སའི་རྟེན་དང་། ཡིད་བརྟན་ཕེར་ཤིང་གདུང་བ་སེལ་བའི་ངལ་གསོའི་གླིང་དང་། ར་མདའ་སྦྲན་ཆོག་ཆོག་གི་དཔུང་གཉེན་ལྟ་བུ་ཡིན་ནོ། །ཞེས་གསུངས་ཤིང་དེ་ཡང་ཡི་གེ་ནག་འདོན་གྱིས་ཀློག་པ་ཙམ་གྱིས་ནི་ཕན་པ་ཡོང་བ་མ་ཡིན་ཏེ། དཔེར་ན་འོ་མ་ལས་མར་དང་། མེ་ལས་དུ་བ་འབྱུང་བ་ལྟར་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ཁོ་ན་བསྟེན་ནས་སྙིང་པོ་ལེན་པར་བྱ་སྟེ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ། རྒྱ་ཆེ་ཆེ་བས་ཕ་མཐའ་ཞིག་མི་མངོན། གཏིང་ཟབ་ཟབ་ཀྱིས་འོག་ཏུ་ཐུག་རྒྱུ་མེད་པ། ཤུགས་དྲག་དྲག་གིས་ལས་ཀྱི་རྦ་རླབས་ཀྱིས་གང་སར་འཕེན་འདུག་པ་ཡིན་ན། ཡར་སྲིད་པའི་རྩེ་མོ་དེ་མཚོ་ཁ་ཐོག་དང་འདྲ་བ་ཡིན་ན། མར་མནར་མེད་ཀྱི་ས་གཞི་རྒྱ་མཚོའི་གཏིང་ན་ཟུག་ཡོད་པ། སྡུག་བསྔལ་གྱི་རིགས་སྣ་ཚོགས་པའི་ཆུ་སྲིན་གདུག་པ་ཅན་གྱི་གནོད་པ་ཡོད་པ། ཅི་འདྲ་བྱས་ཀྱང་ཐར་དཀའ་བའི་འཁོར་བའི་རྒྱ་མཚོ་འདིའི་ནང་དུ་འཁོར་ཞིང་འཁྱམས་ཡོད་ན། བླ་ན་མེད་པའི་ཆོས་ཀྱི་གྲུ་དང་། དེད་དཔོན་བླ་མའི་ཁ་ལོ་བ་དང་བཅས་པ་བཞུགས་པའི་སྐབས་འདིར། ད་རེས་ཀྱི་ལུས་རྟེན་འདིའི་ཐོག་ན་ཆོས་ཀྱི་གྲུ་ཆེན་ལ་ཞུགས། བླ་མ་དགེ་བའི་བཤེས་གཉེན་གྱི་དེད་དཔོན་མ་བསྟེན་ན། ཕྱིན་ཆད་འཁོར་བ་དང་ངན་སོང་གི་གནས་ནས་ཐར་དཀའ་བས། ཡོད་ན་ད་རེས་རེད། མེད་ན་ད་རེས་རེད། ཤི་བ་ཤེས་ཤེས་ཁ་དང་། མ་ཎི་ཁ་ལ་འཆོས་འཆོས་ཁ་ཟེར་བ་ལྟར། ད་རེས་ཀྱི་སྐབས་འདི་དང་བསྟུན་ནས་སྲིད་པའི་མཚོ་ལས་སྒྲོལ་ཐུབ་པའི་བྱ་བ་ཞིག་སྒྲུབ་དགོས་བསམ་ནས། བླ་མ་དམ་པ་ཞིག་བསྟེན་རྒྱུ་ནི་ཐར་ལམ་འདོད་པ་ཐམས་ཅད་ཀྱི་མཆོག་ཏུ་གཅེས་པའི་མན་ངག་རེད། དེས་ན་ཡར་ཐར་ལམ་ལ་འགྲོ་ས་དང་། མར་ངན་སོང་ལ་ལྷུང་ས། བར་དུ་གནས་གཞན་དུ་འཁྱམས་ས། རང་རེའི་ཁ་བཤད་ལྟར་ལམ་རྒྱ་གྲམ་འདྲ་བའི་བཞི་མདོར་ཐོན་ཡོད་ན། ད་ལམ་སྟོན་གྱི་ས་མཁན་བཟང་པོ་ཞིག་གདམ་མ་ཤེས་ཤིང་། བསྟེན་མ་ཤེས་དུས་བྱ་བ་ཆེན་པོའི་ཡག་ཉེས་རེད། ཚེ་འདིའི་བྱ་བ་ཞིག་འཕྱུག་ཟེར་བ་འདྲ་ག་ན་ཡིན། ཚེ་རབས་སྐྱེ་བ་མང་པོའི་གཏན་གྱི་བྱ་བ་ཉེས་འགྲོ་བ་ཡིན་པས་ན། བླ་མ་མཚན་ཉིད་དང་ལྡན་པ་ཞིག་བསྟེན་རྒྱུ་དེ་གལ་ཆེ་བ་ཡིན་པར་ཤེས་དགོས། བཤེས་གཉེན་སྤྱིའི་མཚན་ཉིད་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེ་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་པའི་ཡོན་ཏན་དང་ལྡན་པ་དང་། དེའི་སྟེང་ནས་ཁྱད་པར་གསང་སྔགས་སྟོན་པའི་བླ་མའི་མཚན་ཉིད་ནི། དེ་ཉིད་བཅུ་དང་རང་བཞིན་བརྒྱད་ལྡན་གྱི་མཚན་ཉིད་ཚང་བ་དང་། དེའི་ནང་ནས་རྫོགས་ཆེན་སྟོན་པའི་བླ་མ་ཡིན་ན། ཆོས་སྐུ་རང་གནས་ཀྱི་ཡེ་ཤེས་ངོ་སྤྲོད་པ་དང་། བོགས་འདོན་ཉམས་རྟོགས་ཀྱི་ཡོན་ཏན་གོང་འཕེལ་དུ་གཏོང་བ། ཚེ་འདིར་འཁོར་བའི་རྒྱ་མཚོའི་ཕ་རོལ་སྐྱེལ་ཐུབ་པ་ཞིག་ཡིན་དགོས་ཏེ། མདོ་སྡུད་པ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་བྱ་སྟེ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་མཁྱེན་པའི་ཡོན་ཏན་རྫོགས་པའི་བླ་མ་མཁས་པ་རྣམས་ལ་ཐར་པ་འདོད་པ་དག་གིས་རྟག་ཏུ་བསྟེན་ཅིང་བཀུར་བར་བྱ་དགོས་པ་ཡིན་ཏེ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རང་རྒྱུད་ལ་མཁས་པའི་ཡོན་ཏན་ཐམས་ཅད་བླ་མ་མཁས་པ་དེ་ལས་འབྱུང་བ་ཡིན་ཏེ། དཔེར་ན་ནད་པའི་ཚོགས་ཀྱིས་ནད་གསོ་བའི་ཕྱིར་སྨན་པ་མཁས་པ་བསྟེན་པ་ལྟར། དུས་ལས་ཡོལ་བའམ་གཡེལ་བ་མེད་པར་དགེ་བའི་བཤེས་སམ་གཉེན་དུ་གྱུར་བའི་དཔལ་མགོན་བླ་མ་དམ་པ་བསྟེན་པར་བྱའོ། །ཞེས་གསུངས་ལ། ཀུན་མཁྱེན་ཀློང་ཆེན་པས། དེ་ཡང་ཐབས་མཁས་ཐུགས་རྗེ་དཔག་མེད་ཅིང་། །མདོ་རྒྱུད་ཡིད་བཞིན་མཛོད་མངའ་འགྲོ་བ་འདྲེན། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི། །སྙིགས་མའི་དུས་སུ་སངས་རྒྱས་དངོས་དང་མཚུངས། །རབ་དད་སྲི་ཞུ་གུས་པས་སྤྱི་བོས་བསྟེན། །ཞེས་གསུངས་སྟེ། དེ་ཡང་ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་ཐབས་ལ་མཁས་ཤིང་། ཐུགས་རྗེ་སྐྱོ་ངལ་མེད་པས་གཞན་ལ་ཕན་པ་དཔག་མེད་མཛད་པ། རྒྱལ་བའི་གསུང་རབ་མདོ་རྒྱུད་མང་དུ་ཐོས་པའི་སྤྱན་དྲི་མ་མེད་པའི་ཡིད་བཞིན་ནོར་གྱིས་གཏམས་པའི་ཐུགས་མཛོད་མངའ་བས་འབྲེལ་ཚད་ཀྱི་འགྲོ་བ་ཐར་ལམ་ལ་འདྲེན་པ། སྐུ་གསུང་ཐུགས་ལ་ཉེས་པའི་སྐྱོན་གྱི་དྲི་མ་ཐམས་ཅད་དང་བྲལ་ཞིང་། ཡིད་བཞིན་རེ་སྐོང་གི་ཡོན་ཏན་ཐམས་ཅད་རྫོགས་པའི་བླ་མ་དེ་ལྟ་བུ་ནི། སྙིགས་མའི་དུས་འདིར་སངས་རྒྱས་དངོས་སུ་བྱོན་པ་དང་མཚུངས་ཕྱིར། རབ་ཏུ་དད་པ་ཐང་ལྷོད་མེད་པར་སྒོ་གསུམ་གུས་པའི་ཚུལ་གྱིས་བསྟེན་པར་གྱིས། །ཞེས་གསུངས་ལ། དེ་ལ་བསྟེན་བྱ་བླ་མ་དམ་པའི་མཚན་ཉིད་ནི། རིན་པོ་ཆེ་ཕུང་པོའི་མདོར། བྱམས་པས་གསོལ་པ། དགེ་བའི་བཤེས་གཉེན་མཚན་ཉིད་ཇི་ལྟ་བུ་དང་ལྡན་པར་བསྟེན་པར་བགྱི། ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཐར་ལམ་ལ་ཁྲིད་པའི་དགེ་བའི་བཤེས་གཉེན་ནི། ཐེག་པའི་རྣམ་གྲངས་ལམ་གྱི་འཇུག་སྒོའི་ཆོས་ཅི་དང་ཅི་སྟོན་པ་ཐམས་ཅད། དོན་དུ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད་དོན་དམ་པའི་བདེན་པ། ཆོས་ཐམས་ཅད་ཀྱི་གནས་ལུགས་མ་འཁྲུལ་བ་འབའ་ཞིག་རང་གིས་རྟོགས་ཤིང་སེམས་ཏེ། གདུལ་བྱའི་སེམས་ཅན་ཐམས་ཅད་ལ་རྟོགས་པའི་ཕྱིར་སྟོན་པར་བྱེད་གསལ་བར་བྱེད་པ་དེ་ནི། དགེ་བའི་བཤེས་གཉེན་ལམ་དྲང་པོ་ནས་འཁྲིད་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་དེ་ལ་སོགས་པ་མདོ་རྒྱུད་མང་པོ་ནས་བླ་མའི་མཚན་ཉིད་མང་དུ་གསུངས་པ་དེ་གཞིར་བཞག་ནས། མདོ་སྡེ་རྒྱན་ལས་གསུངས་པ་ལྟར་ལམ་གཞན་མུ་སྟེགས་སོགས་ཀྱི་བརྟུལ་ཞུགས་ལས་ཁྱད་དུ་འཕགས་པའི་ལྷག་པའི་བསླབ་པ་གསུམ་གྱིས་རྒྱུད་ལེགས་པར་དུལ་བ། སྤྱིར་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་ཐོགས་པ་མེད་པ་དང་། བྱེ་བྲག་ཏུ་ཆོས་ཀྱི་སྒོ་མང་པོ་ལ་ཐོས་བསམ་མཛད་པས་ཐེག་པ་ཐམས་ཅད་ཀྱི་ཚིག་དོན་མཁྱེན་ཅིང་ཁོང་དུ་ཆུད་པ་དང་། ཁྱད་པར་དུ་ལྟ་སྤྱོད་ཕུལ་དུ་བྱུང་བའི་དགོངས་སྤྱོད་མངའ་བས་དམན་དང་ལོག་པའི་གྲུབ་མཐའ་ལས་གྲོལ་བ། གདུལ་བྱའི་ཁམས་དང་དབང་པོ་བསམ་པའི་ཁྱད་པར་ལ་གཟིགས་ནས། དེ་དང་མཐུན་པའི་ཆོས་བསྟན་པ་ལ་མཁས་ཤིང་བསྟན་པའི་ལམ་སྲོལ་དུ་འཛུད་མཁས་པ། ཆོས་དང་ཆོས་མིན་གྱི་དབྱེ་བ་འབྱེད་མཁས་པས་བདུད་དང་གོལ་ས་གཅོད་པ་ལ་ལྷག་པར་མཁས་པ། ཕྱོགས་རེའི་གཞུང་ལ་ཐལ་རྒྱུག་མ་ཡིན་ཤེས་བྱ་སྲིད་ཚད་མཁྱེན་པའི་བློ་གྲོས་ཀྱིས། ཞེས་གསུངས་པ་ལྟར་དུ། ཕྱོགས་རེ་ཙམ་མ་ཡིན་པར་མདོ་རྒྱུད་བསྟན་བཅོས་མང་དུ་ཐོས་པ་ལུང་གི་ཡོན་ཏན་རྒྱ་མཚོ་ལྟ་བུ་ཟད་པ་མེད་པར་མངའ་བ། ཡོན་ཏན་མཛོད་ལས། སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལ། །ཐོས་དང་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན། །སྡེ་སྣོད་སྔགས་རྒྱུད་རྒྱ་མཚོའི་ཆོ་གར་མཁས། །སྤངས་རྟོགས་ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །ཅེས་གསུངས་པ་བཞིན་ནོ། །དེ་ཁོ་ན་ཉིད་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་སློབ་མ་རྣམས་ལས་ཆེས་ལྷག་པར་གྱུར་པའི་ཁྱད་པར་གྱི་ཡོན་ཏན་དང་ལྡན་པ་དགོས་ཏེ། དམན་པར་བསྟེན་པས་མི་རྣམས་ཉམས་འགྱུར་ཞིང་། །ཐད་ཀར་བབ་པར་བསྟེན་པས་སོ་ན་གནས། །གཙོ་བོར་བསྟེན་པས་དམ་པ་ཐོབ་འགྱུར་ཞིང་། །དེ་ཕྱིར་བདག་ལམ་མཆོག་གྱུར་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། སློབ་མ་ཚོགས་ལམ་པ་ཞིག་ཡིན་ན་བླ་མ་སྦྱོར་ལམ་ལ་གནས་པ་དང་། སློབ་མ་སྦྱོར་ལམ་པ་ཞིག་ཡིན་ན་བླ་མ་མཐོང་ལམ་ལ་གནས་པ་ཞིག་ངེས་པར་དགོས་པས། སློབ་མ་རྣམས་ལས་ཆེས་ལྷག་པའི་ཁྱད་པར་གྱི་ཡོན་ཏན་ཡོད་པ། དེ་ལས་གཞན་དུ་ན། ཁྱད་པར་རང་ལས་ཡོན་ཏན་ལྷག་བཅས་མིན། །བྱང་ཆུབ་སེམས་བྲལ་གྲགས་པའི་མཐུས་བསྟེན་ན། །ལོང་བའི་དེད་དཔོན་ནོར་བ་ཆེན་པོ་སྟེ། །ཟོལ་འགྲོགས་མུན་པའི་སྨག་ཏུ་འཁྱམ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན། ཟབ་ཅིང་རྒྱ་ཆེ་བའི་མདོ་རྒྱུད་ཀྱི་ལུང་དོན་ཐམས་ཅད་རྣམ་དཔྱོད་ཀྱི་རིག་པས་བཀྲལ་ནས་དགོངས་དོན་ཕྱིན་ཅི་མ་ལོག་པར་འབྱེད་པ་ལ་སྐྱེས་སྦྱོང་གི་རྣམ་དཔྱོད་ཀྱི་མཐུ་ཕུན་སུམ་ཚོགས་པ་གཞན་ལས་ཁྱད་པར་དུ་འཕགས་པ་མངའ་བས་ན། གདུལ་བྱའི་རྣ་བར་སྙན་ལ་འཇེབས་ཤིང་ཚིག་དེའི་རྗེས་སུ་ཞུགས་པས་དོན་དམ་པ་ཡང་དག་པའི་ལམ་ལ་བཀྲི་ཞིང་བཀོད་པར་མཁས་པ་སྟེ། ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་ལས། ཐེག་པའི་རིམ་པ་ལ་མཁས་པས་ས་ལམ་གང་མོས་ལ་འགོད་པ། མས་འཛེག་ལམ་རིམ་ལ་མཁས་པས་བློ་དམན་དགེ་སྦྱོར་ལ་འཛུད་པ། ཐར་ལམ་གྱི་དམར་ཁྲིད་ཟབ་མོས་རང་གནས་གྱི་ཆོས་སྐུ་རང་ངོ་ཅེར་མཐོང་དུ་སྤྲོད་པ། རྩལ་སྦྱོང་གི་བོགས་འདོན་ཟབ་མོས་ཡོན་ཏན་གོང་འཕེལ་དུ་བསྐྱེད་པ། མཐར་ཕྱིན་རྟོགས་པ་མངའ་བས་གདུལ་བྱར་ཡིན་ལུགས་ཀྱི་རྟོགས་པ་བསྐྱེད་པ། ཐབས་ལམ་ཟབ་མོ་མངའ་བས་གང་ཡང་ལམ་དུ་སྒྱུར་བ། སྣ་ཚོགས་གདམས་པ་མང་བས་ཤེས་རྒྱུད་འགྲོལ་བར་མཁས་པ། མཐོང་ཐོས་མྱོང་བ་ཆེ་བས་བདུད་དང་གོལ་ས་གཅོད་པར་མཁས་པ། ཞེས་སོགས་གསུངས་པ་བཞིན་སློབ་མ་དོན་དམ་པའི་ལམ་ལ་བཀྲི་བ་ལ་མཁས་པས། ཆོས་སྟོན་པ་དེ་རྙེད་པ་དང་བཀུར་སྟི་སོགས་འཇིག་རྟེན་ཆོས་བརྒྱད་ལ་མི་གཟིགས་ཤིང་དེ་བསྒྲུབ་པའི་ཆེད་དུ་མ་ཡིན་པར། སྤྱོད་འཇུག་ལས། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་རྒྱུ་ལ་མངོན་པར་རྒྱུག །ཅེས་གསུངས་པ་ལྟར་གྱི་དབང་མེད་ལས་ཀྱི་རླུང་ཤུགས་ལྡོག་དཀའ་བས་བསྐྱོད་ནས། འཁོར་བ་དང་ངན་སོང་གི་རྒུད་པ་སྣ་ཚོགས་ཀྱིས་གདུང་བས་དུས་རྟག་ཏུ་བདེ་བས་ཕོངས་ཤིང་སྡུག་བསྔལ་ལ་སྤྱོད་པ། གཞན་སུས་ཀྱང་སྐྱོབ་དཀའ་བའི་འགྲོ་བ་ཉམས་ཆུང་ལ་ལྷག་པར་བརྩེ་བའི་སྙིང་རྗེ་ཅན། དཔེར་ན་མས་བུ་ཐམས་ཅད་ལ་བརྩེའང་ན་བའི་བུ་ལ་ལྷག་པར་བརྩེ་བ་ལྟ་བུ་དང་། བླ་མ་རང་ཡང་ཆོས་བཞིན་དུ་སྤྱོད་ལ་གཞན་ཡང་དེ་ལ་སྦྱོར་བ། གཞན་དོན་བསྒྲུབ་པ་སྐྱོ་དུབ་མེད་པའི་བརྩོན་འགྲུས་ཅན། གདུལ་བྱ་བློ་རྨོངས་པ་ཐོས་པའི་བག་ཆགས་མེད་པ་ལ་ལན་གཅིག་བཤད་པས་མི་གོ་བ་ཚོར་ཡང་ཡང་འཆད་པ་ལ་སྐྱོ་ངལ་མེད་པ། དུས་ངན་གྱི་སློབ་མ་རྣམས་ཕར་ལ་ཆོས་བཤད་ནས་ཐར་པའི་ལམ་སྟོན་ནས་ཕན་བཏགས་ན། ཚུར་ལ་གཤེ་ཞིང་བསྐུར་བ་འདེབས་པ་སོགས་ལོག་སྒྲུབ་ལ་བཟོད་པས། ས་གཞི་ལྟ་བུ་ཅི་ཡང་འཁུར་བཟོད་པའི་སྙིང་སྟོབས་ཅན་གྱི་བླ་མ་དམ་པ་ཞིག་བསྟེན་དགོས་གསུངས་པ་རེད། ཡོན་ཏན་མཛོད་ལས་ཀྱང་། མཐའ་དག་ཡོན་ཏན་འབྱོར་བའི་བླ་མ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་ཁམས། །གདུལ་བྱའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན། །དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད། །ཅེས་གསུངས་ན། བླ་མ་བརྟགས་ནས་བསྟེན་པ་ནི་གལ་ཆེན་ནང་གི་དོན་ཆེན་རེད། སྔོན་བསྐལ་པ་ཡར་ལྡན་གྱི་སྐབས་ན་འཕགས་པའི་བླ་མ་གྲུབ་པ་ཐོབ་པའི་དགེ་བའི་བཤེས་གཉེན་མང་པོ་བྱོན། དེའི་དུས་སུ་གདུལ་བྱ་ཡང་བསོད་ནམས་དང་ལྡན་པ་ཡིན་ལ། ད་ནི་བསྟན་པ་སྙིགས་མའི་སྐབས་རེད། མཐའ་དག་ཡོན་ཏན་རྫོགས་པའི་བླ་མ་དཀོན་ཞིང་། གལ་ཏེ་ཡོད་ཀྱང་རྒྱུད་སྦས་ཚུལ་གྱིས་བཞུགས་པ་ཤས་ཆེ་བ་ཡིན། སེམས་ཅན་རྨོངས་པ་གྲགས་པའི་རྗེས་འབྲངས་མང་བ་ཡིན་པས། ལྟར་སྣང་འཁྲུལ་པའི་བླ་མ་ངན་པ་དང་འཕྲད་སོང་ན་གཞན་སྐྱེས་བུ་དམ་པའི་དྲུང་དུ་འགྲོར་མི་འཇུག དེའི་ཟུར་ན་བསྡད་ཀྱང་ཡོན་ཏན་སྐྱེ་རྒྱུ་མེད་པ་དེ་འདྲ་ཡོད། སློབ་པ་སོ་སོའི་སྐྱེ་བོ་ནས་སངས་རྒྱས་ཀྱི་སར་འཁྲིད་པའི་ལམ་མཁན་ཡིན་པས། བླ་མ་བརྟག་པ་ལས་གནད་ཆེ་བ་ཞིག་ཡོད་པ་མ་རེད། བླ་མ་དེ་ལ་ནང་གསེས་སུ་དབྱེ་ན། སྤྱི་མདོ་དགོངས་པ་འདུས་པ་ལས། ཕྱི་སྒྲོ་འདོགས་གཅོད་པ་ལ་མཁས་པའི་བླ་མ། ནང་གསང་སྔགས་ཀྱི་གདམས་པ་སྟོན་པ་དྲིན་ཅན་གྱི་བླ་མ། གསང་བ་སེམས་ཉིད་སྐྱེ་བ་མེད་པར་སྟོན་པ་རྩ་བའི་བླ་མ། རང་བཞིན་གཞིའི་བླ་མ། དག་པ་རང་སེམས་ཀྱི་བླ་མ། སྣང་བ་བརྡའི་བླ་མ། གང་ཟག་བརྒྱུད་པའི་བླ་མ་རྣམས་ལ་འདུས་པའོ། །ཞེས་མདོ་རྒྱུད་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི་དཀའ་བའི་གནས་ལ་སྒྲོ་འདོགས་གཅོད་པ་ལ་གཞན་དྲིང་མི་འཇོག་པར་མདོ་རྒྱུད་བསྟན་བཅོས་ལ་བཀའ་བབ་པ་མཁས་པའི་བླ་མ། །ནང་བསྐྱེད་རྫོགས་ཀྱི་གདེང་དང་ལྡན་པས། གསང་སྔགས་ཀྱི་དབང་དང་དམ་ཚིག་གི་བྱིན་བརྒྱུད་འཕོ་བར་བྱེད་པའི་གདམས་ངག་སྟོན་པ་ལ་དྲིན་ཅན་གྱི་བླ་མ། གསང་བ་སེམས་ཉིད་གདོད་ནས་དག་པ་སྐྱེ་བ་མེད་པ་ཆོས་སྐུའི་རང་ཞལ་མངོན་སུམ་རྗེན་ཅར་ཏུ་སྟོན་ནུས་པ་ལ་རྩ་བའི་བླ་མ། ཀུན་མཁྱེན་ཆེན་པོས། རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ནི། །གོང་མ་མཉེས་བྱས་གྲུབ་ཐོབ་བརྒྱུད་པ་འཛིན། །ཐུགས་མཛོད་ལོན་པས་སྙན་བརྒྱུད་གདམས་པ་ལྡན། །ཕྱག་བཞེས་མཐོང་བས་དོན་གཉིས་སྒྲུབ་ལ་མཁས། །བསྒྲུབ་ལ་བརྩོན་པས་དངོས་གྲུབ་སྤྲིན་ཚོགས་བརྙེས། །གཞན་སྣང་བསྒྱུར་ནུས་ཐར་པའི་ལམ་སྣ་འདྲེན། མདོ་རྒྱུད་བཀའ་བབ་དམ་ཚིག་གཙང་གྱུར་པ། །དེ་འདྲའི་མཁས་གྲུབ་དཔལ་མགོན་སྤྱི་བོས་བསྟེན། །ཞེས་གསུངས་པ་ལྟར་དང་། རང་བཞིན་གཞིའི་བླ་མ་ནི། སེམས་ཉིད་འོད་གསལ་བའི་ཡེ་ཤེས་རང་བྱུང་བྱང་ཆུབ་ཀྱི་སེམས། ཡེ་རྫོགས་ལྷུན་གྲུབ་འདུས་མ་བྱས་པ་སྐུ་གསུམ་འདུ་འབྲལ་མེད་པ། ངོ་བོ་ཡེ་ནས་དག་པ་ཆོས་སྐུ་གཞི་གནས་ཀྱི་རིག་པ་དེ་ཡིན། དག་པ་རང་སེམས་ཀྱི་བླ་མ་ནི། བླ་མའི་མན་ངག་དང་བརྒྱུད་པའི་བྱིན་རླབས་ལ་བརྟེན་ནས། དགོངས་བརྒྱུད་རྟོགས་པའི་ཕ་ཕོགས་ཐོབ་སྟེ་བསལ་བཞག་སྤྲོས་པ་དང་བྲལ་བའི་དག་གསལ་རང་གནས་ཀྱི་ཡེ་ཤེས་ངོ་འཕྲོད་དེ། དུས་གསུམ་རྒྱལ་བའི་དགོངས་པ་དང་གཉིས་སུ་མེད་པ་དེ་རེད། སྣང་བ་བརྡའི་བླ་མ་ནི། གང་སྣང་ཡེ་ཤེས་ཀྱི་རོལ་པ། གང་ཤར་ཆོས་སྐུའི་རང་རྩལ་དུ་ཤེས་པ་དེ་ཡིན། གང་ཟག་བརྒྱུད་པའི་བླ་མ་ནི། གང་འདུལ་གཟུགས་སྐུའི་ཚུལ་དུ་སྣང་བ། རྣམ་པ་མིའི་ཟོལ་ལ་བརྟེན་ནས་བྱོན་པའི་དམ་པ་གོང་མ་རིམ་ནས་རིམ་བརྒྱུད་བར་མ་ཆད་པར་བྱོན་པ་དེ་རྣམས་ཡིན་པ་རེད། བླ་མ་དེ་རྣམས་སུ་འདུས་པ་ཡིན་ཞེས་གསུངས། འདི་ལ་རྩ་བ་དང་ཡན་ལག་གི་བླ་མ་གཉིས་སུ་ཕྱེ་བ་ལས་རྩ་བའི་བླ་མ་ཞེས་པ་བརྒྱུད་པའི་རིམ་པ་ཡིན་པའང་གོ་དགོས། །དེས་བླ་མའི་མཚན་ཉིད་མཚན་གཞི་དབྱེ་བ་དང་། བླ་མ་བསྟེན་པའི་དགོས་པ་དང་བཅས་པ་བསྟན་ནས། འདིའི་ཤུགས་བསྟན་དུ་གོ་དགོས་རྒྱུ་ནི། བླ་མ་མ་བསྟེན་པའི་སྐྱོན་ཅི་ཡོད་ནི། བླ་མ་བསྟེན་པའི་ཡོན་ཏན་ལས་ལྡོག་ནས། ཐར་པའི་ལམ་སྣེ་མི་ཟིན་པ་དང་། ཡོན་ཏན་གྱི་ཚོགས་མི་འབྱུང་བ། འཁོར་བའི་སྡུག་བསྔལ་གྱི་ནང་དུ་ཚུད་པ། དེའི་སྟེང་ན་སྐྱོན་ཅན་གྱི་བླ་མ་དང་གྲོགས་ངན་འགྲོགས་ན་ཉེས་པ་མང་པོ་འགོ་བ་ཡིན་ཏེ། གཏི་མུག་ཤས་ཆེ་བ་དང་འགྲོགས་ན་ཤེས་རབ་འགྲིབ་པ་དང་། ཞེ་སྡང་ཤས་ཆེ་བ་དང་འགྲོགས་ན་གདུག་རྩུབ་ཇེ་ཆེ། འདོད་ཆགས་ཤས་ཆེ་བ་དང་འགྲོགས་ན་འདོད་སྲེད་ཆེ་བ། ཨེ་ལོན་ཁོ་ན་ལྟ་བའི་མི་ལྟོ་བའི་བླ་མ་དང་འགྲོགས་ན་ལོག་འཚོའི་ཉེས་པ་སོགས་འགོ་བས་སོ། །མདོར་ན་བླང་དོར་མ་ནོར་བའི་སྒོ་ནས་བླ་མ་བསྟེན་རྒྱུ་གལ་ཆེ་བ་རེད། བླ་མ་བརྟག་ཕྱིར་བླ་མའི་མཚན་ཉིད་བསྟན་པའི་ཞར་ལ་སློབ་མའི་མཚན་ཉིད་ཀྱང་བསྟན་པ་ནི། རྒྱུད་ཀློང་གསལ་ལས། སྣོད་དང་མི་ལྡན་སློབ་མ་ནི། །ཤེས་ཆུང་ཁ་གསག་གདོང་ལྟས་ཆེ། །ཁ་མཁས་ལག་དམ་གཡོ་སྒྱུ་ཆེ། །བླ་མའི་གསུང་བཅག་དྲིན་ལ་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག །རིགས་རྒྱུད་ངང་རྒྱུད་ངན་པ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །དོན་དམ་དམ་ཚིག་ཉམས་ལེན་འཆལ། །སློབ་མ་མ་བརྟག་སློབ་དཔོན་དགྲ། །ཞེས་དམ་ཆོས་ཟབ་མོ་བསྟན་པའི་སྣོད་ཀྱི་མཚན་ཉིད་དང་མི་ལྡན་པའི་སློབ་མ་ནི། དད་པ་དང་ཤེས་རབ་ཆུང་ཞིང་གཡོ་སྒྱུ་དང་ཁ་གསག་ཆེ་བ། གསར་འགྲོག་ཨ་གསར་ཆེ་བ་དང་ངོས་ལྐོག་ཅན་གྱི་གདོང་ལྟས་ཆེ་བ། མཆོད་པ་དང་མཎྜལ་ཕྱོགས་ལ་སེར་སྣ་ཆེ་ཞིང་ལག་པ་དམ་པོ། དོན་ལ་མི་གནས་པའི་ཁ་མཁས་པ། གཡོ་སྒྱུ་ཆེ་བ། བླ་མའི་བཀའ་ལ་མི་བརྩི་ནས་གསུང་བཅག བླ་མས་གསོལ་རས་རེ་གནང་ན་ཉི་མ་འགའ་རེར་དད་པ་སྐྱེ་བ་སོགས་དྲིན་ལ་རྩོད་པ། བླ་མའི་ཡོན་ཏན་མི་མཐོང་ཞིང་དང་པོ་ནས་བླ་མའི་སྐྱོན་ལ་རྟོག་ཅིང་འཚོལ་བ་དང་། རིགས་རྒྱུད་དང་ངང་རྒྱུད་ངན་པ། མི་གཞི་ངན་པའི་ཟོལ་སྦྱོར་ཐ་གུས་ལྕེ། །བླ་མ་སྤོས་ཀྱི་གླང་པོ་ལྟར་བསྟེན་ནས། །སོགས་གསུངས་པ་ལྟར། བླ་མའི་བཀའ་དྲིན་མི་དྲན་པར་ཁྱད་གསོད་བྱེད་ཅིང་རང་ཉིད་ལ་བསྟོད་པ་ལ་དགའ་བ་དང་། དོན་དམ་དུ་དམ་ཚིག་ཆུད་ཟོས་དང་ཉམས་ལེན་གནད་འཆལ་བ་སྟེ། དམ་ཚིག་དང་སྡོམ་པ་ལ་དང་པོ་ནས་མི་བསམ་པ་ཡིན་པས་ན་དེ་ལྟ་བུའི་སློབ་མ་མ་བརྟགས་པར་ཉར་ན་སློབ་དཔོན་གྱི་དགྲ་ཡིན། ཞེས་གསུངས་པ་ལ་བརྟགས་པའམ་སློབ་མའི་རྒྱུད་བརྟགས་པར་སྔོན་དུ་འགྲོ་བས་བསྟེན་བྱ་སློབ་མ་མཚན་ཉིད་དང་ལྡན་པ་ནི། འོད་གསལ་གྱི་རྒྱུད་རིག་པ་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་ཆོས་དང་བླ་མ་ལ་དད་པའི་སྟོབས་ཆེ་བ་དང་། དམ་པའི་ཆོས་བསྒྲུབ་པ་ལ་སྤྲོ་བའི་བརྩོན་འགྲུས་ཆེ་བ། ཡང་དག་པའི་ཤེས་རབ་ཆེ་ཞིང་བློ་རྣོ་བ། འདི་སྣང་སྒྱུ་མའི་དངོས་པོ་ལ་འཛིན་ཆགས་མེད་པ། བླ་མ་ལ་གུས་བཀུར་ཕུ་དུད་ཆེ་ཞིང་གསང་སྔགས་ཚུལ་བཞིན་དུ་སྤྱོད་པ། ཡིད་སེམས་ཉེ་བར་མ་ཞི་བའི་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མེད་པས་སེམས་ལ་གཡེང་བ་མེད་པ། སྡོམ་པ་དང་དམ་ཚིག་ལྡན་ཞིང་བླ་མའི་བཀའ་བཞིན་དུ་བསྒྲུབས་ནས་སྒྲུབ་པ་ལ་བརྩོན་པ་དེ་འདྲ་དགོས་ཞེས་གསུངས་པ་ཁོ་ན་ལས། དེ་ལས་ལྡོག་པ་གཞན་དུ་སློབ་མ་བསྡུ་བར་རུང་བ་མ་ཡིན་ལ། གོང་དུ་བཤད་པའི་བཟང་པོའི་ཆ་རྐྱེན་ལྡན་པའི་དེ་ལྟ་བུའི་དཔོན་སློབ་མ་འཛོལ་བར་ཟུང་དུ་འབྲེལ་ན། དཔེར་ན་གཤོག་པ་གཉིས་ལྡན་གྱི་འདབ་ཆགས་མཁའ་ལ་འཕུར་བ་ལ་ཚེགས་མེད་པ་བཞིན་དུ། བྱང་ཆུབ་བསྒྲུབ་པ་ལ་དེ་ཙམ་གྱི་དཀའ་ལས་མེད་པས་སློབ་མས་ཀྱང་གདམས་ངག་སྦྱིན་པའི་བླ་མ་སྤྱི་དང་བྱེ་བྲག་གི་མཚན་ཉིད་དང་ལྡན་པ་བསྟེན་ཅིང་། སློབ་མ་རང་ཉིད་ལའང་མཚན་ཉིད་བསྟན་པའི་ལུང་དང་འགལ་བའི་ཉེས་པའི་སྐྱོན་གང་དང་གང་ཆེ་བ་དེ། ངོས་ཙེར་གྱིས་བཟུང་ནས་དེ་དང་དེར་གཉེན་པོས་རྒྱུད་བསྡམས་རྗེས་སུ་སློབ་མ་ཡང་དག་པའི་མཚན་ཉིད་ཚང་བར་བྱ་དགོས།

གཉིས་པ་བཤེས་གཉེན་བསྟེན་ཚུལ་དངོས།

དང་པོ་བསམ་པས་བསྟེན་ཚུལ།

བཤེས་གཉེན་བསྟེན་པ་དངོས་ལ་བསམ་པས་བསྟེན་པའི་ཚུལ་དང་། སྦྱོར་བས་བསྟེན་པའི་ཚུལ་གཉིས་ཀྱི་སྔ་མ་བསམ་པས་བསྟེན་པའི་ཚུལ་ནི། དཀོན་མཆོག་ཏ་ལའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དད་པ་ནི་དཀར་པོའི་ཆོས་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་པས། འགྲོ་བ་ཐམས་ཅད་སྐྱེད་པ་པོ་མ་ཡིན་པ་ལྟར་དཀར་པོའི་ཆོས་དང་ཡོན་ཏན་ཐམས་ཅད་བསྐྱེད་པ་སྟེ། དད་པས་སྔར་མེད་ཀྱི་ཡོན་ཏན་རྒྱུད་ལ་བསྐྱེད་པར་མ་ཟད་ཡོན་ཏན་ཡོད་པ་ཐམས་ཅད་བསྲུངས་ཤིང་གོང་དུ་འཕེལ་བར་བྱེད་པ་ཡིན། ཡིད་ཆེས་པའི་དད་པ་ཡོད་ན་ཐེ་ཚོམ་གྱི་དོགས་པ་སེལ་ཞིང་སྲིད་པའི་སྡུག་བསྔལ་གྱི་ཆུ་བོ་རྣམས་ལས་སྒྲོལ་བར་བྱེད་པ་དང་། འདོད་པའི་དད་པ་སོགས་ནི་མངོན་མཐོ་ངེས་ལེགས་ཀྱི་བདེ་ལེགས་ལྡན་པའི་གྲོང་ཁྱེར་མཚོན་བྱེད་ཀྱི་སྒོ་ལྟ་བུ་ཡིན། དང་བའི་དད་པ་སོགས་ཡོད་ན་སེམས་ལ་ར་རིའི་དྲི་མས་རྙོག་པ་མེད་ཅིང་དགེ་སེམས་དང་བར་བྱེད། ང་རྒྱལ་སྤངས་ཤིང་གུས་པའི་རྩ་བའང་དད་པ་ཡིན། དད་པ་ནི་འཕགས་པའི་ནོར་དང་ཡོན་ཏན་མི་ཟད་པ་འབྱུང་བའི་གཏེར་དང་། ཐར་ལམ་དུ་འགྲོ་བའི་རྐང་པའི་མཆོག་ཏུ་གྱུར་པ་ཡིན། དད་པ་ནི་ལག་པ་བཞིན་དུ་བསོད་ནམས་བསགས་ཏེ་དགེ་བ་མཐའ་དག་སྡུད་པའི་རྩ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་བརྟགས་ཤིང་བསྟེན་པ་དེ་ལ། མཉམ་འགྲོགས་བདུད་ཀྱིས་བསླུས་པ་མ་ཡིན་པར་ཞེ་ཐག་པ་ནས་མི་ཕྱེད་པའམ་མི་ལྡོག་པའི་དད་པ་དང་ལྡན་པ་འཕགས་པ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཡོན་ཏན་མཐོང་བ་ལྟ་བུ་ཞིག་ངེས་པར་དགོས། སྔོན་ཆད་བསྐལ་པ་བཟང་། དུས་ཚོད་ཡར་ལྡན་གྱི་སྐབས་སུ། བླ་མའང་གྲུབ་བརྙེས་ཀྱི་སྐྱེས་བུ་མང་པོར་བྱོན་ཞིང་། སློབ་མའང་སྔོན་སྦྱོང་ལས་འཕྲོ་ཡོད་པའི་སྣོད་ལྡན་མང་ལ། སྣོད་ཀྱི་ཁྱད་པར་གྱིས་གཞན་དང་མི་འདྲ་བའི་ངོ་མཚར་ཅན་གྱི་མཁས་གྲུབ་གཉིས་ལྡན་གྱི་དམ་པའི་སྐྱེས་བུ་མང་པོར་བྱོན་མྱོང་བ་རེད། བླ་མའི་ཐུགས་རྗེ་དང་དགོངས་བརྒྱུད་བྱིན་རླབས་སློབ་མའི་མོས་གུས་གྱི་ཉེར་ལེན་གྱིས་བུམ་པ་གང་བྱོ་ཡི་ཚུལ་དུ་གྱུར་སོང་བའང་མང་བ་རེད། འོན་ཀྱང་དེ་རིང་ཁ་རྩང་དུས་སྙིགས་མ་རེད། ཁྱད་པར་ལྟ་བའི་སྙིགས་མའང་ཁེལ་ཡོད་པས། སྔོན་མའི་དུས་ལྟར་རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པ་དཀའ། དེས་ན་དད་པ་ཡོད་དགོས། དད་པ་སྔོན་འགྲོ་མ་ལྟར་ཡིན། དད་པ་དགེ་རྩ་སྡུད་བྱེད་ཀྱི་ལག་པ་ཡིན་གསུངས་པ་དང་། དད་པ་མེད་ན་ཆོས་ཀྱི་རྩ་བ་རུལ་གསུངས་ཡོད། དད་པ་ཡོད་དགོས་རྒྱུ་ཅི་བཤད་དེ། དེས་མི་ཚད་པར་དེའི་སྟེང་དུ་ཤེས་རབ་ཡོད་དགོས། ཤེས་རབ་མེད་ན་ཆོས་ཀྱི་གནད་ཁྱད་པར་ཅན་ཤེས་ཤིང་རྟོགས་ཐུབ་པ་མ་རེད། ཐོས་པ་ཡོད་དགོས། ཐོས་པ་མེད་ན་ཆོས་དང་ཆོས་མིན་གྱི་དབྱེ་བ་མི་ཤེས། ཆོས་ཀྱི་ནང་དོན་མ་ཤེས་ན་གོ་རྒྱུ་ཤེས་རྒྱུ་ཞིག་ཡོད་པ་མ་རེད། དེའི་ཐོག་ཏུ་སྙིང་རྗེ་ཡོད་དགོས། སྙིང་རྗེ་མེད་ན་ཐེག་ཆེན་གྱི་ཆོས་གྲལ་དུ་མི་ཚུད། ད་རུང་སྡོམ་དམ་ཚིག་བསྲུང་དགོས། སྡོམ་དམ་ཚིག་མེད་ན་སྨན་དུག་ཏུ་འགྱུར་བ་ལྟར་ཡིན་པས་ན་སྡོམ་དམ་ཚིག་རྣམ་པར་དག་རྒྱུ་གལ་ཆེ། སྡོམ་དམ་ཚིག་རྣམ་པར་དག་པ་ལ་རྩ་བ་དྲན་དང་ཤེས་བཞིན་ལྡན་པའི་སྒོ་ནས་སྒོ་གསུམ་ཞི་བ་ཡིན་དགོས། སྒོ་གསུམ་ཉེ་བར་མ་ཞི་བ་ལ་ཉེས་ལྟུང་གི་ཆར་པ་འབབ་པ་རེད། ཡང་ཁོག་ཡངས་དཀྱེལ་ཆེ་ཡིན་དགོས། ཁོག་དོག་ངང་ཐུང། རྒྱུས་ཀ་མེ་ཐོག་ཏུ་གཞག་པ་འདྲ་ཞིག་གིས་མཆེད་གྲོགས་དང་། ཉེ་འཁོར་དང་ཁོར་ཡུག་གི་མི་ཚང་མ་ལ་སུན་པ་སྟེར་ནས་འགྲིགས་དཀའ་བ་རེད། གཏོང་ཕོད་དང་ལྡན་དགོས། དེ་མེད་ན་བསོད་ནམས་ཀྱི་ཚོགས་འགགས་འགྲོ། ཐམས་ཅད་ལ་དག་སྣང་ཡོད་དགོས། དེ་མེད་ན་སྣང་བ་དགྲར་ལངས་ནས་རིག་ཚད་མ་དག་པའི་སྣང་བ་ཁོ་ན་ཤར་ཡོང་བ་རེད། ཁྲེལ་དང་ངོ་ཚ་ཡོད་དགོས། དེ་མེད་ན་འཕགས་པའི་ལམ་ལ་བསླབ་མི་ནུས། གཞན་སྐྱོན་ཁོ་ན་མི་བཙལ་བར་རང་སྐྱོན་རང་གིས་བརྟགས་ཏེ། དགེ་བའི་བཤེས་གཉེན་བསྟེན་ནས་ཆོས་ལམ་ཡང་དག་ཅིག་ལ་ཞུགས་རྒྱུ་ལོན་པ་འདི་ནི་རྙེད་པ་ཆེན་པོ། རྙེད་པར་དཀའ་བའི་གྲོགས་ཆེན་པོ་ཞིག་ཁ་ནང་ཡོང་བ་རེད། རང་ཉིད་ལ་སློབ་མའི་མཚན་ཉིད་ཞིག་མ་ཚང་ན་སྣོད་ངན་ནང་དུ་ཡོན་ཏན་གྱི་ཆུ་མི་ཆགས་པས། ང་ལ་འདི་དང་འདིའི་ཐད་ནས་ཚང་མི་འདུག་བསམ་ནས་རང་མཚང་རང་ལ་རྒོལ་དགོས། སྔོན་བྱོན་གྱི་སྐྱེས་བུ་དམ་པ་དེ་རྣམས་ཀྱིས་བླ་མ་ཇི་ལྟར་བསྟེན་ནས་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་རང་རྒྱུད་ལ་ཇི་ལྟར་སྐྱེས་འདུག སྐབས་དང་སྐབས་སུ་དམ་པའི་རྣམ་ཐར་ལ་བལྟ་རྒྱུ་དེ་ཚོ་གལ་ཆེན་ནང་གི་དོན་ཆེན་ཡིན་ཏེ། རང་ཉིད་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཚོང་དཔོན་གྱི་བུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་རྩ་བརྒྱད་བསྟེན་པའི་རྣམ་ཐར་ལས་གསུངས་པ་ལྟར་དུ། དུས་རྟག་ཏུ་དགེ་བའི་བཤེས་གཉེན་གྱི་ངོ་ལ་ལྟ་བ་བུ་མཛངས་པ་ལྟ་བུ། བླ་མས་བཀའ་བཀྱོན་བྱེད་ན་མི་ཁྲོ་བ་ཁྱི་ལྟ་བུ། འགྲོ་འོང་གིས་མི་སྐྱོ་བ་གྲུ་ལྟ་བུ། བཟང་ངན་ཐམས་ཅད་ཐེག་པ་ཟམ་པ་ལྟ་བུ། ཆོས་དང་བླ་མའི་ཕྱིར་དུ་སྡུག་བསྔལ་སྣ་ཚོགས་བཟོད་པ་མགར་བའི་འོག་རྡོ་ལྟ་བུ། ང་རྒྱལ་སྤོང་བ་ཕྱགས་དར་བ་ལྟ་བུ། དྲེགས་པ་སྤོང་བ་ཁྱུ་མཆོག་གི་རྭ་བཅད་པ་ལྟ་བུའི་སེམས་ལ་བརྟེན་ཏེ་དགེ་བའི་བཤེས་གཉེན་བསྟེན་དགོས། དགེ་བའི་བཤེས་གཉེན་བསྟེན་པ་ལྟར་དུ་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་གང་ཟག་ངན་སོང་དུ་འགྲོ་བར་མི་འགྱུར་ཞེས་གསུངས་པ་རེད། དེས་ན་ན་རོས་ཏེ་ལོ་དང་། མི་ལས་མར་པ་བསྟེན་ཚུལ་སོགས་ལ་ལྟོས་དང་ཤེས་རྒྱུ་ཞིག་ཡོད། དེ་རྣམས་ནི་གལ་ཆེན་ནང་གི་དོན་ཆེན་རེད། ལས་དག་པ་ཞིག་ཡིན་ན་མ་དག་པ་ལའང་དག་པར་སྣང་ཡང་། འོ་སྐོལ་ལས་མ་དག་པའི་དབང་གིས་དག་པ་ཡིན་ཡང་མ་དག་པར་སྣང་བ། དཔེར་ན་རབ་རིབ་ཅན་གྱིས་མཁའ་ལ་སྐྲ་ཤད་སྣང་བ་ལྟར་དུ། བླ་མ་མཚན་ཉིད་དང་ལྡན་པ་ལའང་དེ་དག་གིས་དྲང་ངེས་ལྡེམ་དགོངས་རྣམ་པ་བཞི་སྟེ། ཐེག་པ་ཆེན་པོའི་བཀའ་བཤད་པའི་ཚེ་དྲང་ངེས་ལྡེམ་དགོངས་བཞིའི་སྒོ་ནས་བཤད་ཀྱིན་ཡོད་རེད། བཀའི་དོན་ཐམས་ཅད་སྒྲ་ཐད་དྲང་ཁོ་ན་འཛིན་རྒྱུ་ཞིག་ཀྱང་མིན་ལ། ཡང་མཐའ་གཅིག་སྒྲ་ཇི་བཞིན་པ་ལས་འགལ་བ་ཤ་སྟག་ཏུ་འཛིན་རྒྱུ་ཞིག་ཀྱང་ཡིན་པ་མ་རེད། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་བཞིན་གཤེགས་པའི་གསུང་དེ་སྒྲ་ཚིག་གི་གཞན་དབང་དུ་གྱུར་པ་ཞིག་རྣམ་པ་ཀུན་ཏུ་མ་ཡིན་པས་རེད། ཁྱད་པར་དུ་སྔགས་ཀྱི་གནས་སྐབས་ན། གདུལ་བྱའི་དབང་པོའི་ཁྱད་པར་གྱིས་མོས་པ་སྤྱོད་པ་ཙམ་ལ་དགོངས་པ་དང་། རྟོགས་གོམས་མཐར་ཕྱིན་པའི་གང་ཟག་ལ་གནང་བའི་ཁྱད་པར་མ་ཕྱེས་ན། ལྡེམ་པོ་དགོངས་པ་ལ་སྒྲ་ཇི་བཞིན་པར་བཟུང་ན་ངན་སོང་དུ་འཕེན་པའི་རྒྱུར་འགྱུར་བ་རེད། དེས་ན་སྒྲ་གཅིག་ལ་དངོས་བསྟན་དང་། དགོངས་པ་བླང་སྟངས་ཀྱིས་ཆ་གཉིས་སུ་ཕྱེ་ན་དོན་གྱི་གནད་ལ་འགལ་བ་མི་འདུ། འདིར་དྲང་ངེས་གསུང་རྒྱུ་དྲང་དོན་ནི། གཞུང་དེའི་ཚིག་དངོས་ཟིན་གྱི་དོན་དེ་ལས་དོན་གཞན་པ་ཞིག་དྲང་རྒྱུ་ཡོད་པ་དྲང་དོན་དང་། ཚིག་དངོས་ཟིན་ལ་བསྟན་པ་དེ་ལས་གཞན་དུ་དོན་འདྲེན་རྒྱུ་མེད་པ་ངེས་དོན་རེད། ལྡེམ་དགོངས་ལ་དགོངས་དང་དགོངས་མིན་གྱི་ཐོག་ནས་བཤད་ན། བསྟན་དོན་གཅིག་ཡིན་ནའང་གདུལ་བྱའི་དབང་པོའི་ཁྱད་པར་གྱིས་དབང་རྣོན་གྱི་དབང་དུ་བྱས་ནས་དོན་དེ་ལ་འགལ་བའི་སྒྲས་གསུངས་པ་དགོངས་བཤད་དང་། དབང་རྟུལ་གྱི་དབང་དུ་བྱས་ནས་སྒྲ་ཐད་དྲང་དུ་བཤད་པ་དགོངས་མིན་རེད། དེ་ལྟ་བུའི་དྲང་ངེས་ལྡེམ་དགོངས་རྣམ་པ་བཞིའི་སྒོ་ནས་མཛད་པ་སྣ་ཚོགས་བསྟན་པའི་གནད་མ་གོ་བར། སྐུ་གསུང་ཐུགས་ཀྱི་གསང་བ་དེ་ཤིན་ཏུ་སྦས་པ་ཡིན་པས། རང་གི་སྒྲིབ་པས་ལྟ་མི་མངོན་པས་སྐྱོན་ཡོན་འདྲེས་མར་སྣང་བ་སྲིད་པས། ཁྱད་པར་དུ་སྔགས་ལམ་དུ་རྣམ་པར་གྲོལ་བའི་རྩལ་བརྙེས་ནས་རིག་པ་བརྟུལ་ཞུགས་དང་། ཟུང་འཇུག་གི་སྤྱོད་པ་སོགས་ཀྱི་རང་བཞིན་དེ་སོ་སོའི་སྐྱེ་བོའི་བློས་ཐད་ཀར་བརྟག་ཤེས་རྒྱུ་ཅན་ཞིག་མིན། དཔེར་ན་བྲམ་ཟེ་སྒྲ་གཅན་འཛིན་དང་། ཤྭ་བ་རི་པ། བི་ན་ས། ལ་བ་པ། ཏི་ལུ་པ། ཨིནྡྲ་བྷུ་ཏི་ལ་སོགས་པ་དེ་དག་གི་མཛད་པ་ལྟ་བུ་རེད། ལྟར་སྣང་ལ་སྐྱོན་ཡོན་འདྲེས་མར་སྣང་བ་སྲིད་པས་དེའི་ཚེ་ཐེ་ཚོམ་དང་ལོག་ལྟ་ཅན་ལ་སྐྱོན་དུ་ཤར་བའི་བློ་དེ་རང་ཉིད་ཀྱིས་དགག་དགོས། ཡོན་ཏན་ཐམས་ཅད་དངོས་སུ་ཤེས་རྒྱུ་ནི། ལས་དག་པའི་སྤྱོད་ཡུལ་མཐུན་པ་ཞིག་མིན་ན་མཐོང་དཀའ་བ་རེད། རང་བློ་འཁྲུལ་རྟོག་གིས་སྐྱོན་དུ་ཤར་བ་དེ་དགག་ནུས་ན་ཅི་མཛད་ལེགས་མཐོང་ངམ་ངམ་ཤུགས་ཀྱིས་འོང་བ་ལས་འོས་མེད། མཛད་སྤྱོད་གང་ཡང་ལོག་པར་མི་ལྟ་སྟེ། །འཕགས་པའི་ཡུལ་གྱི་དབང་ཕྱུག་ཕལ་མོ་ཆེ། །གདོལ་པ་གཡུང་པོ་སྡིག་སྤྱོད་ཕལ་པའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པ་ཡོད། །ཅེས་གསུངས་ཤིང་། ཁྱད་པར་དུ་ཐེག་པ་ཆེན་པོའི་ཤེས་རབ་དང་ཡེ་ཤེས་སྤོབས་པ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་རང་སའི་སྡེ་སྣོད་ཀྱི་ལམ་ནས་གནང་བཀག་ལ་སྒྲ་ཇི་བཞིན་པ་འཇུག་པའི་ཚུལ་དེ་རང་རེ་སོ་སོའི་སྐྱེ་བོས་བཟུང་བ་མི་ནུས་པར་མ་ཟད། དེ་རྣམ་པའི་རྗེས་སུ་སྟག་མཆོང་སར་ཝ་ལུ་མ་མཆོང་ན་སྐེད་པ་ཕུད་བྱེད་རེད། ནང་གི་ཉམས་རྟོགས་ཀྱིས་དེ་རྣམ་པའི་རྗེས་མ་ཟིན་པར་ཕྱིའི་སྤྱོད་པ་དེ་རྣམ་པའི་རྗེས་སུ་འཇུག་ཁུལ་བྱས་ན་མི་རུང་། རྨ་བྱས་དུག་ཟོས་ན་རྒྱན་དུ་འགྲོའང་སྲོག་ཆགས་གཞན་གྱིས་ཟོས་ན་རྒྱན་དུ་མི་འགྲོ་བར་མ་ཟད་སྲོག་གཅོད་པའི་རྒྱུ་ཡིན། དཔེར་ན་འཕགས་པའི་ཡུལ་གྱི་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྲམ་ཟེ་རྣམས་ཀྱི་ངོར་བྲམ་ཟེའི་རིགས་ལས་ཉམས་པ་དང་། གནས་བརྟན་གྱི་སྤྱོད་པ་ལས་ཉམས་ཏེ་སྨྱུག་མཁན་མོ་དང་ལྷན་ཅིག་སྤྱོད་པ་ལ་ཞུགས་པ་དང་། ཏེ་ལོ་པས་ཉ་གསོན་བསྲེག་མཛད་པ་དང་། སྐབས་འགར་ཏིལ་བརྡུང་བ། སྐབས་འགར་སྨྱོ་ཁུལ་བྱེད་པ་སོགས་དང་། ལ་བ་པས་གཏི་མུག་ཆོས་སུ་སྨྲ་བ་སོགས་དེ་འདྲ་སྤྱོད་པ་ལ་བལྟ་རྒྱུ་ཡོད་པ་མ་རེད། དེའི་ཕྱིར་འདི་ལྟར་བླ་མ་དེའི་མཛད་པ་དེ་རང་གར་གྱི་མིས་བལྟས་ན་སྐྱོན་ལྟར་སྣང་བ་ཐམས་ཅད་དད་ལོག་འགོག་ཕྱིར། ཆེད་དུ་གཉེར་ནས་གཉེན་པོའི་གསལ་འདེབས་བྱ་བ་ནི། བླ་མ་དེའི་མཛད་པ་ལེགས་ཉེས། གསུང་བགྲོས་བཀའ་མོལ་གནང་ལུགས། ཐ་ན་ན་བཟའ་བཞེས་ལུགས་ལྟ་བུ་ཞིག་གི་མཚམས་སུ་ཡང་འདི་ལྟར་མ་ལེགས་སྙམ་པའི་བསམ་པ་ཞིག་ཧུར་གྱིས་ཤར་བྱུང་ན། རྣམ་རྟོག་དེ་ཤར་མ་ཐག་ཏུ་རྣམ་རྟོག་ངན་པ་དེ་ལ་བདག་པོར་བརྒྱབ་ནས་བདག་འཛིན་དང་མུ་མཐུད་ནས་དེའི་རྗེས་གཅོད་མི་བྱ་བར་འདི་ལྟར་བསམ་པར་བྱ་སྟེ། བདག་ལྟ་བུའི་ལས་ངན་གྱི་སེམས་ཅན་རང་གི་ནོར་བ་རང་གིས་མི་ཤེས་ན། འདི་ལྟ་བུའི་དམ་པའི་བླ་མ་ཁྱད་པར་ཅན་ལ་མཛད་སྤྱོད་འདི་རེད་མ་སོང་བསམ་པ་ནི་རང་གར་ཡིན་ཏེ། ཁོང་ལ་དེ་འདྲའི་ཉེས་སྐྱོན་ཡོང་བ་མི་སྲིད། རང་ཉིད་ལ་ཐོག་མ་མེད་པ་ནས་མ་དག་པར་གོམས་པའི་ལས་ཉོན་གྱི་མཐུས་སྐྱོན་དུ་ཤར་བར་ཡིན་འདུག གང་ཟག་རླུང་ཁམས་ཅན་ལ་ཟུར་དུ་ཡོད་ཚད་གནོད་པ་ཅན་དུ་མཐོང་བ་དང་། རླུང་ནད་ལས་གྲོལ་སོང་ན་རང་གི་རྣམ་རྟོག་ལ་རང་ཁྲེལ་ཡོང་བ་མངོན་སུམ་རེད། ཐང་ཕྲོམ་ཟོས་པའི་རྒན་མོའི་མིག་སྔར་ནམ་མཁའ་ནས་སྐྲ་ཤད་འཛག་པ་དང་། མཁྲིས་ནད་ཀྱིས་གདུངས་བའི་མིའི་མིག་ཤེས་ལ་དུང་གི་ཁ་དོག་ཀྱང་སེར་པོར་སྣང་བ་དང་ཁྱད་པར་ག་ལ་ཡོད། སྐྱེས་བུ་དམ་པ་ཟབ་མོའི་བློ་ཆེན་གྱི་དགོངས་པའི་གདིང་སོ་སོའི་སྐྱེ་བོས་དཔོག་ག་ལ་ནུས། ཐུགས་ལ་འཁྲུལ་བ་མི་སྲིད་པས། འགྲོ་བ་འདུལ་ཕྱིར་གང་འདུལ་གྱི་མཛད་པ་རླབས་ཆེན་ཞིག་ཡིན་ངེས། དམ་པའི་སྐྱེས་བུའི་མཛད་སྤྱོད་འཇིག་རྟེན་གྱི་རྣམ་བཞག་དང་འགལ་བ་དང་མི་མཐུན་པ་ལོས་ཡིན། འཇིག་རྟེན་དང་མི་མཐུན་པ་དེ་སྐྱེས་བུ་དམ་པའི་སྒྲུབ་བྱེད་རེད། ཡང་ན་སློབ་མའི་སྣོད་བརྟག་པའི་ཕྱིར་དུ་ལྟར་སྣང་མི་དགེ་བ་ལྟར་མཛད་པའི་སྐབས་ཀྱང་ཡོད་སྲིད་པ་རེད། གཞན་ལ་ཕན་པའི་ཕྱིར་ལུས་ངག་གི་མི་དགེ་བ་བདུན་ཀྱང་བྱང་ཆུབ་སེམས་དཔའ་ལ་གནང་བའི་སྐབས་ཡོད་པས། དགོངས་པ་གང་ལ་གཏད་ཡོད་སུས་ཤེས། མ་དད་པ་ཅུང་ཟད་ཀྱང་བྱ་མི་ཉན་བསམ་ནས་སྐད་ཅིག་ཐང་ཅིག་མ་འགོར་བར་དུས་ཐོག་ཏུ་བཤགས་པར་བྱེད་དགོས། ཐ་ན་རྨི་ལམ་དུའང་བླ་མའི་མཛད་པ་ལ་དད་ལོག་བྱེད་པར་རྨིས་ན་གཉིད་སད་མ་ཐག་ཏུ་བཤགས་པར་བྱེད་དགོས། རང་རེ་ཆགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་ལ་སོགས་པ་འདོད་པའི་མདའ་ལྔས་སྙིང་ཕུགས་སྟེ་རང་དབང་མེད་པར་གྱུར་པའི་འགྲོ་བ་དག་གི་སྤྱོད་ཚུལ་དང་བསྟུན་ཀྱིན་རིམ་གྱིས་ཁ་དྲང་བའི་དགོངས་པ་ཅན་གྱི་ཚུལ་དུ། སྐབས་རེར་ལྟར་སྣང་མ་དག་པའི་མཛད་པ་དེ་དག་ཆེད་དུ་མ་བསྟན་པའི་ངེས་པ་ཡང་མེད་པས་ཅི་ཆ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་འདྲེན་པ་ཤཱཀྱ་ཐུབ་པ་ལའང་དགེ་སློང་ལེགས་པའི་སྐར་མ་མདོ་སྡེ་བཅུ་གཉིས་བློ་ལ་འདོན་ཐུབ་ཅིང་། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་པ་དེས་བསོད་ནམས་མ་ཡིན་པའི་ལས་ཀྱི་སྟོབས་ཀྱིས་ཁོའི་སེམས་ཟིལ་གྱིས་མནན་ནས། བདག་ཅག་གི་སྟོན་པ་ལྷ་དང་བཅས་པའི་རྣམ་འདྲེན་དམ་པ་ལ། འོད་འདོམ་གང་ཡོད་པ་ལས་ཁོ་རང་དང་འདྲ་འདྲ་ཡིན་ཞེས་བསྐུར་བ་བཏབ་པས་མཐར་ཡི་དྭགས་སུ་སྐྱེས་པ་དང་། ལྷས་བྱིན་གྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་གཡོ་སྒྱུ་རེད་ཟེར་ནས་བསྐུར་པ་བཏབ་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སོགས་མཚམས་མེད་ཀྱི་ལས་བྱས་པས། གསོན་པོར་ས་ཁ་གས་ནས་དམྱལ་ཁམས་སུ་ལྷུང་བ་ལྟ་བུ་དང་། མུ་སྟེགས་ཀྱི་སྟོན་པ་སྡེ་དྲུག་གིས་ཆོ་འཕྲུལ་ཆེན་པོས་ཆོམ་ལ་མ་ཕབ་བར་དུ་གཽ་ཏ་མས་བཤད་ཚད་མགོ་གཡོག་རེད་ཟེར་ནས་བསྐུར་བ་བཏབ་འདུག དེ་དག་ལ་སོགས་པ་དག་གིས་དེ་ལྟ་བུའི་སྐྱོན་གྱི་གོང་བུར་མཐོང་བ་དང་། སྔོན་གྱི་པཎ་གྲུབ་མཁན་སློབ་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་དག་ལའང་། བོན་དང་སྡིག་བློན་མ་རུངས་པ་དེ་དག་གིས་ཉེས་པའི་གོང་བུར་མཐོང་བ་དང་། དཔེར་ན་པཎ་ཆེན་བི་མ་མི་ཏྲ་ལ་མུ་སྟེགས་ཕྲ་མ་མཁན་རེད་ཟེར་ནས་ཡུན་རིང་རྒྱལ་པོ་དང་མཇལ་འཕྲད་བྱེད་མ་བཅུག་པ་དང་། དེ་བཞིན་དུ་བཻ་རོ་ཙ་ན་ཡིན་ན་མཚན་ལ་ལོ་ཙཱ་བཏགས་ཀྱང་དོན་ལ་པཎྜི་ཏ་ཆེན་པོ་ཡིན་ཡང་། བཙུན་མོ་དམར་རྒྱན་བཟའ་དང་བོན་བློན་རྣམས་ཀྱིས་འོ་བརྒྱལ་གཏད་ནས་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་པ་རེད། བཻ་རོ་ཙ་ན་བྱོན་རན་ཁར། ལོ་བརྒྱད་ལོན་ནས་ལོ་ཙཱ་བསླབ་པའི་མཐའ་འདིར་མཆིས། །བཅོ་ལྔ་མན་ཆད་སྐད་སྣ་སྟོང་དང་དྲུག་བརྒྱ་སྦྱངས། །རྒྱ་གར་གསང་མཛོད་བརྟོལ་ནས་དམ་ཆོས་བོད་དུ་བསྒྱུར། །བོད་ཀྱི་མུན་སེལ་ཁྲི་གདུགས་འདྲ་བ་སྤྱུགས། །གོ་རྟོགས་བློའི་བདེ་འབྱེད་ཚེ་འགྱོད་པའི་དུས་ཤིག་མཆིས། །བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་མ་ལོན་བར། །འགྲོ་བ་མི་འདོད་ཕྱིར་དུ་རྒྱ་གར་ཡུལ་ཀུན་འགྲིམས། །བོད་ཀྱི་རྒྱལ་ཁམས་ཐམས་ཅད་དཀར་པོར་ཡོངས་བསྒྱུར་ཏེ། །ཕུང་པོ་ཡོན་ཏན་བརྒྱན་པའི་བོད་ཀྱི་བནྡེ་སྤྱུགས། །བོད་ཕྲུག་རྒྱ་གར་འཁོར་ཚེ་འགྱོད་པའི་དུས་ཤིག་མཆི། །ཞེས་སོགས་དང་དཀའ་བ་བཅུ་དྲུག་སྤྱད་པའི་མགུར་གསུངས་མཐར་འགྲོ་དགོས་བྱུང་བ་དང་། ཁྲི་སྲོང་ལྡེའུ་བཙན་ཡིན་ཡང་དབང་མེད་པར་གཏོང་དགོས་བྱུང་བ་རེད། དེ་ལྟ་བུའི་མ་དག་པའི་མིག་གིས་ལྟ་ཉེས་བྱས་པ་རེད། འཕགས་པ་ཐོགས་མེད་ཀྱིས་ལོ་བཅུ་གཉིས་བར་དུ་མི་ཕམ་མགོན་པོ་བསྒྲུབ་ཀྱང་ཞལ་མ་མཇལ་བར། སྐབས་ཤིག་སྒྲིབ་པ་ཅུང་སྲབ་པས་ཁྱི་མོ་ཁོག་སྨད་འབུས་གཡེང་བར་གཟིགས་པ་དང་དེ་ལ་སྙིང་རྗེ་སྐྱེས་པས་ཞལ་མཇལ་བ་དང་ཁྱད་པར་མེད། ཡབ་སྲས་མཇལ་བའི་མདོ་ལས་བདེ་བར་གཤེགས་པས་བདུད་ཀྱི་ཚུལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་ཡང་གསུངས་པའི་ཕྱིར་ན། སེམས་ཅན་བློ་རིག་རྨོངས་པས་བསྒྲིབས་ནས་སངས་རྒྱས་ལ་བདུད་དུ་མཐོང་བའང་གདུལ་བྱ་རང་གི་སྣང་བ་མ་དག་པ་ཁོ་ན་ལས་ཡུལ་དམ་པ་དེ་དག་ལ་སྐྱོན་ཡེ་ནས་མེད་པར་རང་གིས་ཞེ་གཏིང་ནས་ངེས་ཤེས་བསྐྱེད་པར་བྱས་ནས། བློ་འདུས་བྱས་ཡིན་ཕྱིར་གདུལ་དུ་རུང་བའི་མཚན་ཉིད་ཅན་ཡིན་པས་རང་གི་སེམས་ལས་སུ་རུང་བའི་ཉེར་ལེན་དང་རྐྱེན་གྱིས་ཡང་ཡང་བཅོས་ནས། དང་པོ་རང་ཉིད་ལ་སློབ་མའི་མཚན་ཉིད་ཕྱོགས་གཅིག་མ་གཏོགས་མེད་ནའང་རྗེས་སུ་ངང་གིས་ཚང་བར་བྱེད་ཆོག དེ་ལྟར་ཡང་དང་ཡང་དུ་རྒྱུ་མཚན་དང་བཅས་པ་བསམས་ནས་ཡུལ་དམ་པ་ལ་སྐྱོན་དུ་ལྟ་མཁན་གྱི་མ་དག་པའི་ཀུན་རྟོག་ངན་པ་དེ་གཉེན་པོས་ཟིལ་གྱིས་གནོན་དགོས་ཏེ། སྔོན་བོད་ཡུལ་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག་བཞུགས་ཡོད་ཟེར་ཏེ་ལི་ཡུལ་ནས་དགེ་ཚུལ་གཉིས་ཆེད་དུ་མཇལ་བར་ཡོང་བ་དང་། རྒྱལ་པོས་མི་མང་པོ་ལ་སྲོག་ཁྲིམས་གཅོད་པར་མཐོང་བས། སེམས་ཅན་ལ་གནོད་པ་བསྐྱལ་བར་རིག་ནས་དགེ་ཚུལ་གཉིས་དད་ལོག་སྐྱེས་ནས་ཕྱིར་བྲོས་པ་ན། རྒྱལ་པོས་མངོན་ཤེས་ཀྱིས་མཁྱེན་པས་དེ་གཉིས་ཀྱི་རྒྱུད་ཆུད་གསོན་འགྲོ་བར་དགོངས་ནས་བང་ཆེན་གཏོང་བས་ཕྱིར་བཀུག་སྟེ། ངས་བོད་དམུ་རྒོད་ཀྱི་སེམས་ཅན་འདུལ་ཕྱིར་སྤྲུལ་པར་བསྟན་པ་ཡིན་མ་གཏོགས་དོན་ལ་སེམས་ཅན་གཅིག་གི་བ་སྤུ་ལ་གནོད་པ་བྱ་མ་མྱོང་གསུངས་ཤིང་། སྤྲུལ་པ་བཤིགས་པས་དགེ་ཚུལ་གཉིས་དད་ནས་ཐུགས་རྗེ་ཆེན་པོའི་སྒོམ་ལུང་ཕོགས་པ་རེད། དེ་ལྟ་བུ་ཡིན་པའི་ཕྱིར་ཏེ། རྒྱུད་དོན་མདོར་བསྡུས་ལས། བླ་མའི་མཛད་པ་ཐམས་ཅད་ལ། །སངས་རྒྱས་མཛད་པ་ཉིད་དུ་བསམ། །གལ་ཏེ་གཟིམས་སམ་བཞེངས་པ་ནི། །འོད་གསལ་སྒྱུ་མར་སྣང་བར་བལྟ། །ཞེས་སངས་རྒྱས་ཀྱི་རང་བཞིན་འགྱུར་བ་མེད་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཆོས་སྐུ་རེད། དེ་བླ་མ་ལ་མ་བརྟེན་པར་གཞན་གང་གིས་ཀྱང་འབྱུང་ཐབས་མེད། མཚན་ཉིད་ལྡན་པའི་དཔལ་ལྡན་བླ་མ་དམ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་ཕྱག་འཚལ་ཞིང་བསྔགས་པ་བརྗོད་བཞིན་ཡོད་པ་རེད། དེས་ན་བླ་མའི་མཛད་པ་ཐམས་ཅད་ལ་ལྟར་སྣང་དུ་སྐྱོན་ཡོན་བཟང་ངན་གང་སྣང་ཡང་སངས་རྒྱས་དངོས་དང་དེའི་མཛད་པ་མཉམ་པ་ཉིད་དུ་བསམ་དགོས། སངས་རྒྱས་ཀྱི་མཛད་པ་གང་ཡིན་ན། སེམས་ཅན་གྱི་འགྲོ་དོན་ལས་མ་འདས་པ་ཞིག་ཡིན་པ་དེས་ན་སངས་རྒྱས་སྐུ་དངོས་ཀྱིས་འདུལ་དགོས་པའི་གདུལ་བྱ་ལ་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་ཅན་གྱི་སངས་རྒྱས་དངོས་སུ་བྱོན་ནས་དེའི་དོན་མཛད་པ་དང་། ཡང་དགྲ་བཅོམ་པ་དང་། ཉན་རང་འཕགས་པ་ཕྱིར་མི་འོང་ལ་སོགས་དང་། ས་གནས་ཀྱི་བྱང་ཆུབ་སེམས་དཔའ་དང་། པཎྜི་ཏའི་ཚུལ་གྱིས་འདུལ་དགོས་དུས་དེ་དང་དེར་སྤྲུལ་ནས། བཀའི་བསྡུ་བར་མཛད་པ་དང་། བསྟན་བཅོས་རྩོམ་པ་སོགས་ཀྱིས་དོན་མཛད་པ་རེད། ཡང་དེང་སང་སྙིགས་མ་ལྔ་ལ་ཐུག་དུས་སྙིགས་མའི་སེམས་ཅན་ལ་དེ་དང་བསྟུན་ནས། དེ་དག་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པའི་ཆེད་དུ་རང་རང་གི་མོས་པ་དང་མཐུན་པའི་རྣམ་པར་འཕྲུལ་ནས། མིའི་གཟུགས་སུ་སྟོན་པའི་དགེ་བའི་བཤེས་གཉེན་དུ་སྣང་བས་སེམས་ཅན་གྱི་དོན་མཛད་པ་ཡིན་པས། བླ་མའི་ངོ་བོའི་ཆ་ནས་སངས་རྒྱས་དང་མཉམ་པ་ཡིན་ཡང་། རྣམ་པའི་ཆ་ནས་སངས་རྒྱས་ཉིད་ཀྱིས་སྤོང་བའམ་ལྷག་ནས་འདུལ་སྐལ་མེད་པའི་སེམས་ཅན་ཤིན་ཏུ་ཉོན་མོངས་པ་རང་རེ་ལྟ་བུ་ལ་ཕན་པ་ལྷུར་ལེན་པའི་བཀའ་དྲིན་ཅན་ཡིན་པས། བདག་རང་ཉིད་ཀྱི་ངོས་ནས་ཐུགས་རྗེའི་བཀའ་དྲིན་གྱིས་སྐྱོང་བས་ན་སངས་རྒྱས་ལས་ཀྱང་ལྷག་ན་ཆོག་རྒྱུ་ཅན་ཞིག་ཡིན། དེ་ཡིན་པས་བླ་མའི་ཅི་མཛད་པ་ཐམས་ཅད་ལེགས་པ་ཞིག་མ་གཏོགས་ནམ་ཡང་ཡོད་པ་མ་རེད། གལ་ཏེ་གཟིམས་སམ་བཞེངས་པ་ན། །འོད་གསལ་སྒྱུ་མར་སྣང་བར་བལྟ། །གསུངས་ན་གལ་ཏེ་བླ་མ་གཟིམས་ན་རྨི་ལམ་འོད་གསལ་དུ་བཞུགས་ཡོད་པ་དང་། བཞེངས་ན་ཉིན་སྣང་སྒྱུ་མའི་རོལ་པར་སྣང་གིན་ཡོད་པར་་བལྟ་བར་བྱ་དགོས། ཕྱག་དང་བསྐོར་བ་གང་མཛད་ཀྱང་། །སངས་རྒྱས་རོལ་པ་ཉིད་དུ་སྟོན། །གར་དང་རྣམ་འགྱུར་བཞད་པ་ན། །སངས་རྒྱས་དགོངས་པའི་མཛད་པ་ཅན། །ཞེས་བླ་མས་ཕྱག་དང་བསྐོར་བ་ལ་སོགས་པ་དགེ་སྦྱོར་གྱི་རྣམ་པ་གང་མཛད་ཀྱང་། ཐམས་ཅད་ཅི་མཛད་ཆོས་ཀྱི་སྤྱོད་པ་སངས་རྒྱས་ཀྱི་རོལ་པ་ཉིད་དུ་སྟོན་པ་རེད་བསམ། སྐབས་རེར་སྟངས་སྟབས་སྣ་ཚོགས་པའི་གར་དང་རྣམ་འགྱུར་གླུ་དང་བཞད་པ་དང་སྐུ་རྩེད་སོགས་ཀྱི་སྤྱོད་པ་མཛད་ན། སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་ལས་གཡོ་བ་མེད་བཞིན་དུ་དགོངས་སྤྱོད་རྒྱ་ཆེན་པོའི་མཛད་སྤྱོད་གཞན་དང་གཞན་དུ་མཛད་པ་ཅན་དུ་བལྟ་དགོས། ཁྲོ་དང་ཆགས་པ་ཅིར་སྟོན་ཡང་། །སངས་རྒྱས་བྱང་ཆུབ་ཉིད་དུ་བསམས། །མི་བརྒྱ་དུས་གཅིག་བསད་ན་ཡང་། །སངས་རྒྱས་འགྲོ་ལ་ཕན་མཛད་ཉིད། །སྐབས་རེར་བླ་མའི་ཐུགས་ཁྲོ་བ་དང་སྐབས་རེར་ཆགས་པའི་རྣམ་འགྱུར་ཅིར་སྟོན་ཡང་། སངས་རྒྱས་ཀྱི་བསམ་གྱིས་མི་ཁྱབ་པའི་དགོངས་སྤྱོད་གདུལ་བྱའི་སེམས་ཅན་བྱང་ཆུབ་ཉིད་དུ་སྦྱོར་བར་མཛད་པའི་དགོས་པ་ཅན་ཞིག་ཡིན་པར་བསམ་དགོས། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་བི་ཝ་པ་ཞེས་བྱ་བ་གྲུབ་ཆེན་བརྒྱད་ཅུའི་ནང་དུ་ཡོད་པ་ཞིག་རེད། གྲུབ་ཆེན་དེ་རྒྱ་གར་ལྷོ་ཕྱོགས་སོ་མ་པུ་རིའི་གཙུག་ལག་ཁང་ན་བཞུགས་དུས་དགེ་འདུན་ཉིས་སྟོང་གི་གྲལ་དུ་བཞུགས་པའི་དགེ་སློང་དཔལ་ལྡན་ཆོས་སྐྱོང་ཞེས་པ་དེ་ཡིན། ཁོང་གི་བདེ་མཆོག་གི་དབང་ཞུས་ནས་མི་ལོ་བཅུ་གཉིས་ལ་རྡོ་རྗེ་ཕག་མོ་བསྒྲུབས་ཏེ། བསྙེན་པ་འབུམ་ཕྲག་བརྒྱ་ལན་བདུན་དུ་བཟླས་ཀྱང་རྨི་ལམ་བཟང་པོའི་རྟགས་ཙམ་ཡང་མ་བྱུང་བས་ཐུགས་ཆད་ཡིད་མུག་ནས་འདོན་རྒྱུ་བསྐྱུར་ཏེ་ཕྲེང་བ་བདག་ཏུ་མ་བརྒྱབ་པར་འཕངས་པ་ན། ནུབ་གཅིག་ཚོགས་གྲལ་དུ་ཕྲེང་བ་ལྷག་སོང་སྙམ་པའི་ཐུགས་རྟོག་ཤར་དུས། མཁའ་འགྲོ་མས་ཕྲེང་བ་ལག་ཏུ་བཞག་ནས། རིགས་ཀྱི་བུ་ཁྱེད་ཡིད་མ་ཆད། ངས་བྱིན་གྱིས་རླབས་ཀྱི། ཁྱེད་ཀྱིས་རྣམ་རྟོག་གི་མཚན་མ་སྤངས་ལ་སྒྲུབ་པ་གྱིས་ཞེས་གསུངས་པས། ཡང་ཁོང་གིས་ལོ་བཅུ་གཉིས་སུ་སྒྲུབ་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ། གྲུབ་ཐོབ་ཅེས་བྱ་བའི་ཐ་མལ་མིའི་སྤྱོད་ཡུལ་ལས་འདས་པ་ཞིག་ཏུ་གྱུར་ནས། ཕར་ལྟར་སྣང་ལ་ཁོང་གི་མཛད་སྤྱོད་ཐམས་ཅད་ཤ་ཆང་ཁོ་ན་གསོལ་བ། བར་སྐབས་ཤིག་ན་གཙུག་ལག་ཁང་ལ་འཁྲིས་ནས་བབ་ཡོད་པའི་ཕུག་རོན་ཚང་མ་བསད་ནས་ཤ་གསོལ་བས། དེའི་ཕུག་རོན་ཕལ་ཆེར་ཟད་སོང་བ་ན། དགེ་འདུན་པ་རྣམས་ཀྱིས་ཕུག་རོན་འདི་རྣམས་སུས་ཟོས་པ་ཡིན་ཟེར་ནས་རྩད་གཅོད་པས་གྲྭ་ཁང་རྣམས་བཤེར་བ་ན། བི་ཝ་པ་བཞུགས་སའི་གྲྭ་ཁང་གི་སྐར་ཁུང་ནང་དུ་བལྟས་པས། ཁོང་གིས་ཕུག་རོན་གྱི་ཤ་དང་ཆང་གསོལ་བ་གཟིགས་པས། དགེ་འདུན་གྱིས་གནྜཱི་བརྡུངས་ནས་གནས་དབྱུང་གཏོང་བར་རྩོམ་པ་ན། ཁོང་གིས་ཆོས་གོས་དང་ལྷུང་བཟེད་ལྷ་ཁང་ནང་གི་རྟེན་ལ་ཕུལ་ཏེ་ ཕྱག་གསུམ་འཚལ་ནས་ལྷ་ཁང་ལ་ཐད་ཀར་ཐོགས་མེད་དུ་བྱོན་ནས་ཕྱི་རོལ་དུ་འཐོན་པ་དང་། ལྷ་ཁང་གི་ཟུར་ན་མཚོ་ཆེན་པོ་ཞིག་ཡོད་པར་གཏད་དེ་བྱོན་པ་ན། དགེ་སློང་ཞིག་གིས་ཁྱེད་ལམ་གང་དུ་བརྒྱུད་ནས་བྱོན་གྲབས་ཡིན། མདུན་དུ་ཡོད་པ་འདི་མཚོ་རེད་ཟེར་བ་ན། ཁྱེད་རྣམས་ཀྱིས་ང་བསྐྲད་པ་ཡིན་ན། ང་རང་གར་འགྲོ་འདིར་འགྲོ་ཅི་ཡོད་གསུངས་ནས། མཚོའི་སྟེང་དུ་ཐད་ཀར་ཆུའི་ནང་དུ་མ་ནུབ་པར་ཐང་ལ་རྒྱུ་བ་བཞིན་དུ་བྱོན་སོང་བ་དང་། ད་དུང་མཚོའི་ནང་ཞབས་བཞག་ས་རེ་ན་མེ་ཏོག་པདྨ་རེ་སྐྱེས་པས་ཀུན་གྱིས་ངོ་མཚར་སྐྱེས་ནས་སློབ་དཔོན་པདྨའི་ཞབས་ཞེས་པའི་མཚན་དུ་གྲགས། དེ་ནས་སོ་མ་པུ་རིའི་མི་རྣམས་ཀྱིས་འགྱོད་པ་ཆེན་པོ་སྐྱེས་ནས། དེ་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་འདུག་པས། བསྐྲད་པས་མ་ཉན་ཟེར་ཞིང་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ནས་འགྱོད་བཤགས་བྱས། དེ་རྣམས་ཀྱིས་ཁྱེད་ཀྱིས་ཕུག་རོན་ཅིའི་ཕྱིར་གསོད་པ་ཡིན་ཞེས་ཞུས་པ་ན། ཁོང་གིས་ངས་ཕུག་རོན་རྣམས་མ་བསད། ཕུག་རོན་རྣམས་དེ་ན་ཡོད་གསུངས་པས། སྔར་གྱི་ཞབས་འབྲིང་བས་གཟིམ་ཁང་ནང་དུ་ཕུག་རོན་གྱི་སྒྲོ་དང་གཤོག་པ་ཐར་ཐོར་ཡོད་པ་རྣམས་འཁྱེར་ཡོང་བ་ན། སློབ་དཔོན་གྱིས་སེལ་གོ་ཞིག་གདབ་དུས་ཕུག་རོན་རྣམས་གསོན་པོར་གྱུར་ནས་འུར་དིར་རེ་འཕུར་སོང་བ་དང་། ཡང་འོ་ན་ཁྱེད་ཀྱིས་ཆང་ཅིའི་ཕྱིར་གསོལ་བ་ཡིན་ཞུས་པ་ན། ཁོང་གིས་ངས་ཆང་འཐུང་མ་མྱོང་། ཆང་ཚང་མ་རྫ་མ་ནང་དུ་ཡོད་གསུངས་པ་ན། རྫ་བུམ་དུ་བལྟས་པས་ཆང་གི་རྫ་མ་ནང་འོ་མས་གང་ནས་ཡོད་པར་མཐོང་བར་བྱིན་གྱིས་རླབས་པ་རེད། དེ་ནས་ཁོང་གིས་དགེ་སློང་གི་རྟགས་སྤངས་ནས་རྣལ་འབྱོར་པའི་སྤྱོད་པས་གང་ས་གང་ལ་ངེས་མེད་དུ་བྱོན་ནས་ཉིན་ཞིག་ཆུ་བོ་གངྒཱའི་འགྲམ་དུ་ཕྱིན་པ་ན། ཆུའི་ལྷ་མོ་རྣམས་ལ་ང་ལ་བཟའ་རྒྱུ་འཐུང་རྒྱུ་རེ་བྱིན་ཞེས་གསུངས་ཀྱང་། དེ་རྣམས་ཀྱིས་མ་སྟེར་བས་སློབ་དཔོན་ཐུགས་ཁྲོས་པའི་ཚུལ་གྱིས་ཆུར་སྡིགས་མཛུབ་མཛད་པས་ཆུ་ཡར་བཅད་མར་བཅད་བྱས་ཏེ་དེའི་བར་ནས་ག་ལེར་བྱོན་སོང་བ་རེད། དེ་ནས་གྲོང་ཁྱེར་ཞིག་གི་ནང་དུ་ཐོན་པས། ཆང་ཁང་ཞིག་གི་ནང་དུ་འཛུལ་ནས་ཆང་ཚོང་མ་ལ་ཆང་འཁྱེར་ཤོག་ཟེར་བས་ན། ཆང་ཚོང་མས་ཆང་རིན་བྱིན་ཟེར་བས། རིན་ད་ལྟར་སྤྲད་རྒྱུ་མེད་ཀྱང་རྗེས་སུ་སྤྲད་འོང་ཟེར། ཆང་ཚོང་མས་འོ་ན་གཏའ་མ་ཅི་འཇོག་ཟེར་བ་ན། གཏའ་མ་ཅི་མི་ཤེས་ཏེ་ཉི་མ་མ་ནུབ་ཚུན་སྤྲད་འོང་ཟེར་ནས། ཟ་མ་དང་ཆང་མང་པོ་གསོལ་ནས་བཞུགས་པ་ན། ཞག་མ་ཕྱེད་གསུམ་གྱི་ཚོད་རེད་ཀྱང་ཉི་མ་འགྲོ་རྒྱུ་མེད་པ་དང་། ཡུལ་དེའི་རྒྱལ་པོ་སྐྲག་ཞིང་ཧ་ལས་ནས་འདི་ཅི་ཡིན། སུའི་ཆོ་འཕྲུལ་ཡིན་ཟེར་ནས་དྲིས་ཀྱང་། འདི་ཡིན་གྱི་ལན་སྟེར་མཁན་མ་བྱུང་། དེ་ནས་རྒྱལ་པོའི་རྨི་ལམ་ན་ཉི་མའི་ལྷ་མོ་ཡོང་ནས། ཉི་མ་ནི་རྣལ་འབྱོར་པ་ཞིག་གིས་ཆང་རིན་སྤྲད་རྒྱུ་མེད་པས་ཉི་མ་གཏའ་མར་འཇོག་ཡོད་པ་རེད་ཅེས་ཟེར་ནས་ལུང་བསྟན་པ་ན། རྒྱལ་པོས་ཆང་ཁང་དུ་བཙལ་བ་ན་རྣལ་འབྱོར་པ་རྙེད་པ་ན། རྒྱལ་པོས་ཆང་རིན་སྤྲད་ཆོག་པས་ཉི་མ་གཏོང་བར་ཞུ་ཞུས་པས། བི་ཝ་པས་ཉི་མ་དུས་རྒྱུན་ལྟར་བཏང་ནས་ཡུལ་གཞན་དུ་བྱོན་སོང་བ་ན། ཡུལ་དེ་ནི་མུ་སྟེགས་པའི་ཆོས་ལུགས་ཡོད་ས་ཞིག་ཡིན། ཡུལ་དེའི་མི་རྣམས་ཀྱིས་ཁྱེད་མི་གསར་བ་ཞིག་དེ་རིང་འདིར་ཐོན་པ་ཡིན་པས། ལྷ་དབང་ཕྱུག་ཆེན་པོའི་སྐུ་རྟེན་ལ་ཕྱག་འཚོལ་ཞིག་ཟེར་བ་ལ། སློབ་དཔོན་གྱིས་ང་རང་ཕུ་བོ་རེད། དབང་ཕྱུག་ཆེན་པོ་ནུ་བོ་རེད། ཕུ་བོས་ནུ་བོ་ལ་ཕྱག་འཚལ་ཚུལ་ཞིག་ཡོད་པ་ཨེ་རེད་གསུངས་ནས་ཕྱག་མ་འཚལ། དེ་ཡུལ་དེའི་རྒྱལ་པོས་གོ་བ་ན། ལྷ་དབང་ཕྱུག་ཆེན་པོ་ལའང་ཕྱག་མི་འཚལ་བ་དེ་སུ་རེད། མི་དེ་སོད་ཤོག་ཟེར་བ་ན། སློབ་དཔོན་གྱིས་ངས་འདི་ལ་ཕྱག་འཚལ་ན་ཆོག་ཀྱང་ཁོ་ལ་སྡིག་པ་ཡོད་པས་མ་འཚལ་བ་ཡིན་གསུངས་པ་ན། རྒྱལ་པོས་ཁྱོད་ཀྱིས་ཕྱག་འཚལ་དང་ལྷ་ཆེན་ལ་ཕྱག་འཚལ་བའི་སྡིག་པ་ངས་འཁུར་ཟེར། སློབ་དཔོན་གྱིས་ཕྱག་འཚལ་བ་དང་། ལྷ་ཆེན་གྱི་སྐུ་རྟེན་ཕྱེད་ཚལ་དུ་གས་ནས། བར་སྣང་ནས་སྒྲ་ཆེན་པོ་ཞིག་གྲག་པ་ན། ཡུལ་མི་ཐམས་ཅད་སྐྲག་ནས་སློབ་དཔོན་ལ་ཕྱག་འཚལ་གུས་འདུད་བྱས་ནས། ཉི་མ་དེ་རིང་ནས་བཟུང་ཁྱེད་ཀྱི་བཀའ་སྒྲུབ་པ་ཡིན་ཟེར། སློབ་དཔོན་གྱིས་འོ་ན་ངས་ཅི་ཟེར་བསྒྲུབ་རྒྱུའི་ཁས་ལེན་དགོས་གསུངས་པ་ན་དེ་ལྟར་ཁས་བླངས་ནས། དེ་ཕྱིན་གྱིས་ལྷ་མ་ཧཱ་དེ་ཝ་མཆོད་པའི་ཡོ་བྱད་ཐམས་ཅད་སློབ་དཔོན་ལ་ཕུལ་བས་དེས་ནང་བའི་དགེ་འདུན་གྱི་འཚོ་བའི་མཐུན་རྐྱེན་སྦྱོར་བ་རེད། དེ་ནས་དེ་བ་ཀོ་ཊ་ཞེས་པའི་ཡུལ་དུ་བྱོན། ཡུལ་དེ་ན་མི་རྣམས་ལས་ཕྲ་མེན་མ་མང་པོ་ཡོད་པ་ལ། ཕྲ་མེན་མ་ཞེས་པ་འདྲེ་མོའི་དོན་རེད། མིའང་ཡིན་པ་ལ་ཤ་ཟ་འདྲེའི་རིགས་སུ་གཏོགས་པ་དེ་འདྲ་ཞིག་རེད། ཕྲ་མེན་མ་ཞིག་ཉིན་པར་ལམ་ཁར་འདུག་སྟེ་ཕྲ་མེན་གྱི་སྔགས་བཟླས་ནས་མི་རྣམས་ལ་སྔགས་བཏབ་པ་ན། སློབ་དཔོན་ལམ་དེ་ནས་བརྒྱུད་དེ་གཙུག་ལག་ཁང་རྙིང་པ་ཞིག་ཏུ་གཟིམ་ཡོད་པ་ན། དེའི་རྗེས་སུ་བྲམ་ཟེའི་ཕྲུ་གུ་ཞིག་ཡོང་བ་དང་། དེ་ལ་ཕྲ་མེན་མས་སྔགས་བཏབ་པ་ན། བྲམ་ཟེའི་བུ་ཞིག་གིས་གྲོང་ཁྱེར་དེ་ནས་ཟས་རྙེད་ཀྱང་ཉལ་ས་ཞིག་གཏན་ནས་མ་རྙེད་པར་སོང་བ་ན། རྣལ་འབྱོར་མ་ཞིག་གིས་ཡུལ་འདི་ན་ཕྲ་མེན་མ་མང་པོ་ཡོད་པས་དེ་རྣམས་ཀྱིས་སུ་ལ་ཡིན་ན་བར་ཆད་བྱེད་པ་རེད། ཁྱོད་གཙུག་ལག་ཁང་ཕ་དེའི་ནང་དུ་སོང་ནས་སྡོད་ན་བཟང་ཟེར་བ་དང་། བྲམ་ཟེའི་ཕྲུ་གུ་གཙུག་ལག་ཁང་དུ་ཕྱིན་པ་ལ། སློབ་དཔོན་བི་ཝ་པས་སྔགས་བཏབ་ནས་བྱིན་རླབས་མཛད། དེ་ནུབ་ཕྲ་མེན་མ་རྣམས་ཚོགས་ནས་སྲིང་མོ་མ་རྣམས་དོ་ནུབ་མཆོད་པའི་རྫས་ཅི་ཡོད་ཟེར་བ་ན། ཕྲ་མེན་མ་གཅིག་ན་རེ། མཆོད་པའི་ཡོ་བྱད་གཞན་ཚང་མ་ཡོད་ཀྱང་ཤ་ཆེན་མེད་ཟེར་བ་ན། གཅིག་ན་རེ། ངས་ཤ་ཆེན་གཉིས་བཀུག་ཡོད་ཟེར། གཙོ་མོ་ན་རེ་འོ་ན་དེ་འཁྱེར་ཤོག་ཟེར། དེས་ཇི་ལྟར་བཀུག་ཀྱང་བྲམ་ཟེའི་ཕྲུ་གུ་འགུགས་མ་ནུས་པ་དང་། ཡང་སྔགས་བཏབ་པས་སློབ་དཔོན་བི་ཝ་པ་ཤིང་སྡོང་ཆེན་པོ་ཞིག་གི་སྟེང་ན་བཞུགས་ཡོད་པ་ཤིང་དང་བཅས་པ་བཀུག་ཡོང་བ་ན། ཕྲ་མེན་མ་རྣམས་ཀྱིས་འདི་རེ་ཞིག་མཛོད་ཁང་དུ་ཞོགས་དང་། དེ་ནས་ཚོགས་འཁོར་བསྐོར་ཟེར་ནས་མཛོད་ཁང་དུ་བཞག་པ་ན། སློབ་དཔོན་གྱིས་མཛོད་ཁང་དུ་ཆང་ཚང་མ་གསོལ་ནས་བཞུགས། ཕྲ་མེན་མ་རྣམས་ཀྱིས་སློབ་དཔོན་གསོད་དགོས་བསམ་ནས། ཐམས་ཅད་ཀྱིས་གད་རྒྱང་གི་སྒྲ་སྒྲོག་པ་དང་། སློབ་དཔོན་གྱིས་ཁྲོ་བོའི་གད་མོ་བྱས་པས་ཕྲ་མེན་མ་རྣམས་བརྒྱལ་ནས་བླ་འཁུམས་སོང་། ཕྲ་མེན་མ་ཐམས་ཅད་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་འཛུལ་རྒྱུའི་ཁས་བླངས། བི་ཝ་པ་ལ་དད་པའི་སེམས་ཅན་ལ་གནོད་པ་མི་བྱེད་པའི་དམ་བཅའ། ས་དེའི་ཕྲ་མེན་མ་ཐམས་ཅད་དམ་ལ་བཏགས་སོ། །སློབ་དཔོན་ལམ་དུ་བྱོན་པའི་ལམ་ཁ་ཞིག་ན་ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ་དེ་བས་གྲོང་ཁྱེར་དཔག་ཚད་ཕྱེད་དང་ལྔ་བརྒྱ་ཡོད་པར་སྤྲུལ་ནས་སློབ་དཔོན་གདན་དྲངས། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ལ་སོགས་པའི་ཞལ་ཟས་ཐམས་ཅད་བླངས་ནས་མཆོད་པར་བྱས་པའི་ལོ་རྒྱུས་ཡོད་པ་རེད། རྣལ་འབྱོར་པ་གྲུབ་ཆེན་གྱི་ནང་རྟོགས་པའི་ཡོན་ཏན་དེ་ཕྱི་ཚུལ་ལ་བལྟས་ནས་ངོས་ཟིན་རྒྱུ་ཅན་ཞིག་ཡིན་པ་མ་རེད། བླ་མས་མི་བརྒྱ་དུས་གཅིག་ལ་བསད་ན་ཡང་། སངས་རྒྱས་ཀྱིས་འགྲོ་ལ་ཕན་པར་མཛད་པའི་མཛད་པ་འཕྲིན་ལས་མ་འདས་པར་བསམ་དགོས། རང་གར་སེམས་ཅན་གསད་ཤེས་པས་མི་ཕན། སྡིག་ཅན་ཤན་པ་རྣམས་ཀྱིས་ཀྱང་གསོད་ཤེས། རྟོགས་པས་བསྒྲལ་ནུས་ན། ཐུགས་རྗེས་འདྲེན་ནུས་དགོས་པ་རེད། བསད་པ་གསོ་ནུས་པ་ཞིག་དགོས། གྲུབ་ཆེན་ཤྭ་བ་རི་པས་རྔོན་བདས་པ་ལྟ་བུ་དང་། ཏེ་ལོ་པས་ཉ་བསད་པ། ས་ར་ཧ་པ་སྨྱུག་མཁན་མོ་དང་འགྲོགས་པ་དང་། ཨིནྡྲ་བྷུ་ཏིས་འདོད་ཡོན་ལ་སྤྱོད་པ་ལྟ་བུ་ཞིག་དགོས་པ་རེད་མ་གཏོགས། ང་གཅིག་ཡིན་ཅན་པོ་ཞིག་གིས་བྱེད་པས་ས་ཆོད་མི་དགོས་ངན་པའི་ནང་གི་ངན་པ། གཅར་ན་གྲིབ་ཀྱིས་ནོན་པ་ཅན་པོ་ཡིན་ན་ཤེས་པ་མ་རེད། བཙུན་མོ་བརྒྱ་དང་རོལ་ན་ཡང་། །བདེ་ཆེན་ཡེ་ཤེས་ཕྱག་རྒྱ་ཆེ། །འདོད་པ་འདུན་པ་ཅིར་སྣང་ཡང་། །སངས་རྒྱས་འདོད་པ་བྲལ་བ་ཡིན། །ཞེས་བཙུན་མོ་བརྒྱ་དང་ལྷན་ཅིག་རོལ་ན་ཡང་། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐབས་ལམ་ཕྱག་རྒྱ་ཆེན་པོའི་མྱུར་ལམ་ཡིན་པར་བསམ། འདོད་པ་ལ་འདུན་པ་ལ་སོགས་སྣང་ཚུལ་ཅི་དང་ཅིར་སྣང་ཡང་། སངས་རྒྱས་འདོད་པ་དང་བྲལ་བ་ཡིན་ཞིང་གདུལ་བྱ་ཐབས་ཀྱིས་འདུལ་བའི་དགོས་དབང་ཡིན་པར་བསམ་དགོས་ཏེ། དམ་པའི་སྐྱེས་བུ་སངས་རྒྱས་དང་ས་གནས་བྱང་སེམས་ཀྱི་སྤྲུལ་པ་རྣམས་ཐུགས་ལ་འཁྲུལ་བ་མི་མངའ་བའི་ཕྱིར་ན་མཛད་སྤྱོད་ལ་ཉེས་སྤྱོད་ཅིག་འབྱུང་བ་མི་སྲིད་པའི་ཕྱིར་ཏེ། རང་དོན་ཕུན་སུམ་ཚོགས་ནས་གཞན་དོན་གདུལ་བྱ་སྐྱོང་བའི་སྐབས་ཡིན་པས། མཛད་པའི་རྣམ་གྲངས་ཀྱི་ཐོག་ནས་ཞི་བ་དྲག་པོ་ཤིན་ཏུ་རྒྱས་པ་དང་དབང་སྡུད་ལ་སོགས་པ་རྣམ་པ་ཅི་དང་ཅིར་སྟོན་ཀྱང་འགྲོ་བ་འདུལ་བ་དང་གདུལ་བྱ་སྐྱོང་བའི་ཐབས་ཡིན་པས་སོ། །ཐར་པའི་ལམ་སྟོན་བླ་མ་མ་གཏོགས་སུ་ཡང་མེད་པས་ན་རྟེན་འབྲེལ་འགོ་ནས་འཆུག་འཇུག་མི་ཉེས། བསྐལ་པ་འབུམ་ཕྲག་མང་པོ་ན་རྙེད་པར་དཀའ་བའི་བླ་མ་དང་ཐེག་ཆེན་གྱི་ཆོས་ཟབ་མོ། སྣོད་ལྡན་གྱི་སློབ་མ་བཅས་ཀུན་འཛོམས་རེད་ཡོང་དུས་བདུད་སྡིག་ཅན་མི་དགའ་ཞིང་དེ་ལ་བར་ཆད་ཅིག་ཅིས་དྲག་བསམ་ནས། བལྟར་མི་མངོན་པའི་ཐོག་ནས་དཔོན་སློབ་གཉིས་ཀྱི་བར་དུ་དབྱེན་ཞིག་བྱེད་ན་ཨེ་དགའ། ཡང་ཆོས་ཀྱི་མཐུན་རྐྱེན་འཚོ་བའི་ཆ་རྐྱེན་ཞིག་མི་འདང་བར་བྱེད་ན་ཨེ་དགའ། བུ་ཚ་ཕ་མ་མཛའ་གྲོགས་ཀྱི་ཞེན་པ་མི་ཆོད་པར་བྱེད་ན་ཨེ་དགའ། དུས་ལ་མ་བབ་པའི་འགྲོ་དོན་དང་། སྙིང་རྗེ་དགྲར་ལང་གི་རྣམ་རྟོག་མང་པོ་འཆར་དུ་འཇུག་པ་ལ་སོགས་པའི་བདུད། རང་དང་ཁོར་ཡུག་གི་མིའི་ཁོག་ཏུ་ཞུགས་ནས་བར་ཆད་མང་པོར་རྩོམ་པ་རེད། དེ་དུས་ལྷག་པར་དུ་བླ་མ་དང་ཆོས་ལ་མོས་གུས་བྱས་ནས་དཀའ་སྤྱད་བཟོད་པའི་སྙིང་སྟོབས་ཀྱི་གོ་ཆ་བགོ་དགོས། དཔེར་ན་ནོར་བུ་རིན་པོ་ཆེ་འདོད་པའི་དོན་ཐམས་ཅད་འགྲུབ་པ་ཞིག་རྙེད་ན་དེ་ལ་གཅེས་སྤྲས་བྱས་ནས་བོར་བ་དང་བརླག་ཏུ་མི་འཇུག་པ་ལྟར། ཆོས་དང་བླ་མ་ལ་མོས་གུས་ཀྱི་སྒོ་ནས་བསྲུངས་ཏེ་རང་ཉིད་དེ་དང་འབྲལ་དུ་འཇུག་མི་ཉན། ཐམས་ཅད་སངས་རྒྱས་མཛད་པ་སྟེ། །ཅི་མཛད་མཐོང་བ་ལེགས་པའི་ལམ། །ཅི་གསུང་ཐོས་པ་དམ་པའི་ཆོས། །ཅི་དགོངས་ཐམས་ཅད་མཁྱེན་པའི་དཔལ། །ཞེས་བླ་མའི་སྐུས་ཅི་མཛད་ཀྱི་བྱ་བ་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་ཡིན་ཞིང་། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་རང་ལ་ཡོད་ན་དེ་ཉིད་ཐམས་ཅད་ལེགས་པའི་ལམ་མ་ནོར་ཡིན་ལ། ཞལ་ནས་ཅི་གསུང་ཞིང་གང་ཐོས་པ་ཐམས་ཅད་དམ་པའི་ཆོས་ལ་བཀྲི་བའི་ཐབས་ཡིན། ཐུགས་ལ་ཅི་དགོངས་པ་ཐམས་ཅད་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱི་མེ་ལོང་གཙང་མའི་ངོར་ཇི་སྙེད་མཁྱེན་པའི་གཟུགས་བརྙན་མ་འདྲེས་པ་གཟིགས་པའི་དཔལ་ཡིན་ནོ། །བླ་མ་འཁྲུལ་པ་སྲིད་མཐར་ཡང་། །འབྱུང་བ་མེད་ཀྱི་གལ་ཏེ་ན། །མཐོང་སྣང་འཁྲུལ་པ་ལྟར་སྣང་ཚེ། །རང་སྣང་བསམ་པ་མ་དག་པས། །མིག་སྐྱོན་ཅན་གྱི་གངས་ཉིད་ལ། །རྒྱུན་དུ་ནག་པོ་མི་སྲིད་ཀྱང་། །ནག་པོར་དངོས་སུ་མཐོང་དང་མཚུངས། །མཁྲིས་ནད་ཅན་གྱིས་དུང་ཉིད་ལ། །རྒྱུན་དུ་དཀར་པོ་ཉིད་ཡིན་ཡང་། །སེར་པོར་མཐོང་བ་ཉིད་དང་མཚུངས། །བླ་མ་སངས་རྒྱས་ཡིན་ན་སངས་རྒྱས་འཁྲུལ་བ་ཀུན་དང་བྲལ་བས་སྲིད་པའི་མཐར་ཡང་འཁྲུལ་བ་འབྱུང་བ་མེད་ཅིང་། གལ་ཏེ་མཐོང་ན་ཡང་རང་གི་མཐོང་སྣང་འཁྲུལ་པའི་སྣང་བ་ལ་སྐྱོན་ལྟར་སྣང་བ་ཡིན་ཏེ། རང་སྣང་འཁྲུལ་པ་དེ་རང་གི་བསམ་པ་མ་དག་པས་སྣང་བ་བསྐྱེད་པར་ཡིན་པས་སོ། །དཔེར་ན་མིག་སྐྱོན་ཅན་གྱིས་གངས་རི་དཀར་པོ་ཉིད་ཡིན་པ་ལ། རྒྱུན་དུ་ནག་པོའི་ཁ་དོག་ཡོད་པར་མི་སྲིད་ཀྱང་། ནག་པོ་ཉིད་དུ་དངོས་སུ་མཐོང་བ་དང་། མཁྲིས་ནད་ཅན་གྱིས་དུང་དཀར་པོ་ལ་བལྟས་ཀྱང་དུང་སེར་པོར་མཐོང་བ་དང་ཉིད་དང་མཚུངས་སོ། །ལོག་སྲེད་ཅན་གྱིས་ཆུ་ཉིད་ལ། །ཁྲག་རྣག་མཚོན་ཆ་མེད་ན་ཡང་། །རྣག་ཁྲག་མཚོན་ཆར་མཐོང་དང་མཚུངས། །བླ་མ་ལ་སྐྱོན་མེད་ཀྱང་འཁྲུལ་བ་ལྟར་སྣང་བ་ནི་རང་གི་བློ་མིག་མ་དག་པ་ཡིན་ཏེ། ལོག་སྲེད་ཅན་ལ་ལོག་པའི་སྣང་བ་འཆར་ལུགས་ཀྱི་དཔེར་གཞན་འཇོག་ན། དོན་ངོ་མ་ཆུ་ལ་ཁྲག་རྣག་དང་མཚོན་ཆ་མེད་ཀྱང་། ལས་ངན་འཁྲུལ་པའི་ལོག་ཤེས་ཀྱི་དབང་གིས་སེམས་ཅན་ཡི་དྭགས་དང་། ལྷ་མ་ཡིན་སོགས་ཀྱིས་ཆུ་ཉིད་ལ་རྣག་ཁྲག་དང་མཚོན་ཆ་སོགས་སུ་མཐོང་བ་དང་མཚུངས་སོ། །ཁམས་གསུམ་འདི་ན་བསོད་ནམས་དང་རྙེད་པ་ཆེན་པོ་མཆོག་ཏུ་གྱུར་པ་དེ་དམ་པའི་ཆོས་བསྒྲུབ་པ་དང་ཆོས་ལམ་ཞུགས་པ་ཡིན། དེ་ལོས་ཡིན་གཏན་གྱི་བདེ་བ་སྒྲུབ་བྱེད་ཡིན་པས་སོ། དེ་བླ་མ་ལ་བརྟེན་ནས་འབྱུང་དགོས་པ་ཡིན་པས་ན། ཆོས་དང་བླ་མ་མཇལ་བ་དེ་ཚངས་དབང་དང་འཁོར་ལོས་བསྒྱུར་བ་ཐོབ་པས་ཀྱང་དོ་ཟླ་མ་མཆིས་པ་ཡིན་པས། འདོད་ཁམས་འདི་ནས་སེམས་ཅན་གཅིག་སངས་རྒྱས་ན། བདུད་སྡིག་ཅན་གྱི་སྣང་བ་ལ་ཁོ་རང་གི་སྡེ་རིས་ལས་གཅིག་ཉུང་སོང་བསམ་ནས་མྱ་ངན་བྱེད་ཀྱིན་ཡོད། དེས་ན་རང་རེར་ནམ་བློ་ལས་སུ་མ་རུང་བར་གྱུར་ནས་བླ་མ་ལ་དད་གུས་བྱེད་པ་སོགས་ལ་ཐང་ལྷོད་བྱུང་ན། དེ་བདུད་སྡིག་ཅན་གྱི་མདའ་སྙིང་ལ་ཟུག་པའི་རྟགས་ཡིན་པས་སྤོང་དགོས། དེ་ཕྱིར་བླ་མའི་རྣམ་ཐར་ལ། །ལོག་ལྟ་སྐྱེས་ན་ཐར་ལམ་འགག །འགྲོ་འདུལ་ཐབས་མཁས་སྤྱོད་པས་ཏེ། །བརྡ་དང་ཐབས་སུ་ཤེས་པར་བྱ། །ཞེས་གོང་དུ་བཤད་པའི་རྒྱུ་མཚན་དེའི་ཕྱིར་ན་བླ་མའི་རྣམ་ཐར་དང་མཛད་སྤྱོད་ཐམས་ཅད་ལ། ལོག་ལྟ་སྐྱེས་ན་རང་ཉིད་ཀྱི་ཐར་པའི་ལམ་འགག་པར་བྱེད་ལ། བླ་མས་ཞི་རྒྱས་དབང་དྲག་གི་ལྟར་སྣང་མཛེས་དང་མི་མཛེས་གང་མཛད་ཀྱང་འགྲོ་བ་འདུལ་བའི་ཐབས་མཁས་ཀྱི་སྤྱོད་པ་ཆེད་དུ་མཛད་པ་ཡིན་པས། ཅི་མཛད་ཐམས་ཅད་བརྡ་དང་ཐབས་སུ་ཤེས་པར་བྱའོ། །ཞེས་གསུངས་སོ། །དེའི་ཕྱིར་སྣང་ཚུལ་ཇི་ལྟར་སྣང་ཡང་ངེས་པའི་དོན་དུ་བླ་མ་དམ་པ་དེ་ལ་སྐྱོན་གྱི་ཆ་ཕྲ་མོ་ཙམ་ཡང་ཡེ་ནས་མི་མངའ་བར་འགྱུར་བར་མེད་པའི་ངེས་ཤེས་གཏིང་ཚུགས་པ་ཞིག་སྐྱེས་ཕྱིན་ཆད། ལེགས་པའི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བ་བཞིན་དུ་ངམ་ངམ་ཤུགས་ལ་འབྱུང་བ་ནི། སློབ་དཔོན་ནཱ་གརྫུ་ནས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་དཔེར་ན་རི་ཡི་རྒྱལ་པོ་རི་རབ་དང་འདྲ་བའི་རི་མཐོན་པོ་གཡང་གཟར་ཞིག་གི་རྩེ་ནས་འགའ་ཞིག་ལྷུང་བར་གྱུར་ན། ལྷུང་བར་མི་འགྱུར་སྙམ་ཡང་དོན་ལ་ལྷུང་བར་འགྱུར་ངེས་པར་ཡིན་པ་དེ་བཞིན་དུ། བླ་མའི་དྲིན་གྱིས་ཕན་པའི་གདམས་ངག་ཟབ་མོའི་ལུང་ཐོབ་ན། ང་ལ་ཕན་ཐོགས་ཅི་ཡོད་མ་སོང་བསམ་ཞིང་རང་རྒྱུད་གྲོལ་བར་མི་འགྱུར་སྙམ་ཡང་སྔར་དང་མི་འདྲ་བའི་རང་རྒྱུད་གྲོལ་བར་འགྱུར་ངེས་པར་ཡིན་ནོ། །མི་ཕན་བསམ་ཡང་ཕན་ཐོགས་ཡོད་པ་རེད། ཞེས་གསུངས་སོ། །ཡོན་ཏན་མཛོད་ལས། ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པ་ཡང་། ཡལ་འདབ་བརླན་པའི་ཙནྡན་དྲིས་བསུང་ལྟར། །གང་ལ་བརྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་གསུངས་པ་བཞིན་ཏེ། དཔེར་ན་རི་མ་ལ་ཡ་ཡི་ཙན་དན་སྨན་ལྗོངས་ཀྱི་ནགས་ཚལ་དུ་་ཤིང་དུམ་ཕལ་པ་ཞིག་འཕངས་ན། ཙན་དན་གྱི་དྲི་བསུང་ཞིམ་པོ་དེ་ལ་འགོས་ནས་ཙན་དན་དང་ནོར་འདུག་པ་ཞིག་རེད་རྒྱུ་ཡོད་པ་རེད། དཔེ་དེ་བཞིན་དུ་དམ་པའི་སྐྱེས་བུ་དང་འགྲོགས་པ་དང་དམ་པའི་སྐྱེས་བུ་བསྟེན་ན། ཇི་ལྟར་སོ་སོའི་སྐྱེ་བོའི་རྒྱུད་མ་དུལ་བ་མ་རུངས་པ་ཤིང་ཕལ་པ་ཚེར་མ་ཅན་དང་འདྲ་བ་ཡིན་ནའང་། དེ་ལ་ཡོན་ཏན་གྱི་དྲི་བསུང་འགོས་ཏེ་ལེགས་པའི་ཡོན་ཏན་རེ་སྐྱེ་རྒྱུ་ཡོད་པ་རེད། བྲམ་ཟེའི་ཁྱེའུ་མི་ཐུང་སོར་མོའི་ཕྲེང་བ་ཅན་གྱིས་མི་དགུ་བརྒྱ་དགུ་བཅུ་གོ་དགུ་བསད་ནས་མཐར་སྟོང་ཕྲག་གཅིག་ཁ་སྐོང་བའི་ཆེད་དུ་རང་གི་མ་བསད་གྲབ་བྱས་པ་ན། དེ་བཞིན་གཤེགས་པ་དང་འཕྲད་པས་ཁོས་དེ་བཞིན་གཤེགས་པའི་སྐུ་ལ་ཐོ་བརྩམས་པའི་ཚེ། སྟོན་པས་དམ་པའི་ཆོས་བསྟན་པ་ཐོས་པས་རྒྱུད་འགྱུར་ཏེ། ལམ་ལ་ཞུགས་ནས་བདེན་པ་མཐོང་བའི་ལོ་རྒྱུས་ཡོད། དེས་ན་རང་ལེགས་སུ་འདོད་པའི་སྐྱེ་བོ་སེམས་ལྡན་ཞིག་ཡིན་ན། དགེ་བའི་བཤེས་གཉེན་སྤྱི་དང་། ཁྱད་པར་དུ་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་མྱུར་ལམ་ཟབ་མོའི་དམ་ཆོས་ལ་འཇུག་པའི་སྐབས་འདིར། མཚན་ཉིད་ཀུན་ལྡན་གྱི་དགེ་བའི་བཤེས་གཉེན་རྒྱུད་ལས་གསུངས་པའི་བརྟག་ཐབས་ཀྱིས་བརྟགས་ཟིན་ནས། ཞེ་སྙིང་ནས་གུས་པ་ཆེན་པོ་བསྐྱེད་ཅིང་བླ་མའི་བཀའ་བཞིན་སྒྲུབ་པར་བྱེད་པ་ལ་བླ་མས་བཀའ་བཀྱོན་དྲག་པོ་ཇི་ལྟར་གནང་ཡང་། ཆོས་བཤད་པ་དང་དོན་གཅིག་པ་ཡིན་པས་གདུལ་བྱ་རང་ཉིད་ཀྱི་རྒྱུད་ལ་ཕན་པའི་མཛད་ཚུལ་ཐབས་གཞན་ཞིག་རེད་བསམ་རྒྱུ་དང་། ཕྱག་འབེབ་གནང་སྟེ་རྡུང་བཙོག་མཛད་ཀྱང་བགེགས་དང་བར་ཆད་ཞི་ཕྱིར་བྱིན་གྱིས་རླབས་པའི་ཐབས་ཉིད་དུ་མཐོང་བ་ཞིག་དགོས་ཏེ། གྲུབ་ཆེན་ན་རོ་པས་ཏེ་ལོ་པ་བསྟེན་དུས། ན་རོ་པ་ལོ་བཅུ་གཉིས་ཀྱི་བར་དུ་གྲོང་དུ་བསོད་སྙོམས་ཁོ་ན་བསླངས་ནས་བླ་མ་ལ་ཕུལ། དེའི་ཚེ་ན་ཆོས་ཚིག་གཅིག་ཀྱང་མ་གསུངས་པར་མ་ཟད། ཁྱོད་ཕ་ཡུལ་གང་ཡིན། མིང་ཅི་ཟེར་ཙམ་ཡང་འདྲི་མ་མྱོང་ཞིང་། སློབ་མའི་སྡིག་སྒྲིབ་སྦྱོང་ཕྱིར་དཀའ་བ་མང་པོ་སྤྱད་བཅུག་སྟེ། ཁང་རྩེག་མཐོན་པོའི་ཐོག་ནས་མཆོང་བཅུག་པ་དང་། སྙུག་མ་བཤགས་ནས་ཤ་གསེབ་ཏུ་དྲངས་པ་སོགས་སྡུག་འདྲ་མི་འདྲ་མྱོང་བཅུག་ནའང་། ད་རུང་ཡིད་མ་ཆད་པར་དད་ལོག་མ་ཤོར་ནས་བླ་མ་སངས་རྒྱས་དངོས་སྣང་གི་དད་པ་བཞག་སྟེ་ཞབས་འབྲིང་བྱས། སྐབས་ཤིག་ལ་ཁྱོད་ཀྱི་བླ་མ་ང་མ་ཡིན། ངའི་སློབ་མ་ཁྱོད་མ་ཡིན་ལ་སོགས་གསུངས་ནས་གཤེ་བ་མང་པོར་མཛད་ཀྱང་། ན་རོ་པ་བླ་མ་ལ་དད་པ་དང་བསྙེན་བཀུར་བྱེད་པའི་བློ་ལྡོག་མ་མྱོང་། སྐབས་ཤིག་ལ་ཁྱིམ་བདག་ཆེན་པོ་ཚང་ཞིག་གིས་སྟོན་མོ་བྱེད་སར་བསོད་སྙོམས་མཛད་དེ། བཟའ་བཏུང་ཚོད་མའི་རིགས་མང་པོ་དང་ཁྱད་པར་དུ་སྔོ་མའི་ཚོད་མ་ཞིམ་པོ་ཞིག་ལོན་པ་བླ་མར་ཕུལ་བས། དེ་ཉིན་པར་བླ་མ་སྔར་དང་མི་འདྲ་བ་ཐུགས་དགྱེས་ནས། མིང་ལ་བུ་ཞེས་བོས་ནས། ཁྱོད་ཀྱིས་འདི་འདྲའི་ཟ་མ་ཞིམ་པོ་གང་ནས་རྙེད་པ་ཡིན་ཞེས་གསུངས་པ་ན། ན་རོ་པ་ས་དང་པོ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས་ཏེ། ངས་ལོ་བཅུ་གཉིས་ལ་ཞབས་ཕྱི་ཞུས་ཀྱང་སུ་ཡིན་ཙམ་གསུངས་མ་མྱོང་ན། དེ་རིང་བུ་ཞེས་གསུངས་པ་དེ་ཅི་འདྲའི་མི་སྲིད་པའི་བདེ་སྐྱིད་ཅིག་རེད་བསམ་པ་དང་། ཏེ་ལོ་པས་བུ་མཆོག་ན་རོ་པ་ད་དུང་འཁྱེར་ཤོག་གསུངས་པས། ཡང་སོང་བ་ན་དེ་བཞིན་གསུངས་པས། དེ་འདྲ་ལན་བཞིའི་བར་དུ་སོང་སྟེ་བསླངས་ནས་བླ་མར་འབུལ་ཡང་ད་རུང་སོང་གསུངས་པ་ན། ད་འགྲོ་ན་ངོ་ཚ་ཞིང་མ་འགྲོ་ན་བླ་མ་ཐུགས་མི་དགྱེས་པར་འགྱུར་རོ་སྙམ་བཞིན་ཡང་སོང་བ་ན། དེ་ཚང་ལས་ཀ་བྲེལ་བའི་སྐབས་དང་བསྟུན་ནས་ཚོད་མ་སྣོད་དང་བཅས་པ་བརྐུས་པ་ན། བདག་པོ་ཚང་གིས་བརྡུངས་ནས་རོ་དང་འདྲ་བར་བྱས། བླ་མས་ཨེ་ན་དྲིས་པས། ན་བས་མི་ཚད་རོ་འདྲ་རེད་ཐལ་ཞེས་ཞུས། དེའི་ཐོག་ནས་བླ་མ་ཏེ་ལོ་པ་ཐུགས་མཉེས་པས་ཐུགས་ལ་བཏགས་ཏེ་གདམས་ངག་བསྟན་པས་ཟླ་བ་དྲུག་ལ་བསྒྲུབ་པས་དངོས་གྲུབ་བརྙེས་པ་རེད། ལུང་གི་དབྱེ་བར། མདོར་ན་སྐུ་ཡིས་རྡུང་བཙོག་གསུང་གི་བཀའ་བཀྱོན་གནང་བ་དང་། དྲག་སྔགས་བཟླས་པས་འདུལ་བ་དང་། གཡུལ་སྤྲོད་པའི་ཚུལ་གྱིས་མཚོན་ཆ་བསྣུན་ནས་ཕུགས་པ་དང་བརྡེག་པ་སོགས་ཞི་དྲག་གི་མཛད་པ་ཅི་ལྟར་མཛད་ཀྱང་། སློབ་མ་རང་ཉིད་རྒྱུད་ཀྱི་སྐྱོན་གྱི་དྲི་མ་སེལ་བའི་ཐབས་ཡིན་གྱི་བསམ་ནས། བླ་མའི་མཛད་པ་དེ་ལ་མ་གུས་པ་སྤང་བར་བྱ་སྟེ། བླ་མའི་སྐུ་གསུང་ཐུགས་ཀྱི་མཛད་པ་ནི། ཅི་ལྟར་མཛད་ཀྱང་སངས་རྒྱས་ཀྱི་རྣམ་འཕྲུལ་ཡིན་པས་དེའི་སྒྱུ་འཕྲུལ་གར་གྱི་ཆོ་འཕྲུལ་རོལ་པ་སྣ་ཚོགས་སུ་མཛད་པ་ལས། གཞན་དུ་མ་དག་པ་ཅི་ཡང་ཏེ་ཅུང་ཟད་ཀྱང་བསམ་པར་མི་བྱ། མ་གུས་པ་དང་མ་དག་པར་བསམ་པར་བྱས་ན། གྲོགས་ཁ་རུ་ཡོང་བ་ལྕེ་ཡིས་འཕུལ་ཏེ་དངོས་གྲུབ་ཐོབ་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་པས། བླ་མ་ལ་མོས་གུས་ལོག་ན་གང་ཟག་ཉམས་པ་ཅན་དུ་གྱུར་པས་ཉམས་པའི་ཆད་པ་བདུད་ཀྱིས་འཛིན་ཅིང་། ཚེ་འདིར་བསམ་པའི་དོན་མི་འགྲུབ་ནད་མང་ཚེ་ཐུང་ཞིང་། ཕྱི་མར་ངན་འགྲོར་ལྟུང་བར་འགྱུར་རོ། །ཞེས་སོ། །དེའི་ཕྱིར་བློ་དང་ལྡན་པ་གང་ཞིག་གིས་འདི་ལྟར་བསམ་པར་བྱ་སྟེ་བདག་གི་བླ་མ་འདི་ནི་དོན་དུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་རྣམས་དང་ཁྱད་པར་མེད་ཀྱང་། རང་རེ་དུས་སྙིགས་མའི་གདུལ་བྱའི་སེམས་ཅན་བསོད་ནམས་དང་སྐལ་བ་དམན་པས། བླ་མ་འདིའི་སྐུ་གསུམ་གྱི་སྣང་བ་ཇི་བཞིན་པ་ནི། རང་ངོར་ལས་མ་དག་པས་སྣང་དབང་མ་མཆིས་པའམ་སྣང་བའི་སྐལ་བ་མེད་པས་ཐ་མལ་གྱི་ཚུལ་བསྟན་པ་ཡིན་ཏེ། རིག་འཛིན་འདུས་རྒྱུད་ལས། སངས་རྒྱས་རྣམས་དང་དེ་ཡི་སྲས། །གང་གིས་གདུལ་བྱ་དེ་ཉིད་ལ། །དེ་དང་མཐུན་པའི་གཟུགས་སྟོན་ཏེ། །ཞེས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དེ་ཡི་སྲས་ས་ལ་གནས་པའི་རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་དང་གང་གིས་འདུལ་བའི་གདུལ་བྱ་དེ་ཉིད་ལ། དེ་དང་དེར་མཐུན་པའི་འདུལ་བྱེད་ཀྱི་གཟུགས་སྟོན་ཏེ་ཞེས་གསུངས་སོ། །དེའང་འདི་ལྟར་སངས་རྒྱས་ཆོས་ཀྱི་སྐུ་ནང་གསལ་གཞོན་ནུ་བུམ་པའི་སྐུ་ཀུན་གཞིའི་སྟེང་ནས་ཁྱད་ཆོས་དྲུག་གི་འཕགས་པའི་གདོད་མའི་མགོན་པོ་དེ་ནི་སོགས་ཀྱི་ཚིག་འདི་རྣམས། རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་དང་བསྒྲིགས་ནས་འགྲེལ་དགོས་པ་ཞིག་རེད དེ་ལྟ་བུའི་བླ་མ་དེ་ཡང་འདི་ལྟར། དབྱིངས་རང་བཞིན་གྱི་རྣམ་པར་དག་པ་གྲུབ་བསལ་མེད་པའི་ཆོས་ཉིད་ལ། གློ་བུར་གྱི་དྲི་མ་དག་པར་བྱས་ནས་ཟད་དང་མི་སྐྱེ་བའི་ཡེ་ཤེས་བརྙེས་པའི་དག་པ་གཉིས་ལྡན་གྱི་རང་བཞིན་སངས་རྒྱས་ཆོས་ཀྱི་སྐུ། ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་གི་བདག་ཉིད་ཅན་གྱི་སྐུ་དེ་ཉིད། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལས་མ་བྱུང་བའི་སངས་རྒྱས། ནང་གསལ་ཤིན་ཏུ་ཕྲ་བའི་ཆོས་དབྱིངས་ཡེ་ཤེས་རིག་པའི་ངོ་བོ་དང་གཉིས་སུ་མེད་པ་ལ་གཞོན་ནུ་བུམ་པའི་སྐུ་ཞེས་གསུངས་ན། དེ་ལྟ་བུའི་རིག་པའི་ཡེ་ཤེས་དེ་ཉིད་སྐྱེ་འཆི་བགྲེས་རྒུད་དང་བྲལ་བས་གཞོན་ནུ། ཕྱི་གསལ་དུ་མི་མངོན་པར་གཏིང་གསལ་གྱི་ཚུལ་དུ་གནས་པའམ། ནང་གསལ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཡིན་པའི་ཆ་ནས་དོན་དམ་ལ་ཆོས་ཀྱི་སྐུའི་ཐ་སྙད་སྦྱར་ཏེ་་བུམ་སྐུ་གསུངས་པ་ཉིད། ཀུན་གཞིའི་དྲི་མ་དག་ཅིང་གཞིའི་གནས་ལུགས་ལུང་མ་བསྟན་ལས་ཁྱད་ཆོས་དྲུག་གིས་འཕགས་པའི་གདོད་མའི་ནང་དབྱིངས་གཞོན་ནུ་བུམ་པའི་སྐུར་གྲགས་པ་འདི། ངེས་གསང་རྫོགས་པ་ཆེན་པོའི་འབྲས་བུའི་འཆད་ཚུལ་ཐུན་མོང་མ་ཡིན་པའི་དགོངས་པ་ཡིན། ཀུན་གཞི་ཆོས་དབྱིངས་སུ་ཟད་པའི་ཆ་ནས་དབྱེ་བའི་ཁྱད་པར་འདི་དགོངས་འགྲེལ་མཁན་པོ་ཐམས་ཅད་ཀྱིས་མི་ཤེས་པའི་གསང་བའི་དཀའ་གནད་ཅིག་ཡིན། ཀུན་གཞི་ལུང་མ་བསྟན་གྱི་གཞི་དེའི་སྟེང་ནས་གཞི་ལས་འཕགས་པ། རང་ངོར་སྣང་། བྱེ་བྲག་ཕྱེད། ཕྱེད་ཐོག་ཏུ་གྲོལ་བ་སོགས་ཁྱད་ཆོས་དྲུག་གིས་འཕགས་པའི་ཀུན་བཟང་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་དེ་ནི། སྒྲིབ་པ་ཀུན་སྤངས་རྟོགས་པ་ཕུལ་དུ་ཕྱིན་པའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མཐོང་བ་ལས། འཆིང་བ་ཀུན་ལྡན་གྱི་སོ་སྐྱེས་ལྟ་ཅི། ས་བཅུའི་དབང་ཕྱུག་ཆེན་པོ་བྱང་ཆུབ་སེམས་དཔའ་གཞན་གྱིས་སྤྱོད་ཡུལ་དུ་མ་གྱུར་པ་སྟེ། བློ་དང་སྙམ་བྱེད་དཔེ་དང་འགལ་བའི་ཕྱིར། །ས་བཅུའི་དབང་ཕྱུག་གི་ཡང་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ལ། ཆོས་ངེས་པ་ཐེག་པ་ཆེན་པོ་ཁོ་ན། སྟོན་པ་ངེས་པ་རྣམ་པར་སྣང་མཛད་སོགས་རིགས་ལྔའི་སངས་རྒྱས་ཀྱིས། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོ་སྟེ་ངེས་པ་ལྔ་དང་། ལོངས་སྤྱོད་རྫོགས་པའི་ཡན་ལག ཁ་སྦྱོར་གྱི་ཡན་ལག བདེ་བ་ཆེན་པོའི་ཡན་ལག རང་བཞིན་མེད་པའི་ཡན་ལག སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག རྒྱུན་མི་ཆད་པའི་ཡན་ལག འགོག་པ་མེད་པའི་ཡན་ལག་སྟེ་ཁ་སྦྱོར་ཡན་ལག་བདུན་ལྡན་དེ་ནི་ཐུན་མོང་མ་ཡིན་པའི་གདུལ་བྱ་ས་བཅུའི་དབང་ཕྱུག་ཁོ་ན་ལས་གཞན་ལ་མི་སྣང་། སངས་རྒྱས་སྤྲུལ་པའི་སྐུ། ཇི་སྐད་དུ། གནས་དང་གནས་མིན་རྣམ་སྨིན་ཁམས། །མོས་དང་དབང་པོ་བསམ་གཏན་དང་། །ལམ་དང་སྔོན་གནས་འཆི་འཕོ་དང་། །ཟག་པ་ཟད་མཁྱེན་སྟོབས་བཅུའོ། །ཞེས་དང་། རྟོགས་དང་སྤངས་པ་ལམ་དང་གེགས། །སྟོན་ལ་མི་འཇིགས་རྣམ་པ་བཞི། །ཞེས་པ་ལྟར་སྟོབས་བཅུ་དང་མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། བསྲུང་བ་མེད་ལ་སོགས་པའི་རྩལ་མངའ་བ་དེ་ནི་གཙོ་བོ་ཉན་རང་གི་སྟོན་པར་གྱུར་ཀྱང་། ཆོས་ལོངས་སྤྲུལ་གསུམ་དེ་དག་ལས་དངོས་སུ་ཆོས་ཞུ་བའི་བཀའ་དྲིན་ནོད་པའི་བསོད་ནམས་ཀྱིས་ཕོངས་ཤིང་དབུལ། དེའང་སངས་རྒྱས་སྐུ་གསུམ་གྱི་སྟོན་པ་དེ་དག་གི་ཐུགས་རྗེ་ལ་ཉེ་རིང་དང་ཕྱོགས་རིས་མངའ་ནས་རང་རེ་སྙིགས་མའི་སེམས་ཅན་རྣམས་ཆེད་དུ་ཐུགས་བློས་གཏོང་བའམ་དོར་བ་མ་ཡིན་ཡང་། ཉི་མ་ལ་ཉེ་རིང་དང་ཕྱོགས་རིས་ཀྱི་ཀུན་སློང་མེད་ཀྱང་བྲག་ཕུག་ཁ་བྱང་བསྟན་ལ་ཉི་མའི་སྣང་བ་མི་འཆར་བ་བཞིན་དུ། དུས་སྙིགས་མའི་སེམས་ཅན་རང་ཉིད་ལས་དང་སྐལ་བ་དམན་པས་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་དེ་དག་གི་སྐུ་མཇལ་བ་དང་། གསུང་ཐོས་པའི་སྣོད་དུ་མ་གྱུར་པས་ད་ལྟ་ཕན་ཆད་མཐའ་མེད་ཀྱི་འཁོར་བ་མེའི་འོབས། སྲིན་མོའི་གླིང་། སྦྲུལ་གྱི་ཚང་། རྒྱལ་པོའི་བཙོན་དོང་ལྟ་བུར་ལྷུང་བ་འདི་ཙམ་དུ་ཟད། དེ་ལྟར་ནའང་། མེད་པའི་ནང་གི་བསོད་ནམས། ད་རེས་མི་ལུས་ཐོབ་པའི་དུས་འདིར་བཤེས་གཉེན་དམ་པ་མཚན་ཉིད་དང་ལྡན་པ་འདི་ལྟ་བུ་མཇལ་བ་ནི། བསོད་ནམས་ཤིན་ཏུ་ཆེ་ཞིང་སྐལ་བ་བཟང་བ་ཡིན། བསྟན་པའི་གནས་ཚད་ལྔ་བརྒྱ་ཕྲག་བཅུ་ཡིན་པ་ལས་རང་རེ་ལྔ་བརྒྱ་ཐ་མ་རྩོད་ལྡན་སྙིགས་མ་ལྔ་བདོའི་སྐབས་ལ་ཁེལ་བའི་སེམས་ཅན་རྣམས་ཀྱི་དོན་དུ། རྔ་བོ་ཆེན་པོའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ཉིད་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་ལྟར། རང་རེ་སྙིགས་མའི་སེམས་ཅན་འདུལ་བའི་ཆེད་དུ་སངས་རྒྱས་དེ་དག་ཀུན་གྱིས་མཐུན་པར་སྣང་བ་སོ་སོའི་སྐྱེ་བོའི་སློབ་དཔོན་གྱི་ཚུལ་དུ་སྤྲུལ་ནས་གདུལ་བྱ་འདུལ་བར་མདོ་རྒྱུད་མང་པོ་ནས་གསུངས་ཏེ། སློབ་དཔོན་ཆེན་པོས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་དང་། རྒྱུད་གཞན་ལས། སངས་རྒྱས་རྣམས་དང་དེ་ཡི་སྲས། །གང་གི་གདུལ་བྱ་དེ་ཉིད་ལ། །དེ་དང་མཐུན་པའི་གཟུགས་བསྟན་ཏོ། །ཞེས་པ་ལ་སོགས་པ་གསུངས་པས་ན། བདག་གི་བསོད་ནམས་ཀྱི་བགོ་སྐལ་དུ་བྱོན་པའི་བླ་མ་དམ་པ་འདི་ཡང་ངེས་པའི་དོན་དུ་ཐ་མལ་བ་མ་ཡིན་པར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་པར་གྲུབ་ལ། རང་ངོས་ནས་སངས་རྒྱས་མཇལ་བ་དང་མི་གཉིས་པའི་དངོས་ཀྱི་གདམས་པ་བསྟན་པས་ན་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག མཚན་དཔེས་སྤྲས་པའི་སངས་རྒྱས་དངོས་སུ་མཇལ་ཡང་། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་པ་ལྟར། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བདུད་རྩི་བསྟན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀྲི་བ་ཉིད་ལས་ལྷག་པ་ནི་མཛད་རྒྱུ་མེད་ལ། དེའི་ཕྱིར་དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་ལ་སོགས་པས་ལེགས་པར་བསྟེན་དགོས། སྤྱིར་དགེ་བའི་བཤེས་གཉེན་བསྟེན་ལུགས་ལ། ཀུན་མཁྱེན་འཇིགས་གླིང་གིས། ཡང་དག་དོན་ལ་སྦྱོར་བའི་དད་པ་དང་། །ལྟར་སྣང་ཚེ་འདི་བསྒྲུབ་པའི་འདོད་པ་དང་། །གཉིས་ཀར་ལུང་དུ་མ་བསྟན་གཟུ་ལུམ་ཅན། །གསུམ་དུ་གནས་པའི་མཚན་ཉིད་བརྟག་པར་གཅེས། །གསུངས་ཡོད་རེད། དད་པས་འཇུག་པའི་ཚུལ། འདོད་པས་འཇུག་པའི་ཚུལ། ལུང་མ་བསྟན་གྱིས་འཇུག་པའི་ཚུལ་དང་གསུམ་ཡོད་པ་ལས། དང་པོ་དད་པས་འཇུག་ལུགས་ནི། ཆོས་དང་བླ་མ་རྟེན་དང་བརྟེན་པའི་རང་བཞིན་དུ་ཤེས་ནས། དད་དང་ངེས་འབྱུང་གི་སྒོ་ནས་བསྟེན་པ་ཡིན་པས་ཐོས་བསམ་སྒོམ་གསུམ་རྣམ་དག་ཏུ་བྱས་ནས་མཐར་ཐུག་རང་གཞན་གཉིས་དོན་འགྲུབ་པ་རེད། འདོད་པས་འཇུག་པའི་གང་ཟག་གིས། ཚེ་འདི་བདེ་སྐྱིད་སྙན་གསུམ་གྱི་ཆེད་དུ་འཇུག་པ་རེད། ཆོས་དང་བླ་མ་ལ་བརྟེན་རྒྱུའི་རྣམ་པ་ཙམ་ལས་ཀུན་སློང་ཆགས་སྡང་ལས་མ་འདས་པ། ཀུན་གྱི་མཐོང་སྣང་ཡག་བྱེད་དང་། ཕྲིན་ལས་མངའ་ཐང་རྒྱས་བྱེད། དབང་དང་ལུང་དེ་ཚོ་ཐོབ་སོང་ན་རྗེས་མར་མཁོ་ཡོང་བསམ་པ། ཕ་རོལ་དགྲ་ཟླས་འགྲན་མི་ནུས་པའི་ཕྱིར་དང་། སྐྱིད་པོ་སོས་དལ་ཉལ་རྒྱུའི་དོན། ཁ་སོས་བྱེད། ཉལ་ཉལ་ཁར་བཟའ་རྒྱུ་ལོན་ཕྱིར་སོགས། མདོར་ན་ཆགས་སྡང་ང་རྒྱལ་ཕྲག་དོག་སོགས་ཚེ་འདི་ཁོ་ན་དོན་དུ་གཉེར་བའི་ཀུན་སློང་དུག་ཅན། ངེས་འབྱུང་དང་གཞན་ཕན་གྱི་བསམ་པས་མ་ཟིན་པར་འཁོར་བ་ལས་གྲོལ་བྱེད་དུ་མི་འགྱུར། ལུང་མ་བསྟན་གྱིས་འཇུག་པ་ནི། གོང་གི་དེ་གཉིས་ཀའི་ཕྱོགས་སུ་མ་གཏོགས་པར། ཅི་དྲན་འདི་དྲན་གྱི་དམིགས་ཡུལ་མེད་པ། ཁྱི་ལྡོམ་མིའི་རྗེས་སུ་འབྲང་བ་ལྟ་བུ་དང་། སྤྲེའུའི་མཉམ་བཞག་དང་། ནེ་ཙོའི་འདོན་པ་ལྟར་ཕན་ཅི་ཐོགས་འདི་ཐོགས་མེད་པར་རང་གར་འཇུག་པའང་ཡོད། དེ་ལྟར་ཆོས་ལ་འཇུག་ཚུལ་གསུམ་ཡོད་པ་ལས། འདོད་པས་འཇུག་པ་དང་ལུང་མ་བསྟན་གྱིས་འཇུག་པ་མ་ཡིན་པར། དད་པས་འཇུག་པའི་སྒོ་ནས་བཤེས་གཉེན་ལེགས་པར་བསྟེན་པའི་དོན། དེས་གསུངས་པའི་ཆོས་དང་མན་ངག་བཞིན་རང་གིས་ཉམས་སུ་ལེན་ནུས་ན། མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་པར་ཐེ་མི་ཚོམ། ཚེ་འདིའི་ཟས་གོས་གྱི་ན་ཕྲན་ཚེགས་ཉུང་ངུ་ངན་ངོན་ཙམ་སྦྱིན་པའི་ཡོན་གྱི་བདག་པོའམ་བླ་དཔོན་ག་གེ་མོ་དང་། དགྲ་གདོན་སོགས་ལས་སྐྱོབ་པ་དག་ལའང་བཀའ་དྲིན་ཆེ་བར་རྩི་དགོས་ན། འཁོར་བའི་སྡུག་བསྔལ་ལས་སྐྱོབ་མཁན་ལ་བཀའ་དྲིན་ཆེ་བ་ལོས་རྩི། ས་ཆ་འགའ་རེའི་ཁ་སྲོལ་ཡག་པོ་དང་གུས་ཞབས་འདྲ་ཡིན་ས་རེད་མོད། མི་འགའ་རེ་ལ་ཇ་ཕོར་གང་བླུག་ནའང་བཀའ་དྲིན་ཆེ་ཟེར་ནས་ལྕེའང་གནར་འདུག་ཀྱང་། དེ་བཀའ་དྲིན་ཨེ་ཆེ་མི་ཤེས་ཏེ། བཀའ་དྲིན་ཆེ་ངེས་པར་ངན་སོང་དང་འཁོར་བ་ལས་ཐར་པའི་ཐབས་ཆོས་བསྟན་པ་བཀའ་དྲིན་ཆེ། དེ་ལྟར་འཇིག་རྟེན་ན་ཕན་ཐོགས་ཆུང་ངུ་ལའང་བཀའ་དྲིན་ཆེ་བར་རྩི་ན། གལ་ཏེ་བླ་མས་ཆོས་མ་བསྟན་ན། འཁོར་བ་ཐོག་མེད་ནས་སྡུག་བསྔལ་མྱོང་བ་ཡིན་པར་མ་ཟད་མཐའ་མེད་དུའང་མྱོང་ངེས་ཡིན་ཏེ། དེའི་རྒྱུ་ལས་ངན་གསོག་བཞིན་ཡོད་པས་སོ། དེས་ན་བླ་མས་ཆོས་བསྟན་པའི་སྒོ་ནས་འཁོར་བ་མཐའ་མེད་ཀྱི་སྡུག་བསྔལ་སེལ་ཞིང་། གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་པར་མཛད་པའི་བཀའ་དྲིན་ནི། ལུང་བ་རྟ་ནོར་གྱིས་བཀང་། མདུན་ཅོག་གསེར་དངུལ་གྱིས་བཀང་བས་མི་ཚད། དབང་ཆེན་གསེར་གྱི་ས་གཞི་འདིར་འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་ནས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཏེ་ཕུལ་ཡང་བཀའ་དྲིན་གཞལ་བར་ག་ལ་ནུས་ཏེ་ཆ་ཙམ་ཡང་གཞལ་བར་མི་ནུས་སོ། །རྒྱུ་མཚན་དེའི་ཕྱིར་སངས་རྒྱས་ཐམས་ཅད་བཀའ་དྲིན་ཆེ་ཡང་། གདུལ་བྱ་རང་ངོས་ནས་སངས་རྒྱས་ཐམས་ཅད་ལས་བླ་མ་དམ་པ་དེ་བཀའ་དྲིན་ཆེ་ཞིང་ལྷག་གོ་སྙམ་པའི་དད་གུས་དང་མོས་པ་སྙིང་ཁུང་རུས་པའི་གཏིང་ནས་བསྐྱེད་དགོས་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་པ་དང་། མ་རྒྱུད་ཀློང་གསལ་ལས། ནད་གདོན་ཞི་བྱེད་སྨན་པའི་མཆོག །དགོས་འདོད་འབྱུང་བའི་རིན་པོ་ཆེ། །ཐམས་ཅད་དབང་དུ་སྡུད་བྱེད་རྩི། །འགྲོ་བ་མ་ལུས་སྒྲོལ་བའི་གྲུ། །ཞེས་བླ་མ་དམ་པ་འདི་འཁོར་བའི་སྡུག་བསྔལ་གྱི་ནད་གདོན་ཞི་བར་བྱེད་པའི་སྨན་པའི་མཆོག་ཡིན། ཡིད་ལ་བསམ་པའི་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན། འགྲོ་བ་མ་ལུས་པ་དབང་དུ་སྡུད་ཅིང་། དབང་དུ་བསྡུས་ནས་དད་ཅིང་གུས་པས་ཐར་པའི་ལམ་དང་མི་འབྲལ་བ་སྦྱོར་བར་བྱེད་པའི་འབྱར་རྩི་ལྟ་བུ་ཡིན། འགྲོ་བ་མ་ལུས་པ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་གྲུ་ཡང་ཡིན། ཕྲིན་ལས་ཀུན་གྱི་མངའ་བདག་མཆོག །ཐོག་མར་བླ་མ་གལ་ཆེའོ། །གང་ཟག་འཁོར་བར་ཞེན་པ་རྣམས། །ཞེན་པ་བཟློག་ཐབས་བླ་མ་གཙོ། །ཞེས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཀུན་གྱི་ལས་ཐམས་ཅད་འགྲུབ་པར་བྱེད་པའམ་རྒྱལ་བའི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་མངའ་བདག་མཆོག་ཡིན་པས་ན། བདེ་བར་འདོད་པ་ཐམས་ཅད་ཀྱིས་ཐོག་མར་བླ་མ་ཚུལ་བཞིན་བསྟེན་པ་གལ་ཆེའོ། གང་ཟག་བློ་རྟུལ་བ་འགའ་ཞིག་འཁོར་བར་ཞེན་པ་ཨ་འཐས་པ་རྣམས་ཀྱང་། འཁོར་བ་ལ་ཞེན་པ་ལྡོག་པའི་ཐབས་ལ་བླ་མ་བསྟེན་པ་ཤིན་ཏུ་གཙོ། གང་ཟག་དམ་ཆོས་མ་དྲན་ཞིང་། །དགེ་སྡིག་ངོ་མི་ཤེས་པ་རྣམས། །ཆོས་སྟོན་དགེ་སྡིག་ངོས་སྟོན་ཕྱིར། །བླ་མ་དམ་པ་ཤིན་ཏུ་གཅེས། །ཞེས་ཚེ་འདི་སྣང་ལ་ཞེན་ཆེ་བའི་གང་ཟག་འགའ་རེས་དམ་པའི་ཆོས་བསྒྲུབ་པ་གནད་ཆེ་བར་མ་ཤེས་པས་ཆོས་སྒྲུབ་པ་མ་དྲན་ཞིང་། དགེ་སྡིག་ངོ་མི་ཤེས་པའི་བླུན་པོ་ཆོས་མེད་རྣམས་ལ་དགེ་སྡིག་བླང་དོར་གྱི་དམ་པའི་ཆོས་སྟོན་པའི་སྒོ་ནས། དགེ་བ་འདི་རེད། དེ་སྒྲུབ་ན་འབྲས་བུ་བདེ་བ་ཐོབ། སྡིག་པ་འདི་རེད་དེ་བྱེད་ན་སྡུག་བསྔལ་འབྱུང་བ་རེད། ཅེས་དགེ་སྡིག་རྒྱུ་འབྲས་ངོས་འཛིན་གསལ་པོར་སྟོན་པའི་ཕྱིར་དུ། ཚེ་འདི་ཕྱི་རང་གཞན་གཉིས་ཀའི་དོན་དུ་བླ་མ་དམ་པ་བསྟེན་པ་ནི་ཤིན་ཏུ་གཅེས་པ་ཡིན། སྒོམ་སྐྱེས་གེགས་ཀྱིས་ཐུམས་པ་ལ། །གེགས་སེལ་འབྲས་བུ་འབྱུང་བ་ཡང་། །བླ་མ་དག་གི་དྲིན་ལས་འབྱུང་། །ཞེས་རྣལ་འབྱོར་པ་སྒོམ་བསམ་གཏན་ལ་མཉམ་པར་བཞག་པ་ལ་གནས་པ་ཞིག་ཡིན་ནའང་། སྒོམ་ལས་སྐྱེས་པའི་གེགས་གོལ་ཤོར་ནོར་གསུམ་ལ་སོགས་པ་སྒོམ་སྐྱོན་གྱིས་འཐུམས་པ་ལ། གེགས་སེལ་གྱི་མན་ངག་ལ་བརྟེན་ནས་བྱུང་བའི་ཉམས་རྟོགས་ཀྱི་འབྲས་བུ་ཡང་དག་འབྱུང་བ་ཡང་། བླ་མ་མེད་ན་འབྱུང་ཐབས་མེད་པས་བླ་མ་དག་གི་དྲིན་ལས་ལམ་གྱི་གེགས་སེལ་དེ་བྱུང་བ་རེད། ཅེས་གསུངས་པ་དང་། རྒྱུ་དང་འབྲས་བུའི་ཆོས་རྣམས་ཀུན། །བླ་མའི་ཞལ་ལས་འབྱོན་པ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བླ་མ་དམ་པ་བསྟེན་ལས་བྱུང་། །ཞེས་རྒྱུ་དང་འབྲས་བུའི་རྟེན་ཅིང་འབྲེལ་འབྱུང་གི་ཆོས་སམ་མདོ་སྔགས་རྒྱུ་འབྲས་ཀྱི་ཐེག་པའི་ཆོས་རྣམས་ཀུན། རྒྱལ་བས་ཇི་ལྟར་གསུངས་པ་བཞིན་དུ་བླ་མའི་ཞལ་གྱི་བུམ་པ་ལས་འབྱོན་པ་ཡིན་ཞེས་གསུངས་པ་རེད། རྗེ་མར་པས་ན་རོ་པ་བསྟེན་ནས་བླ་མའི་སྐུ་མདུན་དུ་བཞུགས་ཚེ། མར་པ་ན་རོའི་དྲུང་དུ་གཟིམ་ཡོད་པའི་ཐོ་རངས་ཤིག་ལ། པཎ་ཆེན་ན་རོ་པས་མདུན་གྱི་ནམ་མཁར་ཡི་དམ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཞིག་སྤྲུལ་ནས། མར་སྟོན་ཆོས་ཀྱི་བློ་གྲོས་ཞེས་བོས་ནས། མ་ཉལ་ཡར་བཞེངས་དང་། ནམ་མཁར་ཁྱེད་ཀྱི་ཡི་དམ་དགྱེས་པ་རྡོ་རྗེ་རྟེན་དང་བརྟེན་པར་བཅས་བྱོན་ཡོད་པས། ཁྱོད་ཀྱིས་ཡི་དམ་ལ་ཕྱག་འཚལ་ལམ། ང་ལ་ཕྱག་འཚལ་བ་ཡིན་ཞེས་གསུངས་པ་དང་། མར་པས་དང་པོ་ཡི་དམ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་བ་ན། ན་རོའི་ཞལ་ནས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་འབྱུང་། །ཡི་དམ་བླ་མའི་སྤྲུལ་པ་ཡིན། །ཞེས་གསུངས་ནས་ཡི་དམ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཐུགས་ཀར་ཐིམ་སོང་བ་དང་། རྟེན་འབྲེལ་དེའི་དབང་གིས་ཁྱོད་ཀྱི་སྲས་བརྒྱུད་དེ་ཡུན་རིང་དུ་མི་གནས། དེ་ཡང་སེམས་ཅན་གྱི་ལས་སྐལ་གྱིས་ཡིན་ཞེས་གསུངས། དུས་གསུམ་གྱི་བྱོན་དང་འབྱོན་འགྱུར་གྱི་སངས་རྒྱས་ཐམས་ཅད་ཀྱང་། བླ་མ་དམ་པ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་པ་ལས་བྱུང་བ་ཡིན། ཞེས་གསུངས་ལ། རྒྱུ་མཚན་དེའི་ཕྱིར་ཐོག་མ་ཉིད་ནས་བླ་མ་དམ་པའི་མཚན་ཉིད་ལྡན་མིན་ཡང་ཡང་ཞིབ་མོར་བརྟགས་ནས་བདུད་ཀྱི་སྤྲུལ་པ་དང་། ཟོལ་ཟོག་བསླུ་བ་མཁན། རང་གིས་མི་ཤེས་གཞན་ལ་སློབ། །རང་རྒྱུད་མ་སྨིན་གཞན་སྨིན་འདོད། །ཐོས་ཆུང་དྲིས་ལ་ལན་མི་ཐེབས། །སློབ་དཔོན་མ་བརྟག་སློབ་མའི་བདུད། །ཅེས་དང་། དཔལ་སྤྲུལ་ཚང་གིས། རང་འདོད་ཕུག་བཅུག་གཞན་ཕན་ཁ་ལ་རེ། །རང་ངོ་མ་འཕྲོད་ངོ་སྤྲོད་རོ་ལ་འདེབས། །རང་དོན་མ་འགྲུབ་གཞན་ཕན་བསླུས་མཐོང་ནས། །ད་ནི་འགྲོ་དོན་གཡང་ལ་བསྐྱུར་སྙིང་འདོད། །ཅེས་གསུངས་པ་འདྲ་བའི་དོན་དེ་ལྟར་མ་ཡིན་པའི་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ཞིག་དང་མཇལ་བའི་རྗེས་ཐོག་ཏུ་ཅི་མཛད་ལེགས་མཐོང་གི་མོས་གུས་སྐྱེ་བ་ནི། གྲགས་སྐམ་འུར་བསྟོད་ཀྱི་རྗེས་སུ་འབྲང་བ་མ་ཡིན་པར་ཞེ་ནས་སྐྱེས་པའི་དད་པ་དང་། མོས་གུས་བཅོས་མིན་ཡོད་པ་དེ་བྱིན་རླབས་ཞུགས་པའི་རྟགས་སུ་ངེས་ལ། ཆོས་འདོད་གཞན་སེམས་བསླུ་བའི་བསམ་སྦྱོར་ཅན། །དད་པ་མེད་པའི་ཕྱག་གིས་ཐལ་འཚུབ་སློང་། །མོས་གུས་མེད་པའི་ཁམས་འདྲི་བསྙུན་ཞུ་གསོལ། །ངན་སྤྱོད་རྟོག་པའི་མིག་གིས་བྱ་ར་བྱེད། །ཅེས་གསུངས་པ་ལྟར། མོས་གུས་རྫུན་མས་ཕུགས་མི་ཐུབ་པས་། བླ་མའི་མཛད་པ་ཆུང་ཆུང་ཞིག་རེད་མི་རེད་ཙམ་དང་། སྤྱོད་ལམ་མ་དག་པ་བག་ཙམ་མཐོང་བ་ཙམ་གྱིས་དད་པ་ལྡོག་པའི་ཕྱིར་ཡིད་བརྟན་རུང་བའི་དད་པ་མ་ཡིན་ནོ། །ཡང་སློབ་མ་འགའ་རེས་བླ་མས་ཟང་ཟིང་གི་གནང་སྦྱིན་བྱེད་ན་དད་པ་ལྷག་པར་ཆེ་བ་དང་། གནང་སྦྱིན་ལུས་སོང་བ་སོགས་བྱུང་བ་ན། ང་ལས་ཆེ་གེ་མོ་ཐུགས་གཙིགས་ཆེ་བར་འདུག་བསམ་ནས་དད་པ་ལྡོག་འགྲོ་བ་དེ་འདྲ་ཡོད་པ་རེད། དེ་ལྟ་བུ་ནི་དད་པ་ངོ་མ་དང་བརྟན་པོ་མིན་པའི་རྟགས་རེད། ཟང་ཟིང་ཙམ་གྱིས་ཚིམ་པ་ཐོབ་ནས་ཀྱང་། །བཅོས་མའི་དད་པས་དུས་བཞིའི་འགྱུར་ལྡོག་ངོམ། །ཞེས་པ་ལྟ་བུའི་དད་པ་དེ་དབྱར་དགུན་སྟོན་དཔྱིད་དུས་ཀྱི་འགྱུར་ལྡོག་བཞིན་ཡིད་བརྟན་རུང་བའི་དད་པ་མ་ཡིན། དེས་ན་བཅོས་མིན་གྱི་དད་པ་བརྟན་པོ་ནི་བྱིན་རླབས་ཞུགས་པའི་རྟགས་སུ་ངེས་ཞེས་གསུངས་སོ། །དེ་ཡན་ཆད་ཀྱིས་བཤེས་གཉེན་བསྟེན་ཚུལ་དེ་ལ་བསམ་པའི་བསྟེན་ཚུལ་དང་། སྦྱོར་བའི་བསྟེན་ཚུལ་གཉིས་ལས་བསམ་པའི་བསྟེན་ཚུལ་སོང་བ་རེད། དེ་རིང་ཆུ་ཚོད་ཀྱིས་འདི་ནས་འཇོག་རྒྱུ་བྱེད། སྤྱིེར་འདིའི་ཁྲིད་རྐང་བཞི་པ་འདི་བླ་མའི་གདམས་ངག་ཅི་ནས་ཀྱང་ཐོབ་པར་བྱ་ཞིང་ཐབས་གང་གིས་སྒོ་ནས་བླ་མ་བསྟེན་ཚུལ་བསམ་པའི་ཁྲིད་རྐང་རེད། འདི་རང་རེས་ཆོས་ཐུན་གཉིས་བྱས་ནས་ཁྲིད་ཀྱིན་ཡོད་རེད། འདིའི་ས་བཅད་དང་པོ་འདི་ལ་བླ་མ་བསྟེན་པའི་དགོས་པ་དང་། བླ་མ་བརྟག་ཐབས་དང་བསམ་པས་བསྟེན་ཚུལ་བཤད་པ་རེད། གཉིས་པ་སྦྱོར་བའི་སྒོ་ནས་བསྟེན་ཚུལ་སང་ཉིན་ནས་བཤད་རྒྱུ་རེད། འདིའི་ཁྲིད་སྦྱོང་ལ། ཁྲིད་རྐང་སྔོན་མའི་ནང་དུ་འཁོར་བའི་སྡུག་བསྔལ་བསྟན་པས་རིགས་དྲུག་གི་སྡུག་བསྔལ་གང་དུ་སྐྱེས་ཀྱང་བདེ་སྐྱིད་མེད་པར་ཧ་གོ་སོང་དུས། འཁོར་བ་དེའི་ནང་ནས་ཐར་པའི་ཐབས་གང་དགའ། རང་སྟོབས་ཀྱིས་ཐར་ཐབས་ཨེ་ཡོད། མེད་ན་གང་ལ་བརྟེན་ནས་འཁོར་བའི་སྡུག་བསྔལ་ལས་ཐར་དགོས། དམ་པའི་ཆོས་སྒྲུབ་པའི་ཕན་ལས་ཐབས་གཞན་མེད་པ་ཁ་བཤད་ཙམ་མ་ཡིན་པར་དོན་གྱིས་སེམས་ཐོག་ཏུ་བླངས་ནས། རང་གཞན་གཉིས་ཀ་བདེ་ཐབས་ལ་དམ་པའི་ཆོས་འདི་ལས་དགའ་ཞིག་མི་འདུག ཚེ་ཕྱི་མ་ལ་ལོས་དགའ་སྟེ། ཚེ་འདི་ལའང་རེ་ས་སྐྱབས་གནས་དམ་པའི་ཆོས་ཁོ་ན་མ་གཏོགས་མི་འདུག་བསམ། ད་ཆོས་དེ་ཅི་འདྲ་ཐོབ་དགོས། རང་གིས་ཡིག་རིགས་ཤིག་བལྟ་ན་ཨེ་ཆོག དེས་མ་ཆོག་ན། མར་འབྱུང་ས་འོ་མ་དང་། དུ་བ་འབྱུང་ས་མེ་ཡིན་པ་བཞིན་དུ་ཆོས་འབྱུང་ས་བླ་མ་རེད་འདུག བླ་མའི་མདུན་ནས་ཆོས་ཐོབ་སྟེ་བྱིན་རླབས་རྒྱུད་ལ་ཞུགས་དགོས་པ་རེད། དེ་བསམ་ཤེས་ཡོང་དུས། ད་བླ་མ་ཟེར་རྒྱུ་དེ་ཅི་འདྲ་ཞིག་ཡིན། མིང་ལ་བླ་མ་ཐོགས་ཚད་དང་། ན་བཟའ་དམར་པོ་གྱོན་ཚད་ཀྱིས་ཆོག་དང་། དེ་ལ་ཆ་རྐྱེན་གྱི་ཚད་མང་པོ་ཞིག་ལོང་རྒྱུ་ཡོད་ཅེས་དེའི་འདང་རྒྱག་ཅིང་། དེ་ནས་བླ་མ་བརྟགས་ནས་བླ་མ་གདམ། གདམ་རྒྱུ་ལོན་པའི་དགའ་མེད། གདམ་ནོར་སོང་བའི་སྡུག་མེད་ཟེར་ནི་རེད། ལྟར་སྣང་བ་དང་ངོ་མ་གཉིས་ནོར་དོགས་ཆེ། དེ་རྣམས་མན་ངག་གི་ཐོག་ནས་ཉམས་སུ་ལེན་པའི་ཞོར་ལ་སློབ་མའི་མཚན་ཉིད་ཀྱང་ཡོད་པ་རེད། རང་ཉིད་ལ་དམ་པའི་ཆོས་ཞུ་བའི་སློབ་མའི་ཆ་ཚད་ཚང་ཨེ་ཡོད། མེད་ན་ཅི་འདྲ་བྱས་ནས་ཚང་དུ་འཇུག་དགོས། དེ་ཚོ་བསམ་བློ་བཏང་ནས། ཁྲིད་སྦྱོང་ཟེར་ན་སེམས་ཀྱིས་སློབ་སྦྱོང་བྱ་ཚུལ་ཞིག་རེད། སེམས་ཀྱི་སྦྱོང་བརྡར་ཞིག་རེད་ཟེར་ན་མི་ཆོག་རྒྱུ་མི་འདུག དེ་རིང་གི་ཁྲིད་སྦྱོང་ནང་བླ་མ་བརྟག་ལུགས་ཀྱིས་མི་ཚད་པར་བརྟགས་ཚར་ནས་བསམ་པས་བསྟེན་ལུགས་ཀྱང་ཡོད། དེ་རིང་ཕྱི་དྲོའི་ཁྲིད་ལ་བླ་མ་བསྟེན་པའི་དགོས་པ་དང་། བླ་མ་བརྟག་པའི་སྐོར་ཁྲིད་སྦྱོང་བྱ་རྒྱུ་རེད། ཁྲིད་དཔོན་གྱིས་ས་བཅད་ལྟར་ལེ་ཚན་རེ་རེ་བཞིན་དུ་ཚིག་གཅིག་རེ་གཉིས་རེ་གསུངས་ནས་མཚམས་དང་མཚམས་སུ་སློབ་མ་རྣམས་ཀྱིས་དེའི་དོན་བསམ་ནས་སྒོམ་པའི་ཚུལ་ལྟར་བསམ་བློ་གཏོང་དགོས། ཡང་ལེ་ཚན་རེ་གསུངས་ཤིང་སྒོམ། དེ་འདྲར་བྱས་ནས་ལན་གྲངས་འགའ་རེ་དུས་ཚོད་ཐུང་ཐུང་བྱེད། དོ་དགོང་ཡང་དེ་འདྲ་ཡིན། སང་ཉིན་ཉིན་གུང་དང་། ཕྱི་དྲོ་དང་། དགོང་མོར་བསམ་པའི་སྒོ་ནས་བླ་མ་བསྟེན་ལུགས་ལ་ཁྲིད་སྦྱོང་བྱ་དགོས། འདིའི་ཁྲིད་རྐང་བཞི་པ་འདི་ལ་ཆོས་ཐུན་གཉིས་བྱས་ཡོད། ཉིན་གཉིས་ཀྱི་སྔ་དྲོ་ལ་འབུམ་ལྔའི་ཁྲིད་སྦྱོང་ནང་གི་མཎྜལ་གསོག་རྒྱུ་ཡིན། མཎྜལ་ཡོད་པ་རྣམས་ཀྱིས་མཎྜལ་འཁྱེར་ཤོག ཁྲིད་དཔོན་གྱིས་ཇི་ལྟར་བྱེད་ན་དེ་ལྟར་དུ་གྱིས། རྗེས་མར་རང་ཉིད་ཀྱིས་མཎྜལ་ཆ་ཚང་གསག་དུས་གསོག་ཤེས་པའི་དགོས་པ་ཡོད་པ་རེད། མཇུག་གི་ཀུ་ས་ལིའི་ཚོགས་བསགས་ཚར་གཅིག་བཏོན་ན་ཆོག་གི། །མཎྜལ་དེ་ཚོགས་བསགས་པའི་སྒོ་མཆོག་ཏུ་གྱུར་པ་ཡིན། རྡོར་སེམས་བསྒོམ་བཟླས་དང་མཎྜལ་གཉིས་བསགས་སྦྱོང་གཉིས་ཀྱི་གནད་འདུས་ས་རེད། ཡན་ལག་བདུན་པ་དང་འབུམ་ལྔའི་གནད་ཚང་མ་བསགས་སྦྱོང་གཉིས་སུ་འདུས་པ་ཡིན། སྒྲིབ་པ་ཐམས་ཅད་སྦྱངས་ནས་ཚོགས་གཉིས་ཡོངས་སུ་རྫོགས་ཚར་དུས་སངས་རྒྱས་སོང་བ་རེད། དེས་ན་བསགས་སྦྱོང་གཉིས་གནད་ཆེ་བས་འདི་གཉིས་ཡར་ལྷག་གསོག་རྒྱུའི་གོ་སྐབས་ཡོད་པར་བྱས་པ་ཡིན། འདིའི་ཐུན་གྱི་རྗེས་སུ་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་དགོས། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུ་བསྔོ་བ་དང་། སྨོན་ལམ་ཡག་པོར་བྱ་རྒྱུ་འདིའི་སྐབས་མ་ཟད་རྒྱུན་གྱི་སྤྱོད་ལམ་ལའང་འཇགས་བཅུག་དགོས་པ་རེད། མཉམ་བཞག་དང་རྗེས་ཐོབ་ཟེར་ན། སེམས་གཞན་ལ་མི་གཡོ་བར་ཏིང་ངེ་འཛིན་སྣང་བཅས་སྣང་མེད་དང་། མཚན་བཅས་མཚན་མེད་གང་གི་ཐོག་ཏུ་མཉམ་པར་བཞག་ན་དེའི་ངོ་བོའི་ཐོག་གཡོ་མེད་དུ་འདུག་པ་མཉམ་བཞག་རེད། མཉམ་བཞག་དེ་ལས་ལངས་པའི་ཟ་ཉལ་འགྲོ་འཆག་གི་སྤྱོད་ལམ་གྱི་ཚེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུ་དྲན་པའི་རྫི་བོ་དང་མ་བྲལ་བར། མཉམ་བཞག་གི་ཉམས་ལེན་དེ་མ་བརྗེད་པ་དེ་ལ་རྗེས་ཐོབ་ཟེར། སེམས་དྲན་ཤེས་དང་བྲལ་ཏེ་འཁྲུལ་འབྱམས་སུ་སོང་ནས་དུས་རྒྱུན་ལྟར་གྱུར་ན་རྗེས་ཐོབ་རྒྱ་ཡན་པ་ཟེར་རེད། མཉམ་རྗེས་ཐ་མི་དད་པར་མཉམ་པར་བཞག་བཞིན་པས་སྤྱོད་ལམ་མཛད་པ་ནི་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡིན། སངས་རྒྱས་མ་ཐོབ་བར་དུ་མཉམ་རྗེས་ཀྱི་ཁྱད་པར་ཙམ་རེ་ཡོད་པ་ཡིན་ན། སྤྱོད་ལམ་ཐམས་ཅད་ལ་རྣམ་པ་ཀུན་ཏུ་མ་འཁྲུལ་བ་ཟེར་རྒྱུ་དེ་གཅིག་དཀའ་ནི་རེད། འོན་ཀྱང་རྒྱུན་དུ་དྲན་ཤེས་བག་ཡོད་བསྟེན་པ་དེ་སྐྱ་སེར་ལ་མ་ལྟོས་པར་ཆོས་པ་སུ་ཡིན་རུང་བརྗེད་མི་ཉན། བག་ཡོད་པ་ནི་ཚིག་ཉུང་ཡང་དོན་རྒྱ་ཆེའོ་ཞེས་གསུངས་ཡོད། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་བག་ཡོད་ཀྱི་གྲོགས་རེད། རང་ལ་བརྟེན་ནས་ཉོན་མོངས་པའི་སྡིག་ལྟུང་གི་ལས་མི་བྱེད་པ་དེ་ངོ་ཚ་ཤེས་པ། གཞན་གྱིས་ཁྲེལ་གྱིས་དོགས་ནས་མི་དགེ་བ་བསྲུང་རྒྱུ་དེ་ཁྲེལ་ཡོད་པ་རེད། ཁྲེལ་ངོ་ཚ་གཉིས་ཤེས་དུས་གཅིག་ལོ་ནི་རེད། རང་གི་འཁྲུལ་བར་རང་གིས་བརྟགས་ཏེ་རང་གི་འགོ་འཛིན་རང་གིས་བྱེད་དགོས། ཆོས་ཤིག་ཞུས་ནས་དེར་བརྟེན་ནས་འགྲོ་ངོ་འདུག་ངོ་ཞིག་མ་ཤེས་ན་མི་ཞིག་བྱས་ནས་འགྲོ་ཁུལ་བྱེད་པ་དེ། རྭ་རྔ་མ་གཉིས་མེད་པ་མ་གཏོགས་དུད་འགྲོ་དང་ཁྱད་པར་ཆེན་པོ་མེད་པས་མི་ཚད། སྲོག་མ་ཆད་པའི་རོ་དང་། དབུགས་མ་ཆད་པའི་བེམ་པོ་རེད་ཟེར་ན་ཆོག་རྒྱུ་ཅན་རེད་སོང་བ་རེད། དེས་ན་ཕྱི་ནམ་ཟླའི་འགྱུར་ལྡོག ནང་ཕུང་པོའི་དར་རྒུད། ཉིན་མཚན་སྐད་ཅིག་གི་འགྱུར་བ། རྒན་རབས་གཞོན་རབས་ཚང་མ་མི་རྟག་ནས། སྔ་རབས་འདས་པའི་ཕྱོགས་སུ་བུད་སོང་བ་ལ་འདང་རེ་བརྒྱབ། ཁ་རང་ཉིད་ལ་བསྐོར་ནས་རང་ཉིད་ཀྱི་ཚེ་སྲོག་ཀྱང་མི་རྟག་པ་ཡིན་པ་ལ་བློ་སྣ་སྦྱང་རྒྱུ་འདི་ནི། བླ་མ་སེར་མོ་མན་ཆད་གྲོང་ནང་གི་ཁྱིམ་པ་ཕོ་མོ་ཡན་ཆད་རང་རོགས་ཚང་མ་ཐམས་ཅད་ལ་གལ་ཆེ་བ་ཞིག་རེད། འཇིག་རྟེན་ཆོས་བརྒྱད་དང་། རང་འདོད་ཡིད་བྱེད། བདེན་འཛིན་རྣམས་མ་ལོག་ན་གང་གི་མིང་ཡོད་ཀྱང་ཐ་མལ་བ་དང་ཐ་དད་པའི་ཁྱད་པར་འབྱེད་ཆོས་གཞན་མེད་པས་ན་ཐ་མལ་པ་ཡིན་ནི་རེད། ཁ་ནས་ཆོས་སྐད་རྟ་འདྲ་བ་མང་པོ་བཤད་ཤེས་ཀྱང་ཁ་དང་དོན་འཛོལ་ན། གང་ཟག་ལ་ཁྱི་མ་གཏོགས་མི་རི་བ་རེད། སུ་ཡིན་ཡང་བློ་སྦྱོང་དང་པོར་ཞོག་རྒྱུ་དེ་གནད་ཆེ། ཀློག་པ་ཐོས་བསམ་པ་ཡིན་ཡང་རྒྱུན་དུ་བློ་སྦྱོང་ཉམས་ལེན་བྱེད་དགོས་རེད། བློ་སྦྱོང་རྒྱུད་ལ་མེད་ན་གོ་ལྟ་སྐམ་པོས་ས་མི་ཆོད། ཐོས་པ་ཁ་ཕྱིར་བལྟས་ལ་ཤོར་ནས། རང་རྒྱུད་ཀྱི་ང་རྒྱལ་མགོ་མི་ནོན་པར་དཔེ་ཀློག་གཞན་སྐྱོན་འཚོལ་བྱེད་ཀྱི་ཐུར་མར་གྱུར་སོང་དུས། འདྲེ་རྒྱལ་འགོང་སྙིང་ལ་ཞུགས་ནས། འགྲོ་ན་མི་བདེ། འདུག་ན་མི་སྐྱིད་པར་རེད་རྒྱུ་ཡོད་ནི་རེད། ཀུན་མཁྱེན་འཇིགས་གླིང་གི་གསུང་ལས། ཐོས་བསམ་ཆེ་བས་མི་ཆོག་གི །སྒོམ་པས་རང་རྒྱུད་མ་གྲོལ་ན། །འཆི་ཁ་ལག་སྟོང་ཡོང་ཉེ་བས། །སྟོན་ཆེན་གྱི་ལད་མོ་མ་མཛད་ཨང་། །ཞེས་དང་། ཚིག་མཐའ་ཤེས་བྱས་གཞལ་བ་ངར་འཛིན་གྱི་ཅོང་རྡོ། །དོན་མཐའ་རྟོགས་པས་གཅོད་པ་གྲུབ་ཐོབ་ཀྱི་བཤུལ་ལམ། །བྱར་མེད་རྒྱལ་པོ་སྐྱིད་ཉལ་ཤུགས་འབྱུང་གྱི་ངང་དུ། །ངའི་སྐྱོ་གྲོགས་འོད་གསལ་སྦུབས་འཇུག་ལ་ཕེབས་དང་། །ཞེས་གསུངས་པ་རེད། དཔེ་ཆ་བ་མིན་ནའང་གྲྭ་བ་བླ་མ་སེར་མོ་བ་ཡིན་དུས་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ཤ་སྟག་ཡིན་པས། སྟོན་པས་བསྟན་པའི་ལམ་ལ་ཞུགས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་དགོས། སེམས་ཁྱིམ་ན་ལུས་ཏེ་བུད་མ་ནུས་ན་ལུས་རབ་བྱུང་བྱས་ཀྱང་། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་གྱི་ནང་ལྟར་གླང་མཇུག་སྐར་ཁུང་ན་ཐོགས་པའི་དཔེ་ཡོད་པ་རེད། ད་སྔོན་ཆོས་བརྒྱད་ཀྱིས་བསླུས་ནས་ཆུད་ཟོས་སུ་སོང་བ་གྲངས་ཀྱིས་ཅི་ཆོད། ལོག་འཚོའི་འབྱོར་བས་རྒྱགས་པའི་ངན་དཔེ་ལ་ལྟ་མི་ཉན། ཕྱི་མར་འཇིགས་སུ་རུང་བ་ཡིན། སྐུ་བསོད་རྒན་པོ་གཡོ་ཅན། རང་སེམས་བྱིས་པ་མགོ་སྟོང་ཡིན་ནི་རེད། བྱ་བཞག་རྩེད་མོའི་དགག་སྒྲུབ་ཡིན་ནི་རེད། ནོར་དང་འདོད་ཡོན་གྱིས་ཆུ་ནང་འཕེན་འཕེན་སུས་འཕེན། དེ་འདྲ་ཡིན་པས་ན་རབ་བྱུང་ཟེར་རྒྱུ་ཅི་ཡོད། སོ་ཐར་རིས་བདུན་གང་རུང་གི་སྡོམ་པ་ཞུ་ནི་ཚང་མས་གཞི་ཚུལ་ཁྲིམས་རྣམ་པར་དག་པས་གཞིར་བཟུང་། སྦྱིན་སོགས་དགེ་བའི་གྲོགས་བྱེད། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་ཏེ་ཆོས་ལམ་ངོ་མ་ལ་ཞུགས་ནས་ཆོས་རྣམ་པར་དག་པ་ཞིག་སྒྲུབ་རྒྱུ་འཆུག་མི་ཉན། རང་སྐལ་ལ་བབ་པའི་ལས་འགན་རེད། དེ་མ་འགྲུབ་དུས་ཆོས་པའི་མིང་ཡོད་ཀྱང་དོན་མ་ཡོད་ནི་རེད། དེ་ཡང་ཀུན་མཁྱེན་འཇིགས་གླིང་གིས། ཁྱིམ་ཆུང་སྤངས་ནས་བསྟན་པའི་སྒོར་ཞུགས་ཀྱང་། །ཁྱིམ་ཆེན་བཟུང་ནས་བྱ་བ་མཐའ་ཡས་ཤིག །བསགས་དང་བསྲུང་དང་སྤེལ་བའི་འཁྲུགས་པ་ཡང་། །སྣང་ནས་མུན་པའི་སྒོ་རུ་འཁྱན་འཚལ་ལོ། །ཞེས་གསུངས་ཡོད། དེས་ན་མི་རྟག་པ་སྒོམ་པ་འདི་དང་པོ་ཆོས་ལམ་འཇུག་པའི་རྒྱུ། བར་དུ་དམ་ཆོས་ཉམས་ལེན་གྱི་རྐྱེན། ཐ་མ་འཆི་བ་འོད་གསལ་གྱི་སྐབས་སུ་ཉམས་མྱོང་གི་གྲོགས་ཡིན་པས། དེ་འདྲ་བྱེད་ན། གང་ཟག་གཅིག་གི་མི་ཚེའི་ཚད་དང་སྦྱར་ན། དང་པོ་ཐོས་བསམ་ཚོལ། དེ་དང་མཉམ་དུ་ཐོས་དོན་བསམ། ཐ་མ་བསམ་དོན་བསྒོམས་ནས་ཆོས་རང་རྒྱུད་ལ་སྦྱར་རྒྱུ་ནི་ལམ་གྱི་གོ་རིམ་ཡིན་ཡང་། ཧ་ཅང་རྟག་འཛིན་ཆེ་སོང་ན། བྱ་བའི་ལྷུས་ཐིངས་ཟེར་རྒྱུ་དཀའ་མོ་ཡིན་ཏེ། ཟག་བཅས་ཉེར་ལེན་སྡུག་བདེན་གྱི་ཕུང་པོ་འདི་ལ་ཡུན་རིང་གི་བློ་གཏད་མེད། དེས་ན་དང་པོ་ནས་བློ་སྦྱོང་དང་མ་འབྲལ་བའི་སྒོ་ནས་ཐོས་བསམ་བྱེད་དགོས། སོ་དཀར་གཞོན་པའི་མི་ཚེ་ཡད་ཡུད་ལ་ལངས་སོང་། །དབུ་དཀར་རྒན་པོའི་འཚོ་རྩིས་སྒུག་ལོང་ནི་མི་གདའ། །ད་ནི་མི་ཚེའི་ཉི་མ་ནུབ་རི་ལ་ལངས་སོང་། །ངའི་ལམ་སྣ་ཨོ་རྒྱན་ཆོས་རྗེ་ཡིས་མཛོད་དང་། །ཞེས་གསུངས་པ་ལྟར། རང་ལ་རང་དབང་ཡོད་པའི་སྐབས་ན། ཡར་དེའི་ཁ་ལ་མི་ཉན། མར་དེའི་ངོ་སྲུང་མི་བྱེད། རང་ཐག་རང་གིས་བཅད། སྣ་ཐག་མགོ་ལ་བརྒྱབ་ནས་དབེན་རི་གྲུབ་པའི་རྒྱལ་ས་ལ་སྙོག་རྒྱུ་ནི། དམ་པ་གོང་མའི་རྗེས་འཇུག་གི་བྱ་བ་མ་ནོར་བར་རེད་ཡ། ཟང་ཟིང་འདུ་འཛིའི་ནང་ན་ད་སྔར་འདི་ལ་མ་ཐུག་གི་བར་དུ་ཆོས་བརྒྱད་ཀྱི་ལག་གཡོག་བྱས་ནས་མི་ཚེ་བུད་སོང་བ་ཡིན་ན། ད་དབང་ཐང་རླུང་རྟ་ཐུར་རྒུད་ལ་ཐུག་དུས་སྔ་ན་མེད་པའི་ཡར་བསྐྱེད་ཅིག་རྒྱབ་ཟེར་ན་དཀའ་རྒྱུ་རེད། གཞན་དབང་ཆོས་ལྟར་བཅོས་པའི་བྱ་བ་སྙིང་པོ་མེད་པར་རིག་སོང་ནི་རེད། གཅིག་ངོ་ལོན་ན་བརྒྱ་ངོ་ལོན་ནི་མ་རེད། བརྒྱ་ངོ་ལོན་ན་སྟོང་ངོ་ལོན་ནི་མ་རེད། ལོན་ཀྱང་དེ་ལ་སྙིང་པོ་མེད། བྱ་བྱེད་བྱིས་པའི་རྩེད་མོ་རེད། ལོ་འགའ་རེ་ལོན་དུས་འདས་འགྲོ་ནི་རེད། དེ་བས་ཚེ་གཅིག་ཡུན་ལ་ཕན་པའི་དམ་ཆོས་གདམས་ངག་སིལ་བུ་བཞག་རྒྱུ་རེ་ལོན་ན་དེ་དག་གི་བདེ་སྐྱིད་ལ་རོ་མྱངས་ནས་འདུག་རྟེན་ཡོད་དུས་འདུག་དགོས་ཏེ། སྙིང་རུས་གནད་དུ་སྨིན་པར་ཁྱེད་ཀྱིས་གྱིས། །གདམས་ངག་ཟབ་དགུའི་བདུད་རྩིའི་ཁོ་བོས་སྟེར། །ཚེ་དང་སྒྲུབ་པ་མཉམ་པའི་རྟེན་འབྲེལ་ཞིག །འགྲིགས་ན་ཕྱི་མའི་འགྲོ་ས་པདྨས་སྟོན། །ཞེས་གསུངས་པ་ལྟར་རེད་རྒྱུ་ཡོད་པ་ནི། ཁྱིམ་ན་གནས་པའི་ཁྱིམ་པ་ཕོ་མོ་རྣམས་ཡིན་ན་ཡང་། ཚེ་སྔ་མའི་ལས་ཀྱིས་འབྲེལ་བའི་བཟའ་ཚང་གི་ཁ་གསོ་རྒྱབ་འགེབས་འདི་དང་འབྲལ་གཏོང་རྒྱུ་མེད་རུང་། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་ལ་སྤྱོད། །གསུངས་པས་ཆོས་བསྒྲུབ་ཐབས་ཡོད་ནི་རེད། སེམས་ཀྱིས་ཆོས་མ་བསྒྲུབས་ན་གནས་རི་ཁྲོད་ཅིག་བསྟེན་ཁུལ་བྱས་ཀྱང་རི་དྭགས་དང་འདྲ་འདྲར་རེད། རི་ཁྲོད་བྲག་ཕུག་ཅིག་ན་འདུག་ཁུལ་བྱས་ནའང་། ལྷོ་འཛམ་བུ་གླིང་ལ་ཁ་པར་གྱིས་འབྲེལ་གཏུགས་བྱེད། རྒྱ་བོད་ཧོར་གསུམ་གྱི་སྐད་ཆ་དེ་དབེན་གནས་རི་ཁྲོད་དུ་ཡར་ཁྲིད་སོང་དུས། གྲག་སྟོང་བསམ་མནོ་བྲལ་བའི་ངང་ལ་གཅིག་གཞག་མི་དགོས། ཡུལ་རྗེས་སུ་འབྲང་བའི་རྣམ་རྟོག་ཆགས་སྡང་དགའ་སྡུག་གི་ཚུལ་མིན་ཡིད་བྱེད་དེའི་རྗེས་སུ་འབྲངས་ནས། འབྱུང་བ་གཅིག་བགྲང་དུས་དེ་ལུས་དབེན་འདྲ་ཡིན་ན་མ་གཏོགས། ངག་དབེན་སེམས་དབེན་གཉིས་ཀ་མེད་དུས། བར་སྐབས་ཤིག་ན་འཁྱག་འཁྱག་འཁྱག་གིས་མི་བརྟན་ནས། ལུས་ཀྱང་དབང་མེད་དུ་དྲུད་འགྲོ་ནི་རེད་ཡིན་ན། ཁྱིམ་པ་ཕོ་མོ་ཚོས་བསམ་བློ་གཏོང་དང་། ཚེ་འདི་ནི་འགྲོ་བའི་ཆོས་ཅན། འབྱོར་པ་འདི་ནི་རྒུད་པའི་མཐའ་ཅན། ལང་ཚོ་འདི་ནི་མི་རྟག་པའི་རང་བཞིན། གཉེན་གྲོགས་ཐམས་ཅད་འབྲལ་བའི་ཆོས་ཉིད་ཡིན་པས། བཟོ་ཆ་ཚད་གཏན་ལ་མི་ཕེབས་པ་ཞིག་གིས། ཕོར་ཆག་ནང་དུ་གླིང་བཞིའི་བཀོད་པ་བྲིས་ཏེ། བློ་སྣ་སྤོས་བརྒྱའི་རི་མོ་འདི་ནས་ཟད་པ་མེད་པའི་བློ་སྣ་མང་པོ་ཞིག་དྲན་གྱིན་འདུག་པ་བས། བསམ་པའི་སྟེང་དུ་གོམ་པ་སྤོ་མཁན་ཉུང་ནི་རེད། རང་སེམས་ལ་སྡུག་བཀོལ་བྱེད། བར་དོ་ལ་འཁྱམས་ཡུན་ཇེ་རིང་དུ་འགྲོ་བྱེད་རེད་འགྲོ་ནི་རེད། གནས་གཏན་འཕོ། ཡུལ་གཏན་བརྗེར་བྱས་ནས་རུ་བ་ག་ཤེད་ལ་བཀལ་ཏེ། ཁ་ཕྱིར་ལ་འཁོར་རྒྱུ་མེད་པའི་ས་ཆ་ལ་འགྲོ་དུས། ཚེ་ཕྱི་མའི་རྟ་གྲོ་རོགས་གསུམ་ད་ལྟ་ནས་འདང་ཞིག་མ་རྒྱག་ན། ད་རུང་མི་སྐྱོན་བསམ་ནས་ལོང་ཡོད་ཀྱི་མི་ཚེ་རིང་པོའི་ཚད་ཤིང་བཞག་ནས་འདུག་པར་བྱེད་པ་ཙམ་གྱིས། ཚེ་ཅི་ཡོད་སུས་ཤེས། ཡང་དགོས་སྙིགས་མའི་དུས་ཀྱི་ཚེ་ལ་ངེས་པ་མེད། ལོ་ཉུང་བ་ཙམ་གྱིས་སྔོན་མ་ཡིན་དང་རྗེས་མ་ཡིན་ཚོད་ཐིག་ནི་མ་རེད། རྒས་རྒན་ནད་པ་གཅིག་གི་ཚེ་ལ་ལོ་ཆུང་ནད་མེད་ཅི་འདྲ་མེད་པར་རེད་འགྲོ་གི། སྔོན་ལ་རྫ་མ་ཆག་དང་ལུང་ཐག་ཆད་ཤེས་ནི་མ་རེད། དེས་ན་ལོ་རྒན་གཞོན་ཚང་མས་ཆོས་བསྒྲུབ། ཆོས་དྲག་ཤོས་སེམས་ཀྱིས་སྒྲུབ་རྒྱུ་རེད། དེའི་འཕྲོར་ལུས་ངག་གཉིས་རེད། དེའི་འཕྲོར་རྒྱུ་ནོར་དངོས་པོ་རེད། དྲག་ཤོས་དེ་སྒྲུབ་མ་ཤེས། འབྲིང་བ་དེ་སྒྲུབ་མ་ནུས། ཐ་མ་དེ་སྒྲུབ་མ་བྲ་དུས། ཐ་མར་ཅི་ཡང་མེད་པའི་གཅེར་བུར་ལྷུང་གྲབས་རེད། ཁ་ལག་གཙང་མའི་མཆོད་པ། བསམ་པ་དཀར་པོའི་སྨོན་ལམ་དང་འབྲེལ་བའི་ཕྱག་དང་སྐོར་བ། འདོན་བཟླས་བརྗོད་རེ་རྒྱུན་དུ་མ་གཅད། དེ་རྣམས་དམ་པ་གསུམ་དང་འབྲེལ་བའི་གོ་བ་རྗེས་མཐུན་པ་ཡོད་ན་དེའང་གཅིག་ལོ་གི་འདུག་ནི་རེད། དེ་རིམ་གྱིས་ནར་འཕར་ནས་བསྐྱེད་བརྒྱབ་རྒྱུ་ཡོད། ཆོས་པ་རབ་ལ་ཉིན་བསྐྱེད་ཟེར་ནི་རེད། ཉིན་རེ་དང་ཉིན་རེ་མི་འདྲ་བའི་ཆོས་ཀྱི་གོ་དོན་ཞེ་ལ་འཇགས་ནས། ཉམས་ལེན་རེ་ཇེ་ཤེས་རེད་རྒྱུ་ཡོད་ནི་རེད། ཆོས་པ་འབྲིང་ལ་ཟླ་བསྐྱེད་ཟེར་ནི་རེད། ཟླ་བ་ཨ་ལོང་འདྲ་ཞིག་གི་ནང་དུ་ད་ནངས་དོ་ནུབ་བྱས་ནས་ཆོས་ནང་བཙོ་ན་རྡོ་འདྲ་ཡིན་ན་མ་གཏོགས་བརླན་ཞིག་བབ་རྒྱུ་ལོས་ཡོད། ཨ་ལ་རྩེད་མོ་ཡིན། ཡུན་རིང་ན་གཅིག་འདྲ་ནི་མ་རེད། ཐ་མ་ཡིན་ན་ལོ་བསྐྱེད་ཟེར་ནི་རེད། ན་ནིང་དང་ད་ལོ་མི་འདྲ་བའི་རང་རྒྱུད་ཆོས་དང་འདྲེས། ཉོན་མོངས་པའི་མགོ་རེ་ནོན། རྒྱུ་འབྲས་ལ་ཡིད་ཆེས་གཏིང་གིས་ཡོད། སྙིང་རྗེ་སྔར་དང་མི་འདྲ་བའི་ཇེ་ཆེ། བཤད་ཚད་པོ་གཞན་སྐྱོན། བསམ་ཚད་པོ་ངན་སེམས་མིན་པ་ཙམ་དེ་འདྲ་ཡོང་རྒྱུ་ཡོད་པ་རེད། ཉོན་མོངས་མགོ་ནོན། རྒྱུ་འབྲས་ལ་ཡིད་ཆེས་འོང་རེད། དེ་འདྲ་ཙམ་གྱི་ཕན་ཐོགས་ཀྱང་མེད་པར། ཆོས་གོ་ནས་ལོ་དུ་རེད་ཀྱང་དེ་དང་འདྲ་བ། ད་རུང་རང་རྒྱུད་སྔ་ལས་རྩུབ་པར་འདྲ་བ་དང་། ཆོས་ཀུན་འདོན་གྱིན་ཆགས་སྡང་ཇེ་ཆེ། རྡོ་ཅོང་གཞི་འཐུང་གི་ནད་པ་ཇེ་ཐུ་རེད་ན། གང་ལྟར་ལས་ཀྱི་སྒྲིབ་པ་མཐུག་པའི་རྟགས་རེད། སྒྲིབ་སྦྱོང་གིས་ད་རུང་ཆོག་མེད་ནི་རེད། དམན་ལ་དགག་སྒྲ་སྦྱར་བའི་རིགས་ཆད་ཅན་པོའི་ནང་དུ་སོ་ལྟུང་ཨེ་འགྲོ་ན་སྟེ། ཆོས་སྒྲ་ཐོས་པ་ཙམ་གྱིས་ཀྱང་ཐར་པ་མ་ཐོབ་རུང་མཐོ་རིས་ཀྱི་རྟེན་རེ་རྙེད་ནས་སྐྱེ་བ་རིམ་བརྒྱུད་ཀྱིས་སྡུག་པོ་མི་རེད་ན་ཅི་ཤེས། དེ་འདྲ་ཡིན་དུས། ང་ཁྱིམ་པ་རེད། ང་མི་སྐྱ་རེད། ང་བུད་མེད་རེད་མ་བསམ། ཆོས་བདག་མེད་སྙིང་རུས་སུ་ཆེ་རེད། སུས་སྦྱོང་ན་དེས་ཆོས་ཤེས་ལ། སུས་དགེ་བ་བསྒྲུབ་ན་དེས་བསོད་ནམས་ཐོབ་ནི་རེད། དང་པོ་ཕྱག་སྐོར་སྒྲིབ་སྦྱོང་། གཟུངས་སྔགས་བཟླས་པ་ལ་སོགས་པ་གཙོ་བོ་ལུས་ངག་དང་རྒྱུ་རྫས་ཀྱིས་དམིགས་བཅས་བསོད་ནམས་ཀྱི་ཚོགས་བསགས། དེ་ནས་བར་སྐབས་ཤིག་ན་དོན་གྱི་གོ་བ་རེ་རྙེད་ནས་ངེས་ཤེས་ཀྱི་སྒོ་ནས་གཙོ་བོ་སེམས་ཀྱི་ཐོག་ནས་དམིགས་མེད་ཡེ་ཤེས་ཀྱི་ཚོགས་རེ་བསགས་ཤེས་པ་ཞིག་རེད་ན། གཞི་བདེན་གཉིས་ཟུང་འཇུག་ཡིན་པའི་སྟོབས་ཀྱིས། ལམ་ཚོགས་གཉིས་ཟུང་འཇུག་ལ་བརྟེན་ནས། འབྲས་བུ་སྐུ་གཉིས་ཟུང་འཇུག་འཐོབ་རྒྱུ་ཡོད་པ་རེད། མདོར་ན་མཐོ་དམན་དྲག་ཞན་སྐྱ་སེར་སུ་ཡིན་ན་ཆོས་པ་ཟེར་དུས་སྐྱིད་པོ་ཡིན་ནི་རེད། སྐྱིད་དང་སྤྲོ་སྣང་གིས་སེམས་གང་འདུག་ཆོག་སྟེ། ཚེ་འདི་ལ་སྐྱིད་ནི་རེད། བློ་སྣ་བླ་མ་དཀོན་མཆོག་ལ་གཏད་ན། སྐྱིད་ན་བླ་མ་དཀོན་མཆོག་གི་ཐུགས་རྗེ། སྡུག་ན་ཚེ་སྔོན་གྱི་ལས་འབྲས་ཡིན་པར་ཤེས་ནས། སྐྱབས་འགྲོ་སེམས་བསྐྱེད་ཀྱིས་གཞིར་བཟུང་། ཐེག་ཆེན་མདོ་སྔགས་ཀྱི་ལམ་ནས་ཚོགས་བསགས་ཐབས། སྒྲིབ་པ་སྦྱོང་ཐབས་འདྲ་མི་འདྲ་ཤེས་ནི་རེད། ལག་པ་ཡ་གཅིག་ཅི་བཀྱག ཁ་ནང་དབུགས་ཤིག་ཅི་ལེན་རང་གཞན་གྱི་དོན་ཆེན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་བྱེད་ལ་འགྱུར་ཐབས་བྱས་པ་རེད། ཚེ་ཕྱི་མ་དེ་བས་ཀྱང་སྐྱིད་ནི་རེད། འགྲོ་ས་དག་པའི་ཞིང་མཆོག་ཏུ། ལམ་སྣ་ལྷ་དང་བླ་མས་འདྲེན། དབང་གདམས་ངག་གི་དམ་ཚིག་མ་ཉམས་ན་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་ཚོམ་བུ་གཅིག་ཏུ་བྱ་ཁྱུ་འཕུར་བ་ལྟར་འགྲོ་ཆོག་པར་མ་ཟད། དགེ་སྒྲུབ་སྡིག་སྤོང་རེ་གྱིས། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་པོ་རེ་སྒྲུབས་དང་ཁྱིམ་བཟའ་ཚང་གང་པོ་བདེ་བ་ཅན་དུ་མཉམ་དུ་འགྲོ་ནས། ཤུལ་དུ་ཉེ་དུ་གྲྭ་སློབ་ལ་ཕན་བཏགས་ཆོག་རྒྱུ་དེ་འདྲ་ཡོད་ནི་རེད། ཆོས་ལམ་ལ་ཞུགས་མི་ཤེས་པ་ཅི་འདྲ་མེད། བསམ་བློ་གཏོང་ན། གཡས་རྩ་གཡོན་སྐོར་ཁྱིམ་མཚེས་རུ་རོགས། གྲོང་དང་སྡེ་ཤོག ཤོག་ཁ་ཡར་མར་གྱི་ནང་ན་ཅི་འདྲ་མི་མང་། དེ་རྣམས་ཐམས་ཅད་ལ་སྙིང་རྗེ་བྱས་པའི་ཐོག་ནས་ཕན་ཆེ་ཐོགས་ཆུང་ཐོགས་ཀྱིས་མི་རེ་རེ་ཡིན་ཡང་ཆོས་སྒོར་གཟུད་ནུས་ན་དེ་ཡང་དམ་པའི་ལྷ་ཆོས་རེད། མི་ལྷ་མི་དང་། ལུང་པ་ལྷ་ལུང་རེད་ན། བོད་གངས་ལྗོངས་ཆོས་ལྡན་གྱི་ཡུལ་གྲུ། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་རེད་ཟེར་ན་ངོ་མི་ཚ་ཙམ་དང་། ས་ཡུལ་ལུང་རེ་ན་འདི་བཞིན་དུ་ཡག་བསྡད་ན། རེ་རེ་ཚོགས་པའི་ཐུན་མོང་གིས་སྡུག་རྒྱག་ནུས་ཚེ། མ་འོངས་པར་འགྲོ་བ་མིའི་རིགས་ཀྱི་ལམ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ནས། དམ་ཆོས་དཀར་འཇམ་ཡུག་གཅིག་ཏུ་གདལ་རྒྱུའི་སེམས་བསྐྱེད་དང་སྨོན་ལམ་རྒྱ་ཆུང་ཉན་ནི་མ་རེད།


previousཉིན་བརྒྱད་པའི་ཆོས་ཁྲིད། no next